པར་ཤིང་བརྐོ་བའི་ལག་ཤེས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 22 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »པར་ཤིང་བརྐོ་བའི་ལག་ཤེས།
པར་ཤིང་བརྐོ་བའི་ལག་ཤེས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/9/15ལྟ་ཀློག (32659)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   ཇོ་དར་པར་ཤིང་གྱེན་དུ་བསླངས་ན་རྐོ་བའི་རིགས་ལ་རྐང་གདན་མེད་ལ་ཡི་གེའི་ལྟག་མགོ་ནས་བར་ལྷུ་ལེན་པ་དང་། ཚེག་མི་དགོས་པར་བཤད་པ་དང་། པར་ཤིང་རྐོ་སྐབས་རྐོ་མཁན་ལས་དྲང་བོར་འདུག་དགོས་ཏེ། ཡོ་འདུག་གིས་ལག་མགོ་འཇོག་སྟངས་ངན་པར་གོམས་ན་ཡི་གེ་ཡོ་འགྲོ་བས། འདུག་སྟངས་དང་ལག་མགོ་འཇོག་སྟངས་ཡང་དག་པས་ཡི་གེའི་ཆེ་བཅད་གྲུ་བཞིའི་དབྱིབས་སུ་བརྐོས་ནས། ཡི་གེ་ལ་ཡོ་འགྱིང་མེད་པ་རྒྱལ་བོ་ཁྲི་ལ་བཞུགས་པ་བཞིན་རང་ཚུགས་ཟིན་པ་ཞིག་དགོས་ཚུལ་དང་། ལྷ་རིས་ཀྱི་རི་མོ་ཕྲ་ཞིབ་དང་སྤྱན་སོགས་རྐོ་སྐབས། འུར་སྒྲ་དང་སེམས་འཁྲུགས་པ་མེད་པ། སྐར་ཁུང་ཁ་ལྷོར་བསྟན། ཤར་ཕྱེས་ཤིང་མདུན་རི་ལ་ནགས་ཚལ་ཡོད་པ། ནམ་མཁའ་གཡའ་དྭངས་ཤིང་སྤྲིན་དཀར་ཕྱུར་བའི་ཉིན་ཕྱེད་རྟའི་དུས་ལ་བརྐོས་ན། གསལ་ཆ་ཆེ། རིག་པ་དྭངས། རྣམ་གཡེང་སྤང་། ངལ་དུབ་མེད་པ་སོགས་ཀྱིས་རྐོས་ལེགས་པོ་འོང་བ་དང་། ཡི་གེ་རྐོ་བར། པར་རྩ་ལེགས་པ་རྣམས་དཀར་ཆ་དང་ནག་ཆ་མཉམ་པར་བརྐོ། བྲིས་ངན་དག་ནག་ཆ་ལས་དཀར་ཆ་ལྡབ་ཕྱེད་ཉིས་ཆེ་བར་བྱས་ཏེ་པར་རྐོ་མཁས་པས་གང་དགོས་ལྟར་སྨྱུག་ཁམ་སྤོ་སྣུར་གྱིས་ལེགས་པར་བཅོས་ཆོག་པ་སོགས་ནི་དཔར་རྐོ་མཁན་པོའི་ཞལ་རྒྱུན་ཡིན་ནོ། །
1 ལག་ཆ།
   པར་ཤིང་རྐོ་བྱེད་ཀྱི་ལག་ཆ་ལེགས་པོ་འཛོམས་པ་ནི། རྐོས་ལེགས་པའི་ཆ་རྐྱེན་གཙོ་བོ་ཞིག་སྟེ། པར་ཤིང་རྐོ་བྱེད་ཀྱི་ལག་ཆ་གཙོ་བོར་རྣོ་ངར་དང་ལྡན་པའི་གསེག་གཅོད་ཁ་སྦུབ། གསེག་གཅོད་ཁ་ལོག  གསེག་གཅོད་ཁ་ལེབ། གསེག་གཅོད་ཆེ་སག  གསེག་གཅོད་པུས་འགུག  གསེག་གཅོད་སེན་གཟོང་ལ་སོགས་གསེག་གཅོད་ཀྱི་རིགས་དང་། མིག་འབུག་དང་། བྲད་གྲི་དང་། གདིང་འགུག་དང་། གཞན་ཡང་ལག་ཆ་རིགས་སུ་སྤྱོད་པའི་རྡོ་བརྡར་དང་། སག་བརྡར་དང་། ཀོ་བརྡར་དང་ལག་ཆའི་སྒམ་ཁུག་སོགས་སོ།
   རྐོ་གྲི་རིགས་ཀྱི་བརྡར་ཐབས་ལ། ལག་ཆ་སོ་སོའི་དབྱིབས་མི་འདྲ་བར་བརྡར་སྟངས་གཅིག་གིས་མི་ཆོག་མོད། ལག་ཆ་རང་རང་དང་མཐུན་པའི་བརྡར་ལུགས་རེ་ཡོད་དེ། མིག་འབུག་དང་འདིང་འགུག་གཉིས་གདོང་ནས་ནང་ངོས་དང་། རྒྱབ་ངོས་ནས་སོ་ཁ་ལོན་པར་བརྡར། མེ་ལོང་ཁ་དང་བྲད་གྲི་གཉིས་ལག་པས་བརྡར་རྡོ་བཟུང་སྟེ་རྒྱབ་ངོས་ནས་བརྡར་ཞིང་ནང་ཕྱོགས་ནས་སོ་ཁ་ལོན་པར་བྱ་བ་དང་། གདོང་འགུག་ནི་གྱེན་དུ་བརྡར་དགོས་པ་རྣམས་སོ། །
2 སྟ་གོན།
   རྐོ་གཞི་ཤིང་གི་རྒྱུ་སྤུས་ལ། གས་སྐྱོན་དང་། རུལ་འཁྱོགས། འཛེར་མ་སོགས་མེད་པའི་ཤིང་མཁྲེགས་པའམ་སྟག་པ་སྟ་བཀས་དང་། ཡང་ན་སོག་ལེས་དྲས་པ་གང་ཡང་རུང་བར་དུ་བའི་ཁར་ཡུན་དུ་བཞག་པ་ནི། ཤིང་མི་གས་ལ་སྲ་ཞིང་མཁྲེགས་པར་གྱུར་བའི་མན་ངག་ཡིན་ལ། སྐམ་ཐག་ཆོད་པ་དང་ཆེ་ཆུང་གང་ལྟར་འདོད་པའི་ཐིག་གིས་དྲངས་ལ་དྲས་པ་དེ་འབུར་ལེན་གྱིས་གཤོང་འབུར་མེད་པར་བྱའོ།
  པར་རྩ་འབྲི་སྦྱར་སོགས་བྱེད་ཐབས་ལ། པར་རྩ་འབྲི་གཞི་རབ་བོད་ཤོག་སྲབ་མོ། མ་རྙེད་ན་དེང་དུས་རྒྱ་ནག་གི་སྣག་བྲིས་རི་མོའི་འབྲི་གཞི་མ་ཡིན་པའི་ཞིབ་བྲིས་རི་མོའི་འབྲི་གཞི་ཤན་ཏྲི་ཞེས་པའི་ཤོག་བུ་དེས་ཆོག་ལ། པར་རྩ་འབྲི་མཁན་གྱིས་ཡིག་གཟུགས་ལེགས་འགྲིག་ཆད་ལྷག་ནོར་བ་སོགས་མེད་པའི་པར་རྩ་བྲིས་ཟིན་པ་དང་། གྲོ་ཕྱེ་གསར་བའི་བག་ཆུར་སྤྱིན་འདྲེས་ཙམ་བསྲེས་པ་སླ་མོས་པར་ཤིང་རྐོ་གཞི་ཐོག  ཡི་གེའི་ངོས་ཤིང་ལེབ་ལ་བསྟན་ཏེ་ཡ་ཡོ་མེད་པར་ལྷན་སྦྱར་བྱེད། སྐམ་ཐག་མ་ཆོད་གོང་ཙམ་དུ་ལག་མཐིལ་གྱིས་བཅག་མནན་ཡང་ཡང་བྱས་ཏེ་འབྱར་ངེས་སུ་སྦྱར། སྐམ་ཐག་ཆོད་པ་དང་། སྲིང་བལ་ཆུར་སྦངས་པ་དེས་སྦྱར་ཟིན་པའི་པར་རྩའི་རྒྱབ་ནས་བྱུག་ཅིང་། དེའི་ཐོག་རྩམ་པ་དང་ཐལ་བ་གང་རུང་གཏོར་ཏེ་དལ་བུར་ཕྱིས་ན་ཡིག་འབྲུ་དོད་པར་འགྱུར་ལ། དེ་ལ་ཁ་ཅིག་གིས་སྣུམ་བྱུག་ན་ཆོག་པར་ཡང་བཤད་མོད། རྐོ་མཁན་རང་རང་གང་ལ་གོམས་པ་ལྟར་བྱ་ལ། མདོར་ན་ཡིག་འབྲུ་རྣམས་རྡོ་དཀར་སྟེང་སྲན་ནག་བླུགས་པ་ལྟར་བཀྲ་བ་ཞིག་དགོས་ཞེས་སོ།
3 ཡི་གེ་རྐོ་ཐབས།
    ཡི་གེ་བརྐོ་ཐབས། ཤིང་རྐོས་ལག་རྩལ་གྱི་ཐོག་མ་ཆེ་བརྐོ་བྱེད་ཐབས་ལ། གོང་གི་སྟ་གོན་ཐམས་ཅད་གྲུབ་པ་དང་། གསེག་གཅོད་སོ་ཁ་ཅུང་ཟད་མཐུག་པོ་ཞིག་ཆེ་རྐོ་བྱེད་པར། དང་པོ་ཁ་སའམ་རྟ་རའི་ཝ་འཇུར་བཙུགས་རྗེས་ཡི་གེ་ལ་གནོད་པ་མི་ཤོར་བར་གཟབ་བཞིན་དུ་འདིང་འགུག་གིས་གཏིང་ཟབ་ཏུ་ཡང་ཡང་གཞོག་དགོས་ཏེ། འདི་ལ་ཁ་ཅིག་གིས་ཡི་གེ་བརྐོས་ཟིན་རྗེས་སླར་ཁ་ས་རྐོ་བའང་སྣང་ལ། གང་ལྟར་ཡང་ཁ་ས་རྐོ་བར་ཡིག་གཟུགས་ལ་སྐྱོན་མི་ཤོར་བར་ཡིད་འཇོག་བྱེད་གལ་ཆེ། དེ་ནས་ཡི་གེའི་མཐའ་ཐིག་ནང་སྲིད་དུ་གསེག་འགྲོས་ཀྱིས་རྐང་རིང་ཀ་ག་ཉ་ཏ་ད་ན་ཞ་ཤ་ཧ་རྣམས་བྱུང་ཚེ་ཁ་བསྲིང་། ཁ་ཇ་ཐ་ཛ་ཝ་རྣམས་དང་ལ་བཏགས་འབྲུ་ཐུང་བརྩེགས་མ་རྣམས་རྐང་འབྲིང་ཡིན་པས་དེའི་རིགས་ཟབ་རྩེ་འཕྲོད་པ་དང་། ང་ཅ་ཆ་པ་ཕ་བ་མ་ཙ་ཚ་ཟ་འ་ཡ་ར་ལ་ས་ཨ་སྟེ་རྐང་ཐུང་རྣམས་ལ་རྐང་གདན་བཞག དེ་ནས་ཡིག་གཟུགས་རེའི་མཚམས་སུ་གསེག་ཁ་ཡར་བསྐོར་ནས་གཙུག་དགོས་པར། དེའི་སྐབས་བར་ལྷུ་ལེན་དགོས་པའི་ཡི་གེའི་རིགས་ལ། ཅ་ཆ་ཉ་ཏ་མ་ཙ་ཚ་ཧ་བཅས་ཡིག་འབྲུ་བརྒྱད་དང་ཡ་བཏགས་ཞབས་ཀྱུ་གཉིས་བཅས་བཅུའོ། ། ཡིག་ཕྲེང་ཀུན་གྱི་དབུ་སྟེང་དུ་གསེག་འགྲོས་འགྲོ་དགོས་པར། གུ་གུ་དང་འགྲེང་བུ་ན་རོ་བཅས་སྟེང་གི་ཞྭ་ལྟ་བུའི་དབྱངས་གསུམ་བྱུང་ཚེ། ཡིག་ཕྲེང་གོང་མའི་རྐང་གདན་ཅན་གྱི་རིགས་ལ་ཟབ་རྩེ་སྤྲད་དགོས་པ་ལ་སོགས་ཡིག་འབྲུ་གོང་འོག་དང་། ཁྱིམ་མཚེས་བར་འབྲེལ་བའི་དབང་གིས་འགྱུར་བ་ཤིན་ཏུ་མང་བ་ཤེས་བཞིན་དུ་ཡིག་གཟུགས་རིང་ཐུང་གང་ལ་ཐུག་ཀྱང་། རང་རང་གི་དབྱིབས་ལྟར་ཆེ་སྟེས་ཀྱིས་གྲུ་བཞི་བཟོ་ལྟ་ཐོན་པར་བྱེད་པ་དང་། རྐང་རིང་དང་ཤད་ལ་སྟེས་སྐྱོབ་ཏུ་རྐང་རྩེ་ནས་གཞོག་ཙམ་བྱས་ཏེ་ཡི་གེ་ཐམས་ཅད་གྲུ་བཞི་བཟོ་ལྟ་ཐོན་པ་བྱེད་དགོས།
    དེ་ལྟར་ཆེ་རྐོས་བྱས་ཟིན་པ་དང་། པར་ཤིན་ཧ་ཅང་སྐམ་པ་ལ་ཆུ་འཇམ་དང་། བང་ཅུང་ཟད་ཡོད་པ་ལ་ཆུ་གྲང་གིས་པར་ཤིང་ལ་ནོག་སྐྱོན་མི་ཤོར་བར་སྐྱོགས་ཀྱིས་ཁྱབ་པར་བླུགས་ཏེ་ཕྱི་ངོས་སྐམ་ཙམ་ན་མིག་འབུག་སོགས་ཞིབ་ཚགས་རིགས་རྐོ་བར། མིག་འབུག་གི་ཡི་གེ་ཅ་ཆ་ཉ་ཏ་ཐ་ན་ཙ་ཚ་ཝ་ཞ་འ་ཡ་ལ་ཤ་ཨ་དང་། གི་གུ་ཞབས་ཀྱུ་རྣམས་དང་། ཕྱེད་འབུག་གམ་གཙུག་པའི་མིག་འབུག་གི་ཡི་གེ་ཁ་ཙ་ཞ་གསུམ་དང་། ཡ་བཏགས། རྣམ་བཅད། ཟླ་ཚེས་རྣམས་དང་། ལ་ཝ་འ་གསུམ་སྒུར་བ་བཅས་ཏེ། ཐམས་ཅད་ཤིང་སྣ་འཚོ་ནས་གོང་གི་རིམ་པར་མིག་འབུག་བཙུག་པ་དང་། གསེག་གཅོད་ཀྱིས་སྟེས་པ་དང་། གསེག་བཅད་ཀྱིས་ལེན་པ་བཅས་བྱས་ཏེ། ཡི་གེ་རྐོས་བཟོའི་ལག་རྩལ་གྱི་ཁྱད་ཆོས་སྙོམས་གཙང་འགྲིག་གསུམ་གྱི་ཉམས་ཕུན་སུམ་ཚོགས་པ་ཞིག་དངོས་སུ་ཐོན་པ་ནི་རྐོས་ལེགས་པའི་ཚད་ཡིན་ནོ།
   གསེག་འགྲོས་ལ། གསེག་འགྲོས་གསུམ་དང་གཉིས་དང་། གཅིག་གིས་ཆོག་པ་སོགས་ཡོད་པར། ཡིག་འབྲུ་ང་ཆ་ཇ་ཏ་ཐ་ད་པ་ཚ་ཛ་ཝ་ཟ་ཧ་ཨ་དང་། དབྱངས་བཞི། ར་བཏགས་བཅས་ལ་གསེག་འགྲོས་གསུམ་རེ་ཐོབ་ཅིང་། དེ་བཞིན་ཉ་ན་ཕ་མ་ཝ་ཞ་འ་ར་ལ་ཧ་རྣམས་ཀྱི་སྐེ་ལྷུ་ལའང་གཡས་གཅིག་གཡོན་གཉིས་བཅས་བསྡོམས་པས་གསེག་འགྲོས་གསུམ་རེ་ཐོབ། ཁ་ག་ཅ་ཙ་ཡ་ཤ་ས་ཨ་བཅས་བརྒྱད་ལ་གསེག་འགྲོས་གཉིས་རེ་དང་། ཀ་དང་ཡ་བཏགས་ཝ་ཟུར་ཚེག་རྣམས་ལ་གསེག་འགྲོས་གཅིག་གོ ། ། དེ་བཞིན་གཤེགས་པའི་སྦོ་འགྲིག་ནི། ང་ཇ་ཐ་ད་པ་ཕ་བ་ཛ་ཝ་ཟ་འ་ར་ལ་བཅས་བཅུ་གསུམ་དང་ར་བཏགས་བཅས་ལ་སྦོ་འགྲིག་ཐོབ་ཅིང་། ཁ་དང་ག་གཉིས་ལ་སྦོའི་མིང་འདོགས་ཀྱང་དོན་དུ་གསེག་འགྲོས་ཀྱིས་གཞོག་ན་ཆོག  ཁ་ག་ཅ་སོགས་གསེག་འགྲོས་གཉིས་རེ་ཐོབ་པའི་ཡི་གེ་བརྒྱད་དང་། སྟེས་པའི་སྐབས་རྐང་རིང་རྣམས་ཀྱི་རྩ་ཁ་བསྲིང་ཡོད་པའི་མཚམས་གསེག་འགྲོས་གྱེན་དུ་བསྐོར་ཏེ། ཡིག་འབྲུ་འཕག་མི་ཤོར་བར་ཚུར་གཞོག་པ་དང་། དེ་རྗེས་གསེག་ཁ་མར་བསྐོར་ནས་ཡང་གཞར་བྱེད་པ་ལས་འཕྲལ་དུ་ཟུར་ལ་བཅར་མི་རུང་བ་དང་། རྐང་འབྲིང་གི་ཡི་གེ་རིགས་བྱུང་ཚེ་ཟབ་རྩེ་འཕྲོད་པ་བྱེད་དེ་ཟོབ་རྐུབ་དང་གས་བརྗེས་མི་འབྱུང་བ་དང་། གཙང་སྒྲོས་སལ་སིལ་མེད་པ་ནི་ཡིག་འབྲུ་ཀུན་ལ་ཐོག་མཐའ་བར་གསུམ་དུ་གཟབ་གལ་ཆེ། ཡིག་གཟུགས་ཀྱི་ལག་དང་། མགོ་སྐེ། སྦོ་ཟགས་མཆུ། ཕྲག་གོང་དང་ཁོག་གི་ཟབ་རྩེ་འཕྲོད་པ། ལི་ཁམས་འཛར་གསུམ་དོད་པ། རྐང་འགྲིག་སྦོ་འགྲིག་སོགས་སྙོམས་དགོས་པའི་རིགས་ལ་མཉམ་པར་བརྐོ་ཞིང་། གསེག་འགྲོས་དང་། རྐང་བ་དང་། མིག་དང་སྦོ་སོགས་ནང་གསེས་ཀྱི་ལག་ལེན་ཞིབ་ཅིང་ཕྲ་བ་ཀུན་ལ་མཁས་ཤིང་བྱང་བ་ན། གཞུང་འདིའི་བོད་ཡིག་འབྲི་ཐབས་ལས་འབྱུང་བ་བཞིན། གཅེས་པ་བརྒྱད་དང་། འདོན་པ་བཅུ་བཞི། མ་ཆོས་ཉེར་གཅིག  སྤྱི་ཆོས་གསུམ། བུ་ཆོས་བཅུ་དྲུག་བཅས་བོད་ཀྱི་ཡི་གེའི་ཁྱད་ཆོས་དྲུག་ཅུ་རྩ་གཉིས་རྣམས་ཀྱང་རང་བཞིན་གྱིས་ཐོན་པར་འགྱུར་རོ།
 4 ཞུ་དག
    ཞུ་དག་དང་རྐོ་བཙུགས་བྱ་ཐབས་ལ། པར་ཤིང་བརྐོས་ཟིན་སླད། སྨར་ཞུ་དང་། བསྐྱར་ཞུ་དང་། ཡང་ཞུ་དང་། ཞུ་རྒྱན་བཅས་མ་མཐའ་ཡང་ཞུ་དག་ཐེངས་བཞི། རྒྱས་པ་ལ་ཞུ་དག་ཐེངས་བདུན་རེ་བྱེད་སྲོལ་ཡང་སྣང་བས་གང་ལྟར་ཡང་ཞུ་དག་ལེགས་པར་བགྱི་བ་དང་། ཆག་གས་དང་འབྲུ་ནོར་ཡོད་སར་སླར་རྐོ་བཙུག་བྱ་དགོས་ལ། རྐོ་བཙུགས་བྱེད་ཐབས་ནི། པར་ཤིང་སྣུམ་སྲོས་མ་བྱེད་གོང་དུ་རྐོ་བཙུགས་བྱ་ཡུལ་གྱི་བུ་ག་གཏོད། སྣུམ་སྲོས་བྱས་ཟིན་རྗེས་ད་གཟོད་རྐོ་བཙུགས་བྱེད་དགོས་ཏེ། པར་ཤིང་ལ་རང་ཤིང་གིས་རྐོ་བཙུགས་བྱེད་དགོས་ཏེ། པར་ཤིང་ལ་རང་ཤིང་གིས་རྐོ་བཙུགས་བྱེད་ན་གོ་འབུར་མཉམ་པ་དང་། ཤིང་གཞན་གྱིས་བཙུགས་ན་ཅུང་ཟད་འབུར་དོད། རླུང་རྟའི་པར་ཤིང་སོགས་ཤིང་གྱེན་དུ་བསླངས་པའི་རིགས་ལ་ཅུང་ཟད་དམའ་དགོས་པ་ནི་ཉམས་མྱོང་རྒན་པོའི་བསླབ་བྱ་ཡིན་ལ། ཤིང་གང་ཞིག་གིས་བཙུགས་ཀྱང་བཙུག་ཡུལ་གྱི་བུ་ག་ཅུང་ཆུང་ལ་ཟབ་ཙམ་དང་། ཤིང་གཟེར་སྦོམ་ཙམ་བཟོས་ནས་དངོས་སུ་འཛུགས་སྐབས་བུ་གའི་ནང་སྤྱིན་ཆུ་བླུགས་ཏེ་བཙུག་ཤིང་ཅུང་ཟད་རྡུང་རྒྱུ་ཡོད་པ་བྱེད་ན་མི་ལྷུང་ཡུན་དུ་གནས་པའི་གནད་ཡོད་དོ།
 5 རི་མོ་རྐོ་ཐབས།
    རི་མོ་བརྐོ་ཐབས་ལ། རི་མོ་རྐོ་བྱེད་ཀྱི་ལག་ཆ་ནི། གོང་སྨོས་ཡི་གེ་རྐོ་བྱེད་ལག་ཆས་གཞིར་བྱས་ཐོག  རྐོས་གྲི་མེ་ལོང་ཁ་དང་བཟང་ཁ་གཉིས་བསྣན་དགོས་ཤིང་། དེ་རེ་རེ་ལའང་ཆེ་ཆུང་གསུམ་རེ་སྟེ་ལག་ཆ་དྲུག་བསྣན་དགོས། པར་ཤིང་གི་རྒྱུ་སྤྱིར་ཡི་གེ་བརྐོ་གཞི་དང་འདྲ་བར། རི་མོའི་པར་ཤིང་དེ་དཔེ་ཆའི་པར་ཤིང་ལས་ཆེ་བས་དེ་མཚུངས་སྡོང་བོ་སྦོམ་ལ་ཤིང་རྒྱུ་བཟང་བ། རུལ་སྐྱོན་དང་འཛེར་མ་མེད་པའི་སྟག་པའི་ཤིང་ལེབ་དེ་ཤིང་སྣ་འཚོ་བ་དང་ཤིང་སྣ་འདེད་ལུགས་མ་ནོར་བར་པར་ཤིང་ཆེ་འབྲིང་རིགས་མཐུད་སྦྱར་སྲུབ་མེད་ལེགས་པ་གལ་ཆེ།
རི་མོའི་པར་ཤིང་རྐོ་མཁན་གྱི་ཆ་རྐྱེན་ནི། རྐོས་རིས་མི་འཁྲུགས་པར་རི་མོའི་ལམ་ཙམ་ཤེས་པ་དང་། རྐོས་ཀྱི་ལག་རྩལ་ལ་བྱང་བ་ཡི་གེ་དང་རི་མོ་ཉུང་བསྡུས་སོགས་མང་ཙམ་རྐོས་མྱོང་བ། ལས་ཀར་ཞིབ་ཚགས་ལྡན་ཕྱིར་སེམས་རྣལ་དུ་ཕབ་པ་བཅས་སོ། །
རི་མོ་དངོས་རྐོ་བར། རི་མོའི་པར་རྩ་མ་ལེགས་ན། པར་ཤིང་ལེགས་པོ་ཡོང་ཐབས་མེད་ལ། ཐོག་མར་རི་མོ་མཐོང་ན་ཉམས་དགའ་བ་ཞིག་བྲིས་ནས་ཡི་གེའི་པར་རྩ་བཞིན་སྦྱར། དེ་སྟེང་རི་མོའི་སྲང་དབྲག་གི་དབྱིབས་མི་འདྲ་བ་ལ་ཆེ་ཆུང་གི་སྒོ་ནས་རེས་འགར་ཟབ་རྩེ་དང་རེས་འགར་རྐང་གདན་བཞག་པ་སོགས་ཆེ་རྐོས་གཙུག་སྟེས་བྱས་ནས། ཟུར་ཁུག་དང་འཁྱུག་པའི་རི་མོའི་རིགས་ལ་གཙུག་སྐྱོབ། སྦྲེལ་མཚམས་རྣམས་གཙང་བ། རི་མོ་གུ་དོག་ལ་ལག་འགོ་གྱེན་སློང་དང་གདིང་ཟབ་ལ་དཀར་སོ་ཕྱུང་བ་སོགས་བྱའོ།
    རི་མོ་རྐོ་བྱེད་ཀྱི་ལག་ཆ་སྤྱོད་སྟངས་ནི། རི་མོ་བར་སྟོང་དབྲག་རིས་དང་མཐུན་པར། གྲུ་བཞིའི་རིགས་ལ་བཟང་ཁ། ཟླུམ་པོའི་རིགས་ལ་སྦོ། ཟུར་གསུམ་རིགས་ལ་གསེག་གཅོད། ཟླ་གམ་རིགས་ལ་མེ་ལོང་ཁ་སོགས་སྐབས་བསྟུན་དུ་སྤྱོད་པར། རི་མོའི་བར་གྱི་དཀར་ཆའི་དབྱིབས་གྲུ་བཞི་དང་། ཟུར་གསུམ། ཟླུམ་པོ་གང་བྱུང་ཡང་ཆེ་སར་ཁྱི་ཕག་དོང་ཞིག་ཟབ་བྲུད་དང་། ཆུང་སར་སྲིན་བུའི་ལམ་སྟེ་གཤོང་རིས་དོད་ཙམ་གྱི་སྐྱོན་དང་། རི་མོ་སྦྲེལ་མཚམས་ལ་ནག་ཆ་ལྷག་པའི་སྐྱོན་དང་། ཤ་རིས་དང་རིང་འཐེན་གྱི་སར་ཡོ་འཁྱོག་གི་སྐྱོན་དང་། རི་མོ་དོག་སར་གཏིང་ཟང་ཏུ་རྐོ་མ་ཐུབ་པའི་སྐྱོན་དང་། གོས་རིས་སོགས་ལ་བཀྱག་མནན་མེད་པའི་སྐྱོན་དང་། མེ་རིས་སོགས་སྣེ་ཅན་གྱི་རི་མོ་གཞོག་མ་ཐུབ་པས་སྣེ་མོ་སྦོམ་པའི་སྐྱོན་སོགས་སྤང་ནས་རི་མོའི་ཉམས་ཐོན་པ་ནི་གལ་ཆེ་སྟེ། ཤིང་པར་གྱི་ཡིག་གཟུགས་ཇི་ལྟར་ཞན་ཡང་ཀློག་ཉན་ལ། རི་མོ་རྡུགས་ན་འདྲེ་དང་འདྲ་ཟེར་བས་ཧམ་པས་གང་བྱུང་དུ་བརྐོ་མི་རུང་ངོ་།།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46474143
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1