༧རྗེ་འཇམ་དཔལ་དགེ་འདུན་རྒྱ་མཚོའི་མཛད་རྣམ་ཉུང་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 23 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» སློབ་གསོ་སྨྲ་བའི་སྡེ། »༧རྗེ་འཇམ་དཔལ་དགེ་འདུན་རྒྱ་མཚོའི་མཛད་རྣམ་ཉུང་བསྡུས།
༧རྗེ་འཇམ་དཔལ་དགེ་འདུན་རྒྱ་མཚོའི་མཛད་རྣམ་ཉུང་བསྡུས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2020/2/26ལྟ་ཀློག (35577)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༧རྗེ་འཇམ་དཔལ་དགེ་འདུན་རྒྱ་མཚོའི་མཛད་རྣམ་ཉུང་བསྡུས།


རྡོ་རྗེ་བསམ་འགྲུབ་ཀྱིས་བྲིས།

     དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་སྟོང་སྐོར་ཞབས་དྲུང་སྐུ་ཕྲེང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོ་ནི།  ཁམས་སྟོང་སྐོར་ཡུལ་གྱི་ས་ཆ་རྨོག་རིན་ཞེས་པའི་གྲོང་སྡེར་ཡབ་རིན་ཆེན་ཞེས་བྱ་བ་ཡི་གེའི་རིག་བྱེད་ཤེས་ཞིང་ནག་རྩིས་ཀྱང་ཤེས་པ། འབྱོར་བ་ཞན་ཡང་ཡུམ་རྒྱས་པ་ཞིག་བྲིས་པའི་དད་པའི་སྙིང་སྟོབས་དང་ལྡན་པ་དང་།  ཡུམ་སྒྲོལ་མ་ཐར་ཞེས་བྱ་བ་རང་བཞིན་བཟང་བའི་བུད་མེད་དེ་གཉིས་ཀྱི་སྲས་སུ་ཕྱི་ལོ་1754བོད་ཤིང་ཕོ་ཁྱིའི་ལོའི་ཟླ་2ཚེས་བརྒྱད་ཀྱི་ཉི་དྲོས་ལ་འཁྲུངས།

     རྭ་ལོ་རྡོ་རྗེ་གྲགས་ཀྱི་སྐུའི་སྐྱེ་བར་གྲགས་པའི་ཁྲི་དོན་གྲུབ་རྒྱལ་མཚན་གྱིས་སྐུ་གོང་མའི་ཡང་སྲིད་ངོས་འཛིན་མཛད་ནས་མི་རིང་བར་གོང་མའི་ཁྲི་ལ་མངའ་གསོལ། དགོང་ལོ་དྲུག་བདུན་ཙམ་ལོན་པ་ན་ཡི་གེ་འབྲི་ཀློག་སྦྱངས་པས་ཐུགས་སུ་ཆུད་ཅིང་།  ཆོས་སྤྱོད་རིང་ཐུང་རྣམས་ཀྱང་སྐུ་ཚེགས་ཆུང་ངུས་ཐུགས་སུ་ཆུད། དགུང་ལོ་བརྒྱད་བཞེས་པ་ན་ཐེའུ་ཟན་བླ་མ་བསོད་ནམས་དར་རྒྱས་ཞེས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་དང་། རབ་བྱུང་། དགེ་ཚུལ་གྱི་སྡོམ་པ་རྣམས་རིམ་གྱིས་བཞེས་ཤིང་། དབང་ལུང་མན་ངག་མང་དུ་མནོས།

     དགུང་ལོ་བཅུ་གཉིས་བཞེས་པ་ཤིང་བྱ་ལོའི་ཟླ་བ་བདུན་པ་ཙམ་ནས་ལྷ་སར་ཕེབས་ཏེ་ཟླ་བཅུ་པའི་ནང་བདེ་བར་འབྱོར། རྒྱལ་བ་པཎ་ཆེན་གཉིས་ལ་མཇལ་ཕྱག་སོགས་ཞུས།

     1765ལོའི་བོད་ཟླ་བཅུ་གཉིས་པར་སེར་སྨད་གྲྭ་ཚང་གི་བྱམས་སྨོན་དུས་མཆོད་སྐབས་དེ་གའི་གྲྭ་ཚང་དུ་ཆོས་ཞུགས་མཛད།  སྐུ་གོང་མ་ལ་ཡང་སྲིད་ཟི་ལིང་ཕྱོགས་དང་ཁམས་ཕྱོགས་གཉིས་སུ་བྱུང་བའི་རྩོད་རྙོག་ལ་བརྟེན་ནས།  གཞུང་ས་ནས་བཀུར་བཟོས་ཆེར་མ་བྱས་མོད།  གྲྭ་རྐྱང་དཀྱུས་མའི་ཚུལ་དུ་བླ་མ་ལས་ཐོག་པ་གཙང་པ་འཕྲིན་ལས་དོན་འགྲུབ་བཤེས་གཉེན་བསྟེན་ནས་དཔྱིད་ཆོས་ཆེན་མོ་ལ་ཆོས་གྲྭར་ཞུགས།  རིགས་པའི་སྒོ་འབྱེད་བསྡུས་གྲྭ་ལ་ལོ་གཅིག་ཙམ་སྦྱངས། དགུང་ལོ་བཅུ་བཞི་བཞེས་པ་མེ་ཕག་ལོར་གཞུང་གསར་ཕེབས་ཏེ་ཉེར་གཅིག་བར་དུ་ཕར་ཕྱིན་སོགས་ལ་ལེགས་པར་སྦྱངས།

    དེ་དག་གི་རིང་ལ་རིགས་ཆུང་ཚོགས་ལངས་དང་། རྣམ་འགྲེལ་ཚོགས་ལངས། སྐབས་བརྒྱད་པའི་ཚོགས་ལངས། སྐབས་བཞི་པའི་ཚོགས་ལངས། འདུལ་བའི་དུས་རྩིས་ཚོགས་ལངས་རྣམས་མཛད།

     དགུང་ལོ་ཉི་ཤུ་བཞེས་པ་ཆུ་སྦྲུལ་ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་དུ་བསྙེན་རྫོགས་ཞུས།  ཉེར་གཅིག་བཞེས་པ་ཤིང་རྟ་ལོར་སེར་སྨད་སློབ་དཔོན་ནས་སྨོན་ལམ་གྱི་མཚན་རྟགས་ཕུལ།  དེ་ནས་མཛོད་ཀྱི་འཛིན་གྲྭའི་སྐྱོར་དཔོན་མཛད་དེ་དགེ་བཤེས་མང་པོའི་དབུས་སུ་ཚོགས་ལངས་མཛད། དགུང་ལོ་ཉེར་གཉིས་པ་ཤིང་ལུག་ལོར་ལྷ་ས་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་དེ་མཚན་སྙན་ལྷག་པར་འབར། དེ་ནས་ཕ་ཡུལ་དུ་ཕེབས་ནས་ཏྲེ་ཧོར་ཕྱོགས་སུ་འགྲོ་དོན་རྒྱ་ཆེར་མཛད།

     པེ་ཅིན་དུ་ཕེབས་ཏེ་ལྕང་སྐྱ་རིན་པོ་ཆེ་བརྒྱུད་ནས་གོང་མ་ཆེན་ལུང་མཇལ་ཏེ་སྐུ་མདུན་དུ་གསོལ་ཇ་གནང་།  ཆུ་ཡོས་ལོའི་ཟླ་བཅུ་གཅིག་པར་རང་ཡུལ་དུ་ཕེབས།  བྲག་འགོ་དགོན་དུ་སྨོན་ལམ་ཆེན་མོ་གསར་འཛུགས་མཛད།  

དགུང་ལོ་སོ་གཅིག་པ་ཤིང་འབྲུག་ལོའི་ཟླ་བ་དང་པོར་སྟོང་སྐོར་གྱི་ཡུལ་དགོན་ཐམས་ཅད་བླ་མ་ཉིད་ཀྱིས་དབང་བསྒྱུར།  དགོན་པའི་ནང་དགེ་མ་སོགས་འདུག་ནས་ཞིང་ལས་དང་།  མཛོ་མོ་ལ་སོགས་པ་རྣམས་ཡུལ་པ་དང་འདྲ་བར་འཚོ་སྐྱོང་བྱེད་ཅིང་།  རབ་བྱུང་བའི་རྟགས་ཆ་ལུགས་ལ་སོགས་པ་ཡང་ཡ་མ་ཟུང་མཛད་པ་མང་བ་རྣམས་ཞབས་དྲུང་འདིས་ལེགས་པར་བཀག བྲག་འགོའི་ལྷ་བཟོ་ནམ་མཁའ་རྒྱན་བོས་ནས་འཁྲུངས་རབས་དཔག་བསམ་འཁྲི་ཤིང་དང་།  རྒྱན་དྲུག་མཆོག་གཉིས་སོགས་ཀྱི་ཞལ་ཐང་བཞེངས།

     ཕྱི་ལོ་1800དགུང་ལོ་ཞེ་བདུན་བཞེས་པ་ལྕགས་སྤྲེལ་ལོའི་བོད་ཟླ་གཉིས་པར་ཚོགས་དབུས་སུ་ཕེབས་ཏེ་མཚན་ཉིད་ཀྱི་བཤད་གྲྭ་འཛུགས་རྒྱུ་ཡིན་པའི་བཀའ་གསུང་ཕེབས་ནས་ཟླ་དེའི་མཇུག་ནས་ཆོས་རྭའི་ཀུན་དགའ་ར་བ་ལས་འགོ་ཚུགས།  སེར་སྨད་གྲྭ་ཚང་གི་ལུགས་གཞིར་བཞག་སྟེ།  གྲྭ་པ་རྒན་པ་ལོ་བཞི་བཅུ་ཡན་དང༌།  གྲྭ་པ་གསར་བུ་བ་འདི་གའི་ཚོགས་འདོན་མ་ཚར་བ་རྣམས་དམིགས་བསལ་མཛད།  དེ་མིན་ཐམས་ཅད་ལ་སློབ་གཉེར་མཛད་དུ་བཅུག་ནས་ལོ་དེའི་ས་ག་ཟླ་བའི་ཚེས་དྲུག་ནས་ཆོས་གྲྭ་ཚུགས།  སྐབས་དེར་ཞབས་དྲུང་རིན་པོ་ཆེ་ལ་དཀའ་ངལ་མི་ཉུང་བ་འཕྲད་ཅིང་། དེའི་སྐོར་རྒས་པ་ཚོའི་ངག་རྒྱུན་ན་ཡང་བཞུགས།

    ཕྱི་ལོ་1803དགུང་ལོ་ལྔ་བཅུ་སྟེང་སྐུ་ཞི་བར་གཤེགས་པའི་ཚུལ་མཛད་དོ།  །


     ཁོང་གི་བཀའ་རྩོམ་གྱི་རིམ་པ་ནི།  བློ་རིག་མཁས་པ་དགྱེས་པའི་འཛུམ་ཞལ་དང་།  རྟགས་རིགས་གདོང་ལྔའི་དབང་པོའི་སྒྲ་དབྱངས།  ཕར་ཕྱིན་དོན་བདུན་ཅུའི་རྣམ་བཤད་མི་ཕམ་ཞལ་ལུང་སོགས་ཆོས་ཚན་ཉེར་གཅིག་ལྷག་བཞུགས་པ་ལས་ཕར་ཕྱིན་དོན་བདུན་ཅུའི་རྣམ་བཤད་འདི་ད་ལྟ་སེར་སྨད་གྲྭ་ཚང་གི་ཡིག་ཆར་གྱུར་ཡོད་དོ།  །

     ཞེས་པ་འདི་ནི་སྟོང་སྐོར་དགོན་སློབ་གཉེར་ཁང་གི་སྙོམས་ལས་པ་ཧོར་ཞོགས་སྤྲིན་གྱིས་བྲིས།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ec4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46481488
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1