[དེབ་གསར།]དབྱིན་ཡིག་བརྡ་སྤྲོད་བོད་འགྲེལ་མ་འགྲེམ་ལ་ཉེ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 23 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» བརྡ་སྦྱོར་གླིང་། »[དེབ་གསར།]དབྱིན་ཡིག་བརྡ་སྤྲོད་བོད་འགྲེལ་མ་འགྲེམ་ལ་ཉེ།
[དེབ་གསར།]དབྱིན་ཡིག་བརྡ་སྤྲོད་བོད་འགྲེལ་མ་འགྲེམ་ལ་ཉེ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/7/7ལྟ་ཀློག (33983)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མུ་ར་གསུང་རབ་ཀྱིས་སྒྲིག་སྒྱུར་བྱས་པའི་དབྱིན་ཡིག་བརྡ་སྤྲོད་བོད་འགྲེལ་

མའི་གླེང་གཞི་ཉི་ཟླ་ཤར་ནུབ།

གླེང་གཞི་ཉི་ཟླ་ཤར་ནུབ།

       གངས་རི་དཀར་པོ་གཙུག་ན་གཡུ་རལ་བཞིན་མངོན་པར་མཐོ་ཞིང་ཉི་ཟླ་སྐར་གསུམ་འབྲོག་མོའི་རྣ་ཆ་དང་དོ་ཤལ་བཞིན་ཤིན་ཏུ་སྙིང་དུ་སྡུག་པའི་ཁ་བ་གངས་ཅན་གྱི་ཡུལ་འདི་ལ་ཆེས་སྔ་མོ་ནས་སྣོད་བཅུད་གཉིས་ཀྱི་བྱུང་རབས་རིང་མོ་ཞིག་རང་ས་སྒོར་མོ་འདིའི་སྟེང་ན་གྲ་མ་ནོགས་དྲི་མ་ཡལ་བ་ཞིག་གླེང་རྒྱུ་ཡོད་ན་ཡང་། བར་སྐབས་རེ་ཟུང་ནས་དུས་ཀྱི་འགྱུར་བ་དང་རིག་གནས་འདྲ་མིན་གྱི་ཤུགས་རྐྱེན་ནམ་ཨ་གསར་མཐོ་རླབས་རེ་འགའི་དབང་གིས་མི་དང་རྒྱལ་པོའི་འབྱུང་ཁུངས་དང་རིག་གནས་སྐད་ཡིག་གི་མཆེད་ཁུངས་ལ་ཡང་གླེང་གཞི་འདྲ་མིན་བྱུང་མྱོང་ཡོད་པ་རེད། ཡིན་ན་ཡང་། ལོ་རྒྱུས་ནི་ནམ་ཡང་ལོ་རྒྱུས་ཡིན་པས། དེ་ལ་སུ་ཞིག་གིས་དམའ་འབེབས་དང་རྫུན་བཟོའི་སྐད་ཆ་བཤད་ན། ནམ་ཞིག་གི་ཚེ་རང་ཉིད་ཁོ་ནའི་དམའ་འབེབས་དང་ཕམ་ཉེས་ལས་ལོ་རྒྱུས་ནི་ནམ་ཡང་རྫུན་ཐབས་མེད་པ་རང་རེད།

       འདིར་གླེང་བར་བྱ་བ་གཙོ་བོ་ནི་དབྱིན་ཡིག་བརྡ་སྤྲོད་དཔེ་དེབ་འདི་ཡིན་ན་ཡང་། ཞོར་དུ་འཕྲོས་དགོས་པ་ནི་རིག་གནས་ནང་འདྲེན་གྱི་བྱ་བཞག་རླབས་ཆེན་འདིའི་སྐོར་རེད། རིག་གནས་ནང་འདྲེན་གྱི་བྱ་བཞག་ཆེན་མོ་འདི། དེང་གི་དུས་སུ་གསར་དུ་བྱུང་བ་ཁོ་ན་ཞིག་མ་ཡིན་པར། སྤྱིར་ན་འགྲོ་བ་མིའི་རིགས་ཀྱི་བློ་རྩེ་གྲིམ་པོ་འདི་ཐོགས་པའི་སྲོག་ཆགས་ཀྱི་རིགས་བྱུང་བ་ནས་གོམས་སྲོལ་ཆིག་རྐྱང་གི་སྟེང་ནས་མི་སྡོད་པར། ཕན་ཚུན་ལབ་མོར་མཁས་ཤིང་ཐབས་སྣ་ཚོགས་སྤྱད་ཤེས་པའི་བདག་རྐྱེན་ལ་བརྟེན་ཏེ་མཐུ་དང་ནུས་པ་ཤིན་ཏུ་ཆེ་བའི་སྟག་གཟུག་དོམ་དྲེད་ལ་སོགས་སྲོག་ཆགས་འཇིགས་པ་ཅན་གྱི་ཁ་ནས་ཀྱང་ཚེ་སྲོག་ཐར་ཐུབ་པ་དང་། རང་བྱུང་གི་ཆར་རླུང་ཐོག་གསུམ་ལྟ་བུའི་གནོད་པར་ཡང་གཡོལ་ཤེས་པའི་ཐབས་དང་ཤེས་རབ་རྙེད་པ་རེད། འདི་དག་ཚང་མ་རིག་གནས་ནང་འདྲེན་གྱི་ཐབས་མཆོག་དམ་པ་དེ་དང་ཤེས་རབ་གཙོ་བོར་བཟུང་བའི་ཐབས་ཤེས་ཟུང་འཇུག་གི་བྱ་བཞག་ལས་འདའ་ཐབས་མེད་པ་ཞིག་རེད་འདུག 

     དེ་མིན་ང་ཚོའི་མེས་པོ་ཚོས་རྩེད་ཐང་མགོན་པོ་རི་ནས་ཤིང་ནགས་ཀྱི་འཚོ་བ་རོལ་བའི་དུས་སུ་ཡང་། ཤིང་ནགས་ཀྱི་འཚོ་བ་དེ་ཙམ་གྱིས་མ་འོངས་པའི་བུ་རབས་ཚ་རྒྱུད་ལ་མི་འཐུས་པར། ས་རྒོད་འབྲུ་ཞིང་ལ་བཅོས་ཤིང་རྒོད་པོར་མཐུར་མདའ་སྤྲད་པའི་ལོ་རྒྱུས་ཀྱི་གསང་བ་ད་ལྟ་ད་དུང་བུ་བགོ་སྐལ་ཅན་ལ་བདེན་པ་དངོས་མཐོང་གི་ཚད་དུ་ལོ་རྒྱུས་ཡིག་ཚང་རྙིང་གྲས་དག་ན་གསལ་བ་དེ་ལྟ་རང་རེད།

     ང་ཚོ་བོད་ལ་མཚོན་ན། མི་རིགས་རང་གི་འབྱུང་ཁུངས་དང་། གནའ་རབས་རྒྱལ་པོའི་རིགས་རུས་ཀྱི་མཆེད་ཁུངས། ད་དུང་ཡི་གེ་དང་རིག་གནས་སྤྱིའི་ཐོན་ཁུངས་སོགས་ལ་བཤད་ཚུལ་མི་མཐུན་པ་དང་ལོ་རྒྱུས་དངོས་བྱུང་དང་མི་མཐུན་པ་མང་པོ་མཐོང་རྒྱུ་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད། འོན་ཀྱང་། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས། ལོ་རྒྱུས་དེ་ལོ་རྒྱུས་རང་ཉིད་ཀྱིས་སྐྱབས་དགོས་པ་ལས་ཆོས་ལུགས་དང་གྲུབ་མཐའི་ཆགས་སྡང་གིས་ནམ་ཡང་སྐྱོབ་མི་ཐུབ་པས། དེ་ལྟར་ང་ཚོས་རིག་གནས་ནང་འདྲེན་གྱི་ལོ་རྒྱུས་དེ་ཡང་ཇེ་ཐུང་ནས་ཇེ་ཐུང་དུ་མི་གཏོང་བར་ཇེ་རིང་ནས་ཇེ་རིང་དུ་གཏོང་ཐབས་ལ་འབད་པ་བྱེད་རྒྱུ་ནི་ལོ་རྒྱུས་ཀྱི་འོས་འགན་ཞིག་རེད། ང་ཚོ་བྲག་སྤྲེལ་གཏམ་རྒྱུད་ལས་མི་རུ་གྱུར་པའི་བདག་རྐྱེན་ཡང་། རིག་གནས་ནང་འདྲེན་གྱི་ཐབས་མཆོག་འདི་དང་རང་གི་ཤེས་རབ་གཙོ་བོར་འཛིན་བའི་རང་རློམ་གྱི་ལྟ་གྲུབ་འདི་གཉིས་དང་ཁ་འབྲལ་ཐབས་མེད་པ་ཞིག་མ་རེད་དམ། ཆོས་སྐད་བྱས་ནས་བཤད་ན་ཐབས་ཤེས་ཟུང་འཇུག་ཟེར་དགོས་ཤིང་། ཐབས་དང་ཤེས་རབ་འདི་གཉིས་ལ་བརྟེན་ནས་དང་པོ་འཚོ་བའི་འཇིགས་པ་དང་ལྟོགས་སྐོམ་གྱི་དཀའ་ཁག་ལས་གྲོལ་ཕྱིར་བློ་རིག་གྲིམ་གྲིམ་བྱས་ཤིང་ཐབས་ལམ་སྣ་ཚོགས་འཐེན་ཏེ་བྱ་བྱེད་བགྲང་དུ་མེད་པ་ཞིག་ནང་འདྲེན་དང་གསར་བཏོད་བྱེད་མྱོང་བ་ནི་འདིར་གླེང་ག་ལ་དགོས་ཏེ། 

     དེ་ལྟར་འཚོ་བའི་དཀའ་ཁག་སེལ་ཙམ་གྱི་མ་བསྡད་པར་མ་འོངས་པ་དང་བུ་རབས་ཚ་རྒྱུད་སོགས་ལ་དམིགས་པའི་འདུན་པ་རིང་མོ་ཞིག་འཁྲུངས་ཤིང་། དེ་དག་གི་ཆེད་དུ་ས་གཞི་ཆེན་མོ་ཧམ་སེམས་ཀྱིས་གྱད་བཟུང་བྱས་ཤིང་མངའ་ཐང་དང་དཔུང་སྟོབས་ཀྱིས་ཉི་ཟླ་ཡང་གཡོ་བར་བྱེད་པའི་སྟ་གོན་ལ་བསྙེགས་པ་ནི་ཕྱི་ཡི་འཚོ་ཚིས་ཙམ་མ་ཡིན་པར་ནང་སེམས་ཀྱི་འདོད་འདུན་འཚོལ་སྟངས་ཀྱི་ལམ་ཁ་ཞིག་ལ་གོམ་པ་སྤོས་པ་རེད། དེ་ལྟར་ཡུལ་ཡར་ལུང་ཙམ་གྱི་ཁྱབ་ཁུངས་ལས་བརྒལ་ཏེ་འགྲོ་བ་སྤྱི་དང་ས་སྒང་སྤྱི་ཟེར་ཕོད་པའི་མི་ཆེན་བློ་སྤོབས་ཅན་མང་དུ་བྱུང་བའི་ལོ་རྒྱུས། རྗེ་གཉའ་ཁྲི་བཙན་པོ་ཡན་ཆོད་ན་ང་ཚོར་བགྲང་དུ་མེད་པ་ཞིག་ཡོད་པའི་དན་རྟགས་ལོ་རྒྱུས་ཡིག་ཚང་རྙིང་པ་དག་ན་ཤིན་ཏུ་གསལ་བའི་ཆ་ཙམ་རེ་མིང་ནས་གྲངས་ན། དབང་མཛད་བཅུ་གཉིས། མ་སངས་རུས་དགུ། རྒྱལ་ཕྲན་སིལ་མ་བཞི་བཅུ་སོགས་རེ་རེའི་གནས་ཡུལ་དང་མཁར། ལག་ཆ་དང་བློན་པོའི་མིང་ནས་ཐོས་ན་སྐབས་དེའི་ཧམ་སེམས་དང་དཔུང་སྟོབས་ཀྱི་ཁྱབ་ཁུངས་ཀྱང་དབྱིབས་ཙམ་མཐོང་ཐུབ་པ་ཞིག་མ་ཡིན་ནམ། ད་དུང་ཆེས་རང་མཐོང་གི་ལྟ་བ་གེར་སེ་ཡོད་པའི་དན་རྟགས་ཆེ་ཤོས་ཤིག་ནི། ཡ་ཐོག་བོན་གྱི་སྲིད་པའི་ལྷ་རབས་མཆེད་བཞིའི་ནང་ཚན་ཡབ་ལྷ་བརྡལ་དྲུག་གི་ཆེ་བ་བརྗོད་སྐབས།༼གནམ་རིམ་པ་བཅུ་གསུམ་གྱི་སྟེང་ན་ལྷ་ཐམས་ཅད་ཀྱི་རྗེ་མཛད། མཐོ་ལ་ཡོགས་ཀྱི་མངའ་བདག དམའ་བྱིངས་ཀྱི་རྒྱན་རྐྱེན། ཟ་མ་ཕུད་ཀྱི་མངའ་བདག་གོ ། ༽ཞེས་ལོ་རྒྱུས་ཡིག་ཚང་རྙིང་གྲས་དག་ན་མཐོང་རྒྱུ་ཡོད་པ་དེས་ཀྱང་ང་ཚོ་བོད་མི་རིགས་ཀྱི་མི་རྒྱུད་རྒྱལ་རྒྱུད་ཀྱི་ལོ་རྒྱུས་དེ་ད་སྔོན་ང་ཚོ་ཡོངས་ཁྱབ་ཀྱི་འདོད་ལུགས་དང་ཡེ་ནས་མི་མཐུན་པ་ཞིག་མཐོང་རྒྱུ་དང་རིག་རྒྱུ་མང་ཙམ་ཡོད་པ་དང་། དེ་མིན་ད་དུང་༼ འགྲོ་བ་མི་ལ་རྗེ་བོ། རྔོག་ཆགས་ཡོངས་ཀྱི་བདག་པོ། ༽ སོགས་ཟེར་ནས་༼སྟོད་ལྷ་རབས་༽ཀྱི་རྗེ་བློན་རེ་རེའི་ལོ་རྒྱུས་དང་ཆེ་བ་ཆ་ཚང་ད་ལྟ་ཡིག་ཐོག་ཏུ་ཡོད་པའི་དབང་དུ་བཏང་ན། སྲིད་ན་རིང་བའི་གེ་སར་དཔའ་བོའི་བསྟོད་གླུ་རིང་མོ་ལས་ཀྱང་བརྒལ་ཐུབ་པ་ཞིག་ཡིན་ན་ཡང་། ཡིད་ཕམ་པ་ཞིག་ལ་དེང་གི་དུས་སུ་ལོ་རྒྱུས་ཡིག་རྙིང་ཅན་ལྔ་སོགས་གནའ་བོའི་ལོ་རྒྱུས་ཤུལ་བཞག་གི་ཡིག་ཚང་མང་པོ་ཞིག་མཐོང་བའི་ཡུལ་དུ་མ་གྱུར་རོ།།

      གང་ལྟར་འདིར་གླེང་བར་བྱ་བ་ནི་རིག་གནས་ནང་འདྲེན་དང་ཡིག་སྒྱུར་གྱི་བྱ་བཞག་འདིའི་སྐོར་ལ་རང་གི་བསམ་ཚོད་ཀྱི་སྐད་ཆ་ཞིག་བཤད་འདོད་པ་ཡིན། ང་ཚོ་ཡ་གླིང་འདིར་དར་བའི་ཡང་རྩེར་སོན་པའི་དུས་སུ་ཡང་རིག་གནས་ནང་འདྲེན་གྱི་བྱ་བཞག་དེ་ཆེས་གཙུག་ཏུ་བཟུང་བའི་ལས་ཀ་ཞིག་རེད་འདུག་ལ། རིག་གནས་ནང་འདྲེན་གྱི་བྱ་བཞག་བཤད་ཡོང་དུས་ཡིག་སྒྱུར་གྱི་ལས་ཀའམ་ལོ་ཙཱ་བའི་ལས་ཀ་འདི་མི་བཤད་ཐབས་མེད་ལྟ་བུ་རེད། དེ་བཞིན་ང་ཚོ་ཡ་གླིང་འདིར་དཔུང་སྟོབས་ཀྱིས་འགྱིང་ཤིང་དཔའ་ངར་གྱིས་ས་ཆེན་གྱད་ཀྱིས་འཛིན་པའི་དུས་སུ། སྤྱི་ཡོངས་ནས་བཤད་ན་༼བར་མངའ་དར་༽གྱི་དུས་སྐབས་དང་ནང་གསེས་བཀར་ནས་བཤད་ན་བསོད་ནམས་དར་བའི་སྤུ་རྒྱལ་ལྔ་དང་ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ལ་སོགས་པའི་རིང་ལ་སྔར་མེད་ཀྱི་རིག་གནས་ནང་འདྲེན་དང་ལོ་ཙཱ་བའི་ཐད་ལ་ཆེད་དམིགས་ཀྱིས་མི་དང་རྒྱུ་འབྱོར་ཕངས་མེད་དུ་བཏང་བའི་ཚ་ངར་ཞིག་ལངས་ཡོད་པ་ང་ཚོས་ཕྱི་མིག་འཕང་བ་ཙམ་གྱིས་ཧ་གོ་ཞིང་དོན་རྟོགས་པ་ཞིག་རེད། དེ་མིན་བོད་སིལ་བའི་སྐབས་ཀྱི་ལྷ་བླ་མ་ཁུ་དཔོན་སོགས་ཀྱི་རིང་ལ་ཡང་དཀའ་ས་ནས་སྲོག་བཏང་བ་དང་དཀོན་ས་ནས་རྒྱུ་བཏང་བ་སོགས་ཡོད་ཚད་རིག་གནས་ནང་འདྲེན་དང་ལོ་ཙཱའི་བྱ་བཞག་ཆེན་མོའི་དོན་དུ་སོང་བ་ཞིག་ལས་གྲུབ་མཐའ་དང་ཚོ་ཁག་གྱི་འཐབ་རྩོད་ཆེད་བཏང་བ་ཞིག་གཏན་ནས་རེད་མི་འདུག དེ་ལྟར་བོད་སྔ་རབས་ཀྱི་རིག་གནས་ནང་འདྲེན་ཐད་ལ་གོང་རྒྱལ་བློན་དང་དམའ་མངའ་འབངས་ཡོངས་ཀྱིས་གཙུག་ཆེན་བྱེད་ལུགས་དེ་གནའ་དེང་གི་མཁས་པ་རེ་རེའི་གསུང་ན་གསལ་ཐག་ཆོད་པ་ཞིག་མཐོང་རྒྱུ་དང་གོ་རྒྱུ་ཡོད་པ་རེད།

       དེ་བཞིན་འགྱུར་ལ་སྔ་འགྱུར་དང་ཕྱི་འགྱུར་གཉིས་སུ་དབྱེ་ལུགས་ཡོད་པ་ལས། གསང་སྔགས་རྙིང་མ་པའི་མཁས་པ་ཚོས་བཞེད་པ་ལྟར་ན། སྔ་འགྱུར་ལ་གཞན་ལས་ལྷག་པའི་ཡོན་ཏན་ནམ་ཆེ་བ་དྲུག་བརྩི་སྲོལ་ཡོད། དེ་ལ་སྔ་འགྱུར་གྱི་ཆེ་བ་དྲུག་ཅེས་འབོད་ཀྱིན་ཡོད་ལ། དེ་དག་རེ་རེའི་གྲངས་ཁ་ཙམ་བགྲང་ན། ༡ སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ། ༢ གང་དུ་བསྒྱུར་བའི་གནས་གཙུག་ལག་ཁང་གི་ཆེ་བ། ༣ སྒྲ་སྒྱུར་ལོ་ཙཱ་བའི་ཆེ་བ། ༤ པནྜིཏའི་ཆེ་བ།  ༥ ཕྱག་རྟེན་མེ་ཏོག་གི་ཆེ་བ། ༦ བསྒྱུར་བྱ་ཆོས་ཀྱི་ཆེ་བ། ཞེས་ཆེ་བ་དྲུག་པོ་འདི་དག་མཐོང་མ་ཐག་མེས་དཔོན་རྣམ་གསུམ་ལྟ་བུའི་ཡོན་བདག་གི་རྒྱབ་རི། དབང་དང་འབྱོར་བ་གང་ཅིའི་ཐད་ནས་ཀྱང་སྲིད་ན་དོ་ཟླ་མེད་པའི་སྦྱིན་བདག་གི་ཆེ་བ་དང་། སྒྲ་སྒྱུར་གཙུག་ལག་ཁང་ལྟ་བུ་ཆེད་དུ་སྒྲ་སྒྱུར་ལོ་ཙཱ་བ་གསོ་སྐྱོང་བྱེད་ས་དང་ལོ་ཙཱ་བ་རྒན་པའམ་ཕུལ་བྱུང་གིས་ཆེད་དམིགས་ཀྱིས་ཕྱག་ལས་གནས་སའི་གཙུག་ལག་ཁང་གི་ཆེ་བ། སྐབས་དེའི་སྒྲ་སྒྱུར་ལོ་ཙཱ་བ་ལྟ་བུ་ལ་མཚོན་ན་ཡང་རང་ག་བ་ཞིག་མ་ཡིན་པར་སློབ་དཔོན་ཐོན་མི་དང་སད་མི་མི་བདུན་ལྟ་བུ། ལོ་ངོ་སྟོང་ཕྲག་གི་རྗེས་ནས་ཕྱིར་མིག་འཕང་ན་ཧ་ལས་ཤིང་ཧང་སངས་དགོས་པའི་སྐྱེས་ཆེན་དང་མཁས་དབང་ཉི་ཟླ་ལྟ་བུའི་ཆེ་བ། ད་དུང་ལོ་ཙཱ་བ་དང་མཉམ་པོར་རྒྱ་གར་ནག་གི་རིག་གནས་གང་ལ་ཆེད་དུ་མཁས་པའི་བློ་འདྲི་ཡུལ་གྱི་པནྜིཏའམ་གཞུང་ལུགས་དམར་ཁྲིད་བྱེད་མཁན་གྱི་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་དགེ་རྒན་གྱི་ཆེ་བ།  པནྜིཏ་དང་ལོ་ཙཱ་བ་ལ་ཕུལ་བའི་ཕྱག་རྟེན་མེ་ཏོག་གམ་ཆོས་དང་རིག་གནས་བླུ་བའི་ཡོན་གསེར་དངུལ་སྲང་ལ་འཇལ་བ་ལྟ་བུ་མ་ཡིན་པར། གསེར་དངུལ་ཁལ་དང་མི་ལུས་ལ་གཞལ་བ་ལྟ་བུ་ཡོན་གྱི་ཆེ་བ།  བསྒྱུར་བྱའི་གཞུང་ལ་མཚོན་ན་ཡང་ནང་རིག་པ་གཙོ་བོར་བྱས་ཤིང་སྨན་དང་རྩིས་སོགས་རིག་པའི་གནས་ཆེ་ཆུང་བཅུ་ལ་སོགས་པ་ཚང་མ་བོད་མི་རིགས་རང་ཉིད་ལ་གང་མཁོ་བ་དང་གང་འཚམས་པ་དག་ཆེད་དམིགས་ཀྱིས་བསལ་ནས་བསྒྱུར་དུ་བཅུག་པ་སོགས་ཕྱོགས་གང་ཐད་ནས་བལྟས་ན་མི་རིགས་ཤིག་གི་ནང་བསམ་པའི་དཔལ་ཡོན་གྱི་འཕེལ་རྒྱས་ལ་ཁ་ཚ་དགོས་གཏུགས་ཀྱིས་མེད་དུ་མི་རུང་བ་དག་བསྡམས་ནས་བསྒྱུར་བ་ཡིན་པས།  འདི་ལྟ་བུའི་རིག་གནས་ནང་འདྲེན་གྱི་བྱ་བཞག་དེས་ང་ཚོ་དེང་གི་དུས་སུ་ས་སྒང་འདིར་འཁོས་ཁ་ཞན་རུང་ངོ་སོ་མཐོ་བ་ཞིག་བྱུང་ཡོད་པ་རེད། འདི་དག་གིས་ང་ཚོར་ད་ལྟ་ད་དུང་ཚ་ནན་གྱི་སྐུལ་ལྕག་ཞིག་གཞུ་བཞིན་ཡོད་པ་ཚོར་དགོས། མི་རིགས་སུ་ཞིག་ཡིན་ན་ཡང་ང་ཚོ་ལ་ཆོས་ཡོད་རིག་གནས་ཡོད། ད་གཞན་པ་དགོས་དོན་མེད་ཟེར་ནས་བསྡད་ན། དེ་དུས་མི་རིགས་དེས་རང་གི་འཕེལ་རྒྱས་ཀྱི་མཚམས་བཞག་པ་རེད། གཞན་ལ་མིག་ལྟོས་དང་གཞན་གྱི་ལེགས་ཆ་ནང་འདྲེན་ལ་འབད་པ་མི་བྱེད་པར་བསྡད་པ་ཡིན་ན་དེ་དུས་རྗེས་ལུས་ཐེབས་པ་རེད། འདི་ནི་འགྲོ་བ་མིའི་རིགས་ཀྱི་ཁྱུ་གྲལ་ན་ཡོད་པ་མཐའ་དག་གཟུར་དུ་མེད་པའི་གནད་འགག་ཅིག་རེད།

      མེས་པོ་ཉི་ཟླ་ལྟ་བུ་དག་གིས་སྐབས་སུ་ང་ཚོ་ཡང་ཡ་གླིང་འདིར་ཉི་ཟླ་འཆར་འཆར་དང་མཚོ་མོ་འཁྱིལ་འཁྱིལ་བྱེད་མྱོང་ན་ཡང་། བར་སྐབས་ཤིག་ནས་ང་ཆེ་ང་བཙན་གྱི་གྲུབ་རྟགས་རྫོབ་པོ་དག་བསྟན་ཏེ། དགོན་ལུ་ཕ་ཕུག་རེ་དང་སྡེ་ལུ་བྱ་བྱེའུ་འདྲ་བ་རེ་ཟུང་གི་ཁ་འཛིན་གྱི་ཆེད་དུ་གྲུབ་མཐའི་བར་ལ་དམེ་བརྒྱབ། ཆོལ་ཁའི་བར་ལ་དམག་དྲངས།  དགོན་པའི་བར་ལ་འགལ་འཐབ་ཕུད། ཉེས་དགུ་ཆག་དྲུག་ཚང་མ་གཅིག་ཐོག་གཉིས་བརྩེགས་ཀྱིས་མི་རིགས་འདིའི་མགོ་ཐོག་ལ་བྱུང་བའི་རྐྱེན་གྱིས་ཆོས་སྲིད་རིག་གནས་དང་བཅས་པ་སྣུམ་ཟད་ཀྱི་མར་མེ་ལྟ་བུར་གྱུར་ན་ཡང་། ང་ཚོས་ད་ལྟ་འདི་དག་གི་རྩ་བ་ཤེས་ཤིང་རྩེ་མོ་མཐོང་ཐུབ་པ་ཞིག་ཡོང་རྒྱུ་ནི་མི་རེ་རེ་ལ་ཤིན་ཏུ་གལ་ཆེ་བའི་ཚོད་དུ་འདུག  དེ་ལྟར་ཤེས་ནས་ད་དུང་སྒྱིད་ལུག་དང་ཆོག་ཤེས་ཙམ་གྱི་ངང་དུ་མི་འདུག་པར་ཆེ་བས་ཆེ་སར་འབད། ཆུང་བས་ཆུང་སར་འབད་རྒྱུ་ནི་ཆེས་ཤིན་ཏུ་གལ་ཆེ་བར་འདུག

       ང་ཚོ་ལ་ཆོས་དང་རིག་གནས་ཅི་ཙམ་ཡོད་པའི་དབང་དུ་བཏང་ན་ཡང་། རིག་གནས་ནང་འདྲེན་དང་ཡིག་སྒྱུར་གྱིས་ལས་རིགས་འདི་ལ་དེ་བས་ཤ་ཐང་ཐང་དང་རིག་པ་གྲིམ་གྲིམ་གྱིས་འབད་དགོས་པས། ཐེངས་འདིར་གུས་པས་ཀྱང་དབྱིན་ཡིག་བརྡ་སྤྲོད་ཀྱི་དཔེ་ཆ་དབྱིན་བོད་ཤན་སྦྱར་མ་ཞིག་ཁྱེད་ཅག་གི་སྤྱན་ལམ་དུ་འབུལ་རྩིས་ཀྱིས་ལོ་ངོ་གཅིག་གི་དུས་ཚོད་མང་ཕྱོགས་འདིའི་སྐོར་གྱི་དཔེ་ཀློག་དང་ཡིག་སྒྱུར་གྱི་ཐད་ལ་བཏང་པ་ཡིན། ལས་ཀ་འདི་ལྟ་བུ་ཞིག་བསྒྲུབ་དགོས་པའི་རྒྱུ་མཚན་ཡང་དམིགས་བྱ་གཙོ་བོ་གཉིས་ཙམ་ལས་མེད།  གཅིག རང་ཉིད་ལོ་གཞོན་པའི་སྐབས་སུ་ཡིག་སྒྱུར་གྱི་ཕྱོགས་འདི་ལ་དགའ་མོས་ཡོད་པའི་མི་ཚད་དབྱིན་ཇི་སྐད་ཡིག་གི་ཐད་ལ་སློབ་སྦྱོང་ཅུང་ཙམ་བྱེད་མྱོང་ན་ཡང་། བར་སྐབས་ཤིག་ནས་དུས་ཚོད་དང་ཁོར་ཡུག་གི་ཕྱི་རྐྱེན་ནང་རྐྱེན་མང་པོ་ཞིག་གི་དབང་གིས་དོ་སྣང་དེ་ཙམ་བྱེད་རྒྱུ་མ་བྱུང་བས།  ལོ་འདི་གར་བསྐྱར་དུ་དབྱིན་ཡིག་བརྡ་སྤྲོད་རིག་པའི་ཕྱོགས་ལ་བསྐྱར་སྦྱོང་གི་དུས་ཚོད་བཏང་ཞིང་དེ་ལ་རང་བློ་ཞིབ་མོར་གོམས་པའི་ཕྱིར་དུ་དཀའ་ཚག་ལ་མ་འཛེམས་པར་གང་ཐུབ་ཐུབ་ཀྱིས་ཟིན་བྲིས་སུ་ཕབ་པ་ཡིན། གཉིས། སྔར་གྱི་ཟིན་བྲིས་དེ་ལ་བསྐྱར་ཞིབ་དང་སྣོན་འབྲུ་མང་པོ་བྱས་ཤིང་བརྡ་སྤྲོད་ཀྱི་གཞུང་ཁུངས་དག་དུ་མར་ཕུགས་བཅོལ་ཏེ་བོད་ཡིག་གི་འགྲེལ་བཤད་དང་ནང་དོན་བོད་ཡིག་གི་ལམ་ནས་ཀློག་ཐུབ་པའི་དེབ་གཟུགས་ཤིག་ཨེ་འཁྱོང་ལྟ་བ་ནི།  གངས་ཅན་ལོ་ཙཱའི་ལས་དོན་ལ་མོས་པ་ཡོད་མཁན་གྱི་གཞོན་སྐྱེས་ཕོ་མོ་མང་པོ་ཞིག་གིས་བོད་ཡིག་གི་ལམ་ནས་སྐད་ཡིག་གཞན་བསླབ་པའི་ཕན་གྲོགས་ལྟ་བུར་ཨེ་འགྱུར་གྱི་རེ་འདུན་དེ་དམིགས་སུ་བཟུང་ཞིང་གངས་ཅན་དགེ་བའི་ལས་དོན་གྱི་དཔལ་ལ་རེ་འབྲས་ཅུང་ཙམ་རེ་སྨིན་ཨེ་ཐུབ་ཀྱིས། སྦལ་པ་ན་ཆུའི་ནང་ན་ཡོད་རུང་། བསམ་པ་གླིང་དཀར་སྟོད་ཡིན། ཟེར་བ་ལྟ་བུ་ལས་མ་འདས་སོ།།

      ད་ང་ཚོ་གླེང་གཞི་དངོས་ལ་ཞུགས་ནས་སྐད་ཆ་ཁ་ཤས་བཤད་ན། རིག་གནས་ནང་འདྲེན་གྱི་ལས་སམ་ལོ་ཙཱའི་བྱ་བཞག་འདིར་ཞུགས་འདོད་པ་དག་ལ་མཚོན་ན། རིག་གནས་དཔལ་ཡོན་གྱི་ཐད་ནས་མངོན་ཐོན་ཅན་གྱི་མི་རིགས་དག་གི་སྐད་ཡིག་མ་ཤེས་ཚད་མེད་རེད། དེའི་ཕྱིར་ན་དབྱིན་ཇི་སྐད་ཡིག་ནི་འཛམ་གླིང་འདིའི་ཆེས་མངོན་ཐོན་ཟེར་ན་འདྲ། ཆེས་གཙོ་རྒྱུག་སྐད་ཡིག་ལྟ་བུར་ཆགས་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། དེ་བཞིན་འཛམ་བུ་གླིང་གི་གནའ་དེང་རིག་གནས་གང་དང་གང་ཡིན་རུང་དབྱིན་ཡིག་གི་སྟེང་ན་མེད་པ་ནི་ཤིན་ཏུ་དཀོན་པའི་ཚད་རེད། དེ་བཞིན་ཡིག་སྒྱུར་ལས་རིགས་ཐད་ལ་མཚོན་ན་ཡང་སྒྱུར་བྱའི་བརྩམས་ཆོས་མང་པོ་ཞིག་མ་ཡིག་དབྱིན་ཇི་རང་དུ་བཞུགས་ཤིང་འགྱུར་དུ་མ་བརྒྱུད་མི་དགོས་པའི་ཁེ་ཕན་ཡོད་པར་མ་ཟད།

      འགྱུར་རེ་ཟུང་བརྒྱུད་དགོས་ན་ཡང་དབྱིན་འགྱུར་དག་སྐད་ཡིག་གཞན་གྱི་འགྱུར་ལས་ལེགས་པོར་མཐོང་བ་ནི་སྐད་ཡིག་རིག་གནས་འཕེལ་རྒྱས་ཆུ་ཚད་ཀྱིས་མཚོན་གྱིན་ཡོད་ལ། ཕྱོགས་གང་ཅིའི་ཐད་ནས་དགེ་མཚན་འབུར་དུ་ཐོན་པ་ཞིག་མྱང་རྒྱུ་ཡོད་པ་ནི་ཤེས་ལྡན་ཀུན་གྱིས་མཁྱེན་གསལ་ལྟར་རེད། དེ་བཞིན་དབྱིན་ཇི་སྐད་ཡིག་བསླབ་པ་ལ་དེང་གི་སློབ་དེབ་ཐར་ཐོར་རེ་དང་ཀློག་དེབ་ངན་ངོན་རེ་ངོ་སྤྲོད་བྱས་པ་ཙམ་གྱིས་མི་འཐུས་པར་དབྱིན་ཇི་བརྡ་སྤྲོད་གཞུང་ལུགས་འདི་དབུ་ནས་མཇུག་བར་དུ་མ་ཆད་མ་ལུས་པར་ཞིབ་ཚགས་ནན་ཏན་གྱིས་བསླབ་རྒྱུ་ནི་འབྲི་ཀློག་ཉན་གསུམ་གང་གི་ཐད་ལ་ཡང་ཕན་པ་བླ་མེད་ཅིག་ཡོད་པ་བཤད་ག་ལ་དགོས། དེ་ནི་མི་རིགས་རེ་རེ་ལ་གོམས་གཤིས་རེ་རེ་དང་གོམས་གཤིས་རེ་རེ་ལ་མཛེས་རྟོགས་རེ་རེ་ཡོད་པས། སྐད་དང་ཡི་གེ་ཡང་དེའི་ཁྱབ་ཁུངས་ལས་འདའ་མི་འདུག་པར། ང་ཚོས་བོད་ཡིག་ལ་བོད་ཡིག་གི་སློབ་སྟངས། ཁོང་ཚོའི་རྒྱ་ཡིག་ལ་རྒྱ་ཡིག་གི་སློབ་སྟངས། དེ་ཚོའི་དབྱིན་ཡིག་ལ་དབྱིན་ཡིག་གི་སློབ་སྟངས་ཤིག་ཡོད་པ་ནི་སྔོན་དུ་ཤེས་དགོས་པ་ཞིག་རེད། དེ་ལྟར་མ་ཤེས་ན་ཤེས་དཀའ་བ། ཤེས་པ་ལ་སྤུས་ཀ་མེད་པ།  གཞན་གྱི་རིག་གནས་ཀྱི་གཏིང་མི་མཐོང་པ་སོགས་ཤིན་ཏུ་གནོད་པ་ཆེན་པོ་ཡོད།  

     དེ་བཞིན་འདིར་རང་གིས་ནུས་ཚོད་ཀྱིས། བརྡ་སྤྲོད་ཀྱི་དབུ་མིང་རྐྱང་གྱི་དབྱེ་བ་བཀར་སྟངས་ནས་བཟུང་།  མིང་ཚབ་ཀྱི་རིགས་ལ་ནུས་པ་མི་འདྲ་བ་རེ་རེ་ཡོད་ལུགས། རྒྱན་ཚིག་གི་ཤུགས་བསྡུར་ལུགས། ཚིག་ཕྲད་ཀྱི་དོན་སྟོན་ལུགས། བྱ་ཚིག་གི་འགྱུར་བ་རེ་རེས་གནས་བབ་མི་འདྲ་རེ་རེ་སྟོན་ལུགས།  བྱ་བའི་རྒྱན་ཚིག་གམ་ཁྱད་ཚིག་གིས་བྱ་ཚིག་ལ་རམ་འདེགས་བྱེད་ལུགས། སྦྲེལ་ཚིག་གིས་མིང་དང་མིང་སྦྲེལ་ལུགས་ཚིག་གྲུབ་དང་ཚིག་གྲུབ་སྦྲེལ་ལུགས་སོགས་གང་རྒྱས་རྒྱས་ཤིག་བཀོད་ཡོད་པ་མ་ཟད། འབོད་སྒྲ་དང་ཚེག་ལ་སོགས་པ་སྤྱོད་ལུགས་ཀྱང་མ་ལུས་པར་བཀོད་ཡོད། ད་དུང་དབྱིན་ཡིག་ཚིག་གྲུབ་ལ་Active voiceདེ་བྱེད་པོ་གཙོ་ཆེ་བའི་ཚིག་སྦྱོར་དང་Passive voiceདེ་བྱ་ཡུལ་གཙོ་ཆེ་བའི་ཚིག་སྦྱོར་ཞེས་སྤྱིའི་ཆ་ནས་ཚིག་གྲུབ་བཟོ་ལུགས་གཉིས་ཡོད་པ་དང་། དེ་མིན་Direct and indirect speech (reported speech)དེ་ཚིག་རིས་ཇི་བཞིན་གྱི་གཏམ་དང་ཚིག་རིས་འགྱུར་བའི་གཏམ་ཞེས་སྐད་ཆ་བཤད་ལུགས་མི་འདྲ་བ་གཉིས་ཡོད་པ་སོགས་ཚང་མ་རྒྱས་བསྡུས་འཚམས་པའི་འགྲེལ་བཤད་དང་དཔེར་བརྗོད་ཀྱི་ལམ་ནས་ངོ་སྤྲོད་བྱེད་ཨེ་ཐུབ་བལྟས་ཡོད།

        དེ་མིན། མཇུག་ཏུ་ཆེས་མཁོ་གལ་ཆེ་བའི་ལེའུ་ཚན་དུ་མ་ཁ་སྣོན་བྱས་ཡོད་དེ། དེང་གི་འཚོ་བའི་ཁྲོད་ཁ་མཁོ་ལག་མཁོ་ཡོད་པའི་སྐད་ཆའི་ལེ་ཚན་གསུམ་བཀོད་ཡོད། སྐད་ཆ་དེ་དག་དྲི་བ་དང་དྲིས་ལན་སྦྲགས་མ་བྱས་ནས་ཟས་ཟ་འདོད་ཀྱི་ཡི་ག་ཅན་ལ་རོ་བཅུད་ལྡན་པའི་བཟའ་བཏུང་གི་སྡེར་ཁ་བཤམ་པ་ནང་བཞིན་གང་མཁོ་གང་འགྲིག་གི་བཀོད་སྒྲིག་བྱས་ཡོད་ཟེར་ན་མི་ཆོག་པ་མེད་པ་ཞིག་ཡིན། ད་དུང་མཇུག་ཏུ་འཕྲིན་ཡིག་འབྲི་སྟངས་དང་འཕྲིན་ཡིག་གཉིས།   ཉིན་ཐོ་འབྲི་ལུགས་དང་ཉིན་ཐོ་གཅིག རང་ཉིད་ངོ་སྤྲོད་བྱེད་ལུགས།  སྒྲུང་ཐུང་གཉིས། རྩོམ་ཐུང་གཉིས་དང་གོ་སླ་བའི་གྲགས་རྩོམ་གཅིག་བཅས་མདོར་ན་དཔེ་དེབ་འདིའི་དབུ་ནས་མཇུག་བར་དུ་ནན་ཏན་གྱིས་བསླབ་པ་ཡིན་ན། དབྱིན་ཇི་འབྲི་ཀློག་བཤད་གསུམ་གང་གི་ཐད་ལ་ཡང་སྤོབས་པ་བསྐྱེད་ཆོག་པ་ཞིག་ཨེ་འཁྱོང་བལྟས་ཡོད་པས།  བོད་ཡིག་ལ་བརྟེན་ནས་དབྱིན་ཡིག་བསླབ་འདོད་པའི་བོད་བཞུགས་སེར་སྐྱ་ཡོངས་དང་དབྱིན་ཡིག་ལ་བརྟེན་ནས་བོད་ཡིག་བསླབ་འདོད་པའི་ཡུལ་གྱར་སྤུན་ཟླ་དག་གི་བུ་རབས་ཚ་རྒྱུད་ཡོངས་ལ་ཕན་པའི་གྲོགས་སུ་འགྱུར་བའི་རེ་བ་ཆེན་པོ་བཟུང་ཡོད།

མཇུག་གཏམ་བསྡུས་དོན་མ།

      ཐོག་མར་ངའི་འཚོ་བ་དང་བྱ་བཞག་ཆེ་མ་ཆུང་གསུམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཕུ་ནུ་མིང་སྲིང་ཡོངས་དང་། ངའི་རླུང་རྟའི་ཁ་དོག་དེ་མིག་གིས་འཚོ་ཞིང་སེམས་ཀྱིས་བསུ་བའི་བློ་ཉེ་བ་མཐའ་དག་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ། ཁྱེད་ཅག་ཡོད་པས། ང་གསོན་པ་ལ་ཡང་སྙིང་བོ་ཡོད་པ་རེད། དེ་བཞིན་ང་ཤི་ན་ཡང་མ་ཎི་འདོན་མཁན་དང་སྐྱབས་འཇུག་ཞུ་མཁན་ཡོད་སོང་བས། ང་དགའ་མགུ་ཡི་རང་གི་ངང་ནས་བསྡད་ཡོད། བཀའ་དྲིན་ཆེ། ཤིན་ཏུ་བཀའ་དྲིན་ཆེ།

      འདིར་ངས་ཁྱེད་ཅག་ལ་དེབ་འདིའི་སྐོར་ནས་རང་བློ་སྒེར་གཅོད་ཀྱི་བསམ་ཚུལ་མདོར་བསྡུས་ཤིག་གླེང་བར་བྱ། མི་རིགས་དང་རྒྱལ་ཁབ་གཞན་གྱི་ལེགས་ཆ་དེ་ཚུར་ལེན་པའམ་ནང་འདྲེན་བྱེད་དགོས་པ་ཡིན་ན། མཐོ་རིམ་རིག་གནས་པའམ་ལོ་ཙཱ་བ་དག་གིས་མི་རིགས་གང་དེའམ་རྒྱལ་ཁབ་གང་དེའི་སྐད་དང་ཡི་གེ་ཤེས་དགོས་པ་ནི་ཆེས་གལ་འགངས་ཆེ་བའི་གནད་ཅིག་རེད། དེ་མིན་ང་ཚོའི་རིག་གནས་ནང་འདྲེན་གྱི་བྱ་བ་དེ་ཡང་གཞན་གྱི་གཡམ་རྒྱུག་ལྟ་བུར་ཆགས་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད།  དབྱིན་སྐད་ཡིག་ནི་འཛམ་གླིང་ལ་ལྟ་བྱེད་ཀྱི་སྒེའུ་ཁུང་དང་རིག་གནས་སྣ་མང་གི་ཚོང་རར་འགྲིམ་བྱེད་ཀྱི་སྒོ་ཆེན་ལྟ་བུ་ཡིན་པས། ན་གཞོན་དག་གིས་མི་རིགས་རང་གི་རང་རྐང་ཟིན་པའི་སྟེང་ནས་འཛམ་གླིང་ལ་ལྟ་བྱེད་ཀྱི་སྤྱན་ཤེལ་དྭངས་མོ་རེ་གྱོན་རྒྱུ་ནི་དེང་གི་དུས་སུ་མི་གྲལ་ལ་འགྲོ་སྟངས་ཤིག་རེད། ཁྱོད་ཀྱིས་དབྱིན་སྐད་ཡིག་གི་སྤྱན་ཤེལ་གསལ་སྒྲིབ་མེད་པ་ཞིག་གྱོན་འདོད་ན། ཐོག་མར་དབྱིན་ཡིག་གི་བརྡ་སྤྲོད་ལ་ཡང་དག་པ་ཞིག་བསླབ་དགོས། དབྱིན་སྐད་ཡིག་གི་བརྡ་སྤྲོད་ནི་དཔེ་ཀློག་རྒྱག་བྱེད་ཀྱི་རིག་གཞུང་ཁོ་ན་ཙམ་ཞིག་མ་ཡིན་པར།  བརྡ་སྤྲོད་མ་ཤེས་ན་སྐད་ཆ་ཡག་པོ་བཤད་མི་ཤེས་ལ། བརྡ་སྤྲོད་མ་ཤེས་ན་ཡི་གེ་དག་མོ་ཞིག་འབྲི་མི་ཤེས། ད་དུང་བརྡ་སྤྲོད་མ་ཤེས་ན་གཞན་གྱི་སྐད་ཆར་ཉན་མི་ཤེས་ལ། དཔེ་ཀློག་ཡག་པོ་ཞིག་བྱེད་འདོད་ན་དེ་བས་མི་སྲིད་པ་ཞིག་རེད། དེའི་ཕྱིར་ན་དབྱིན་ཡིག་བརྡ་སྤྲོད་ནི་དབྱིན་ཡིག་འབྲི་ཀློག་ཉན་གསུམ་གྱི་ལྡེ་མིག་ལྟ་བུར་ཆགས་ཡོད་པས། ང་ཚོ་བོད་ཡིག་ལ་གོམས་པ་དག་གིས་བོད་ཡིག་གི་ལམ་ནས་དབྱིན་སྐད་ཡིག་གི་ལྡེ་མིག་ལག་ཏུ་ཐོགས་ན་གཞན་སྐད་སློབ་པའི་མྱུར་ལམ་ཞིག་ཅི་ལ་མིན། 

       དེབ་འདིའི་ནང་དུ་དབྱིན་ཡིག་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་བྱེ་བྲག་རེ་རེ་མ་ཚང་པ་མེད་པ་ཞིག་བྱས་ཡོད་ལ། མིང་རྐྱང་གི་སྐོར། རྒྱན་ཚིག་གི་སྐོར མིང་ཚབ་ཀྱི་སྐོར། ཚིག་ཕྲད་ཀྱི་སྐོར། བྱ་ཚིག་གི་སྐོར།  བྱ་རྒྱན་གྱི་སྐོར། སྦྲེལ་ཚིག་གི་སྐོར། འབོད་ཚིག་དང་ཚེག་གི་རིགས་སོགས་དབྱིན་ཡིག་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འགྲོ་སྟངས་གཙོ་བོར་བཟུང་བའི་སྟེང་ལ་ཁ་བརྡའི་ལེའུ་ཚན་དང་རྩོམ་ཐུང་གི་རིགས་སོགས་བསླབ་ཚན་དྲུག་ཅུ་རེ་ལྔའི་བདག་ཉིད་ཅན་གྱི་དབྱིན་ཡིག་བརྡ་སྤྲོད་སློབ་དེབ་འདི་ནི། དབྱིན་ཡིག་བརྡ་སྤྲོད་གཞུང་ལུགས་ཁུངས་དག་རྣམས་ན་ཅི་ཡོད་པ་མཐའ་དག་མ་ལུས་པར་ཚུར་བླངས་ནས་བསྒྱུར་བ་ཡིན་ལ། འདི་ལ་རང་གིས་བརྩམས་པ་དང་ཡིད་ཚོད་ཙམ་གྱིས་བྲིས་པ་ཤིན་ཏུ་ཉུང་བས། བསླབ་འདོད་པ་དག་གིས་དོགས་པ་དང་ཐེ་ཚོམ་མི་དགོས་པ་ཞིག་ཨེ་འཁྱོང་བལྟས་ཡོད། ད་དུང་དེ་དག་རེ་རེ་ལ་བོད་ཡིག་གི་ལམ་ནས་འགྲེལ་བཤད་དང་དབྱིན་བོད་ཤན་སྦྱར་གྱི་ལམ་ནས་གོ་སླ་བའི་དཔེ་བརྗོད་མང་ཙམ་བཞག་ཡོད་པས། ཀུན་གྱིས་འདི་ལ་དོ་སྣང་དང་ཡིད་ཆེས་བྱེད་ཆོག་པ་ཞིག་ཨེ་འཁྱོང་བལྟས་ཡོད།

       དཔྱད་གཞིའི་ཡིག་ཆ་གཙོ་བོ་དག་ནི་Cambridge Universityཁ་ཟམ་གཙུག་ལག་སློབ་ཆེན་གྱི་བརྡ་སྤྲོད་རིམ་པ་གསུམ་དང་Oxford Universityཨཱོ་ཁུ་སི་ཧྥོར་ཋི་གཙུག་ལག་སློབ་ཆེན་གྱི་ཚིག་མཛོད་རིམ་པ་གསུམ། ད་དུང་ཕྱིའི་རྒྱལ་ཁབ་ཀྱི་ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་བསླབ་ཚན་ཆ་ཚང་གཅིག  དབྱིན་བོད་ཤན་སྦྱར་གྱི་ཚིག་མཛོད་ཆེ་ཆུང་གསུམ།  ཀུན་བཟང་རིག་གསལ་གྱིས་བརྩམས་པའི་༼ དབྱིན་ཇི་བརྡ་སྤྲོད།༽ཅེས་པའི་དབྱིན་བོད་བརྡ་སྤྲོད་ཤན་སྦྱར་མ་བཅས་ནི། ཐེངས་འདིའི་དབྱིན་བོད་ཤན་སྦྱར་གྱི་བརྡ་སྤྲོད་བསླབ་དེབ་འདིའི་རྨང་གཞི་གཙོ་བོ་དང་རྒྱབ་རྟེན་ཆེ་ཤོས་དག་ཡིན།

     ང་ཚོ་ལ་གོང་དུ་བཀོད་པའི་ཆོས་རྒྱལ་མེས་དཔོན་རྣམ་གསུམ་ལྟ་བུའི་སྦྱིན་བདག་གི་ཆེ་བ་མེད་ལ། མཁས་ཆེན་ཉི་ཟླ་ལྟ་བུའི་འཆད་ཁྲིད་དང་གཞུང་ལུགས་དམར་ཁྲིད་ཀྱི་ཆེ་བ་དེ་བས་མེད་ན་ཡང་། རང་རང་གི་འབད་བརྩོན་ཙམ་གྱིས་གྲུབ་པའི་བསྒྱུར་རྩོམ་དེབ་ཆུང་འདི་དག་ནི་ལོ་ཙཱའི་ལམ་ཁ་འདི་ལ་ཞུགས་པའི་ཟས་རིན་ཙམ་ཞིག་ཡིན་པས། དཔེ་ཚོང་གི་ལས་ཀ་ལ་འབད་མཁན་གྱི་མི་བུ་སུ་ཡིན་རུང་བསྐྱར་དཔར་དང་པར་ལོག་མི་རྒྱག་པར་མིའི་ངལ་རྩོལ་དང་རིག་གནས་ཀྱི་རིན་ཐང་ལ་བརྩི་བཀུར་བྱེད་ཤེས་རྒྱུ་ནི་མི་རིགས་ཤིག་རིག་གནས་ཀྱི་ལམ་ཁ་འདི་ནས་ཡར་འགྲེང་ཐུབ་མིན་གྱི་གནད་འགག་ཅིག་རེད། སྐུ་ཚེ་རིང་། རང་གཞན་གཉིས་ཕན་གྱི་ལམ་ལ་བསམ་བློ་རེ་གཏོང་རྒྱུ་གལ་ཆེ། མཐར་དགེ་རྩ་ཅི་མཆིས་མ་རྣམས་བདེ་བ་ཆེན་པོའི་ས་རུ་བགྲོད་པའི་རྒྱུ་རུ་འགྱུར་བར་ཤོག  རང་གཞན་ཀུན་གྱི་ལུས་སེམས་དགའ་བདེས་ཁྱབ་པར་ཤོག དགེའོ།། །།




བསླབ་ཚན་དྲུག་ཅུ་རེ་ལྔའི་བདག་ཉིད་ཅན་དང་ཤོག་གྲངས་༢༨༠ ཅན་གྱི་ཉེ་བར་མཁོ་བའི་དེབ་ཅིག


     དབྱིན་ཡིག་བརྡ་སྤྲོད་བོད་འགྲེལ་མ་འདི་ལ་བསྟེན་ནས་བོད་ཡིག་ལ་བྱང་ཆ་ཡོད་པ་དག་གིས་བོད་ཡིག་གི་ལམ་ནས་དབྱིན་ཡིག་སློབ་ཐུབ་པ་དང་། ད་དུང་བྱེས་གྱར་གྱི་སྤུན་ཟླ་དག་གི་བུ་བུ་མོ་ཚོས་དབྱིན་ཡིག་གི་ལམ་ནས་བོད་ཡིག་སློབ་པར་ཡང་རམ་འདེགས་ཆེན་པོ་བྱེད་ཐུབ་པས།  མདོར་ན་རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་གཞིས་བྱེས་སྤུན་ཟླ་ཡོངས་ལ་གཅིག་ཕན་གྱི་དེབ་གཟུགས་ཤིག་བསྐྲུན་ཡོད་པ་འདི་ཉམས་སུ་བཞེས་རོགས།

དེབ་འདི་མངགས་ཉོ་བྱེད་སྟངས།

༡  དེབ་གྲངས་༡༥༠ ཡན་ཉོས་ན། རིན་གོང་དེབ་རེར་སྒོར་བརྒྱ་ཆའི་ལྔ་བཅུ་ཕབ་གཅོད་བྱེད་ཀི་ཡིན།   སྒོར། ༡༥
༢ དེབ་གྲངས་༦༠ ནས་༡༥༠ བར་ཉོས་ན། རིན་གོང་དེབ་རེར་སྒོར་བརྒྱ་ཆའི་བཞི་བཅུ་ཕབ་གཅོད་བྱེད་ཀི་ཡིན།  སྒོར། ༡༨ 
༣ དེབ་གྲངས་༢༥ ནས་༦༠ བར་ཉོས་ན། རིན་གོང་དེབ་རེར་སྒོར་བརྒྱ་ཆའི་སུམ་ཅུ་ཕབ་གཅོད་བྱེད་ཀི་ཡིན། སྒོར། ༢༠
༤ དེ་མིན་དེབ་སིལ་ཉོའི་རིགས་ལ་རིན་གོང་སྒོར་༢༥ ནས་༣༠ བར་ཡིན།  སྒོར།  ༢༥/༣༠
༥ ད་དུང་སློབ་གྲྭ་ཁག་སོགས་ཀྱིས་དེབ་ཉིས་བརྒྱ་ཡན་ཆོད་ཀྱི་མང་ཉོ་བྱེད་དགོས་ན།  དེ་ཡང་དེ་ལུགས་ཀྱི་རིན་གོང་ཕབ་གཅོད་བྱེད།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 5 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c92g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི སྤེལ་དུས:2020/7/20
དེབ་འདི་ད་ལྟ་གང་ན་བཙོང་རྒྱུ་ཡོད་དམ། ཤེས་ན་གསུང་རོགས། བཀའ་དྲིན་ཆེ།
 སྤེལ་མཁན: སྤེན་པ སྤེལ་དུས:2020/7/7
གྲོགས་ལ་བཀའ་དྲིན་ཆེ།
 སྤེལ་མཁན: སྤེན་པ སྤེལ་དུས:2020/7/7
གྲོགས་ལ་བཀའ་དྲིན་ཆེ།
 སྤེལ་མཁན: བཀྲ་ཤིས སྤེལ་དུས:2020/7/7
གྲོགས་དམ་པར་རྟེན་འབྲེལ་ཞུ
 སྤེལ་མཁན: ཟླ་བ། སྤེལ་དུས:2020/7/7
དེབ་འདི་ཤིན་ཏུ་ལེགས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
46478194
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1