ལྡོང་ནོར་སྡེའི་རྩོམ་གསར། ཚེ་མདོ་ལས་འཕྲོས་པའི་གོ་ཐོབ་ཀྱི་གཏམ་སྟོང་ཐུན་ཉི་ཟླའི་རོལ་རྩེད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 22 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ལྡོང་ནོར་སྡེའི་རྩོམ་གསར། ཚེ་མདོ་ལས་འཕྲོས་པའི་གོ་ཐོབ་ཀྱི་གཏམ་
ལྡོང་ནོར་སྡེའི་རྩོམ་གསར། ཚེ་མདོ་ལས་འཕྲོས་པའི་གོ་ཐོབ་ཀྱི་གཏམ་སྟོང་ཐུན་ཉི་ཟླའི་རོལ་རྩེད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/9/15ལྟ་ཀློག (6202)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄།  །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་འཕྲོས་པའི་གོ་ཐོབ་ཀྱི་གཏམ་སྟོང་ཐུན་ཉི་ཟླའི་རོལ་རྩེད་ཅེས་བྱ་བ།

ལྡོང་ནོར་སྡེ།  
     ཕུལ་བྱུང་མཛད་པས་འགྲོ་ལ་མི་ཟད་དཔལ་སྟེར་ཞིང་།། ལན་ཅིག་དྲན་པས་འཆི་བདག་འཇིགས་པ་རིང་དུ་དོར།།རྟག་ཏུ་བརྩེ་བས་འགྲོ་ལ་བུ་བཞིན་དགོངས་གྱུར་པ།།ལྷ་མིའི་སྟོན་པ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ།།

    བསླུ་མེད་ཚད་མའི་སྟོན་པ་ཟས་གཙང་སྲས།།

གང་དེའི་བདེན་གསུང་འཁྲུལ་མེད་རྒྱལ་བའི་བཀའ།།

རྒྱ་གར་སྐད་ལས་བོད་དུ་འགྱུར་བའི་ཆོས།།

ཚེ་དང་ཡེ་ཤེས་དཔག་མེད་ཐེག་ཆེན་མདོ།།  

    ཆོས་ཚན་གཅིག་ལ་ལྡེབ་ཐུང་ཉི་ཤུ་ལྷག། 

གཟུངས་ཚན་སུམ་ཅུ་ཕན་ཡོན་དང་བཅས་པ།། 

རྒྱ་གར་པཎ་ཆེན་པུཎྱེ་སམྦྷ་ཝ།། 

བོད་ཀྱི་ལོ་ཙཱ་ཉི་མ་གྲགས་པའི་འགྱུར།།  

    འདི་ཡི་ཁུངས་དང་འགྱུར་ལ་དཔྱད་ཅིང་བསྡུར།། 

རྒྱ་བོད་མཁས་པའི་དྲུང་དུ་དོགས་གཅོད་ཞུས།། 

མ་ནོར་མ་བསླད་ཡིད་རྟོན་ཆོག་པ་ཡི།། 

རྒྱལ་གསུང་ཚད་མར་ངེས་ཤེས་གཏིང་ནས་རྙེད།།  

    དེ་ལ་ཐོས་བསམ་ཞིབ་འཇུག་བགྱིས་པ་ཡི།། 

གོ་ཐོབ་གཏམ་གྱི་སྟོང་ཐུན་ཕྲ་མོ་ཙམ།། 

སྐལ་མཉམ་གཞན་ལ་ཕན་འདོད་བསམ་པས་བརྗོད།། 

བློ་གྲོས་མཐུན་དག་ཡུད་ཙམ་ཉན་པར་འཚལ།།  

    སྟེང་ཕྱོགས་ཡོན་ཏན་དཔག་མེད་ཞིང་ཁམས་ན།། 

སངས་རྒྱས་ཚེ་དང་ཡེ་ཤེས་དཔག་མེད་བཞུགས།། 

དེ་ཡིས་ཚེ་འཛིན་ཚེ་ནི་མཐར་ཕྱིན་ཕྱིར།། 

འགྲོ་ལ་ཆོས་སྟོན་ཚེ་ཡི་དངོས་གྲུབ་སྩོལ།།  

    གང་དེའི་མཚན་གཟུངས་བརྒྱ་རྩ་བརྒྱད་པའི་མདོ།། 

འཛམ་གླིང་མི་རྣམས་ཚེ་མཐར་ཕྱིན་པའི་ཆེད།། 

རྒྱལ་བས་འཇམ་དཔལ་དབྱངས་ལ་བསྟན་མ་ཐག། 

ཕྱོགས་བཅུའི་སངས་རྒྱས་དགོངས་དབྱངས་གཅིག་གིས་གསུངས།།  

    གང་ཞིག་མདོ་འདི་ཡི་གེར་འབྲི་བའམ།། 

འབྲིར་འཇུག་མིང་ཙམ་ཉན་ཏམ་ཀློག་པ་ནས།།

གླེགས་བམ་འཆང་དང་མཆོད་པར་གྱུར་བ་ན།། 

ལོ་བརྒྱར་འཚོ་ཞིང་བདེ་བ་ཅན་དུ་འགྲོ།།  

    རྒྱལ་བའི་ཞལ་ནས་འཇམ་དཔལ་གཞོན་ནུ་ལ།། 

ལན་དྲུག་བོས་ནས་མདོ་འདི་འཛིན་པའི་མི།། 

ཚེ་ཟད་པ་ཡང་ཚེ་ལོ་བརྒྱ་ཐུབ་ཅིང་།། 

ཚེ་འཕེལ་རིང་དུ་འཚོ་ཞེས་ཡང་ཡང་གསུངས།།  

    འཛམ་གླིང་མི་རྣམས་རིགས་རྒྱུད་ཤ་མདོག་དང་།།

དད་མོས་མི་ཚེའི་ལྟ་བ་ཐ་དད་ཀྱང་།། 

བདེ་སྐྱིད་འདོད་དང་ཚེ་སྲོག་གཅེས་འཛིན་གྱི།། 

བསམ་བློ་དེ་ནི་ཁྱད་མེད་གཅིག་མཐུན་ཡིན།།  

    དབང་ཆེན་འབྱོར་ལྡན་བླ་སྤྲུལ་པཎྚི་ཏ།། 

ཕལ་བའི་མི་དང་བྲན་གཡོག་སྤྲང་འཁྱམས་སོགས།། 

ཀུན་ཀྱང་རིང་དུ་འཚོ་བར་མི་འདོད་པའི།། 

སྐྱེ་བོ་དེ་ནི་གང་དུའང་ཡོད་མ་ཡིན།།  

    རིང་འཚོའི་ཐབས་ཀྱང་རྣམ་པ་སྣ་ཚོགས་པ།། 

སྔོན་བྱུང་གཏམ་དང་ད་ལྟའི་ཚན་རིག་གཞུང་།། 

ཀུན་ཏུ་གྲགས་ཀྱང་ནམ་ཡང་མི་བསླུ་པའི།། 

དཀར་པོ་ཆིག་ཐུབ་དྲང་སྲོང་ཆེན་པོའི་བཀའ།།  

    ལུས་ངག་དུབ་པའི་དཀའ་སྤྱད་མ་ནུས་ཤིང་།། 

ལྷ་འབོད་འདྲེ་འདུལ་སྐྱབས་སུ་མ་རྙེད་ཀྱང་།། 

རྒྱལ་བའི་གསུང་ལ་ཡིད་ཆེས་རྣམ་དག་གིས།། 

ལུང་བཞིན་སྒྲུབ་པས་བསམ་དོན་མ་ལུས་འགྲུབ།།  

    གང་ཞིག་འདི་བདེ་ཕྱི་སྐྱིད་འདོད་པ་ན།། 

འབད་རྩོལ་རི་བོ་ཙམ་ལས་བསོད་ནམས་ཆ།། 

མེ་སྟག་ཙམ་ཞིག་མཆོག་ཅེས་དཔལ་སྤྲུལ་གསུངས།། 

བསོད་ནམས་སྡུད་ལ་མདོ་འདི་ལས་ལྷག་ཅི།།  

    ནད་རིམས་གདོན་བགེགས་བྱད་ཕུར་རྒྱལ་པོའི་ཁྲིམས།། 

མེ་ཆུ་དུག་མཚོན་མུ་གེ་གཡང་དུ་ལྷུང་།། 

དུས་མིན་འཆི་བ་མ་ལུས་འཇོམས་པ་ལ།། 

ཆོས་ཀྱི་རྣམ་གྲངས་འདི་ལས་གཞན་གང་ཞིག།  

    ཚེ་ཟད་པ་ཡང་ཚེ་ལོ་བརྒྱ་ཐུབ་ཅིང་།།

དེ་ལས་ཤིན་ཏུ་རིང་པའང་འདི་ཡིས་འགྲུབ།།

ཨོ་རྒྱན་ཡབ་ཡུམ་འཆི་མེད་རྡོ་རྗེའི་སྐུ།།

བརྙེས་པའི་ཐབས་ཀྱང་འདི་ལ་བརྟེན་ནས་བྱུང་།།  

    ནམ་ཞིག་འཆི་བའི་དུས་སུ་གནད་གཅོད་ཀྱི།། 

སྡུག་བསྔལ་འབྱུང་ལ་ཐམས་ཅད་ཞེད་མོད་ཀྱང་།།

མདོ་འདི་འཛིན་དག་སྲས་བཅས་རྒྱལ་བ་ཡི།། 

མངོན་སུམ་བསུ་ལ་མ་དག་སྣང་བས་དབེན།།  

    བདེ་བ་ཅན་སོགས་སངས་རྒྱས་ཞིང་ཁམས་སུ།། 

སྐྱེས་ནས་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ།།

  རྩ་དགུས་མངོན་སུམ་ལུང་སྟོན་ཕྱག་རྐྱོང་ཞིང་།།

རབ་འབྱམས་ཞིང་དུ་ཅི་དགར་རྩེན་པས་ཆོག།  

    དེ་ལ་ཐེ་ཚོམ་དང་ནི་སོམ་ཉི་དང་།།

  ཡིད་གཉིས་མ་བྱེད་ཅེས་ནི་བཅོམ་ལྡན་འདས།། 

ཤཱཀྱ་སེང་གེའི་ཞལ་ནས་གསུངས་པས་ན།། 

འདི་ཕྱི་གཉིས་ཀྱི་དོན་ཆེན་འདི་ཡིས་འགྲུབ།།  

    གཞན་ཡང་མདོ་ལས་ལེགས་གསུངས་པའི།། 

ཕན་ཡོན་ཆེན་པོ་བཅོ་བརྒྱད་དེ།། 

གོ་རིམ་བཞིན་དུ་འདིར་སྡེབ་པས།། 

བློ་གྲོས་ལྡན་དག་དགའ་བས་ཉོན།།  

    གང་ཞིག་མདོ་འདི་ཡི་གེ་རུ།།

  འབྲིའམ་འབྲི་རུ་འཇུག་པ་ན།།

ཚེ་ཟད་པ་ཡང་ལོ་བརྒྱར་འཚོ།། 

དེ་ལས་རིང་དུའང་འཕེལ་བར་འགྱུར།།  

    དེ་བཞིན་ངན་སོང་གསུམ་དང་ནི།།

མི་ཁོམ་པ་རུ་ནམ་དུ་ཡང་།། 

སྐྱེ་བར་མི་འགྱུར་གང་དག་ཏུ།། 

སྐྱེས་པའི་ཚེ་རབས་དྲན་པར་འགྱུར།།  

    ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དེ།།

འབྲི་རུ་བཅུག་དང་བྱེད་དུ་བཅུག།

རབ་ཏུ་གནས་པ་བྱས་པ་ཡི།།

བསོད་ནམས་དམ་པ་ཐོབ་པར་འགྱུར།།  

    གཞན་ཡང་གང་གིས་མཚམས་མེད་ལྔ།། 

བྱས་པ་ཡོངས་སུ་བྱང་འགྱུར་ཞིང་།། 

སྡིག་པའི་ཕུང་པོ་རི་རབ་ཙམ།། 

མཆིས་ཀྱང་ཡོངས་སུ་བྱང་བར་འགྱུར།།  

    མདོ་འདི་འཛིན་པའི་སྐྱེ་བོ་ལ།།

  བདུད་དང་བདུད་ཀྱི་རིས་ཀྱི་ལྷ།།

གནོད་སྦྱིན་དང་ནི་སྲིན་པོ་ཡིས།།

གླགས་བཙལ་གླགས་ནི་རྙེད་མི་ནུས།།  

    དེ་བཞིན་གང་ཞིག་འཆི་བའི་དུས།། 

སངས་རྒྱས་བྱེ་བ་ཕྲག་ཁྲིག་གི། 

ཞལ་མཐོང་དངོས་སུ་ལུང་སྟོན་ཅིང་།། 

དབང་བསྐུར་ཞིང་མཆོག་དག་ཏུ་འཁྲིད།།  

    གང་དག་མདོ་འདི་འཛིན་པ་ལ།། 

རྒྱལ་བོ་ཆེན་པོ་བཞི་དག་ཀྱང་།། 

དེ་ཡི་ཕྱི་བཞིན་འབྲང་ཞིང་སྲུང་།། 

བསྐྱབ་དང་སྦ་བ་བྱེད་པར་འགྱུར།། 

    གང་ཞིག་འདི་ནས་འཕོས་མ་ཐག། 

སྐྱེ་གཞན་བར་མ་ཆོད་པ་རུ།། 

བདེ་གཤེགས་འོད་དཔག་མེད་པའི་ཞིང་།། 

བདེ་བ་ཅན་དུ་ངེས་པར་སྐྱེ།།  

    ས་ཕྱོགས་གང་དུ་མདོ་སྡེ་འདི།། 

བཞུགས་ལ་མཆོད་རྟེན་དུ་འགྱུར་ཞིང་།། 

བྱོལ་སོང་བྱ་དང་རི་དྭགས་སོགས།། 

གཟུངས་འདི་ཐོས་པས་འཚང་རྒྱ་འགྱུར།།  

    དེ་བཞིན་མདོ་སྡེ་དམ་པ་འདི།། 

ཡི་གེར་འབྲི་འམ་འབྲིར་འཇུག་ན།། 

དེ་ནི་སྐྱེ་བ་ཐམས་ཅད་དུ།། 

བུད་མེད་ལུས་སུ་སྐྱེ་མི་འགྱུར།།  

    གང་ཞིག་མདོ་སྡེ་འདི་ཡི་ཕྱིར།། 

ཀར་ཤ་པ་ན་གཅིག་བྱིན་ན།། 

སྟོང་གསུམ་ཁམས་འདི་རིན་ཆེན་རིགས།། 

བདུན་གྱིས་བཀང་སྟེ་སྦྱིན་དང་མཚུངས།།  

    གང་དག་ཆོས་ཀྱི་རྣམ་གྲངས་འདིར།། 

མཆོད་པ་བྱེད་པར་འགྱུར་བ་དེས།། 

དམ་པའི་ཆོས་ནི་མཐའ་དག་ལ།། 

མཆོད་པ་བྱས་པར་འགྱུར་ཞེས་གསུངས།།  

    དཔེར་ན་སངས་རྒྱས་རབས་བདུན་ལ།། 

རིན་ཆེན་བདུན་གྱིས་མཆོད་བྱས་པའི།། 

བསོད་ནམས་ཚད་ནི་བགྲང་ནུས་ཀྱི།། 

མདོ་འདིའི་བསོད་ནམས་བགྲང་མི་ནུས།།  

    དཔེར་ན་རིན་པོ་ཆེའི་ཕུང་པོ།། 

ལྷུན་པོ་ཙམ་ཞིག་སྦྱིན་པ་ཡི།། 

བསོད་ནམས་ཚད་ནི་བགྲང་ནུས་ཀྱི།། 

མདོ་འདིའི་བསོད་ནམས་བགྲང་མི་ནུས།།  

    དཔེར་ན་རྒྱ་མཚོ་ཆེན་པོ་བཞི།། 

ཆུ་ཡིས་ཡོངས་སུ་གང་པ་ཡི།། 

ཐིགས་པ་རེ་ནས་བགྲང་ནུས་ཀྱི།། 

མདོ་འདིའི་བསོད་ནམས་བགྲང་མི་ནུས།།  

    གང་ཞིག་མདོ་འདི་བྲིས་སམ་མཆོད།། 

དེས་ནི་ཕྱོགས་བཅུའི་ཞིང་ཀུན་གྱི།། 

དེ་བཞིན་གཤེགས་པ་ཐམས་ཅད་ལ།། 

ཕྱག་དང་མཆོད་པ་བྱས་པ་ཡིན།།  

   

    གཞན་ཡང་གཟུངས་འདིའི་ངོ་བོ་ཕར་ཕྱིན་དྲུག། 

ཡེ་ཤེས་རང་བཞིན་རྒྱུ་ནི་སྙིང་རྗེའི་སྟོབས།། 

འབྲས་བུ་མི་གནས་མྱང་འདས་བྱེད་ལས་སམ།། 

འཕྲིན་ལས་མཁའ་ཁྱབ་འགྲོ་བའི་དོན་དུའོ།།  

    ཨེ་མ་མཚུངས་མེད་སྟོན་པ་མཆོག། 

ཨེ་མ་ལེགས་གསུང་བསླུ་མེད་བཀའ།། 

ཁོ་བོ་རྐང་གི་ཁོང་ནས་ནི།།

ཁྱོད་ཀྱི་གསུང་ལ་ཡིད་ཆེས་ཐོབ།།  

    ཁྱོད་གསུང་དུ་མ་ཅི་ཞིག་སྨོས།། 

ཆ་ཤས་རེ་ཡི་དོན་ཙམ་ལའང་།། 

འོལ་སྤྱི་ཙམ་གྱི་ངེས་རྙེད་པ།། 

དེ་ལའང་མཆོག་གི་བདེ་བ་སྟེར།།  

    འཇིག་རྟེན་ལྟ་བ་སངས་རྒྱས་ལུགས་ལ་དད།། 

མི་ཚེའི་ལྟ་བ་འདི་ཕྱི་གཉིས་དོན་འཚོལ།། 

རིན་ཐང་ལྟ་བ་རང་བདེ་གཞན་སྐྱིད་འཛིན།། 

སྐྱེས་བུ་དེ་ལ་དམ་ཆོས་འདི་ཉིད་མཁོ།།  

    ཆོས་ལ་ཐེ་ཚོམ་མི་བྱེད་ཡིད་ཆེས་བརྟན།། 

གཞན་ལ་འཚེ་བ་མི་བྱེད་སྲོག་གཅོད་སྤོང་།། 

བསམ་པ་བཟང་པོས་མི་ཚེའི་ལམ་རིང་སྲུང་།། 

དེ་འདྲ་སུ་ཡོད་ཆོས་འདིའི་དངོས་གྲུབ་ཐོབ།།  

    གྲོགས་དག་ཡང་ཅིག་གསན་མཛོད་དང་།། 

དོན་ཆེན་ཚིག་ལ་སྐྱར་ཟློས་བྱེད།། 

ད་ལྟའི་འཚོ་བ་དངོས་ཀྱི་ཁྲོད།། 

མདོ་འདིའི་དགོས་མཁོ་མང་དུ་སྣང་།།  

    སྣོད་ཀྱི་རྒུད་པ་སེལ་བ་དང་།། 

བཅུད་ཀྱི་ཉམས་པ་གསོ་བ་དང་།། 

ཆོས་སྲིད་ལུགས་གཉིས་སྤེལ་བ་ལ།། 

མདོ་འདིའི་ཕན་རླབས་རབ་ཏུ་ཆེ།།  

    སྔོན་བྱོན་དམ་པའི་དགོངས་རྫོགས་དང་།། 

ཚེ་ལྡན་རྣམས་ཀྱི་རིམ་གྲོ་དང་།། 

ཁྱད་པར་བསྟན་འཛིན་སྐྱེས་བུ་རྣམས།། 

སྐུ་ཚེ་བརྟན་ཕྱིར་འདིར་འབད་གལ།།  

    ནད་གདོན་བར་ཆད་ཞི་བ་དང་།། 

ཚེ་བསོད་རིགས་རྒྱུད་དར་བ་དང་།། 

ཤེས་རབ་སྟོབས་འབྱོར་རྒྱས་པ་སོགས།། 

སྲིད་ཞིའི་ལེགས་ཚོགས་འདི་ཡིས་འཕེལ།།  

    ཆོས་སྟོན་དུས་སྟོན་ཁྲི་སྟོན་དང་།། 

འཁྲུངས་སྟོན་གྱ་སྟོན་བག་སྟོན་དང་།།  

ཁང་སྟོན་སྐྲ་སྟོན་ནོས་སྟོན་སོགས།། 

དགའ་སྟོན་ཀུན་ལ་འདི་ཉིད་བསྔགས།།  

    དེ་ཕྱིར་མདོ་སྡེ་དམ་པ་འདི།། 

འབྲི་ཀློག་འཆང་དང་མཆོད་པ་ན།། 

ཡིད་བཞིན་ནོར་དང་བུམ་བཟང་ལྟར།། 

འདོད་པའི་དོན་ཀུན་འགྲུབ་པར་འགྱུར།།  

    དུས་མིན་འཆི་བའི་མཚན་མ་མཐོང་བ་ན།། 

དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ།། 

གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ།། 

འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག།  

    སེམས་ཅན་ཡལ་བར་དོར་ནས་རང་དོན་ལ།། 

རེ་བའི་བློ་ནི་ནམ་ཡང་མི་སྐྱེ་ཞིང་།། 

གཞན་དོན་སྒྲུབ་པའི་ཚུལ་ལ་མ་རྨོངས་པའི།། 

ཐབས་ལ་མཁས་པས་གཞན་དོན་ལྷུར་ལེན་ཤོག།  

    རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ།། 

རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད།། 

རྡོ་རྗེ་གསུམ་བདག་པདྨ་ས་རའི་གར།། 

འགྱུར་མེད་རྡོ་རྗེའི་ངོ་བོར་རྟག་བརྟན་ཤོག།  

    དེ་སྐད་སྨྲ་ལ་སྤོབས་པའི་ལང་ཚོ་ཅན།། 

མདོ་སྔགས་སེང་གེའི་འོ་མས་གསོས་པའི་བུ།། 

ལྡོང་རིགས་ནོར་སྡེར་འབོད་པ་གང་དེ་ཡིས།། 

རབ་རྒྱན་ལྕགས་བྱི་ས་ཟླའི་ཡར་ཚེས་ལ།།  

    ཕྱི་ནང་རྟེན་འབྲེལ་བཟང་པོས་ཉེར་བསྐུལ་ནས།། 

གང་དྲན་སོར་མོའི་འདུ་བྱེད་བགྱིས་པ་ལ།། 

འཁྲུལ་བ་གང་མཆིས་ལྷ་དང་མཁས་ལ་འཆགས།། 

ལེགས་བྱས་ཆ་དག་བསྟན་འགྲོའི་གསོས་སུ་ཤོག། 

              སརྦ་མངྒ་ལཾ།།   །།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46474826
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1