དབྱིན་ཡིག་བརྡ་སྤྲོད་བོད་འགྲེལ་མའི་མཛད་སྒོ་གངས་མཐོན་པོ་ཨ་མྱེས་རྨ་ཆེན་གྱི་ཉེ་འགྲམ་ནས་འཚོགས་པའི་ལོ་ཙཱ་བ་མུ་ར་གསུང་རབ་ཀྱི་གཏམ་བཤད་དང་མཛད་སྒོར་འབྲེལ་བའི་འདྲ་པར་འགའ།
དབྱིན་ཡིག་བརྡ་སྤྲོད་བོད་འགྲེལ་མའི་མཛད་སྒོ།
ངའི་ཞེ་འདོད་ཕྲ་མོ།
མུ་ར་གསུང་རབ་ཀྱིས་བྲིས།
འདིར་འདུས་དགེ་སློབ་ཚང་མར་ཁམས་འདྲིའི་ཚུལ་དུ་བཀྲ་ཤིས་བདེ་ལེགས་ཞུ། བོང་བ་གསེར་གཟིགས་ཀྱི་ཚུལ་དུ་འདིར་ངའི་དེབ་ཀྱི་མཛད་སྒོར་ཕེབས་པར་སྙིང་ནས་བཀའ་དྲིན་ཆེ་ཞུ།
སྤྱིར་ན་འདིར་འདུས་མང་ཕྱོགས་འཇིག་རྟེན་ལྟར་སྣང་གྱི་ལུགས་ལྟར་བཤད་ན་ངའི་སློབ་བུ་རེད། ཡིན་ན་ཡང་། ངའི་ཞེ་ལ་ཁོང་ཚོ་ངའི་སློབ་མ་ཡིན། ངས་ཁོང་ཚོར་ཕན་ཆེན་པོ་ཐོགས་ཡོད། ངས་ཁོང་ཚོར་བློ་སྐྱེད་དང་ཡར་རྒྱས་མི་ཉུང་བ་ཞིག་སྦྱིན་ཡོད་བསམ་པའི་རང་རློམ་དང་ང་རྒྱལ་བསྐྱེད་ཆོག་པའི་གདེང་ཚོད་ཅི་ཡང་མེད། གང་ལྟར་ཁོང་ཚོའི་སློབ་སྦྱོང་ཐད་ལ་ངས་གླེང་ཆོག་ཆོག་ཕན་ཐོགས་གང་གང་བསྒྲུབ་ཐུབ་མེད་ལ་།
ང་ལ་དེའི་ནུས་པ་ཡང་མེད།
ཡིན་ན་ཡང་། ངས་ཁོང་ཚོ་ཚང་མ་ང་རང་གི་བློ་སེམས་གཅིག་མཐུན་གྱི་སློབ་གྲོགས་ཤིག་གི་ཚད་དུ་བཟུང་ཡོད། རྨི་ལམ་དང་རིགས་ཞེན་གཅིག་པའི་སློབ་གྲོགས་ཤིག་གི་འདང་འདུན་ཏན་ཏན་ཡོད། ཁོང་ཅག་ལ་བརྟེན་ནས་ང་ལ་སློབ་སྦྱོང་མང་པོ་ཐོབ་ཡོད་ལ། ང་ལ་བརྟེན་ནས་ཁོང་ཅག་ལ་ཡང་གང་ལ་གང་འཚམས་ཀྱི་ཉམས་མྱོང་རེ་ཐོབ་ཡོད་ཀྱང་སྲིད། བློས་ཐུབ་ཀྱི་སློབ་གྲོགས་ཤིག་ཡིན་ཟེར་ན་ངའི་ཞེ་ལ་ཤིན་ཏུ་འཚམས་པ་ལས། ང་ཁོང་ཅག་གི་དགེ་རྒན་ཡིན་ཟེར་ན། ངའི་ཞེ་ལ་དེ་ཙམ་མ་བདེ་བ་ལྟ་བུ་ཞིག་དུས་རྒྱུན་འབྱུང་གིན་ཡོད། ཁོང་ཅག་མི་རེ་རེ་ངའི་སློབ་སྦྱོང་དང་ཉམས་མྱོང་གི་ཡན་ལ་བུད་ཡོད། མི་གཤིས་དང་སྤྱི་ཕན་གྱི་ལྟ་བས་ཀྱང་ང་ལས་ལྷག་ཡིན། དེ་ནི་ཁོང་ཅག་ཚང་མ་སྨན་གྱི་བླ་མས་བྱིན་གྱིས་བརླབས་ཤིང་དྲང་སྲོང་གི་རིག་པས་ནར་སོན་དུ་བཅུག་པས་ཡིན། འདི་ནི་ངས་ཁོང་ཅག་ལ་བཟུང་བའི་ལྟ་ཚུལ་ཡིན། ཡིད་སྨོན་ཡིན།
གཞན་ང་ཚོ་ལ་འདྲ་བའི་ཆ་དང་མཐུན་པའི་གཤིས་མང་པོ་ཞིག་ཀྱང་ཡོད་དེ།
ང་ཚོ་ཚང་མ་གངས་རི་ར་བས་བསྐོར་བའི་གནས་མཆོག་འདིར་སྐྱེས་ཤིང་མི་ཆོས་གཙང་མ་བཅུ་དྲུག་ཉམས་སུ་ལེན་མཁན་གྱི་ཕ་མ་དང་བླ་མས་བྱིན་གྱིས་བརླབས་ཤིང་དབྱངས་གསལ་སོ་བཞི་དང་ཡི་གེ་དྲུག་མའི་ཟུངས་ཁྲག་གིས་ཤ་མདངས་རྒྱས་པ་ནས་བཟུང་གཅིག་མཚུངས་སུ་ཡོད་པའི་འཁྱེར་སོ་ཞིག་དང་། ཡང་ལ་ལ་ནི་འཚོ་བ་དང་ཁ་ཕྱོགས་ཀྱི་རླུང་གིས་འཁྱེར་སྟངས་ཤིག་གིས་མཉམ་དུ་འཛོམས། མཉམ་དུ་སྐྱིད་སྡུག་གི་ལོ་ཟླ་བརྒལ། མཉམ་དུ་རིགས་རྒྱུད་གཅིག་གི་དར་རྒུད་གླེང་། མཉམ་དུ་སྐད་ཡིག་གཅིག་གི་ངོ་གདོང་ལ་བལྟས། མཉམ་དུ་མི་རིགས་གཅིག་གི་སྐྱེ་འཆི་གླེང་། དགའ་སྐྱོ་ཆགས་སྡང་གི་སེམས་ཁམས་ཚང་མ་མ་གསང་བར་ཕན་ཚུན་ལ་བཤད་ཆོག་པ་འདི་ནི།
ང་ཚོ་ཚང་མ་ཕྱི་ཐག་དང་ཁྲེལ་གཞུང་གཅིག་མཐུན་གྱི་མི་སྡེ་ཞིག་ཡིན་པས་རེད། འདི་ནི་ང་ཚོས་སྐྱེ་བ་འདིར་རྙེད་པའི་གཏན་ཚིགས་ཡིན་འོས་ལ། འདི་ནི་ང་ཚོ་ཚང་མ་མི་ཚེ་ཟེར་བའི་ཆགས་སྡང་གི་འཁོར་ལོ་འདིར་འཐམ་པའི་ཚེ་ནོམ་ཡིན་འོས། བློས་ཐུབ་ཟེར་ན་འདྲ། མཆེད་གྲོགས་ཟེར་ན་ཆོག ཡང་ན་མཛའ་གྲོགས་ཞེས་བོས་ཀྱང་རུང་། གང་ལྟར་སླད་མེད་རྣམ་དག་གི་སེམས་ཁམས་གཙང་མ་ཡོད་མཁན་དེ་དག་གི་གྲས་སུ་ང་ཚོ་ཚུད་འོས། ངས་གོང་གི་སྐད་ཆ་འདི་དག་གིས་ང་ཚོའི་མཛའ་བརྩེ་དང་ཕྱི་ཐག་བསྐལ་བ་ནས་བསྐལ་བར་ཉར་བའི་ཆོད་སེམས་བསྟན་པ་ཡིན། ད་དུང་དེའི་མི་ཚད་ལོ་ཟླ་དུ་མར་ཁ་ངོ་མ་ཐུག་པའི་དྲན་གདུང་དེ་ལ་དབྱངས་གསལ་གྱི་ཁ་སྣོན་ཞིག་བརྒྱབ་པ་ཡིན།
གཞན་དེ་རིང་གི་གླེང་བྱ་གཙོ་བོ་ཞིག་ནི། ངས་ཉེ་ལམ་སྒྲིག་སྒྱུར་བྱས་པའི་དབྱིན་ཡིག་བརྡ་སྤྲོད་བོད་འགྲེལ་མའི་མཛད་སྒོ་རེད། སྤྱིར་ན་ང་ལ་འདིར་མཛད་སྒོ་འཚོགས་པའི་བསམ་ཚུལ་དང་གྲ་སྒྲིག་ཅི་ཡང་མེད། ཡིན་ན་ཡང་སློབ་མ་ཟེར་ན་འདྲ། གྲོགས་པོ་ཟེར་ན་ཆོག
ཁོང་ཚོ་ཁ་ཤས་ཀྱིས་ད་ཐེངས་ང་ཚོ་མཉམ་འཛོམས་ཀྱི་དུས་ཚོད་འདིའི་སྟེང་ནས་ངའི་དེབ་ཀྱི་མཛད་སྒོ་ཞིག་ཀྱང་ངེས་པར་དུ་འཚོགས་དགོས་ཞེས་རེ་བ་བརྒྱབ་བྱུང་། དེ་ལ་ངས་ཀྱང་ང་ཚོ་འཛོམས་པའི་སྐབས་དང་འགྲིག་སོང་ན་ཆོག་གི་རེད། དེ་མིན་ང་ཚོ་འཛོམས་པའི་དུས་ཚོད་དེ་ཡར་དཀྲུག་མར་དཀྲུག་མང་པོ་བྱེད་རྒྱུ་དང་ཡང་ན་ཆེད་དུ་མཛད་སྒོ་བསྡུ་རྒྱུ་ཟེར་ན་རྩ་བ་ཉིད་ནས་འཐད་པ་མིན། མི་དགོས་ཟེར་ནས་མནའ་བསྐྱལ་བ་ཡིན། མཐར་ཁོང་ཚོས་ངའི་དེབ་སྒོར་ཐོན་པ་དང་ང་ཚོའི་འདུ་འཛོམས་གཉིས་ཆ་སྐབས་དང་བསྟུན་འདུག་ཟེར་བས། དེ་ལ་ང་རང་ངོས་ནས་ཀྱང་དགའ་སྤྲོ་དང་ལྡན་པའི་སྒོ་ནས་ངོས་ལེན་བྱས་པ་ཡིན།
ད་འདི་ནས་ངས་དབྱིན་ཡིག་བརྡ་སྤྲོད་བོད་འགྲེལ་མ་ཞིག་སྒྲིག་སྒྱུར་བྱེད་དགོས་པའི་བསམ་ཚུལ་ཐད་ལ་སྐད་ཆ་མདོར་བསྡུས་ཤིག་བཤད།
དང་པོ་འདི་བཤད་ཡོང་དུས། འགྲོ་བ་མིའི་བྱུང་རིམ་ཆ་ཚང་པ་ཞིག་བཤད་ནས་ཡོང་ན་ངོ་སྤྲོད་རྒྱུ་ཞིག་དང་གོ་བ་ལེན་རྒྱུ་ཞིག་ཡོད་པ་འདྲ། ཡིན་ན་ཡང་ང་ཚོས་དེ་རིང་དེ་མདོར་བསྡུས་ཤིག་གིས་འཐུས་པར་བྱས་ཏེ་བརྗོད་བྱ་དངོས་ཀྱི་སྟེང་ནས་ཅུང་ཙམ་བཤད་པར་བྱ།
དང་པོ་ང་ཚོ་འགྲོ་བ་མིར་འགྱུར་ལུགས་ལ་འདོད་པ་མི་མཐུན་པ་མང་ཙམ་ཡོད་ས་རེད། ཡིན་ན་ཡང་དེ་རིང་ང་ཚོས་སྦྲ་རིགས་ལས་འཕེལ་འགྱུར་བྱུང་བའི་འདོད་ཚུལ་དང་སྦྱར་ནས་བཤད་ན། དང་ཐོག་ང་ཚོ་ཡང་ཉམས་ཆུང་འཁོས་ཞན་སྲོག་ཆགས་གཞན་རིག་ན་ཡུབས་ནས་འདུག་དགོས་པ་དང་།
རང་སྲོག་ལེན་མཁན་གྱི་གཤེད་མ་ནམ་ཐོན་ལ་མིག་གིས་འཚོ་དགོས་པའི་སྲོག་ཆགས་ཤིག་རེད། དེ་ལྟ་བུའི་སྲོག་ཆགས་ཉམས་ཆུང་དེ་ཡང་ཡུན་གྱིས་ས་སྒང་ཧྲིལ་བོ་བདག་བཟུང་བྱེད་མཁན་དང་སྲོག་ཆགས་ཡོད་ཚད་ཀྱི་ཚེ་སྲོག་ལ་དབང་སྒྱུར་མཁན་གྱི་འགྲོ་བ་གཅིག་པུ་ཆགས་པ་རེད། དེའི་མིང་ལ་འགྲོ་བ་ཞེས་འབོད་ཀྱིན་པའི་ཆགས་སྲོག་རང་འདོད་ཅན་དེ་རེད།
དེ་ལྟར་དེང་གི་དུས་ཀྱི་ས་སྒང་ཧྲིལ་བོ་འདིའི་བདག་པོའམ་དབང་སྒྱུར་མཁན་གྱི་ལོག་དགོས་པའི་རྒྱུ་མཚན་ཡང་། གཞན་གང་ཡང་མ་ཡིན་ཏེ། བློ་རིག་གྲིམ་པོ་འདི་དང་དོགས་པ་སྐྱེན་པོ་འདི་གཉིས་ཡོད་པས། གཞན་ལ་ལད་ཟློས་བྱེད་པ་དང་དངོས་པོ་གཞན་གྱི་ཡོན་ཏན་ལོངས་སུ་སྤྱོད་ཤེས་སོང་པ་རེད། ལུས་ཀྱི་སྟོབས་ཤུགས་ཆེ་བ་དང་དཔའ་ངར་ཆེ་བ་སོགས་གང་གིས་ཀྱང་མ་རེད། གཙོ་བོ་བློ་རིག་གི་སྟོབས་ཤུགས་སམ་ནུས་མཐུ་འདིས་རྒྱལ་བཅུག་པ་རེད།
དུས་དེ་ནས་བཟུང་ང་ཚོས་རི་ར་བ་གང་ཁྱིམ་གྱི་དངོས་པོ་ཡོད་དོ་ཅོག་རང་གི་ཕན་གྲོགས་ལ་ལོངས་སུ་སྤྱོད་ཤེས་སོང་བས་རེད། དང་པོ་དབྱུག་པ་དང་རྡོ་སོགས་ཀྱི་ལག་ཆ་སྤྱོད་ཤེས་སོང་བ་རེད་ལ། དེ་ནས་ཡུན་གྱིས་ལྕགས་རིགས་བཙོ་སྦྱང་བྱས་ནས་བཀོལ་ཤེས་པ་རེད།
དེ་ལྟ་བུའི་ཕྱིའི་ཡོ་ཆས་ཀྱི་ཐད་ལ་འཕེལ་འགྱུར་སོང་བ་ནི་ནང་བསམ་པའི་དཔལ་ཡོན་ལ་འཕེལ་འགྱུར་འགྲོ་བཞིན་པའི་རྟགས་རེད། འཕེལ་འགྱུར་དེ་ལྟ་བུའི་སྣེ་མོ་ཟིན་མཁན་དེ་མིའི་འགྲོ་བ་གཅིག་པོ་རེད།
དེའི་དབང་གིས་སྲོག་ཆགས་ཡོད་དོ་ཅོག་ལས་མིའི་འགྲོ་བ་འདི་ས་སྒང་འདིའི་བདག་པོ་ཉན་སོང་བ་རེད།
དེ་ག་ནང་བཞིན་དུ།
མིའི་འགྲོ་བ་ལས་ཀྱང་བློ་རིག་གྲིམ་གྲིམ་བྱེད་རྒྱུར་དགའ་བ་དང་དོགས་པོ་མང་པོར་ཞིབ་འཇུག་བྱེད་སྔ་བའི་མི་རིགས་དག་བླ་ནས་བླ་རུ་འཕགས་སོང་བ་རེད།
དེ་བཞིན་དུ་ང་ཚོ་བོད་མི་རིགས་ཀྱང་བར་སྐབས་ཤིག་ལ་དར་བའི་ཡང་རྩེར་སོན་མྱོང་བ་རེད། དར་བའི་ཡང་རྩེར་སོན་པའི་རྒྱུ་རྐྱེན་གཙོ་བོ་ཡང་དཔའ་ངར་དང་དཔུང་ཤུགས་ཆེ་བ་ཁོ་ནས་མ་རེད། ཚུར་ལེན་རང་ལུགས་ལ་མཁས་པའམ་གཞན་གྱི་ལེགས་ཆ་ལེན་པར་མཁས་པས་རེད།
དེའི་ཐད་ནས་དཔེ་མཚོན་ཞིག་བཤད་ན། སྔ་རབས་ཀྱི་ལོ་ཙཱ་བཀའ་དྲིན་ཅན་ཚོའི་སྐུ་དྲིན་ལྟ་བུ་རེད། ཁོང་ཚོའི་བཀའ་དྲིན་སྐུ་དྲིན་ལ་ང་ཚོར་ད་དུང་ཆོས་ལུགས་དང་རིག་གནས་ཞེས་བཤད་ཡོང་དུས། འཛམ་བུ་གླིང་འདིར་མགོ་འཇོག་ས་ཡོད་པ་འདི་རེད།
གཞན་ཕྱོགས་ཀུན་ནས་རྒུད་པའི་དོང་དུ་ལྷུང་ན་ཡང་། ཆོས་དང་རིག་གནས་བཟང་པོ་འདིའི་བཀའ་དྲིན་སྐུ་དྲིན་གྱིས་ས་སྒང་འདིར་གསོན་པོར་གནས་ཡོད་པའི་བརྡ་རྟགས་ཤིག་འཆར་གྱིན་པ་འདི་རེད།
སྔ་རབས་དག་གིས་འདིའི་ཕྱོགས་ལ་འབད་པ་དང་དོ་སྣང་བྱས་པའི་ཚུལ་བཤད་ན། ཧ་ལས་ཤིང་ཧང་སངས་པ་ཞིག་རེད། དེ་བས་ཀྱང་ཆེས་ཚ་རླབས་འཕྱུར་བའི་སྐབས་ཤིག་ནི། ཆོས་རྒྱལ་མེས་དཔོན་རྣམ་གསུམ་ལྟ་བུའི་སྐབས་རེད། སྐབས་འདི་དག་གི་རིག་གནས་ནང་འདྲེན་གྱི་བྱ་བཞག་དེ་བཤད་ཡོང་ན། མཐོ་རྒྱལ་པོ་ནས་དམའ་སྤྲང་པོ་དབྱུག་དྲུད་བར་ལ་བསམ་བློ་འདིས་ཁྱབ་ཡོད་པ་ཞིག་རེད། མཐོ་དམན་དང་གྲལ་རིམ་མེད་པར་ལོ་ཙཱ་བའི་ལམ་ཁར་འདིར་མི་མང་པོ་ཞུགས་པ་རེད། དེའི་ཕན་ཡོན་གྱིས་ང་ཚོ་མི་གྲལ་ལ་སོང་ན་ངོ་གནོང་མི་དགོས་པའི་ཆོས་དང་རིག་གནས་ཤིག་ཡོད་པ་འདི་རེད། འདི་ཆོས་ལུགས་རིག་གནས་རྐྱང་པ་ཞིག་མ་ཡིན་པར། རིག་གནས་ཆེ་ཆུང་བཅུའི་རྣམ་གྲངས་ཀྱིས་ཟིན་པ་འདི་དག་རེད།
དེའི་ནང་ནས་ཀྱང་དེང་གི་དུས་སུ་མཚན་སྙན་གྱི་བ་དན་སྲིད་ན་ལྡིར་བའི་སྨན་དང་རྩིས་སོགས་ཆོས་ལུགས་རྐྱང་པའི་རིག་གནས་མ་ཡིན་པར། འཛམ་གླིང་ཐུན་མོང་གི་རིག་གནས་ལ་མཚོན་ན་ཡང་ཤིན་ཏུ་རབ་ཏུ་ཀུན་ཏུ་སྔགས་བརྗོད་འཐོར་བའི་གནས་འདི་དག་རེད།
འདི་དག་ཚང་མ་ཚུར་ལེན་རང་ལུགས་སམ་རིག་གནས་ནང་འདྲེན་དང་གཏན་ནས་ཁ་འབྲལ་ཐབས་མེད་པ་ཞིག་རེད་འདུག
འདིའི་ཐད་ནས་བཤད་ན་སྔ་འགྱུར་གྱི་ཆེ་བ་དྲུག་ཅེས་པའི་གནའ་རབས་ལོ་ཙཱའི་ཆེ་བ་བརྗོད་སྟངས་ཤིག་རྙིང་མའི་གཞུང་ཆེན་དག་ལ་མཐོང་རྒྱུ་དང་རིག་རྒྱུ་ཡོད། དེ་ནི་སྐབས་སུ་སྔ་འགྱུར་གྱི་ཆེ་བ་བརྗོད་སྟངས་ཤིག་ཏུ་སོང་ཡོད་ན་ཡང་། ཡིན་པ་ནི་ལོ་ཙཱའི་ལས་དོན་འདི་གལ་ཆེན་དང་གཙུག་ཏུ་བཀུར་སྟངས་ཤིག་རེད།
དེ་ལྟ་བུའི་བོད་སྔ་རབས་པ་དག་གིས་ལོ་ཙཱའི་ལས་དོན་ཐད་ལ་རྒྱབ་སྐྱོར་བྱེད་བྱེད་ཅིག་དུས་ཕྱིས་བྱེད་མྱོང་མེད་པ་འདྲ། སྔ་འགྱུར་ལ་གཞན་ལས་ལྷག་པའི་ཡོན་ཏན་ནམ་ཆེ་བ་དྲུག་བརྩི་སྲོལ་ཡོད། དེ་ལ་སྔ་འགྱུར་གྱི་ཆེ་བ་དྲུག་ཅེས་འབོད་ཀྱིན་ཡོད་ལ།
དེ་དག་རེ་རེ་གྲངས་ཁ་ཙམ་བགྲང་ན། ༡ སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ། ༢ གང་དུ་བསྒྱུར་བའི་གནས་གཙུག་ལག་ཁང་གི་ཆེ་བ། ༣ སྒྲ་སྒྱུར་ལོ་ཙཱ་བའི་ཆེ་བ། ༤ པནྜིཏའི་ཆེ་བ། ༥ ཕྱག་རྟེན་མེ་ཏོག་གི་ཆེ་བ། ༦ བསྒྱུར་བྱ་ཆོས་ཀྱི་ཆེ་བ་ཞེས་ཆེ་བ་དྲུག་པོ་འདི་དག་མཐོང་མ་ཐག མེས་དཔོན་རྣམ་གསུམ་ལྟ་བུའི་ཡོན་བདག་གི་རྒྱབ་རི།
དབང་དང་འབྱོར་བ་གང་ཅིའི་ཐད་ནས་ཀྱང་སྲིད་ན་དོ་ཟླ་མེད་པའི་སྦྱིན་བདག་གི་ཆེ་བ་དང་། སྒྲ་སྒྱུར་གཙུག་ལག་ཁང་ལྟ་བུ་ཆེད་དུ་སྒྲ་སྒྱུར་ལོ་ཙཱ་བ་གསོ་སྐྱོང་བྱེད་ས་དང་ལོ་ཙཱ་བ་རྒན་པའམ་ཕུལ་བྱུང་གིས་ཆེད་དམིགས་ཀྱིས་ཕྱག་ལས་གནས་སའི་གཙུག་ལག་ཁང་གི་ཆེ་བ། སྐབས་དེའི་སྒྲ་སྒྱུར་ལོ་ཙཱ་བ་ལྟ་བུ་ལ་མཚོན་ན་ཡང་རང་ག་བ་ཞིག་མ་ཡིན་པར་སློབ་དཔོན་ཐོན་མི་དང་སད་མི་མི་བདུན་ལྟ་བུ། ལོ་ངོ་སྟོང་ཕྲག་གི་རྗེས་ནས་ཕྱིར་མིག་འཕང་ན་ཧ་ལས་ཤིང་ཧང་སངས་དགོས་པའི་སྐྱེས་ཆེན་དང་མཁས་དབང་ཉི་ཟླ་ལྟ་བུའི་ཆེ་བ། ད་དུང་ལོ་ཙཱ་བ་དང་མཉམ་པོར་རྒྱ་གར་ནག་གི་རིག་གནས་གང་ལ་ཆེད་དུ་མཁས་པའི་བློ་འདྲི་ཡུལ་གྱི་པནྜིཏའམ་གཞུང་ལུགས་དམར་ཁྲིད་བྱེད་མཁན་གྱི་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་དགེ་རྒན་གྱི་ཆེ་བ། པནྜིཏ་དང་ལོ་ཙཱ་བ་ལ་ཕུལ་བའི་ཕྱག་རྟེན་མེ་ཏོག་གམ་ཆོས་དང་རིག་གནས་བླུ་བའི་ཡོན་གསེར་དངུལ་སྲང་ལ་འཇལ་བ་ལྟ་བུ་མ་ཡིན་པར། གསེར་དངུལ་ཁལ་དང་མི་ལུས་ལ་གཞལ་བ་ལྟ་བུ་ཡོན་གྱི་ཆེ་བ། བསྒྱུར་བྱའི་གཞུང་ལ་མཚོན་ན་ཡང་ནང་རིག་པ་གཙོ་བོར་བྱས་ཤིང་སྨན་དང་རྩིས་སོགས་རིག་པའི་གནས་ཆེ་ཆུང་བཅུ་ལ་སོགས་པ་ཚང་མ་བོད་མི་རིགས་རང་ཉིད་ལ་གང་མཁོ་བ་དང་གང་འཚམས་པ་དག་ཆེད་དམིགས་ཀྱིས་བསལ་ནས་བསྒྱུར་དུ་བཅུག་པ་སོགས་ཕྱོགས་གང་ཐད་ནས་བལྟས་ན་མི་རིགས་ཤིག་གི་ནང་བསམ་པའི་དཔལ་ཡོན་གྱི་འཕེལ་རྒྱས་ལ་ཁ་ཚ་དགོས་གཏུགས་ཀྱིས་མེད་དུ་མི་རུང་བ་དག་བསྡམས་ནས་བསྒྱུར་བ་ཡིན་པས། འདི་ལྟ་བུའི་རིག་གནས་ནང་འདྲེན་གྱི་བྱ་བཞག་དེས་ང་ཚོ་དེང་གི་དུས་སུ་ས་སྒང་འདིར་འཁོས་ཁ་ཞན་རུང་ངོ་སོ་མཐོ་བ་ཞིག་བྱུང་ཡོད་པ་རེད། འདི་དག་གིས་ང་ཚོར་ད་ལྟ་ད་དུང་ཚ་ནན་གྱི་སྐུལ་ལྕག་ཞིག་གཞུ་བཞིན་ཡོད་པ་ཚོར་དགོས། མི་རིགས་སུ་ཞིག་ཡིན་ན་ཡང་ང་ཚོ་ལ་ཆོས་ཡོད་རིག་གནས་ཡོད། ད་གཞན་པ་དགོས་དོན་མེད་ཟེར་ནས་བསྡད་ན། དེ་དུས་མི་རིགས་རང་གི་འཕེལ་རྒྱས་ཀྱི་མཚམས་བཞག་པ་རེད། གཞན་ལ་མིག་ལྟོས་དང་གཞན་གྱི་ལེགས་ཆ་ནང་འདྲེན་ལ་འབད་པ་མི་བྱེད་པར་བསྡད་པ་ཡིན་ན་དེ་དུས་རྗེས་ལུས་ཐེབས་པ་རེད། འདི་ནི་འགྲོ་བ་མིའི་རིགས་ཀྱི་ཁྱུ་གྲལ་ན་ཡོད་པ་མཐའ་དག་གཟུར་དུ་མེད་པའི་གནད་འགག་ཅིག་རེད།
དེའི་དབང་གིས་ང་ཚོས་ད་དུང་ལོ་ཙཱའི་ལམ་ཁ་འདི་ལ་འབད་པ་བྱེད་དགོས། ལོ་ཙཱའི་ལམ་ཁ་འདི་ནི་ང་ཚོས་རང་ཉིད་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་ཐབས་ཙམ་ཞིག་མ་ཡིན་པར། མི་རིགས་ཧྲིལ་བོ་ཞིག་གི་གློ་སྙིང་བྲང་གསུམ་ལ་ཟུག་གིན་པའི་རྗེས་ལུས་ཀྱི་ཚིལ་དྲེག་དེ་དྲུང་ནས་འབྱིན་སྟངས་ཤིག་རེད། ལོ་ཙཱའི་ལམ་ཁ་འདི་ནི་རིགས་རྒྱུད་ཀྱི་རུས་རྐང་ལ་བཙའ་ཡིས་ཟིན་པ་དེ་གཙང་བཀྲུ་བྱེད་སྟངས་ཤིག་རེད། རིག་གནས་ནང་འདྲེན་གྱི་ལས་ཀ་འདི་ནི་སྔར་ཡོད་དག་ཉམས་དམས་དང་རྩ་གཏོར་དུ་གཏོང་བྱེད་ཅིག་མ་ཡིན་ལ།
སྔར་ཡོད་དག་སྤུས་ལེགས་དང་འཐུས་ཚང་དུ་གཏོང་བའི་ཐབས་མཆོག་དམ་པ་ཡིན་འོས། དུས་རབས་འདིའི་མིའི་རྟོགས་པ་སད་དགོས་ན། དུས་འདིའི་བསམ་བློ་དང་རིག་གནས་ཀྱི་ཤུགས་རྐྱེན་ངེས་པར་དུ་ཡོད་དགོས། དེ་མ་གཏོགས་ང་ཚོས་སྔ་རབས་ཀྱི་བསམ་བློ་དང་སྔ་རབས་ཀྱི་རིག་གནས་རྐྱང་པས་དེང་གི་སྤྱི་ཚོགས་ཀྱི་ཕྱོགས་དང་ཟུར་ཚང་མ་མི་ཁེབ་པ་ཤེས་ན་རེད། འདི་ནི་མ་ཤེས་ཚད་མེད་རེད། དེ་ཤེས་ནས་འབད་པ་བྱས་ན་ང་ཚོས་སྔར་ཡོད་དག་ཀྱང་གཟི་འོད་འཕྲོ་བ་ཞིག་ཏུ་གཏོང་ཐུབ་པ་རེད། དེའི་དབང་གིས་ལོ་ཙཱའི་ལས་དོན་འདི་ལ་སྣང་ཆུང་བྱེད་མི་རུང་བའི་མི་ཟད། སྔར་ཡོད་ཀྱིས་མགུ་ནས་འདུག་མི་རུང་བ་ཚད་མས་གྲུབ་འདུག
བསམ་བློ་གཏོང་སྟངས་འདི་ལྟ་བུའི་དབང་གིས། བདག་པོ་རང་ལྟ་བུར་མཚོན་ན་གཞུང་ལུགས་ཆེན་པོ་སྒྱུར་བའི་ནུས་པ་དང་ཤེས་རྒྱ་མེད་ན་ཡང་། གཞུང་ཆེན་པོ་སྒྱུར་བྱེད་ཀྱི་ཆ་ལག་གལ་ཆེན་དུ་འགྲོ་བའི་དབྱིན་ཡིག་བརྡ་སྤྲོད་རིག་པ་ལ་ལོ་ཆུང་བའི་དུས་སུ་སློབ་གཉེར་ཅུང་ཙམ་བྱེད་མྱོང་བས།
དེའི་སྐབས་ཀྱི་ཟིན་བྲིས་དང་དེང་གི་བརྡ་སྤྲོད་གཞུང་ལུགས་སྤུས་དག་རྣམས་ཀྱི་དགོངས་པ་གཞིར་བཞག་ནས།
གངས་ཅན་ལོ་ཙཱའི་ལས་དོན་ལ་ཕྱག་ལས་གནང་འདོད་ཡོད་པའི་གཞོན་སྐྱེས་ཕོ་མོ་ཡོངས་ལ་ཕན་གྲོགས་ལྟ་བུར་དམིགས་ནས་ཕུལ་བ་ལེགས་ན། མཐར་དགེ་བའི་རྩ་བ་ཅི་མཆིས་མ་རྣམས་ལེགས་ཚོགས་ཀྱི་ལམ་ལ་འགོད་པའི་རྒྱུ་རུ་འགྱུར་བར་གྱུར་ཅིག། །།
༢༠༢༠
ལོའི་ཟླ་༨ ཚེས་༦ ཉིན་བྲིས།
༢༠༢༠
ལོའི་ཟླ་༨ ཚེས་༡༣ ཉིན་བསྐྱར་དུ་བཅོས་ནས་གཏན་ལ་ཕབ།
གསལ་བཤད།
༼ སྤྱིར་ན་དེབ་ཀྱི་མཛད་སྒོའི་ཉིན་མོར་རྩོམ་འདི་སྒྲོག་འདོན་བྱེད་འདོད་ཡོད་ཀྱང་།
གློ་བུར་བའི་ཚོར་བ་ཞིག་གིས་ཡིག་ཐོག་ནས་མ་བཏོན་པར་ཞེ་ཐོག་ནས་རོབ་ཙམ་གཏམ་བཤད་ཀྱི་ཚུལ་དུ་གླེང་ཁུལ་བྱས།
༽
དབྱིན་ཡིག་བརྡ་སྤྲོད་བོད་འགྲེལ་མ་ཀློག་བཞིན་པ།
ལྷན་འཛོམས་ཀྱི་དྲན་རྟེན།
དབྱིན་ཡིག་བསླབ་དེབ་འདི་དགོས་མཁོ་ཡོད་པ་དག་གིས་གོང་གི་གཤེར་ཨང་དེ་བརྒྱུད་ནས་འབྲེལ་བ་བྱེད་རོགས།
|