ཕ་རོལ་བོའི་རྒོལ་བའི་འོག་ཏུ་བསྟན་པ་གནས་ཐབས། རྫོང་གསར་མཁྱེན་བརྩེ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 23 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ཕ་རོལ་བོའི་རྒོལ་བའི་འོག་ཏུ་བསྟན་པ་གནས་ཐབས། རྫོང་གསར་མཁྱེན་བར
ཕ་རོལ་བོའི་རྒོལ་བའི་འོག་ཏུ་བསྟན་པ་གནས་ཐབས། རྫོང་གསར་མཁྱེན་བརྩེ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/8/7ལྟ་ཀློག (10950)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


     ཕ་རོལ་བོའི་རྒོལ་བའི་འོག་སངས་རྒྱས་ཀྱི་བསྟན་པ་མུ་མཐུད་ཉམས་ལེན་བྱེད་ཐུབ་པའི་ཆེད་དུ། ང་ཚོས་ཐོས་བསམ་སྒོམ་གསུམ་བྱེད་དགོས་པ་རེད། དེ་ལྟར་ན་ད་གཟོད་སངས་རྒྱས་ཀྱི་བསྟན་པ་རྒྱུན་གནས་ཐུབ་རྒྱུ་རེད།

 རྫོང་གསར་མཁྱེན་བརྩེ།

 འཇིགས་མེད་ཐུབ་བསྟན་གྱིས་རྒྱ་ཡིག་ནས་བསྒྱུར།

     བླ་རྫུན་ནི་སངས་རྒྱས་སྐུ་འཚོ་བའི་དུས་ནས་ཡོད་པ་ཞིག་རེད། འདི་ནི་གསར་དུ་བྱུང་བ་ཞིག་མ་རེད། དོན་དངོས་ཐོག་གནའ་དུས་ཀྱི་བླ་རྫུན་དག་ལ་འཇོན་ཐང་ཡག་པོ་ཡོད་པ་རེད། དེ་ཚོ་དང་གཤིབ་ན་དེང་དུས་ཀྱི་བླ་རྫུན་ཚོ་དངོས་གནས་ཅི་ཡང་མ་རེད། ཐ་ན་བླ་རྫུན་དེ་ཚོའི་བླ་མ་ཡང་རྫུན་མར་ཆགས་ཡོད་པ་རེད། གནའ་དུས་ཀྱི་བླ་རྫུན་དག་ཅིའི་ཕྱིར་དུ་དམིགས་གསལ་གྱི་མི་སྣ་ཞིག་ཏུ་བརྩི་དགོས་པ་རེད། རྒྱུ་མཚན་ནི་དེའི་དུས་ཀྱི་སློབ་མ་དག་ནི་ཧ་ཅང་གིས་གཟབ་ནན་ཆེ་ཞིང་། སྐྱོན་འཚོལ་བར་བྱང་ཐག་ཆོད་པོ་ཡོད་པས་རེད། ད་ལྟའི་སློབ་མ་ནི་ཧ་ཅང་གིས་མགོ་སྐོར་ཐེབས་སླ་ཞིང་། མང་པོ་ཞིག་མགོ་ཡང་སྐོར་ཟིན་པ་རེད།

   ད་ལྟའི་ནང་ཆོས་སློབ་མཁན་ཚོའི་གནས་ཚུལ་གང་འདྲ་ཞིག་ཡིན་ནམ་ཞེ་ན། མི་ཞིག་ལ་གོ་གནས་ག་གེ་མོ་ཞིག་ཡོད་ན། བླ་མ་ག་གེ་མོ་ཞིག་གི་ཡང་སྲིད་དུ་ངོས་འཛིན་བྱེད་ཅིང་། ནང་བསྟན་གྱི་སློབ་མ་ཚོས་ཀྱང་དེར་དད་པ་བྱེད། ཡང་སྲིད་ཀྱི་གོ་གནས་ཤིག་ཡོད་དུས་ཁོ་ཚོས་དད་པ་འཇོག་པ་རེད། འདིའི་རིགས་ཀྱི་ནང་བསྟན་གྱི་བར་ཆད་དག་ཀྱང་གསར་བྱུང་ཞིག་མ་རེད། ནང་བསྟན་ཉིད་འཇིག་རྟེན་འདིར་འཁྲུངས་པའི་ཉི་མ་དང་པོ་ནས་བཟུང་བར་ཆད་དེ་དག་ཡོད་བསྡད་པ་རེད།

      བདུད་དགའ་རབ་དབང་ཕྱུག་གིས་སངས་རྒྱས་ཀྱི་ཆོས་ལ་རྟག་པར་རྒོལ་བ་བྱས་པ་མ་ཟད། སངས་རྒྱས་སྐུ་མྱ་ངན་ལས་འདའ་ཁའི་ཆེས་མཐའ་འཇུག་ཉིན་མོར་ཚུན་ཆད་དུ་བར་ཆད་བྱས་པ་རེད། སྔོན་གྱི་ནང་བསྟན་པའི་རླབས་ཆེན་གྱི་གནས་ཆེན་དག་སྟེ། བི་ཀྲ་མ་ལ་ཤཱི་ལ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་སོགས་ཀྱི་གནས་ཤུལ་དུ་ཁྱེད་རང་ད་ལྟ་སོང་ན་ཐལ་རྡུལ་ཙམ་མ་གཏོགས་ཅི་ཡང་མེད།

     འགལ་རྐྱེན་དེ་རིགས་ད་དུང་མུ་མཐུད་ནས་ཡོང་སྲིད་མོད། འོན་ཀྱང་དེ་དག་གིས་སངས་རྒྱས་ཆོས་ལུགས་ལ་འགོག་རྐྱེན་གང་ཡང་བཟོ་མི་ཐུབ། ང་ཚོར་སྔར་བཞིན་ཡོན་ཏན་དང་བཟང་སྤྱོད་ཡོད་བསྡད་ན། སངས་རྒྱས་ཀྱི་བྱམས་དང་སྙིང་རྗེའི་བདག་ཉིད་དུ་གྱུར་པའི་ཆོས་ལུགས་འདི་དང་ལེན་བྱས་བསྡད་ན། གནས་ཚུལ་དེ་འདྲའི་འོག་ཏུ་ཡང་། སངས་རྒྱས་ཆོས་ལུགས་སྔར་ལྟར་གནས་སྲིད།

     དེར་བརྟེན་ངོས་ནས་གནས་ཚུལ་འདི་འདྲའི་འོག་བསམ་འཆར་ག་རེ་འདོན་གི་ཡོད་ཟེར་ན། ཉིན་ཤས་སྔོན་རྣམ་རྒྱལ་མའི་ཆོས་ཚོགས་སྐབས། ཚོགས་པ་གཞན་རེ་ཟུང་གི་མིས་དེབ་ཆུང་འགའ་བཀྲམ་སྟེ་སྔགས་རྡོ་རྗེ་ཐེག་པར་རྒོལ་བ་བྱེད་ཀྱིན་འདུག་ཅེས་ང་ལ་མི་ཞིག་གིས་བཤད་སོང་། དེ་དུས་ངས་ཁོ་ཚོས་འདི་ལྟར་འགྲེམ་ན་དཀའ་ཚེགས་ཧ་ཅང་ཆེ་སོང་བས། འགའ་ཤས་རེ་ཁྱེད་ཀྱིས་ཁྱེར་ཡོང་དེ་གང་སར་དགྲམ་རོགས་དགོས་པ་རེད་ཅེས་བཤད་པ་ཡིན།

    འདི་ལྟར་ཕ་རོལ་བོའི་རྒོལ་བའི་འོག་སངས་རྒྱས་ཀྱི་བསྟན་པ་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་པའི་ཆེད་དུ། ང་ཚོས་ཐོས་བསམ་སྒོམ་གསུམ་བྱེད་དགོས་པ་རེད། དེ་ལྟར་ན་གཟོད་སངས་རྒྱས་ཀྱི་བསྟན་པ་རྒྱུན་གནས་ཐུབ་རྒྱུ་རེད། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་སྐུ་མྱ་ངན་ལས་འདའ་བར་བརྩམས་པའི་དུས་སུ། རང་ཉིད་རང་གི་སྐྱབས་དང་རང་ཉིད་རང་གི་མགོན་ཡིན་པ་ལས། མི་སུ་ཞིག་གིས་ཀྱང་ཁྱོད་ཀྱི་མགོན་མི་ཐུབ་ཅེས་གསུངས་ཡོད་པ་རེད།

     ཁྱོད་རང་ཉིད་ཀྱི་རྗེས་དཔག་དང་། རྣམ་འགྱུར། དབྱེ་ཞིབ་ཀྱི་བློ་བཅས་ཀྱིས་གང་ཞིག་འགྲིག་པ་ཡིན་མིན་ཁྱོད་རང་ཉིད་ལ་གོ་བརྡ་སྤྲོད་ཐུབ་པ་རེད། དེའི་ཕྱིར་ན་ཐོས་བསམ་སྒོམ་གསུམ་བྱེད་དགོས་ཞེས་བཤད་པ་རེད། ཐོས་བསམ་སྒོམ་གསུམ་གྱི་གོ་རིམ་བརྒྱུད། ཁྱོད་རང་ཉིད་ཀྱི་དབྱེ་ཞིབ་བརྒྱུད། ཁྱོད་ཀྱིས་རང་ཉིད་ལ་གཟོད་གོ་བརྡ་སྤྲོད་ཐུབ། ཁྱོད་ཀྱིས་ཆང་གིས་ར་རོ་བར་གྱུར་བའི་ཏེ་ཝ་པ་ཞེས་པའི་མི་ཞིག་དང་ལེན་བྱེད་མིན་དང་། ཡང་ན་ཏཻ་ལོ་པ་ཞེས་པའི་ཉ་བ་ཞིག་དང་ལེན་བྱེད་མིན། ཡང་ན་ས་ར་ཧ་ཞེས་པའི་རྔོན་པ་ཞིག་དང་ལེན་བྱེད་མིན་དང་། མི་འདི་དག་དང་ལེན་བྱས་ཏེ་ཁྱོད་ཀྱི་ལམ་སྟོན་པ་བྱེད་དུ་འཇུག་མིན་སོགས་ནི་རང་ཉིད་ཀྱི་དབྱེ་ཞིབ་བརྒྱུད་ཐག་གཅོད་དགོས་པ་ཞིག་རེད། དེ་ནི་ཁྱོད་ཀྱི་གདམ་གསེས་ཤིག་རེད།

    ད་ལྟ་མི་ཧ་ཅང་མང་པོ་ཞིག་གིས། སྔགས་རྡོ་རྗེ་ཐེག་པ་དང་། བོད་བརྒྱུད་ནང་བསྟན་གཉིས་གཅིག་ཏུ་འདོད་ཀྱིན་ཡོད། འདི་ནི་ནོར་འཁྲུལ་ཤིན་ཏུ་ཆེན་པོ་ཞིག་རེད།  འོན་ཀྱང་གང་འདྲ་ཞིག་ཡིན་རུང་། སྔགས་རྡོ་རྗེ་ཐེག་པ་དང་ཡང་ན་བོད་བརྒྱུད་ནང་བསྟན་ལ། ལོ་ངོ་སྟོང་ཕྲག་རིང་སྐྱོན་བརྗོད་འདྲ་མིན་སྣ་ཚོགས་ཤིག་བྱས་ནས་ཡོང་པ་རེད། དེའི་ཕྱིར་ན་འདི་གནད་དོན་གསར་པ་ཞིག་ཁྱོན་ནས་མ་རེད། དེང་སྐབས་མི་མང་པོ་ཞིག་གིས། སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ལ་ཇི་ལྟར་སྐྱོན་བརྗོད་གནང་གིན་ཡོད་པ་རེད་ཟེར་ན། ཁོ་ཚོས་སྔགས་ཉམས་ལེན་བྱེད་བཞིན་པའི་གང་ཟག་འགའ་རེའི་སྒེར་གྱི་ནོར་འཁྲུལ་རེ་ཁྱེར་ཡོང་ནས་སྔགས་ཀྱི་བསྟན་པ་སྤྱི་ལ་སྐྱོན་བརྗོད་གནང་གིན་ཡོད་པ་རེད། འོན་ཀྱང་མི་གཅིག་ནི་མི་གཅིག་རང་རེད།

    ཐོག་མར་མི་སྒེར་བ་ཞིག་མ་གཞི་ནས་སྐྱོན་མེད་ཅིང་ཡོན་ཏན་ཀུན་དང་ལྡན་པ་ཞིག་མ་རེད། གལ་ཏེ་ཁྱོད་ཀྱིས་མཐོང་བའི་ཕ་རོལ་བོ་དེ། སྐྱོན་མེད་ཡོན་ཏན་ཀུན་དང་ལྡན་པ་ཞིག་ཡིན་པའི་དབང་དུ་ཆུགས་ཀྱང་། ཁྱོད་རང་ཉིད་སྐྱོན་མེད་ཡོན་ཏན་ཀུན་ལྡན་ཞིག་མ་ཡིན་པའི་ཕྱིར་ན། ཁྱོད་ཀྱིས་མཐོང་སྣང་གི་ཁོ་ཡང་སྐྱོན་མེད་ཅིང་། ཡོན་ཏན་ཀུན་དང་ལྡན་པ་ཞིག་ཏུ་སྣང་སྲིད་པ་མ་རེད།

    དེའི་ཕྱིར་ན། མི་གང་ཡང་རུང་བ་ཞིག་གི་སྒེར་གྱི་བྱ་སྤྱོད་རྒྱུ་མཚན་དུ་བྱས་ཏེ། སྤྱི་ཡོངས་དང་། ནང་བསྟན་ཡོངས་ལོག་པར་བལྟ་བ་ནི་ཧ་ཅང་མི་ལེགས་པའི་བྱ་བ་ཞིག་རེད། འབྲུག་ཡུལ་གྱི་མི་ཞིག་ཐེ་ལན་དིར་སོང་སྟེ་ཕྱིར་ཡོང་དུས་ང་ལ་ཐེ་ལན་དིའི་མི་དག་ཧ་ཅང་ཐབས་ཆགས་རེད་ཅེས་བཤད་སོང་། ངས་ཁོ་ལ་དེ་ལྟར་བཤད་དོན་འདྲི་དུས། ཁོས་ཐེ་ལན་དིའི་མི་དག་གིས་ཐ་མག་བཞེས་ཀྱིན་འདུག་ཅེས་བཤད་སོང་། འདི་ནི་རིག་གནས་ཀྱི་སྟེང་གི་ཁྱད་འགྱུར་ཞིག་རེད། འདི་ལྟ་བུའི་རིག་གནས་ཀྱི་ཁྱད་འགྱུར་དབང་གིས་དོན་དག་གཅིག་ཤན་འབྱེད་བྱེད་པ་ནི། དང་དུ་ལེན་པར་བྱ་བ་ཞིག་ཁྱོན་ནས་མ་རེད།

     དེའི་ཕྱིར་ན་ཁྱོད་ཀྱིས་བོད་ཀྱི་སྔགས་ཉམས་ལེན་བྱེད་མཁན་གྱི་གང་ཟག་སྒེར་བ་ཞིག་གི་བྱ་སྤྱོད་རྒྱུ་མཚན་དུ་བྱས་ཏེ། སྔགས་རྡོ་རྗེ་ཐེག་པའི་ཆོས་དེ་ཉིད་ལོག་པར་བལྟ་བ་ནི། ཧྲོ་ལིན་དགོན་པའི་གྲྭ་བ་དག་རྒྱུ་མཚན་དུ་བྱས་ནས། གྲྭ་བས་དྲག་རྩལ་སྤྱད་དེ་མི་རྡུང་ཆོག་གམ་ཞེས་པ་དང་མཚུངས་ཤིང་། དེ་ལྟ་བུའི་བྱ་སྤྱོད་ཀྱིས་ཐེག་པ་ཆེན་པོའི་ཆོས་ལ་ཤན་འབྱེད་བྱེད་པ་ནི་གནས་ལུགས་དང་མཐུན་པ་ཞིག་མ་རེད།

     སྒེར་གྱི་ངོས་ནས་བཤད་ན་མི་ནི་ཕུན་སུམ་ཚོགས་པ་ཞིག་མ་རེད། གལ་ཏེ་ཁྱོད་ཀྱིས་མི་སྐྱོན་ཅན་ཞིག་འཚོལ་དགོས་ན། ཁྱེད་ཀྱིས་དཀའ་ཚེགས་བརྒྱབ་སྟེ་གང་སར་འཚོལ་མི་དགོས་ཏེ། ཁྱོད་ཀྱི་མདུན་འདིར་ད་ལྟ་རང་གཅིག་འདུག་པ་འདི་རེད། ང་ལ་རང་ཉིད་ཀྱི་སྐྱོན་ཆ་ཐམས་ཅད་སྦ་གསང་མེད་པར་ཕྱིར་མངོན་པའི་སྙིང་སྟོབས་མི་འདུག འདིས་ནི་ང་རང་མི་སྐྱོན་ཅན་ཞིག་ཡིན་པ་ཏན་ཏན་མཚོན་བཞིན་ཡོད་པ་རེད། ཁྱེད་ཚོས་ཀྱང་ངས་རྒྱུན་དུ་ཅི་ཞིག་བྱེད་ཀི་ཡོད་པ་དང་ང་མི་སྒེར་གྱི་གསང་བའི་འཚོ་བ་སོགས་ཤེས་མི་སྲིད་ཅིང་། ང་ལ་ཡང་ཁྱེད་ཚོར་སྦ་གསང་མེད་པར་དེ་དག་བཤད་པའི་སྙིང་སྟོབས་མི་འདུག  གལ་ཏེ་དེ་འདྲ་བྱས་ན་ང་ལ་ལས་ཀ་མེད་པར་ཆགས་རྒྱུ་རེད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46476691
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1