གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ཞེས་བྱ་བ་བཞུགས་སོ། །
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 22 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་
གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ཞེས་བྱ་བ་བཞུགས་སོ། །
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2020/11/24ལྟ་ཀློག (34668)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ཞེས་བྱ་བ་བཞུགས་སོ། །


སུམ་གཉིས་ས་ཡི་དཀྱིལ་འཁོར་ཁེབས་པའི་རྒྱལ་སྲིད་ཆུ་གཏེར་ཆེན་པོ་རུ།།

བརྟན་གཡོའི་དྲི་མ་འཁྲུད་པའི་དཔལ་འབར་ཆོས་ཀྱི་རྫས་སྣ་དགུ་བཏབ་སྟེ།།

གངས་ཀྱི་བཞིན་མཛེས་ཡང་ཡང་བཀྲུས་པས་གཅིག་ཏུ་དཀར་བའི་འོད་སྣང་གིས།།  

ཉི་མའི་མདངས་ཀྱང་མོག་པོར་མཛད་པའི་མཁན་སློབ་ཆོས་གསུམ་སྙིང་ནས་དྲན།།


རྟ་མཆོག་རླུང་གི་འགྲོས་ཅན་ལ་ཞོན་སྲིད་འབྱོར་མངའ་ཐང་དབང་དུ་བསྡུས།།

དཀར་ཕྱོགས་སྐྱོང་པའི་ལྷ་སྲུང་ཝེར་མ་ལུས་ཀྱི་གྲིབ་མའི་དབྱིངས་སུ་བསྟིམས།།

མདའ་མདུང་གྲི་མཚོན་ཞགས་པའི་འཁོར་ལོ་བདུད་དམག་བྱེ་བའི་གཤེད་དུ་ཕབ།།

དཔའ་བོའི་གྲགས་དཀར་སྲིད་གསུམ་ཁྱབ་པའི་གེ་སར་སྐྱེས་བུ་དོན་འགྲུབ་རྒྱལ།།


སྲིད་ཀྱི་ཞགས་པ་ལག་ཏུ་ཐོགས་ནས་ཡུལ་ཁམས་བདེ་བའི་རྡོ་རྗེར་བསྡམས།།

ངེས་འབྱུང་གཤོག་པས་རི་ལ་འཕུར་ཏེ་སྒྲུབ་པའི་རྒྱལ་མཚན་མཁའ་རུ་བསྒྲེངས།།

རྩ་གསུམ་དགྱེས་པའི་བཞད་སྒྲ་སློང་བཞིན་ཆོས་གཏེར་རྒྱ་མཚོའི་སྒོ་འཕར་ཕྱེ།།

རྫོང་དགོན་བསྟན་པའི་དབུ་འཁྱུད་འབྲི་མཁས་གླིང་སྲས་པདྨ་འགྲོ་འདུལ་རྩལ།།

             ཞེས་མཆོད་ཡུལ་དམ་པ་རྣམས་ལ་དད་ཅིང་འདུན་པས་བསྟན་འཆོས་ལ་འཇུག་པའི་མོས་པ་བསྐྱེད་པའི་ཕྱིར་དུ་བསྟོད་ཚིག་དྲི་མ་མེད་པའི་ཕྲེང་བས་བཀྲ་ཤིས་དགེ་བའི་སྒོ་ཡངས་པོར་ཕྱེ་སྟེ། འདིར་གངས་ཅན་སྨད་ཀྱི་འབྲི་རྫ་ཟལ་མོ་སྒང་གི་ཆར་གཏོགས་པ། གླིང་ཡུལ་མཐོང་བ་ཀུན་སྨོན་གྱི་ལྟེ་གནས། གླིང་གི་ཆོས་རྒྱལ་རིམ་བྱོན་གྱི་རྒྱལ་སའི་མཐིལ། རྫོང་བྲག་དཔལ་རི་ལྷ་རྩེའི་ཡང་སྟེང་། གླིང་ཚང་རྫོང་མགོ་དགོན་པ་ཞེས་ཡོངས་སུ་གྲགས་པ་གང་གི་ལོ་རྒྱུས་མདོར་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ཞེས་བྱ་བ། སྒྲོ་འདོགས་དང་སྐུར་འདེབས་སྤངས་ཏེ་གཟུར་གནས་ཀྱི་བློས་ཀུན་ནས་བསླངས་པའི་དྲང་པོའི་ངག་གི་ལམ་ནས་བརྗོད་པ་ལ། དགོན་པ་གང་དུ་ཆགས་པའི་གནས་ཀྱི་སྐོར་དང་། དགོན་པ་ཆགས་ནས་དར་རྒྱས་བྱུང་ཚུལ་གྱི་སྐོར་དང་། དགོན་པའི་བསྟན་བདག་སྐུ་ཕྲེང་རིམ་བྱོན་གྱི་སྐོར་དང་། དགོན་ནང་དུ་ཚུགས་པའི་སྒྲུབ་པ་དུས་མཆོད་ཀྱི་སྐོར་དང་།  དགོན་པའི་སྒྲུབ་གྲྭ་བདུད་ལས་རྣམ་རྒྱལ་ལྷུན་འགྲུབ་བསམ་གཏན་འོད་གསལ་གླིང་གི་སྐོར་དང་། དགོན་པའི་བཤད་གྲྭ་མདོ་སྔགས་ཆོས་གླིང་ལུང་རིགས་ནོར་བུའི་དགའ་ཚལ་གྱི་སྐོར་དང་། དགོན་པའི་ཡིག་གྲྭ་ཐོན་མིའི་རྒྱུད་འཛིན་གཞི་རིམ་སློབ་གྲྭའི་སྐོར་དང་། དགོན་པའི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི་རྟེན་གྱི་སྐོར་དང་། དགོན་པའི་བླ་གྲྭ་དང་འབངས་སྡེའི་སྐོར་ཏེ་ས་བཅད་དགུ་ལས།

དང་པོ་དགོན་པ་གང་དུ་ཆགས་པའི་གནས་ཀྱི་སྐོར་ནི།

            དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་གང་ཉིད་ཀྱིས་ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། གདོང་དམར་ཅན་གྱི་ཡུལ་ཞེས་སོགས་བཀའི་ནང་དུ་ལན་མང་བྱུང་ཞིང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆེད་དུ་བྱ་བའི་གདུལ་ཞིང་དུ་གྱུར་པ། ཧི་མ་ལ་ཡའི་རི་རྒྱུད་ནས་གངས་རིའི་ཕྲེང་བ་བར་ཆད་པ་དང་མ་ཆད་པ་མང་པོས་བསྐོར་ཡོད་པ་སོགས་ཀྱིས་གངས་ཅན་གྱི་ལྗོངས་སམ། སའི་གོ་ལའི་སྟེང་ནས་ཆེས་མཐོ་བའི་ས་ཡིན་པས་དེང་གི་དུས་འདིར་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་ཡུལ་ལྗོངས་འདིའི་སྟོད་སྨད་བར་གསུམ་ལ། སྟོད་མངའ་རིས་སྐོར་གསུམ་རྫིང་ལྟ་བུ་དང་། བར་དབུས་གཙང་རི་བཞི་ཡུར་བ་ལྟ་བུ་དང་། སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་ཞིང་ས་ལྟ་བུར་བཤད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ནས་འབྲི་རྫ་ཟལ་མོ་སྒང་གི་ཆར་གཏོགས་པ་སྟེ། འབྲི་ཆུ་གཡས་དང་རྫ་ཆུ་གཡོན་ནས་འབབ་པའི་བར་གྱི་ཆུ་གླིང་ལ་གླིང་ཞེས་ཡོངས་སུ་གྲགས། དེ་ལའང་སྟོད་གླིང་དང་བར་གླིང་དང་སྨད་གླིང་གསུམ་དུ་ཕྱེ་བའི་བར་གླིང་སྟེ། གླིང་དཀར་ལྷ་ཡི་ཡུལ་ལྗོངས་སམ་གླིང་ཡུལ་མཐོང་བ་ཀུན་སྨོན་ཞེས། གནམ་འཁོར་ལོ་རྩིབས་དགུ་གཡས་སུ་འཁོར་འདྲ་ཐེག་པ་རིམ་དགུའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པའི་བརྡ་དང་། ས་པད་མ་འདབ་བརྒྱད་ཁ་བྱེ་བ་ལྟ་བུ་ཚེ་བསོད་སྟོབས་འབྱོར་དབང་ཐང་སྙན་གྲགས་གཡང་དུ་འཁྱིལ་བའི་བརྡ་དང་། བར་ན་ཉི་ཟླ་སྐར་གསུམ་དང་། འཇའ་སྤྲིན་རླུང་གསུམ་དང་། རི་ཆུ་ཐང་གསུམ་སོགས་ཕྱིའི་རང་བྱུང་གི་ཁམས་ཐམས་ཅད་ལུགས་གཉིས་ཀྱི་དཔལ་ཡོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དགེ་མཚན་ཆེན་པོས་ཡུལ་ཁམས་ཀུན་ཏུ་ཁྱབ་པའི་བརྡར་གྲུབ། སྐྱ་སེར་ཕོ་མོ་རྒན་གཞོན་སུ་ཞིག་ཡིན་ཡང་ལྷ་ཆོས་ལ་དད་ཅིང་མི་ཆོས་ལ་མཁས། དཔོན་གྱིས་འབངས་ལ་བྱམས་ཤིང་འབངས་ཀྱིས་དཔོན་ལ་བཀུར། ལྷ་བླ་མའི་ཆོས་ཁྲིམས་དག་ཅིང་དཔོན་སྡེ་པའི་ཡུལ་ཁྲིམས་གཙང་། མཁས་བཙུན་བཟང་གསུམ་ལྡན་པའི་བླ་མ་དང་། ཤེས་འཇོན་བརྟུལ་ཕོད་ཅན་གྱི་དཔའ་བོ་དང་། ངང་བཟང་ཕྱི་ཐག་རིང་བའི་མཛངས་མ་ཧ་ཅང་མང་ཞིང་། རྟ་ནོར་ལུག་གསུམ་སོགས་ཕྱུགས་རིགས་ཀྱི་འཕེལ་ཁ་དར་ཞིང་གྲོ་ནས་སྲན་གསུམ་སོགས་ཀྱི་ལོ་ལེགས་རྟག་ཏུ་འབྱུང་། གཟིག་དྲེད་འཕར་སྤྱང་སོགས་དང་། ཤ་གནའ་དགོ་གླ་སོགས་གཅན་གཟན་རི་དྭགས་རྣམས་ཀྱིས་བག་ཕེབས་པའི་ངང་ནས་དགའ་བའི་གར་འཁྲབ་ཅིང་། ཁུ་བྱུག་དང་འཇོལ་མོ། ཅོ་ཀ་དང་སྐྱུང་ཀ། ཕོ་རོག་དང་སྐྱ་ཀ། ཕུག་རོན་དང་མཆིལ་བ་སོགས་བྱ་དང་བྱེའུའི་ཚོགས་ཀྱིས་ཉམས་སྤྲོ་བའི་ངང་ནས་སྐྱིད་པའི་གླུ་ལེན། གཟའ་སྐར་འཆར་ནུབ་དང་དུས་བཞིའི་འགྱུར་བ་སོགས་ཀྱི་ཁྱད་པར་ཤིན་ཏུ་གསལ་བའི་མཛེས་ལྗོངས་ཕུན་སུམ་ཚོགས་པ་ཞིག་ཡིན་ནོ། །

       དེའི་ཡུལ་དབུས་ན་ཟ་བེར་མནབས་པའི་བློན་ཆེན་དག་གིས་དཔྲལ་བ་སར་གཏུགས་ཏེ་རྒྱལ་པོ་ཆེན་པོ་ལ་བསྐོར་བ་བཞིན་དུ། རི་སྣ་ནང་དུ་འཁོར་བ་ཇེ་དམའ་རུ་སོང་བའི་རི་རྒྱུད་ཀྱིས་ཕྱོགས་མཚམས་མེད་པར་བསྐོར་ཞིང་། རི་ངོས་རྣམས་སུ་མ་རིག་པའི་མུན་པ་དྭངས་ཤིང་ཆོས་ཀྱི་སྒྲོན་མེ་གསལ་བའི་བརྡར་རལ་པོད་བརྩེགས་མ་དང་། སྲིད་ཀྱི་མངའ་ཐང་ཕྱོགས་བཞིའི་རྒྱལ་ཁམས་ཀུན་ཏུ་ཁྱབ་པའི་བརྡར་ཕུན་ཚོགས་དཔལ་བེའུ་གྲུ་བཞི་དང་། མདའ་མདུང་གོ་མཚོན་གྱིས་བརྒྱན་པའི་དཔའ་བོ་མང་དུ་འབྱུང་བའི་བརྡར་ཉག་ཕྲན་མདའ་མོ་རང་རྒྱུག་དང་། སྙན་གྲགས་སྲིད་པ་གསུམ་ན་ཁྱབ་པའི་བརྡར་གཡས་འཁྱིལ་དུང་དཀར་རང་བྱུང་སོགས་ཡོད་པ་ནི་ད་ལྟའང་མངོན་སུམ་མིག་གི་དགའ་སྟོན་དུ་མཐོང་བཞིན་པ་འདི་ག་ལགས་སོ། །

       ངོ་མཚར་བའི་རི་རྒྱུད་ཀྱིས་ཡོངས་སུ་བསྐོར་བའི་ཕྱིའི་ལྕགས་རི་ཆེན་པོ་དེའི་ནང་ན་ཐང་ཆེན་པོ་གཡུ་ཡི་མེ་ལོང་ཕྱིས་པ་ལྟ་བུའི་དབུས་སུ། བཀྲ་ཤིས་གསེར་ཉ་བསྣོལ་སྤྲོད་འདྲ་བའི་རི་ནར་གཉིས་ཀྱིས་ཆེད་དུ་འདུ་བྱས་ཏེ་དྲངས་པ་ལྟ་བུའི་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོས་ཕྱོགས་ཡོངས་ནས་ནང་གི་ལྕགས་རི་བྱས་ཏེ་བསྐོར་བའི་དཀྱིལ་ན། ཤིན་ཏུ་བརྗིད་ཅིང་དྲེགས་པས་མྱོས་པའི་གླང་པོ་ཆེ་ཁེར་ཉལ་བྱས་པ་ལྟ་བུའི་རི་བོ་ཞིག་ཡོད་པ་ལ།  སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དངོས་སུ་རིན་ཆེན་ཆོས་རྫོང་ཞེས་མཚན་གསོལ་ཞིང་། རྫོང་བྲག་དཔལ་གྱི་རི་བོ་ཞེས་སུའང་གྲགས།

རི་བོ་དེ་ནི་གུ་རུ་པདྨ་འབྱུང་གནས་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་དང་། གཏེར་སྟོན་བདུད་འདུལ་རྡོ་རྗེ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། གཏེར་ཆེན་མཆོག་གྱུར་གླིང་པ་དང་། འཇམ་དབྱངས་མི་ཕམ་པ་དང་། འཇིགས་མེད་རྒྱལ་བའི་མྱུ་གུ་དང་། དགེ་མང་མཁན་པོ་བསྟན་འཛིན་ནོར་བུ་དང་། མི་འགྱུར་ནམ་མཁའི་རྡོ་རྗེ་དང་། ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་། གཏེར་ཆེན་ལས་རབ་གླིང་པ་དང་། རྒྱ་རོང་ནམ་སྤྲུལ་པདྨ་ཀུན་གྲོལ་རྣམ་རྒྱལ་དང་། ཨ་མདོའི་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས་དང་།  རྗེ་བླ་མ་པདྨ་གར་དབང་འགྲོ་འདུལ་རྩལ་སོགས་སྤྲུལ་པའི་ལོ་པཎ་དང་གྲུབ་བརྙེས་ཀྱི་རིག་པ་འཛིན་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མ་ཟད། གླིང་དཀར་ལྷ་རིགས་ས་སྐྱོང་ཆེན་པོའི་གདུང་བརྒྱུད་བར་མ་ཆད་དུ་བྱོན་པའི་རྒྱལ་སའི་མཐིལ། སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྐུ་མཁར་སེང་ཕྲུག་སྟག་རྩེ་དངོས་ཡོད་སའི་གནས་མཆོག་དེ་ཡིན་པར་གསལ་ཏེ།

         རྒྱུ་མཚན་ནི། སྔར་གླིང་གི་དཔོན་བློན་མི་སྣ་ཆེ་གྲས་དག་གི་སྐུ་མཁར་བཞེངས་སའི་ས་གནས་ལ་བསམས་ན། དཔེར་ན། རྒྱ་ཚ་ཞལ་དཀར་གྱི་དངུལ་ཆུ་ཁྲོ་རྫོང་དང་། འདན་མ་བྱང་ཁྲའི་རྫོང་བཙན་ཤར་དྲུག་རི་དྲུག་དང་།  འབྲུ་སྒ་སྡེའི་གསེར་ལུང་དགུ་རྫོང་དང་། ཉ་ཚ་ཨ་བརྟན་གྱི་ཕོ་རོག་སྙིང་རྫོང་དང་། ཨ་སྟག་ཀླུ་མོའི་མཁར་དང་། གཟིགས་འཕེན་གྱི་མཁར་དང་། ཉི་མ་རང་ཤར་གྱི་མཁར་དང་། རྒོད་ཚང་ཁ་གཡེལ་གྱི་མཁར་སོགས་ཀྱི་ཤུལ་ནི་བྲག་མགོ་དང་རི་མགོ་འབའ་ཞིག་ལ་ཡོད་པར་ད་ལྟ་མངོན་སུམ་དུ་མཐོང་བཞིན་པ་ཡིན། ཡིན་ཡང་དགོས་ཏེ། སྐབས་དེར་གླིང་སྡེ་ལ་དགྲ་དོགས་ཤིན་ཏུ་ཆེ་བས། དགྲ་ཇག་ཆོམ་རྐུན་གྱི་འཇིགས་པ་དང་དོགས་པ་ཤིན་ཏུ་ཆེ་བའི་སྐབས་སུ་ཁྱིམ་གཞིས་བཙན་སར་བྱེད་པ་ནི་སྔ་མ་ནས་བོད་ཀྱི་ཡུལ་སྲོལ་དུ་ཆགས་འདུག་པའི་ཕྱིར་རོ། །དེས་ན་གླིང་ཚང་གི་ཡུལ་དུ་བྱིན་ཆེ་ཞིང་ས་བཙན་པ་ནི་རྫོང་བྲག་དཔལ་གྱི་རི་བོ་ཁོ་ན་ཡིན་སྟབས། སྐྱེས་མཆོག་སེང་ཆེན་རྒྱལ་པོའི་སྐུ་མཁར་སེང་ཕྲུག་སྟག་རྩེ་གནས་དེར་བཞེངས་ཡོད་པ་ནི་རྟེན་སའི་ཁྱད་པར་དང་བརྟེན་པ་ཕོ་བྲང་གཉིས་ཀྱི་བར་ན་འབྲེལ་བ་རང་འགྲིགས་སུ་སོང་བ་དེས་ཤེས་ནུས་པའི་ཕྱིར་དང་།

       ཡང་ལྷ་གླིང་ལས། སྨུག་པོའི་གདུང་དང་ཡི་གེ་ཨ། །མ་བསྟོད་གང་གི་ཆེ་སྲོལ་ཡིན། །གླུ་མགོ་ཡི་གེ་ཨ་ཡིས་བརྒྱན། །མི་རྒྱུད་སྨུག་པོ་གདོང་ནས་ཆད། །ཅེས་གསུངས་པ་ལྟར། རྫོང་བྲག་དཔལ་གྱི་རི་བོའི་རྩེ་མོ་ན་བྲག་ཟུར་གསུམ་པའི་ངོས་སུ་གནས་མི་འགྱུར་བའི་བརྡར་ཨ་ཡིག་དཀར་པོ་རང་བྱོན་དུ་ཡོད་ཅིང་། སྔོན་ནས་ད་ལྟའི་བར་དུ་གླིང་ཚང་རྒྱལ་པོའི་གདུང་བརྒྱུད་འཁྲུལ་མེད་ཅིག་ཡིན་ནས་བཟུང་གདུང་མི་འགྱུར་བའི་བརྡར་དབུ་ཐོད་ཀྱི་ངོས་སུ་ཨ་ཡིག་དཀར་པོ་རང་བྱོན་འབུར་དོད་དུ་ཡོད་པ་ད་ལྟའང་མཇལ་དུ་ཡོད། ཨ་ཡིག་དེ་གཉིས་ཀ་མདོག་དབྱིབས་ཀྱང་ཤིན་ཏུ་འདྲ་བས། མཚོན་རྟགས་ངོ་མཚར་བ་དེས་ཀྱང་གླིང་གི་རྒྱལ་སའི་ལྟེ་གནས་གང་ན་ཡིན་པར་ངོ་གསལ་པོ་སྤྲད་ཡོད་པའི་ཕྱིར་དང་།

    ཡང་སྔོན་གནས་རྗེས་དྲན་གྱི་སྒོ་ནས་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྐུ་སྐྱེར་ཞལ་གྱིས་བཞེས་ཤིང་གླིང་ཚང་དང་ཡོན་མཆོད་ཀྱི་འབྲེལ་བ་ཤིན་ཏུ་ཟབ་པའི་མཁས་གྲུབ་གཉིས་ལྡན་གྱི་རིག་པ་འཛིན་པ་ཆེན་པོ་གཏེར་ཆེན་མཆོག་གྱུར་གླིང་པས་ཀྱང་། གེ་སར་སྐྱེས་བུ་ཆེན་པོའི་སྐུ་མཁར་སེང་འབྲུག་སྟག་རྩེ་དངོས་དེ་རྫོང་བྲག་དཔལ་གྱི་རི་ལ་ཡོད་པའི་གླིང་ཚང་གི་ཕོ་བྲང་དེ་ཡིན་པར་གསལ་པོར་གསུངས་པའི་ཕྱིར་ཏེ། ཐུགས་སྲས་དཀོན་མཆོག་འགྱུར་མེད་ཀྱིས་མཛད་པའི་མཆོག་གྱུར་གླིང་པའི་རྣམ་ཐར་བཀྲ་ཤིས་དབྱངས་ཀྱི་ཡན་ལག་གསལ་བྱེད་ལས། གླིང་ཚང་གི་རྒྱལ་བློན་རྣམས་དང་གསུང་འཕྲོས་ཞིབ་རྒྱས་ཀྱི་སྐབས་རྫོང་མགོའི་ཕོ་བྲང་རྙིང་པ་འདི་གསར་བཟོ་གལ་ཆེ་ཚུལ་གསུངས་པས། བློན་པོ་ཁ་ཅིག་གིས་རྗེ་རྒྱལ་པོ་ལ་སྐུ་མཁར་ཕར་ཚུར་གར་ཡང་ཡོད། རྫོང་གཞིགས་གསར་བཟོས་ཀྱིས་འབངས་རིགས་ངལ་བའི་རྒྱུར་མཆིས་ཞུས་པར། འོ་ན་ངེད་རང་ཡོན་མཆོད་བལྟ་བར་འགྲོ་ཞེས་ཕེབས་ཤིང་རྫོང་གི་གདོང་ཟུར་ལོགས་གཅིག་གི་ཞབས་ནས་རྐོས་གསུངས་པ་ལྟར་བྱས་པས་མི་མགོ་རྙིང་པ་ཆང་བེམ་ཙམ་ཀུན་གྱིས་མཐོང་བ་ན། གཏེར་ཆེན་གྱི་ཞལ་ནས། གེ་སར་སྐྱེས་བུ་ཆེན་པོའི་སྐུ་མཁར་སེང་ཕྲུག་སྟག་རྩེ་དངོས་དེ་འདི་ཡིན། ཁྱེད་རྒྱལ་བློན་རྣམས་མགོ་བོ་འདི་ལ་གཟིགས་དང་བདུད་ཆེན་བཞི་འདི་ལྟར་མནན་ཡོད། ཕོ་བྲང་རྟེན་དང་བཅས་ཁྱད་པར་ཅན་མ་བཞེངས་ན་མནན་པ་འཕར་བས་བོད་ཁམས་སུ་བཀྲ་མི་ཤིས་པ་འབྱུང་བར་འདུག་ཅེས་གསུངས་པ་ན། དེར་ཡོད་ཐམས་ཅད་མངོན་པར་དད་ཅིང་། རྒྱལ་པོ་མཆོག་གིས། སྤྲུལ་པའི་གཏེར་སྟོན་ཆེན་པོས་བཀའ་བསྩལ་པ་བཞིན། ངེད་ཅག་གིས་མངོན་སུམ་དུ་མཐོང་བས་ཡིད་ཆེས་པར་མཛད་པ་བཀའ་དྲིན་ཆེ་ལགས་ཞུས་ཏེ། ཕོ་བྲང་རྟེན་དང་བཅས་པ་གསར་བསྐྲུན་མཛད། ཅེས་སོགས་གསུངས་པའི་ཕྱིར་རོ། །

     འདི་ནི་བཟློག་ཏུ་མེད་པའི་རྒྱུ་མཚན་སྟོབས་ལྡན་ཞིག་ཏུ་སྣང་སྟེ། སྐྱེ་བ་སྔ་ཕྱི་དྲན་པའི་སྒོ་ནས་ལྐོག་གྱུར་གྱི་བདེན་པ་མངོན་དུ་སྟོན་པ་ནི་ནང་པ་སངས་རྒྱས་པའི་རིགས་ལམ་དྲི་མ་མེད་པ་དང་དེང་རབས་ཀྱི་ཚན་རྩལ་རིག་པ་གཉིས་ཀས་མཐུན་སྣང་དུ་གྲུབ་ཅིང་ཤིན་ཏུ་ཁས་ལེན་པའི་ཕྱིར་རོ། །

      གཏེར་ཆེན་མཆོག་གིས་སྔོན་གནས་རྗེས་སུ་དྲན་པའི་སྒོ་ནས་རང་ཉིད་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྐུ་སྐྱེར་ཞལ་གྱིས་བཞེས་ཡོད་པའང་། གཏེར་ཆེན་གྱི་དག་སྣང་གེ་སར་སྐྱེས་བུ་དོན་འགྲུབ་ཀྱི་དབང་ཆོག་འཕྲིན་ལས་ཀུན་ཁྱབ་ལས་ལོ་རྒྱུས་ཀྱི་ཁྱད་པར་བརྗོད་པའི་སྐབས་སུ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང་། །ཞེས་གསུངས་པ་ལྟར་རང་རེ་བྱང་ཆུབ་ཀྱི་གོ་འཕང་བསྒྲུབ་པ་ལ་བར་ཆད་ཀྱི་རྐྱེན་ཤིན་ཏུ་མང་བས་དེ་ལས་སྐྱོབ་པར་བྱེད་པའི་གྲོགས་ཁྱད་པར་ཅན་བསྟེན་དགོས་ཤིང་། ཁྱད་པར་སྙིགས་མའི་དུས་སུ་ནང་དུ་ཉོན་མོངས་དུག་གསུམ་གྱི་རང་གཟུགས་ཕྱི་རུ་དམ་སྲི་རྒྱལ་བསེན་གྱི་གནོད་པས་གསང་ཆེན་སྙིང་པོའི་བསྟན་དང་བསྟན་འཛིན་ལ་བར་དུ་གཅོད་པའི་གཉེན་པོར་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རང་གཟུགས་རྒྱལ་སྲས་རིགས་གསུམ་མགོན་པོ་དང་ཞི་ཁྲོ་སྣང་སྲིད་ཟིལ་གནོན་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་དབྱེར་མེད་པའི་བསྟན་སྲུང་དགྲ་བླའི་སྐུར་བཞེངས་པ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་འཛམ་བུའི་གླིང་གི་སྐྱེས་གཅིག་ཅེས་གྲགས་པ་གང་གིས། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་རབ་བྱུང་བཅོ་ལྔ་པའི་མགོ་བོ་ཡོས་ལོ་སྤྲེལ་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་མདོ་ཁམས་བྱང་རྒྱུད་ཤར་ཟླ་སྒང་དུ་འདུ་ར་སྟག་ཐང་ཁྲ་མོར་ཕེབས་པའི་དུས་ཆེན་ཉིན་དགྱེས་ཞལ་བསྟན་ཅིང་། གཏེར་ཆེན་བླ་མ་ཉིད་འབྲུ་སྒ་སྡེ་ཡིན་པའི་དག་སྣང་བྱུང་སྐབས་མཛད་པའི་སྒྲུབ་ཐབས་ཟབ་མོ་དང་རྗེས་སུ་འབྲེལ་བའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་། ཞེས་དང་། ཐུགས་སྲས་དཀོན་མཆོག་འགྱུར་མེད་ཀྱིས་མཛད་པའི་མཆོག་གླིང་རྣམ་ཐར་བཀྲ་ཤིས་དབྱངས་ཀྱི་ཡན་ལག་གསལ་བྱེད་ལས། ཝ་ཤུལ་སྡེ་ནང་ཁྲོམ་དབང་ལན་གཉིས། བསང་དང་དགྲ་བླའི་དཔང་བསྟོད་མཛད། གཙོ་བོ་རྒན་པ་ཚང་སོགས་འདོད་བསྐང་དང་ཁྱད་པར་འདུ་ར་སྟག་ཐང་ཁྲ་མོར་ཕེབས། གེ་སར་སྒྲུབ་འཕྲིན་སྐོར་ཐུགས་གཏེར་ཕབ། བསང་ཆེན་དང་གསོལ་ཁ་གསུངས། ཐུགས་སྨོན་རྒྱ་ཆེར་མཛད། འདི་སྐབས་གེ་སར་དགྲ་བླའི་རྒྱལ་པོ་གཙོ་འཁོར་དང་འཛམ་གླིང་གཞི་བདག་གི་གཙོ་བོ་རྨ་རྒྱལ་སྤོམ་ར་འཁོར་བཅས་གཟིགས། ཨོ་རྒྱན་སྒོམ་ཞུ་ཁྲ་ཆུང་ཞེས་གེ་སར་འཛམ་ཞུ་རྩེ་གསུམ་དེ་རྨ་རྒྱལ་ཁོང་འཛམ་གླིང་གཞི་བདག་གི་འདུ་རའི་གཙོ་བོ་མཛད་པའི་ཚེ་ལས་ཞུ་ཡིན་ཞེས་ཕུལ། རྗེ་གཏེར་ཆེན་ཉིད་གླིང་གི་དུས་གྲུབ་པ་བརྙེས་པའི་སྔགས་འཆང་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་ཡིན་པར་ཞལ་གྱིས་བཞེས། དེ་ཡི་དུས་མི་རྟའི་ཚད་དང་དེ་དག་གི་སྟོབས་དང་རི་ཀླུང་གི་སྣང་ཚུལ་སོགས་དགྱེས་པའི་མགུར་དབྱངས་བསྒྲགས་པས་ཡུལ་མི་དེར་གནས་ཀྱིས་མ་ངེས་པ་ཕྱིས་ངོ་འཕྲོད་པས་ཡ་མཚན་དུ་གྲགས། ཞེས་སོགས་གསུངས་སོ། །དེས་ན་ད་སྐབས་རྫོང་མགོའི་སེང་འབྲུག་སྟག་རྩེ་དངོས་ཀྱི་གྱང་རལ་རྙིང་པ་ཞིག་གསོ་བྱས་ཏེ་སླར་ཡང་ཕོ་བྲང་སེང་འབྲུག་སྟག་རྩེ་རྟེན་བརྟེན་པ་དང་བཅས་བཞེངས་ཡོད་པར་མ་ཟད། དེར་གླིང་གི་རྒྱལ་རྒྱུད་འཁྲུལ་མེད་གླིང་སྲས་ངག་དབང་ཕུན་ཚོགས་སྟོབས་ལྡན་ཡིད་བཞིན་དབང་གི་རྒྱལ་པོ་ཡུམ་སྲས་འཁོར་དང་བཅས་པའང་བཞུགས་བཞིན་པ་ཡིན་ནོ། །

       གཞན་ཡང་གླིང་ཚང་ཆོས་རྒྱལ་ཆེན་པོ་ཕུན་ཚོགས་དགེ་ལེགས་རབ་བརྟན་སོགས་ཀྱིས་གནས་མཆོག་འདི་ཉིད་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་ཇ་མཁར་རིང་མོ་བཞེངས་སའི་གནས་ཀྱང་ཡིན་པར་གསུངས་པས། ཇ་མཁར་རིང་མོའི་ཤུལ་ནི་ད་ལྟ་དགོན་པའི་ཚོགས་ཆེན་ཇ་ཁང་ཡོད་ས་དེ་ཤེད་ན་ཡིན་ནམ་སྙམ་མོ། །

        དེ་འདྲའི་ཆོས་སྲིད་གསེར་གྱི་འཁོར་ལོའི་ལྟེ་བར་གྱུར་པའི་གནས་མཆོག་འདི་ནི་གླིང་ཚང་རྫོང་མགོ་དགོན་གྱི་རྟེན་བརྟེན་པ་བཅས་པ་ཆགས་ནས་བཞུགས་པའི་གཡོ་མེད་རྡོ་རྗེ་རྒྱ་གྲམ་གྱི་གདན་བཟང་དེ་ཡིན་ནོ། །གནས་དེའི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལོངས་ནའང་། ད་ལྟ་ཡུལ་མི་ཀུན་ཀྱི་སྣང་ངོར་མངོན་སུམ་དུ་བཞུགས་བཞིན་པ་ལྟར། སྔར་གྲུབ་པའི་དབང་ཕྱུག་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་གནས་འདིར་ཆིབས་བསྒྱུར་ཞབས་བཀོད་སྐུ་མཚམས་མཛད་ཅིང་། གླིང་གཏེར་རྗེ་དྲུང་པདྨ་འགྲོ་འདུལ་རྩལ་དང་གནས་ཀྱི་རྒྱུ་མཚན་ཐུགས་གྲོས་དང་བཀའ་མོལ་གནང་བའི་རྐྱེན་གྱིས། རྫོགས་སྤྲུལ་ལ་གུ་རུ་རིན་པོ་ཆེས་དངོས་སུ་ངོ་སྤྲད་པའི་གནས་ཀྱི་ལོ་རྒྱུས་འདིར་བཀོད་དེ་རེ་ཞིག་དེས་འཐུས་པར་བྱའོ། །

        དེ་ཡང་འདི་ལྟར། གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རྫོང་བྲག་གནས་རི་རིན་ཆེན་ཆོས་རྫོང་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་སྨོས་ན། བདག་རྩ་བ་གསུམ་གྱི་བསྙེན་སྒྲུབ་ཏུ་གནས་པའི་སྐབས། འཁྲུལ་སྣང་རབ་རིབ་ཅིག་ལ་འཇའ་དཀར་པོ་སྣམ་བུ་བརྐྱངས་པ་ལྟ་བུ་ཞིག་གི་སྣ་ལ། ཁྱེའུ་ཆུང་དཀར་པོ་ན་བཟའ་དཀར་པོ་འཇའ་འོད་ཀྱི་མཐའ་འཇོག་ཅན། ཕྱག་ན་ཁཊཱྃ་ག་དར་སྣ་ལྔས་བརྒྱན་པ་ཞིག་བདག་གི་སྔོན་ཐད་ཙམ་ལ་བྱོན་ནས་འདི་ལྟར་གསུངས་པ་ཐོས་སོ། །

                        ཨེ་མ་སྐལ་ལྡན་བུ་ཁྱོད༔

                        གསལ་སྣང་ཞེན་པས་མ་འཆིང་༔

                        སྣང་སྲིད་ལྷ་ཡི་དཀྱིལ་འཁོར༔

                        གྲགས་སྟོང་སྒྲ་ཡིས་མ་འཆིང་༔

                        སྒྲ་གྲགས་སྔགས་ཀྱི་རོལ་པ༔

                        འཁྲུལ་བ་རྒྱ་ཡན་མ་བཏང་༔

                        ཁྱོད་ཀྱིས་རང་ངོ་ཤེས་ན༔

                        ང་ཉིད་ལོགས་ན་མེད་དོ༔

                        ཁྱོད་ཉིད་སྡོད་པའི་གནས་འདི༔

                        སྔོན་ཚེ་སློབ་དཔོན་པདྨ༔

                        རྗེ་འབངས་གྲུབ་བརྙེས་རྒྱ་མཚོས༔

                        བྱིན་གྱིས་བརླབས་པའི་གནས་ཆེན༔

                        རིན་ཆེན་ཆོས་རྫོང་ཡིན་ནོ༔  

                        རྩ་གསུམ་རབ་འབྱམས་རྒྱ་མཚོའི༔

                        ཞིང་ཁམས་མངོན་བཞུགས་འདིའོ༔

                        སྐུ་དང་ཡིག་འབྲུ་ཕྱག་མཚན༔

                        ཞལ་ཕྱག་ཌཱཀྐིའི་བྲོ་ར༔

                        མི་འགྱུར་གནད་ཀྱི་གཟེར་གདམས༔

                        མཁའ་འགྲོ་དམ་ཅན་ཚོགས་རྣམས༔

                        སྤྲིན་བཞིན་འདུས་པའི་གནས་ཡིན༔

                        འགྲོ་དོན་དུས་ལ་བབ་ཡོང་༔

                        བུ་ཁྱོད་ཚོགས་བསྐང་མེ་མཆོད༔

                        རིམ་གཉིས་སྤྱོད་པའི་ངང་ནས༔  

                        འགྲོ་ཕན་སྙིང་སྟོབས་མ་ཆུང་༔    

            ཞེས་གསུངས་ནས་བུ་ཁྱོད་འགྲོ་དང་ང་ཡིས་གནས་ཀྱི་བཀོད་པ་སྟོན་ཟེར་བའི་ངང་ནས། བྲག་རི་དཀར་པོ་གཏན་ལེགས་པོ་ཞིག་གི་རྩེ་མཐོན་པོ། ཡུལ་གྲུ་མང་པོ་མཐོང་བའི་ས་ནས། ཕྱོགས་ཀྱི་གནས་ཆེན་མང་པོ་དང་། ཆོས་སྡེ་འགའ་ཞིག་མཐོང་བས་སོ་སོར་འདི་ཡིན་གྱི་ལོ་རྒྱུས་ཞིབ་ཏུ་གསུངས་པ་དང་། རྫོང་བྲག་ཕྱི་ནང་གསང་བའི་གནས་མ་ཀི་འདི་ལྟར་ལྟོས་གསུངས་ནས་སོ་སོར་ངོ་བསྟན་པའི་ཉམས་སྣང་འདི་ལྟར་རོ། །

            འོ། རི་བོ་ཕྱི་ལྟར་ན་གླང་ཆེན་ཉལ་འདྲ། ནང་ལྟར་ན་རྩ་གསུམ་རབ་འབྱམས་རྒྱ་མཚོའི་ཞིང་ཁམས། གསང་བ་སྒྱུ་འཕྲུལ་ཞི་ཁྲོ་རྒྱལ་བའི་དཀྱིར་འཁོར། ཡང་གསང་ལྟར་ན་ཡི་དམ་ཀྱཻ་ཡི་རྡོ་རྗེ། དཔལ་གསང་བ་འདུས་པ། སྒྲུབ་སྡེ་ཆེན་པོ་དགུའི་ཕོ་བྲང་མངོན་སུམ་དུ་བཞུགས། ཕྱི་ཀུན་ཀྱིས་མཐོང་སར། ཤར་དུ་རྡོ་རྗེ་མཁའ་འགྲོའི་ཞབས་རྗེས།  དེ་ཕྱོགས་རྣམས་སུ། འབྲུ་གསུམ། མཁའ་འགྲོའི་གསང་ལམ། བྱང་ཤར་གུ་རུ་མཚན་བརྒྱད། མ་ཎི་འབྲུ་དྲུག  སེང་གདོང་མ། ངོ་མཚར་རྨད་དུ་བྱུང་བའི་ཡི་གེ  སེང་གདོང་རང་བྱོན་ནས། ལྷོ་ངོས་ཕྱོགས། རིན་ཆེན་ཌཱཀྐིའི་ཞབས་རྗེས། ཁྲོས་མ་ནག་མོ། ཕག་མོ་སེར་མོ། དུང་དཀར་རང་བྱོན།  ཀླུ་མཁར་ནག་གི་ཕོ་བྲང་། ནུབ་ངོས་གནས་སྲུང་བཙན་རྒོད་ཆེན་པོའི་ཕོ་བྲང་། བྲག་དམར་གྲུ་གསུམ་ཊྲཱི༔ས་མཚན་པ། རྩེ་མོར་ཨོ་རྒྱན་ཆེན་པོའི་ཞབས་རྗེས། ཆོས་ལོངས་སྤྲུལ་གསུམ་སོ་སོའི་རང་བྱོན། པདྨ་མཁའ་འགྲོའི་ཞབས་རྗེས། པདྨའི་ཕྲེང་བ་སོགས། བྱང་ངོས་ཕྱོགས་བར་དོའི་ལམ་འཕྲང་། སྒྱུ་འཕྲུལ་ཞི་ཁྲོའི་ཕོ་བྲང་མི་འགྱུར་བའི་ཨ༔དཀར་པོ། དགེ་བསྙེན་ཟུར་ར་གཏན་གནས་བྲག  སེངྒེའི་རྗེས། ཆོས་རྒྱལ་འཕགས་པའི་ཞབས་རྗེས། བཙན་རྒོད་ཆེན་པོའི་ཆིབས་རྗེས། ཀརྨ་མཁའ་འགྲོའི་ཞབས་རྗེས། དབུས་སངས་རྒྱས་མཁའ་འགྲོའི་བྲོ་ར། གཞན་ཡང་ཕྱོགས་མཚམས་ཀུན་ཏུ་རྡོ་རྗེ། ཕུར་པ།  ཁ་ཊཱྃ་ཀ  ཕྱག་མཚན་མང་པོ།  བྱང་ཤར་གཤིན་རྗེའི་ཕུག་པ། དེའི་ཕྱག་མཚན་སོགས་རང་བྱོན། ནུབ་བྱང་པདྨ་དབང་ཕུག  རྟ་འགྲིན་སྐུ་རང་བྱོན། ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱི་ཕྱག་རྗེས།  སྒྲོལ་མའི་སྐུ་རང་བྱོན། གུ་རུ་སིདྷི་རང་བྱོན་སོགས་མང་དུ་བཞུགས་པ་ཀུན་ཀྱིས་མཐོང་རྒྱུ་མང་དུ་ཡོད་པ་འདི་རྣམས་སོ། །ཞེས་གསུངས་ནས་སོ་སོར་གསལ་བར་བསྟན་པས། བདག་གིས་ཅུང་ཟད་ཐེ་ཚོམ་དུ་གྱུར་ནས། འདི་སྐད་ཞུས། སྙིགས་མའི་འགྲོ་བ་རྣམས་མགུ་དཀའ་བས་འདི་རྣམས་ཀུན་ཀྱིས་མངོན་སུམ་དུ་མཐོང་ངོ་མ་ཨེ་ཡོད། དེ་ཡོད་ན་བདག་ཀྱང་སྤྲོ་དགའ་དང་དད་མོས་ཆེ་བས་འགྲོ་བ་རྣམས་བསོད་ནམས་གསོག་ཞིང་དམ་པར་འགྱུར་བས་དོགས་ཆོད་ཞུས་པས་འདི་གསུངས།

                        ཨེ་མ།

                        སྐལ་ལྡན་བུ་ཁྱོད་ཐེ་ཚོམ་མི་དགོས༔

                        ཐེ་ཚོམ་ལེ་ལོ་བདུད་ཀྱི་བར་ཆད༔

                        རྣམ་གཡེང་འདུ་འཛི་དགེ་སྦྱོར་ཆགས་པས༔

                        གཉིས་འཛིན་འཁྲུལ་སྣང་དབང་དུ་མ་གཏོང་༔

                        སྐུ་གསུང་ཐུགས་ཀྱི་རྟགས་མཚན་འདི་རྣམས༔

                        ཀུན་ཀྱིས་མཐོང་བས་ཐེ་ཚོམ་མེད་དོ༔

                        འདི་ལ་དད་མོས་ཕྱག་བསྐོར་བགྱིས་རྣམས༔

                        བསྐལ་པར་བསགས་པའི་སྡིག་སྒྲིབ་དག་གོ༔

                        ཚོགས་མཆོད་མར་མེ་ཞལ་ཟས་ཕུལ་ན༔

                        ཚེ་འཕོས་རིམ་གྱིས་རིག་འཛིན་ས་ཐོབ༔

                        ཀླུང་རྟ་དར་ལྕོག་ཕྱོགས་མཚམས་འཛུགས་ན༔

                        ཚེ་སྲོག་སྲ་ཞིང་བསོད་ནམས་འཕེལ་ལོ༔

                        འདི་ལ་ཕྱག་བསྐོར་འབྲེལ་བ་ཐོབ་ཚད༔

                        ནད་མཚོན་མི་གེའི་འཇིགས་པ་ཀུན་ཞི༔

                        ཚེ་བསོད་འབྱོར་རྒྱས་སྣང་ཁམས་དབང་འདུ༔

                        མཐའ་དམག་འདྲེ་གདོན་གཡུལ་ལས་རྒྱལ་ལོ༔

                        སྨོན་ལམ་གང་བཏབ་འགྲུབ་པར་འགྱུར་བས༔

                        དེ་ཕྱིར་ཀུན་ལ་གོ་བར་གྱིས་ཤིག༔

ཅེས་གསུངས་སོ། །

            ཡང་འགྱུར་ཁྱད་དང་། བོད་ཁམས་བདེ་བའི་ས་བཅོས་རིམ་གྲོ་རང་རང་གི་ཚེ་ཚད་སོགས་ལུང་བྱང་མང་དུ་གསུངས་པས་ཅུང་ཟད་རེ་ཟུར་དུ་བྲིས་སོ། །དེ་ནས་བདག་གིས་ཕྱག་དང་བསྐོར་བ་བགྱིས་ཞབས་སྤྱི་བོར་བླངས་ནས།  འདི་ཕྱི་བར་དོ་གསུམ་དུ་མི་འབྲལ་བའི་གསོལ་བ་བཏབ་ཚེ་ལུས་ངག་ཡིད་ལ་བདེ་བ་སྐྱེས་པ་དང་། བདེ་གསལ་མི་རྟོག་པའི་ཉམས་འཆར་བའི་ངང་ནས་རང་མལ་དུ་རྨི་ལམ་སད་པ་ལྟར་བྱུང་བ་ནི་གནས་ཀྱི་དག་སྣང་སྐོར་ཏེ་དེ་ལྟར་ཤར་བའོ། །དག་སྣང་འཁྲུལ་བ་དེ་འདྲ་ལན་གསུམ་བྱུང་མཐར་རང་གིས་ཐེ་ཚོམ་སྒྲོ་འདོགས་ཆོད་དེ་ཡུལ་མི་རྣམས་ལ་བསྒྲགས་ནས་དད་མོས་ལྡན་པ་ཐམས་ཅད་ཀྱིས་ཕྱག་བསྐོར་དགེ་བསྐུལ་བྱས་པ་དོན་ཆེ་སྙམ་པ་ལགས། ཞེས་གསུངས་སོ། །

གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ལས་དགོན་པ་གང་དུ་ཆགས་པའི་གནས་ཀྱི་སྐོར་ཏེ་དང་པོའོ། །

གཉིས་པ་དགོན་པ་ཆགས་ནས་དར་རྒྱས་བྱུང་ཚུལ་གྱི་སྐོར་ནི།

            དེ་ཡང་མདོ་སྡེ་པདྨ་དཀར་པོ་ལས། སྟོན་པ་ཐུབ་པའི་དབང་པོ་འོད་མའི་ཚལ་དུ་བཞུགས་ཏེ། མཛོད་སྤུ་ནས་འོད་ཟེར་བྱང་ཕྱོགས་སུ་འཕྲོས་ཏེ་ཞལ་འཛུམ་པ་མཛད་པའི་ཚེ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་རྒྱུ་རྐྱེན་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་གང་གིས་ཀྱང་གདུལ་བྱར་མ་གྱུར་པའི་གནས། འདྲེ་སྲིན་དུ་མས་གང་བའི་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར་མ་འོངས་པའི་དུས་སུ་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་དར་ཞིང་རྒྱས་པར་འདུག་སྟེ། སེམས་ཅན་དེ་རྣམས་ཀྱང་ཐར་པ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་འགྱུར་རོ། །ཞེས་དང་། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟར། བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ། སྐུ་རྟེན་ཙིནྟ་མ་ཎིའི་སྐུ་དང་། གསུང་རྟེན་མདོ་སྡེ་ཟ་མ་ཏོག་བཀོད་པ་དང་སྤང་སྐོང་ཕྱག་བརྒྱ་པ། ཐུགས་རྟེན་ཤེལ་ཀྱི་མཆོད་རྟེན་ཁྲུ་གང་པ་རྣམས་རྙེད་དེ་དམ་པ་ཆོས་ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། ལྷ་སའི་གཙུག་ལག་ཁང་དང་། མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་སོགས་མང་དུ་བཞེངས་ཏེ་དམ་པ་ཆོས་ཀྱི་སྲོལ་གཏོད། དེ་ནས་རྒྱལ་རབས་ལྔ་ན་འཕགས་པ་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སོགས་བཞེངས་ཏེ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་དོ། །

       བར་སྐབས་སུ་རྒྱལ་པོ་གླང་དར་མས་སྲིད་མ་བསྐྱངས་ཤིང་ཆོས་བསྣུད་པས་བོད་ཀྱི་རྒྱལ་ཁབ་ཉམས་རྒུད་དུ་སོང་སྟེ་བསྟན་པ་ཉག་ཕྲ་བའི་གནས་སུ་གྱུར་ཀྱང་། ཡང་རབ་བྱུང་དང་པོའི་གོང་གི་ལོ་ང་གསུམ་པ་ཆུ་བྱ་ལོར་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་ནས་བསྟན་པ་ཕྱི་དར་གྱི་མགོ་ཚུགས་ཏེ། དེ་ནས་བཟུང་ད་ལྟའི་བར་དུ་དམ་པའི་ཚུལ་དགུས་ཕྱུག་པའི་དགེ་བའི་བཤེས་གཉེན་རྣམས་དང་། ཤེས་ཆེན་དཔྱོད་ལྡན་གྱི་རྒྱལ་བློན་དཔོན་པོ་དག་དང་། བློ་དཀར་གཞུང་དྲང་གི་འབངས་མི་བསོད་ནམས་ཅན་སོགས་ཀྱིས། སྐུ་གསུང་ཐུགས་རྟེན་གྱི་བཞུགས་ཁང་དང་། ཁྱད་པར་དུ་རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་གཉིས་ཀྱིས་ཐོས་བསམ་སྒོམ་གསུམ་དང་བཤད་སྒྲུབ་ལས་གསུམ་མཛད་སའི་བསྟི་གནས་དགོན་པ་མང་དུ་བཞེངས་ཏེ། བོད་གངས་ཅན་གྱི་ལྗོངས་འདིར་ནམ་མཁའི་ངོས་སུ་སྐར་ཚོགས་ཀྱིས་བརྒྱན་པ་ལྟར་བྱས་སོ་ཞེས་པ་ནི་སྤྱིར་བཏང་ལ།

        བྱེ་བྲག་ཏུ་གླིང་ཡུལ་མཐོང་བ་ཀུན་སྨོན་ནས་རབ་བྱུང་བཅུ་གཉིས་པའི་ནང་དུ་གླིང་གི་རྒྱལ་རབས་ང་དགུ་པ་ཨོ་རྒྱན་ཚེ་རིང་གླིང་ཚང་གི་རྒྱལ་སར་བཞུགས་ཏེ། ཧོར་ཁང་སར་སྲས་མོ་ནམ་མཁའ་སྒྲོལ་མ་ཁབ་ཏུ་བཞེས་པ་ལ་སྲས་ཆེ་བ་ཀུན་དགའ་བསོད་ནམས་དང་། འབྲིང་བ་མགོན་པོ་དར་རྒྱས་དང་། དེའི་འོག་ཆུང་དུས་ནས་སྐུ་གཤེགས་པའི་སྲས་གཅིག་སྟེ་སྲས་གསུམ་འཁྲུངས། ཤིང་མོ་སྦྲུལ་གྱི་ལོར་སྐུ་བལྟམས་པའི་སྲས་ཆེ་བ་ཀུན་དགའ་བསོད་ནམས་ནི།

གཏེར་སྟོན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས།

            ཚེ་ལོ་ཉི་ཤུའི་མར་ཞབས་སུ༔

            ང་སྤྲུལ་པདྨ་འགྲོ་འདུལ་རྩལ༔

            གཏེར་རྣམས་ཀུན་ཀྱི་གཏེར་སྙིང་འབྱིན་པར་འབྱུང་༔

            ཞེས་གསུངས་པ་ལྟར། རྗེ་བླ་མ་པདྨ་གར་དབང་འགྲོ་འདུལ་རྩལ་ཡིན་ལ། བྱིས་པའི་དུས་ནས་བཟང་པོའི་བགས་ཆགས་སད་ཅིང་སྤྱོད་པ་མཆོག་གིས་གཞོན་ནུའི་རོལ་རྩེད་ངང་གིས་མཛད།     དགུང་ལོ་བདུན་བརྒྱད་ནས་ཨོ་རྒྱན་རིན་པོ་ཆེ་དང་མཚོ་རྒྱལ་གྱིས་ཞལ་གཟིགས། དག་སྣང་གི་ཆོས་སྐོར་མང་པོ་སྤྱན་དྲངས། རྩ་བ་གསུམ་གྱི་སྒྲུབ་ཆེན་ཕྱག་བཞེས་ལྟར་བཙུགས། གླིང་སྲས་ཆེ་བ་ཡིན་སྟབས་རྒྱལ་སྲིད་ལོ་འགར་འཛིན་ཚེ་འདན་ཀློང་ཐང་སྒྲོལ་མ་ལྷ་ཁང་དུ་རྗེ་བཙུན་སྒྲོལ་མས་ཞལ་གཟིགས་ལུང་བསྟན་གནང་། གཏེར་སྟོན་བདུད་འདུལ་རྡོ་རྗེའི་སྲས་རྒྱུད་པདྨ་རྣམ་རྒྱལ་ཡབ་སྲས་གླིང་གི་རྒྱལ་ཁབ་ཏུ་གདན་དྲངས། དབང་ལུང་ཤིན་ཏུ་མང་པོ་གསན། ཞབས་ཏོག་རྒྱ་ཆེར་བསྒྲུབས། དེའི་ཚེ་པདྨ་རྣམ་རྒྱལ་གྱི་ཞལ་ནས། འདུས་བྱས་སྤྱི་དང་ཁྱད་པར་དུ་གྲོང་སྡེའི་དཔོན་པོ་ལ་སྙིང་པོ་མེད། དབེན་གནས་ཤིག་ལ་སྒྲུབ་པ་ཉམས་ལེན་བྱེད་ནུས་ན་རང་གཞན་གྱི་དོན་ཆེན་འགྲུབ་པ་ཞིག་འོང་། དབེན་གནས་ཀྱང་རྒྱ་སྟོད་སྣ་བྲག་རྡོ་རྗེ་རྫོང་དེ་སྔོན་གྱི་ལས་སྨོན་ཡོད་སའི་གནས་ཡིན་ཚུལ་སོགས་གསུངས། དེའི་རྐྱེན་གྱིས་འཁོར་བ་ལ་བློ་ལོག་སྟེ། ཀུ་སུ་ལུའི་སྤྱོད་པ་ཁོ་ནས་སྣ་བྲག་རྡོ་རྗེ་རྫོང་དུ་ཕེབས་ནས། རྩ་གསུམ་ཞི་ཁྲོ་མང་པོའི་བསྙེན་སྒྲུབ་ལ་བརྩོན་པས་ཉམས་ལེན་དྲོད་རྟགས་འབར། དེར་སྒྲུབ་ཁང་ཆུང་ངུ་ཞིག་བཞེངས་ཏེ་སྐུ་འཁོར་ཉི་ཤུའི་སྐོར་བཅས་ཀྱིས། གཏེར་ཆེན་རཏྣ་གླིང་པའི་གཏེར་བྱོན་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྒྲུབ་ཆེན་སྨན་སྒྲུབ་དང་འབྲེལ་བ་ཞག་བདུན་ཕྲག་རེ་བཙུགས། གཞན་ཡང་ལྷ་དང་བླ་མས་དབང་བསྐུར་བྱིན་རླབས་ལུང་བསྟན་མང་དུ་གནང་ཞིང་། དག་སྣང་གི་ཆོས་སྐོར་མང་པོ་གཏན་ལ་ཕབ་པ་སོགས་ཀྱིས་གནས་དེར་ཡུན་རིང་བཞུགས་ཏེ་གདུལ་བྱ་སྨིན་གྲོལ་ལ་འགོད་པའི་ཕྲིན་ལས་ཆེར་རྒྱས་སོ། །

            སྐབས་དེར་རྫོང་བྲག་དཔལ་རི་ལྷ་རྩེ་ན་གླིང་ཚང་གི་བླ་མ་གཏེར་སྟོན་པདྨ་དབང་ཕྱུག་ཅེས་བྱ་བ་ཁྱིམ་གཞིས་བཟུང་སྟེ་བཞུགས་ཡོད། གཏེར་སྟོན་དེ་ནི། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་དུ། ལོ་ཆེན་བཻ་རོའི་སྐུ་སྤྲུལ་དུ་གྲགས་པ་གླིང་ཚང་རྫོང་མགོ་གཏེར་སྟོན་པདྨ་དབང་ཕྱུག་ཅེས་པ། གཏེར་སྟོན་རང་གི་གསུང་ལས། གསུང་སྤྲུལ་གཏེར་བདག་གླིང་པ། ཐུགས་སྤྲུལ་བདེ་ཆེན་གླིང་པ། ཁོང་རང་བཅས་གསུམ་པོ་ཐུགས་རྒྱུད་གཅིག་པར་གསུངས། གང་ལྟར་ཡང་རིག་འཛིན་ཀློང་གསལ་སྙིང་པོ་མཇལ་བས་ས་གཏེར་གྱི་སྐལ་པ་ཡོད་ཚུལ་དང་ཁ་བྱང་ཡང་བསྩལ་པས། ཡང་འདུལ་གྱི་གཙུག་ལག་ཁང་ཀློང་ཐང་སྒྲོལ་མ་དང་ཉེ་བའི་བྲག་ནས་བཀའ་རྫོགས་པ་ཆེན་པོ་བླ་མ་སྙིང་ཐིག་ཅེས་གུ་རུ་ཞི་དྲག་སེང་གསུམ་ཚེ་སྒྲུབ་དང་བཅས་པའི་ཆོས་སྐོར་སྤྱན་དྲངས་པ་ཁོ་བོས་ཀྱང་དཔེ་མཇལ་བས་ཚིག་དོན་སྐྱོན་མེད་དུ་སྣང༌། གཞན་ཡང་ཁྲོ་རི་ཟིལ་ཁྲོམ་གྱི་སྒོ་སྲུབ་རིག་འཛིན་འདུས་པའི་གནས་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་རྩ་གསུམ་སྙིང་ཐིག་དང༌། རྒྱ་སྟོད་གངས་བར་ཕུག་མོ་ཆེ་ནས་སྤྱན་དྲངས་པ་བླ་རྫོགས་ཐུགས་གསུམ་གྱི་སྐོར་རྣམས་བཞུགས་པར་གྲགས་ཤིང་ཕལ་ཆེར་གྱིས་གཏེར་སྟོན་ཚད་ལྡན་དུ་བཞེད་པ་དང༌། དེས་མཚོན་ཕྲིན་ལས་ཅི་རིགས་བྱུང་བར་མངོན་ནའང་ཞལ་སློབ་གྲགས་ཆེ་བ་མ་མཆིས་ཤིང༌། ཉིད་ཀྱི་སྐུའི་སྲས་ཨོ་རྒྱན་གཞན་ཕན་མཆེད་སོགས་ལས་བརྒྱུད་དེ་རྩ་གསུམ་དབང་ལུང་མ་ཆད་ཙམ་ད་ལྟའང་བཞུགས་པར་སྣང་ངོ༌། །ཞེས་དང་། རིག་འཛིན་འབད་མེད་གཞི་གྲོལ་གྱི་རང་རྣམ་ལས། གླིང་ཚང་གཏེར་སྟོན་པདྨ་དབང་ཕྱུག་ཅེས་པ་ལོ་རྒྱུས་སོགས་སུ་རྒྱལ་རྒྱུད་ཅིག་ཡིན་འདྲར་སྣང་ཡང་། ཁ་སྲོལ་ལ་ཡུལ་དེའི་ཁྱིམ་ཚང་ཞིག་གི་ཡིན་ཟེར་བས་ཆ་མ་ཆོད་ཀྱང་། དོན་དུ་སློབ་དཔོན་བཻ་རོ་ཙ་ནའི་རྣམ་སྤྲུལ་དུ་ཞལ་གྱིས་བཞེས། རྒྱ་སྟོད་གནས་ནང་ནས་བཞེས་པའི་གཏེར་ཆོས་པོད་གཉིས་ཡོད། ཅེས་གསུངས་པ་ལྟར། སྤྲུལ་པའི་གཏེར་སྟོན་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པར་འདུག་གོ །ཁོང་གིས་རྗེ་བླ་མ་པདྨ་གར་དབང་འགྲོ་འདུལ་རྩལ་ལ་ཁྱེད་དེང་ཕྱིན་ཆད་རྫོང་བྲག་གི་གནས་འདིར་བཞུགས་དགོས་ཞེས་ཁང་གཞིས་ཤིག་ཕུལ། རྗེ་བླ་མས་ཁང་གཞིས་དེ་ལ་གཞི་བཅས་ནས་བཞུགས་སྐབས་འགྲོ་དོན་མ་འབད་ལྷུན་གྲུབ་ཏུ་འབྱུང་བའི་དབང་གིས་ཟང་ཟིང་གི་འབྱོར་པ་རྒྱས་པས། བཀའ་བརྒྱད་བདེ་གཤེགས་འདུས་པའི་གཏོར་བཟློག་དང་། སྒྲུབ་མཆོད་ལ་སྨན་སྒྲུབ་འབྲེལ་བ་སོགས་ལོ་རེ་རེ་བཞིན་དུ། དུས་མཆོད་ཟབ་རྒྱས་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ལྟར་བཙུགས། སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་རྒྱུ་བཟང་སྤུས་ལེགས་ཀྱི་ཞལ་ཐང་སྣ་ཚོགས་ཉིས་བརྒྱ་ལྷག་ཙམ་དང་། བཀའ་འགྱུར་བསྟན་འགྱུར་དང་བཀའ་གཏེར་གསར་རྙིང་གི་པུསྟི་སྟོང་ཕྲག་ཙམ་དང་། གསེར་སྐུ་མང་པོ་སོགས་རྟེན་ཤིན་ཏུ་ངོ་མཚར་ཆེ་བ་དག་བཞེངས་ཏེ། གླང་པོ་ཆེའི་རྒྱབ་ཀྱི་སྒ་ཁྲིའི་སྟེང་དུ་ནོར་བུ་རིན་པོ་ཆེ་བཤམས་པ་ལྟ་བུའི་གླིང་ཚང་རྫོང་མགོ་དགོན་པ་ཞེས་ཡོངས་སུ་གྲགས་པ་དེའི་དབུ་ཁྱུད་ཀྱི་རི་མོ་དངོས་སུ་བྲིས་པ་ཡིན་ནོ། །

        དེ་ནས་རྗེ་དྲུང་བླ་མ་པདྨ་གར་དབང་འགྲོ་འདུལ་རྩལ་གྱི་སྐུ་ཕྲེང་གསུམ་པ་འགྱུར་མེད་པདྨ་བསྟན་འཛིན་མཆོག་གིས། དགོན་ནང་དུ་སྔར་ཡོད་ཀྱི་དུས་མཆོད་རྒྱུན་བསྐྱངས་ཤིང་སྔར་མེད་པའི་དུས་མཆོད་ཚད་ལྡན་འགའ་གསར་དུ་བཙུགས་པ་དང་། ཕྱོགས་བཞིའི་གདུལ་བྱ་དབང་དུ་མཛད་པ་སོགས་ཀྱིས། རྫོང་མགོ་དགོན་པའི་བསྟན་པ་གླིང་ཁམས་ཡོངས་སུ་རྔ་བརྒྱངས་པ་ལྟར་མཛད་ནས། དགོན་ནང་དུ་སྤོང་བ་བསམ་གཏན་པའི་བསྟི་གནས་སྒྲུབ་གྲྭ་ཞིག་ཀྱང་བཙུགས་ཏེ། དེ་ལ་མཁན་ཆེན་ཐུབ་བསྟན་དགེ་ལེགས་རབ་རྒྱས་ཀྱིས་བདུད་ལས་རྣམ་རྒྱལ་ཐེག་མཆོག་ཆོས་ཀྱི་བསྟི་གནས་ལྷུན་འགྲུབ་བསམ་གཏན་འོད་གསལ་གླིང་ཞེས་མཚན་གསོལ། དེ་ནས་རྗེ་དྲུང་སྐུ་ཕྲེང་བཞི་པ་བཤད་སྒྲུབ་བསྟན་འཕེལ་མཆོག་གིས་དགོན་པའི་ཕྱི་ནང་གི་བསྟན་པ་ལ་ཐུགས་ཁུར་དང་འཛིན་སྐྱོང་སྤེལ་གསུམ་མཛད་ཅིང་། ཁྱད་པར་དུ་སྐབས་དེར་རྗེ་དྲུང་རིན་པོ་ཆེའི་སྐུ་མཆེད་གླིང་གི་རྒྱལ་རབས་རེ་ལྔ་པ་འཇིགས་མེད་དབང་འདུས་མཆོག་གིས། དགོན་ནང་དུ་ཀློག་པ་ཐོས་བསམ་པའི་བསྟི་གནས་བཤད་གྲྭ་ཞིག་བཙུགས། དེ་ལ་ཕྱིས་སུ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་མཆོག་གིས་རྫོང་དགོན་ཆོས་གྲྭ་མདོ་སྔགས་ཆོས་གླིང་ལུང་རིགས་ནོར་བུའི་དགའ་ཚལ་ཞེས་མཚན་གསོལ། དེ་ནས་རྗེ་དྲུང་སྐུ་ཕྲེང་ལྔ་པ་མཆོག་སྤྲུལ་བསྟན་འཛིན་རྣམ་རྒྱལ་སྐུ་ན་ཤིན་ཏུ་ཆུང་བའི་སྐབས་སུ། གླིང་ཚང་རྒྱལ་པོ་ཕུན་ཚོགས་དགེ་ལེགས་རབ་བརྟན་ནམ་ཡིད་བཞིན་དབང་གི་རྒྱལ་པོའི་ཡང་སྲིད་དམ་པ་སྤྲུལ་སྐུ་ཐུབ་བསྟན་ཀུན་བཟང་རྡོ་རྗེ་མཆོག་གིས། ཡི་གེ་འབྲི་ཀློག་གི་བསྟི་གནས་སློབ་གྲྭ་ཞིག་ཀྱང་བཙུགས་ཏེ། དེ་ལ་ཕྱིས་སུ་མཁན་ཆེན་ཆོས་དགའ་འམ་བསྟན་འཛིན་འཇིགས་མེད་ཀྱིས་ཐོན་མིའི་རྒྱུད་འཛིན་གཞི་རིམ་སློབ་གྲྭ་ཞེས་མཚན་གསོལ། དེ་ལྟར་དགོན་པ་ཞིག་ལ་མེད་དུ་མི་རུང་ཞིང་ཡོད་ན་དེས་ཆོག་པའི་ཡིག་གྲྭ་དང་། བཤད་གྲྭ་དང་། སྒྲུབ་གྲྭ་སྟེ་གྲྭ་གསུམ་ཆར་ཚང་བའི་རྫོང་མགོ་དགོན་པ་ནི། སྐྱོན་བྲལ་པདྨ་དཀར་པོའི་ངང་ཚུལ་གྱིས་གླིང་གི་རྒྱལ་སའི་མཐིལ་དུ་མངོན་པར་བཞད་ཅིང་། གཏིང་མཐའ་ཡས་པའི་རྒྱ་མཚོ་ལྟར་ཇེ་རྒྱས་ཀྱི་ངང་ནས་ད་ལྟའི་བར་དུ་བསྟན་འགྲོའི་དཔལ་མགོན་དུ་བཞུགས་བཞིན་པ་ལགས་ན། འབྱུང་འགྱུར་ལོ་ཟླའི་འཁོར་སྐྱོད་ཀྱི་ཁྲོད་དུའང་མི་ནུབ་བསྐལ་བརྒྱར་གནས་པའི་རེ་སྨོན་ཡང་ནས་ཡང་དུ་ཞུས་པ་ཡིན་ནོ། །

གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ལས་དགོན་པ་ཆགས་ནས་དར་རྒྱས་བྱུང་ཚུལ་གྱི་སྐོར་ཏེ་གཉིས་པའོ། །

གསུམ་པ་དགོན་པའི་བསྟན་བདག་སྐུ་ཕྲེང་རིམ་བྱོན་གྱི་སྐོར་ནི།

བསྟན་བདག་སྐུ་ཕྲེང་དང་པོ་གླིང་གཏེར་པདྨ་གར་དབང་འགྲོ་འདུལ་རྩལ།

            ལྔ་བདོའི་འགྲོ་ལ་དུས་གསུམ་རྒྱལ་བ་ལས།།

            ཐུགས་རྗེ་ཆེས་ལྷག་པད་འབྱུང་ཡབ་ཡུམ་དང་།།

            ལྷ་ཡི་མེ་ཏོག་ཐུགས་རྗེ་གཅིག་བསྡུས་སྐུ།།

            པདྨ་འགྲོ་འདུལ་རྩལ་ལ་གསོལ་བ་འདེབས།།

            ཞེས་པ་འདི་ནི་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་གསུང་ཡིན་ནམ་སྙམ།

         དེ་ཡང་སློབ་དཔོན་སངས་རྒྱས་གཉིས་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་རྣམ་པ་དཀར་བ་དུས་ལ་བབ་སྟེ། ཁམས་ཁྲ་མོ་གླིང་གི་ཡུལ་དབུས་སུ་དགེ་སློང་ངུར་སྨྲིག་འཛིན་པའི་རྣམ་རོལ་ཏུ་བྱོན་པ་གླིང་ཚང་རྫོང་མགོ་དགོན་པའི་བསྟན་བདག་སྐུ་ཕྲེང་དང་པོ། འགྱུར་མེད་ལྷུན་འགྲུབ་བསྟན་འཛིན་རྡོ་རྗེའམ་གླིང་གཏེར་པདྨ་གར་དབང་འགྲོ་འདུལ་རྩལ་ཞེས་གྲགས་པ་གང་གི་རྣམ་པར་ཐར་པ་ཉུང་ངུས་ངག་གིས་ས་བཅད་བཅུ་གཉིས་སུ་ཕྱེ་སྟེ་བརྗོད་པ་ལ།

དང་པོ་རིགས་རུས་ཀྱི་ཆེ་བ་དང་ཡབ་ཡུམ་གང་ལས་སྐུ་ཇི་ལྟར་འཁྲུངས་པའི་སྐོར།

     དེ་ཡང་རླངས་ཀྱི་པོ་སྟི་བསེ་རུ་སོགས་ལས་སྲིད་པའི་ཡེ་སྨོན་རྒྱལ་པོ་ནས་རྒྱལ་རབས་ཕྲེང་ཆགས་སུ་བྱུང་བར་བཤད་ཅིང་། སྨུག་པོ་གདུང་གི་རིགས་བརྒྱུད་འཁྲུལ་མེད། གླིང་དཀར་པོའི་མངའ་བདག་ཆེན་པོ། གླིང་གི་རྒྱལ་རབས་ཞེ་བཞིར་པར་གྲགས་པའི་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ནས་བརྩིས་པའི་གླིང་གི་རྒྱལ་རབས་བཅུ་དྲུག་པ་སྟེ། དགྲ་ལྷ་རྩེ་རྒྱལ་གྱི་སྲས་ཨ་གཉེན་རྒྱལ་བ་སྐྱབས་དང་། དེའི་སྲས་བདག་པོ་ཨ་ཡག་འབུམ་རྒྱལ་དང་། དེའི་སྲས་རིན་ཆེན་རྡོ་རྗེ་དང་། དེའི་སྲས་ཁྲོམ་འཕེན་དང་། དེའི་སྲས་དགེ་འཕེན་རྟག་དར་དང་། དེའི་སྲས་སངས་རྒྱས་རྒྱལ་མཚན་དང་། དེའི་སྲས་སེང་གེ་རྒྱལ་མཚན་དང་། དེའི་སྲས་བསྟན་འཛིན་ཡེ་ཤེས་དང་། དེའི་སྲས་ཀར་མ་རྒྱལ་མཚན་དང་། དེའི་སྲས་ཚེ་རིང་བཀྲ་ཤིས་དང་། དེའི་སྲས་བསོད་ནམས་བཟང་པོ་དང་། དེའི་སྲས་མགོན་པོ་རིན་ཆེན་དང་། དེའི་སྲས་མགོན་པོ་ལྷུན་གྲུབ་དང་། དེའི་སྲས་རྡོ་རྗེ་བཟང་པོ་དང་། དེའི་སྲས་ཨོ་རྒྱན་ཚེ་རིང་ཞེས་བྱ་བ་གླིང་གི་རྒྱལ་སར་བཞུགས་སོ། །དེའི་ཡར་སྔོན་གྱི་བར་སྐབས་ཤིག་ནས་གླིང་གི་མངའ་ཐང་ཅུང་ཟད་བྲི་ཡང་། གཏེར་སྟོན་བདུད་འདུལ་རྡོ་རྗེ་དང་གླིང་རྗེ་མགོན་པོ་ལྷུན་གྲུབ་ཀྱི་ཐུགས་རྗེ་དང་བདག་རྐྱེན་ལ་བརྟེན་ནས། སླར་ཡང་གླིང་གི་རྒྱལ་སྲིད་མཐའ་རྒྱས་སུ་བྱུང་སྟེ། སྐབས་དེར་གླིང་གི་མངའ་ཐང་འབྱོར་པ་རྒྱས་ཤིང་རྒྱལ་སྲིད་ཆོས་བཞིན་སྐྱོང་བས་འབངས་འཁོར་ལ་བདེ་སྐྱིད་འཕེལ་བཞིན་མཆིས། གླིང་རྗེ་ཨོ་རྒྱན་ཚེ་རིང་གིས་ཧོར་དཀར་མཛེས་དཔོན་ཚང་ཁང་སར་ཚང་གི་སྲས་མོ་ནམ་མཁའ་སྒྲོལ་མ་ཞེས། བྱད་གཟུགས་མཛེས་ལ་གཤིས་རྒྱུད་འཇམ་པ། བསམ་པ་དཀར་ཞིང་ཆོས་ལ་དགའ་བ་སོགས་བུད་མེད་ཀྱི་མཚན་ཉིད་མ་ཚང་བ་མེད་པ་དེ་ཁབ་ཏུ་བཞེས་པ་ལ།

ཇི་སྐད་དུ།

            ལྔ་བདོའི་འགྲོ་ལ་དུས་གསུམ་རྒྱལ་བ་ལས། །

            ཐུགས་རྗེ་ཆེས་ལྷག་པད་འབྱུང་ཡབ་ཡུམ་དང་། །

            ལྷ་ཡི་མེ་ཏོག་ཐུགས་རྗེ་གཅིག་བསྡུས་སྐུ། །

            པདྨ་འགྲོ་འདུལ་རྩལ། ཞེས་དང་།


            གུ་རུ་རིན་པོ་ཆེའི་ཞལ་ནས།

            མ་འོངས་དུས་གྱི་ཐ་མ་ལ། །

            ཤེས་རབ་བློ་ལྡན་ཐུགས་ཀྱི་སྲས། །ཞེས་དང་།

གཏེར་ཆེན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས་ཀྱང་། །

            ཚེ་ལོ་ཉི་ཤུའི་མར་ཞབས་སུ༔

            ང་སྤྲུལ་པདྨ་འགྲོ་འདུལ་རྩལ༔

            གཏེར་རྣམས་ཀུན་ཀྱི་གཏེར་སྙིང་འབྱིན་པར་འབྱུང་༔

            ཞེས་བླ་མ་པདྨ་འབྱུང་གནས་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གམ་ཁྲི་སྲོང་ལྡེའུ་བཙན་གསུམ་གྱི་ཐུགས་རྗེ་གཅིག་བསྡུས་ཀྱི་སྤྲུལ་པའི་སྐུ་ཆེན་པོ་དང་། གུ་རུ་རིན་པོ་ཆེའི་ཐུགས་སྤྲུལ་དང་། གཏེར་ཆེན་བདུད་འདུལ་རྡོ་རྗེའི་རྣམ་སྤྲུལ་དུ་ཞལ་གྱིས་བཞེས་ཤིང་ལུང་བསྟན་པའི་རྒྱལ་སྲས་ཆེ་བ་རྗེ་བླ་མ་པད་མ་གར་དབང་འགྲོ་འདུལ་རྩལ་ཉིད་སྤྱི་ལོ་༡༧༨༥་དང་རབ་བྱུང་༡༣་པའི་ཤིང་མོ་སྦྲུལ་གྱི་ལོ་ལ་སྐུ་བལྟམས་ཏེ། མཚན་ལ་ཀུན་དགའ་བསོད་ནམས་ཞེས་གསོལ། གཞན་ཡང་རྒྱལ་སྲས་འབྲིང་བ་མགོན་པོ་དར་རྒྱས་དང་། དེ་འོག་སྲས་ཤིག་ཆུང་ངུའི་དུས་ནས་སྐུ་གཤེགས་ཤིང་། ཅུང་མགོན་པོ་དགྲ་འདུལ་ཏེ་སྐུ་མཆེད་བཞི་ཡོད་པར་གསུངས་སོ། །

གཉིས་པ་བྱིས་པ་གཞོན་ནུའི་དུས་ཀྱི་བསམ་སྤྱོད་བཟང་པོ་དང་ཞལ་གཟིགས་དག་སྣང་གི་སྐོར།

            རྗེ་བླ་མ་ཉིད་བྱིས་པ་བརྡ་འཕྲོད་ཙམ་ནས་བཟང་པོའི་བག་ཆགས་སད་པས་ཡི་གེ་འབྲི་ཀློག་སོགས་དཔེ་བརྡ་ཙམ་བསྟན་པས་མཁྱེན། གཞོན་ནུའི་རོལ་རྩེད་དུའང་ཤིང་སྒམ་དང་ས་འདམ་གྱིས་དགོན་པ་དང་འདུ་ཁང་དང་མགོན་ཁང་གི་རྣམ་པ་མང་པོ་བྱས་ཤིང་། དེའི་སྒོ་ཁྱམས་སུ་འཇིམ་པས་བཟོས་པའི་མི་གཟུགས་སྣ་ཚོགས་བཀྲམས་ཏེ། དུས་ཆེན་ཚེས་བཅུ་ཤར་དུས་གདངས་རོལ་ཕྱག་བཞེས་ཆ་ཚང་བཅས་ཏེ་ཚེས་བཅུའི་གར་འཆམ་བྱེད་ཚུལ་མཛད། དགུང་ལོ་བདུན་བརྒྱད་ནས་ཨོ་རྒྱན་རིན་པོ་ཆེ་དང་མཚོ་རྒྱལ་གྱིས་ཞལ་གཟིགས། ཚེ་སྒྲུབ་སྐོར་དང་། ཕུར་སྒྲུབ་ཇོ་མོ་ལུགས། གྲོ་ལོད་སྒྲུབས་ཐབས་སོགས་དག་སྣང་གི་ཆོས་ཚན་མང་པོ་བསྩལ། གཏེར་སྟོན་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་སྙིང་པོ་སོགས་ཀྱི་གཏེར་ཆོས་དབང་ལུང་རྣམས། རྫོང་མགོའི་གཏེར་སྟོན་པདྨ་དབང་ཕྱུག་གི་སྲས་རྒྱུད་བླ་མ་ཞིག་བཞུགས་པའི་མདུན་ནས་གསན་ཏེ། སྐུ་རྩེད་ཀྱི་ཚུལ་དུ་རྩ་གསུམ་སྒྲུབ་ཆེན་ཕྱག་བཞེས་ལྟར་བཙུགས། སྐྱ་སེར་གང་རིགས་གཉིས་གསུམ་རེ་ལ་བསྙེན་རྒྱུན་འདོན་དུ་བཅུག་ནས་བཞག་པ་སོགས། ཉིན་མཚན་སྦྲེལ་ཏེ་ཕྱག་ལེན་ཚད་ལྡན་གནང་སྐབས། དེར་ཡོད་པ་ཀུན་ཀྱི་མཐོང་སྣང་དུ། ཀ་པཱ་ལའི་ནང་གི་ཆང་མདོག་མཐིང་ལྗང་དུ་གྱུར་པ་དང་། སྒྲུབ་ཁང་ལས་སྤོས་སྨན་གྱི་དྲི་ངད་ལྡང་བ་སོགས་རྟགས་མཚན་ངོ་མཚར་ཅན་མང་པོ་བྱུང་ཡང་། བྱིས་པ་གཞོན་ནུའི་སྐུ་རྩེད་ཡིན་སྙམ་ནས་དག་སྣང་སྐྱེས་མཁན་ཉུང་འདུག་གོ །

གསུམ་པ་རེ་ཞིག་གླིང་གི་རྒྱལ་ས་བཟུང་བ་དང་དེའི་དུས་ཀྱི་ཞལ་གཟིགས་ལུང་བསྟན་གྱི་སྐོར།

            རྗེ་བླ་མ་ཁོང་ནི་གླིང་སྲས་ཆེ་ཤོས་ཡིན་སྟབས་ལོ་ངོ་ཁ་ཤས་ཀྱི་རིང་དུ་གླིང་གི་རྒྱལ་སྲིད་སྐྱོང་ཚུལ་མཛད་ཚེ། འདན་ཁོག་གི་དཔྱ་ཁྲལ་བསྡུ་སྐབས་ཤིག་ལ་ཀློང་ཐང་སྒྲོལ་མའི་ལྷ་ཁང་དུ་བྱོན། མཆོད་འབུལ་གསོལ་འདེབས་མཛད་པས་རྗེ་བཙུན་སྒྲོལ་མས་ཞལ་བསྟན། སྒྲུབ་ཐབས་དང་ལུང་བསྟན་གནང་། རྫ་རྒྱུད་དུ་བྱོན་དུས་མཛེས་ཆུ་ངོགས་དགོན་གྱི་བླ་མ་མཆོག་གྲུབ་མཚན་ཅན་གྱི་མདུན་ནས། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ཆེན་སོགས་གཏེར་རྙིང་མང་པོའི་དབང་ལུང་གསན། དེ་སྐབས་ཨོ་རྒྱན་རིན་པོ་ཆེས་ཞལ་གཟིགས་གནང་ཚེ་བཛྲ་གུ་རུའི་སྒྲ་ལྷང་ངེ་བ་ཞིག་བླ་མ་མཆོག་གྲུབ་ཀྱིས་ཀྱང་གསན། སྒྲུབ་ཚ་དགོན་དུ་དཔལ་སྤུངས་རྗེ་དབོན་ཀར་མའི་སྤྲུལ་སྐུས་ཀར་ལུགས་རྡོ་རྗེ་ཕག་མོའི་དབང་བསྐུར་ལ་ཉེ་བའི་ནུབ་མོར། གསེར་གྱི་རྡོ་རྗེ་རྭ་གཅིག་ལ་སྐྱོན་བྱུང་བ་རྙེད་པ་རྨིས་ཏེ། ཕྱི་ཉིན་རྗེ་འདི་ཉིད་དབང་ཞུར་ཕེབས་ཚེ་དེའི་ལྟས་སུ་ངོས་འཛིན་གནང་། གཏེར་ཆེན་བདུད་འདུལ་གླིང་པའི་སྲས་རྒྱུད་པད་མ་རྣམ་རྒྱལ་ཡབ་སྲས་གླིང་གི་རྒྱལ་ཁབ་ཏུ་གདན་དྲངས་ཏེ། ཟབ་པ་དང་རྒྱ་ཆེ་བའི་དབང་ལུང་སྨིན་གྲོལ་དུ་མནོས།  ཞབས་ཏོག་རྒྱ་ཆེར་བསྒྲུབས་སོ། །

བཞི་པ་འཁོར་བར་བློ་ལོག་སྟེ་དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་བཙུགས་པའི་སྐོར།

            དེའི་ཚེ་པད་མ་རྣམ་རྒྱལ་གྱི་ཞལ་ནས། འདུས་བྱས་སྤྱི་དང་། ཁྱད་པར་དུ་ཡུལ་སྡེའི་དཔོན་པོ་ལ་སྙིང་པོ་མེད། དབེན་གནས་ཤིག་ལ་སྒྲུབ་པ་བྱེད་ནུས་ན་རང་གཞན་གྱི་དོན་ཆེན་འགྲུབ་པ་ཞིག་འོང་། དབེན་གནས་ཀྱང་སྣ་བྲག་རྡོ་རྗེའི་རྫོང་དེ་སྔོན་གྱི་ལས་སྨོན་ཡོད་པའི་གནས་ཡིན་ཚུལ་སོགས་གསུངས། དེའི་རྐྱེན་གྱིས་འཁོར་བར་བློ་ལོག་སྟེ་སྐྱེས་ཆེན་དམ་པའི་རྣམ་ཐར་ངང་གིས་སད། གླིང་སྲས་མཆེད་ཟླ་རྣམས་ཀྱང་སྐུ་ན་འཕར་བས། རྗེ་ཉིད་ཀྱིས་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དོར་ནས། ཞབས་འབྲིང་གསུམ་ཙམ་དང་བཅས་ཏེ་ཀུ་སུ་ལུའི་སྤྱོད་པ་ཁོ་ནས། ཨོ་རྒྱན་ཆེན་པོའི་སྒྲུབ་གནས་སྣ་ཆེན་བྲག་དཀར་དབང་གི་སྒྲུབ་ཕུག་ཏུ་རི་དྭགས་རྨས་མ་བཞིན་དུ་བྲོས། དེར་རྡོ་རྩིག་གི་སྟེང་དུ་ཤིང་ཐག་བརྐྱངས་པར་རས་ཡོལ་གྱིས་བཀབ་ནས་བཞུགས་གནས་མཛད། སྐུ་འཁོར་གསུམ་ཙམ་དང་བཅས་ཏེ་རྩ་གསུམ་ཞི་ཁྲོ་མང་པོའི་བསྙེན་སྒྲུབ་ཁོ་ནར་བརྩོན་ཚེ་ཉམས་ལེན་དྲོད་རྟགས་འབར་ཏེ་སྒྲུབ་པའི་རྒྱལ་མཚན་བཙུགས་སོ། །

            སྣ་བྲག་རྡོ་རྗེའི་རྫོང་ཞེས་བྱ་བ་ནི། ཨོ་རྒྱན་རིན་པོ་ཆེས་ལྷ་སྲིན་སྡེ་བརྒྱད་དམ་འོག་ཏུ་བཅུག་སྐབས་སྲིན་པོ་དམ་སྲི་མ་རུངས་པ་ཞིག་བྲོས་ཏེ་སོང་འཕྲལ། ཨོ་རྒྱན་གྱིས་པད་མ་དབང་ཆེན་གྱི་སྐུར་བཞེངས་ནས་དབང་དུ་བསྡུས་པས། སྲིན་པོ་དམ་སྲི་སྣ་བྲག་ལ་གནས་སོང་ཚེ། དེ་མ་ཐག་ཕྱག་གི་རྡོ་རྗེ་འཕངས་ནས་བྲག་ལ་བརྒྱབས་པས་བྲག་ཟང་ཐལ་དུ་ཕུག  སྲིན་པོ་དམ་སྲི་བཏུལ་ནས་གནས་དེའི་རི་བྲག་ཀུན་ཏུ་ཆོས་དང་དམ་རྫས་མང་པོ་གཏེར་དུ་སྦས། དམ་ཅན་རྡོ་རྗེ་ལེགས་པ། བཙན་རྒོད་རོལ་པ་སྐྱ་བདུན། ཀླུ་དང་སྲིན་པོ་དམ་ཚིག་ལ་གནས་པ་རྣམས་ལ་གཉེར་དུ་གཏད་པའི་གནས་ཉིད་དེ། གཏེར་ཆེན་ལས་རབ་གླིང་པའི་ཚེ་སྒྲུབ་ཡང་ཟབ་ཡིད་བཞིན་ནོར་བུའི་ལས་བྱང་རྡོ་རྗེའི་ཕྲེང་བའི་མཛད་བྱང་སོགས་གཏེར་ཆོས་ཀྱི་མཛད་བྱང་དག་ལས། རྒྱ་སྟོད་སྣ་བྲག་དཀར་ཞེས་ཡང་ཡང་བྱུང་བ་དང་། གླིང་ཚང་ཆོས་རྒྱལ་དབང་ཆེན་བསྟན་འཛིན་ཀྱི་རང་རྣམ་ལས་ཀྱང་། ཤིང་འབྲུག་གསར་ཚེས་ཀྱི་ལོར་མི་ཕམ་ཆོས་རྗེ་རྒྱ་བྲག་ཏུ་རྗེ་དྲུང་རིན་པོ་ཆེའི་གཟིམ་སྤྱིལ་གསར་བསྐྲུན་དུ་ཕེབས་ཤིང་། ཞེས་དང་། གཏེར་སྟོན་བསོད་རྒྱལ་ཆེད་ཕེབས་གནང་ཐོག རྒྱ་སྟོད་པདྨ་ཤེལ་ཕུག་ནས་ཚེ་སྒྲུབ་ཡང་ཟབ་ཡིད་བཞིན་ནོར་བུ་ཚེ་རྫས་དང་བཅས་པ་ཟབ་གཏེར་དུ་བཞེས་ནས། ཞེས་གསུངས་པ་ལྟར། ད་ལྟ་རྒྱ་སྟོད་གནས་ནང་ན་བྲག་དམིག་བུ་དང་བཅས་ཏེ་མཇལ་དུ་ཡོད་པའི་གནས་མཆོག་ཉམས་དགའ་བ་དེ་ཉིད་ཡིན་ནོ། །

ལྔ་པ་གསང་ཡུམ་དང་གཏེར་ཆོས་ཆ་ཚང་བཞེས་པར་རྟེན་འབྲེལ་འཕྱུགས་པའི་སྐོར།

            རྒྱ་སྟོད་སྣ་བྲག་རྡོ་རྗེ་རྫོང་དུ་པད་མ་དྲག་པོ་ཡཀྴ་མེ་དབལ་གྱི་སྐོར་སོགས་དག་སྣང་གི་ཆོས་སྡེ་འགའ་ཞིག་གཏན་ལ་ཕབ་ཅིང་། ལྷོ་བྲག་གཏེར་སྐལ་གཏེར་སྲུང་དགེ་བསྙེན་ཁ་རིས་བཱི་མ་མི་ཏྲའི་སྒྲུབ་སྐོར་ཁྱེར་ཏེ་དངོས་སུ་ཕུལ་བ་དང་། རྒྱ་ནག་རི་བོ་རྩེ་ལྔར་བཱི་མ་ལ་དངོས་སུ་མཇལ་ནས་དབང་བསྐུར་བྱིན་གྱིས་བརླབས་པའི་དག་སྣང་ཤར། སྒྲུབ་ཐབས་ཉུང་ངུ་དང་དུས་བབ་ལུང་བསྟན་གནང་། ཨོ་རྒྱན་རིན་པོ་ཆེས་ཆོས་དང་དམ་རྫས་མང་པོ་སྣ་བྲག་རྡོ་རྗེའི་རྫོང་ལ་གཏེར་དུ་སྦས་ཤིང་དམ་ཚིག་ལ་གནས་པའི་སྲུང་མ་དག་ལ་གཉེར་དུ་བཏད་པ་རྣམས། སྔོན་གྱི་གཏེར་སྟོན་འགའ་ཞིག་གིས་རང་སྐལ་ལས་སྨོན་བཞིན་གདན་དྲངས་པ་དང་། རྗེ་འདི་ཉིད་ལའང་བཀའ་བབ་ཡོད་པ་རྣམས་གཏེར་ནས་བཞེས་རྒྱུ་ཡོད་ཀྱང་། གཏེར་བདག་གསང་ཡུམ་ལུང་བསྟན་དང་མཐུན་པ་ནི་རྟེན་འབྲེལ་འཕྱུགས་ཏེ་སྐུ་ཞི་བར་གཟིམས། འབྲིང་སྨད་ཙམ་གྱི་མཚན་ཉིད་ཅན་གྱི་ཕྱག་རྒྱ་བཞེས་ཀྱང་རྟེན་འབྲེལ་གྱི་གནད་འགགས། འོན་ཀྱང་དངོས་དང་ཉམས་སྣང་འདྲེས་སྐབས། གཏེར་སྲུང་རྣམས་ཀྱིས་ནོར་བདག་པོ་ལ་སྤྲོད་པ་བཞིན། གཏེར་སྒྲོམ་ཤེལ་གྱི་མཆོད་རྟེན་དུ་ཤོག་སེར་ཡོད་པ་ཕུལ་བ་སོགས། སྙན་བརྒྱུད་ཤོག་སེར་དང་གཏེར་རྫས་འགའ་ཞིག་དངོས་སུ་མཇལ་རྒྱུ་ཡོད་དོ། །ཁོང་གི་གཏེར་ཆོས་ཀུན་དག་པའི་སྣང་བར་ཨོ་རྒྱན་རིན་པོ་ཆེ་དངོས་སུ་མཇལ་ནས་དབང་བསྐུར་བྱིན་གྱིས་བརླབས་ཤིང་། བརྡ་ཚིག་རང་གྲོལ་དུ་བཀའ་བབ་པའི་ཟབ་ཆོས་ཡིན་ཕྱིར་དག་སྣང་གི་ཆོས་སྡེར་གཏོགས་པ་འབའ་ཞིག་ཡིན་པས། དད་འདུན་ཅན་གྱིས་ཉམས་སུ་བླངས་ན་ལེགས་པའི་མཚན་ལྟས་མཐོང་ཆོས་ཅན། དུས་བབ་ཀྱི་ཆོས་བྱིན་རླབས་དྲོད་རྟགས་མྱུར་བ་ཐེ་ཚོམ་མི་དགོས་ཀྱང་། རྟེན་འབྲེལ་གྱི་གནད་འགག་ཅིག་འཆུག་ཅིང་། ནག་ཕྱོགས་ཁ་རྒྱལ་བའི་སྟོབས་ཀྱིས། སྙིང་ནས་དད་པའི་བློ་བརྟན་པོ་ཅན་དཀའ་བས། རྩོད་མེད་ཀྱི་ཆོས་རྣམས་མ་གཏོགས་གཏེར་གསར་སྤེལ་བའི་སྣོད་ལྡན་འབྱུང་དཀའ་བར་དགོངས་ནས། ཆོས་ཚན་སྣ་ཚོགས་པའི་ལེའུའི་ཁ་བྱང་ཞིབ་རྒྱས་ཆ་ལག་མ་ཚང་བ་འཕྲོ་ལུས་པ་ལྟར་མཛད། ཁོང་གི་ཞལ་ནས། དེང་སང་ཆོས་དང་ཆོས་མིན་དབྱེ་དཀའ་བ་དང་། ཡུལ་གྲུ་རེ་ལ་གཏེར་སྟོན་འདྲ་བ་རེ་འབྱུང་ཕྱིར་སེམས་ཅན་ལས་ངན་དབང་ཆེ་སྟབས་གཏེར་རྙིང་ཚད་ལྡན་སྤེལ་ཐུབ་ན་ལེགས་ཞེས་ཡང་ཡང་གསུངས་སོ། །

དྲུག་པ་སྣ་བྲག་ཏུ་སྒྲུབ་གྲྭ་དང་རྫོང་བྲག་ཏུ་དགོན་པ་བཞེངས་ཏེ་གདུལ་བྱ་ཕྲིན་ལས་རྒྱས་པའི་སྐོར།

            སྣ་བྲག་ལ་བཞུགས་ནས་ལོ་གཅིག་ཟིན་ཙམ་ལ་རྫོགས་ཆེན་དགོན་དུ་བླ་མ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་གདན་དྲངས། དབང་ལུང་ཕར་གསན་པ་དང་ཚུར་ལའང་གཏེར་རྙིང་མང་པོ་གསན། དེ་སྐབས་ཙམ་ནས་སྣ་བྲག་ཏུ་སྒྲུབ་ཁང་ཆུང་ངུ་ཞིག་བཞེངས། སྐུ་འཁོར་ཉི་ཤུའི་སྐོར་གྱིས་གཏེར་ཆེན་རཏྣ་གླིང་པའི་གཏེར་བྱོན་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྒྲུབ་ཆེན་སྨན་སྒྲུབ་དང་སྦྲེལ་བ་ཞག་བདུན་ཕྲག་རེ་བཙུགས། གཞན་ཡང་དུས་ངན་བཟློག་རིམ་བླ་མ་མཁའ་འགྲོའི་ལུང་བསྟན་ལྟར་བརྩོན་པ་མཛད་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐབས་བསྒྲུབས། དེ་ལྟར་ཟབ་མོ་གཏེར་གྱི་བཀའ་བབས་ནས་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་ཚེ། པད་མའི་མཚོ་ལ་ངང་པ་འདུ་བ་བཞིན་ཕྱོགས་བྲལ་གྱི་སྐྱེས་ཆེན་མང་པོ་དང་། ཁྱད་པར་རྗེ་བླ་མ་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་སྤྱི་བོར་བཀུར་ཞིང་དབང་ཆོས་དཔག་ཏུ་མེད་པ་ཞུས་པའི་རྩ་བའི་བླ་མར་བཟུང་། སྣ་བྲག་གནས་དེར་ཡུན་རིང་བཞུགས་ཤིང་གདུལ་བྱ་སྨིན་གྲོལ་ལ་བཀོད་པའི་ཕྲིན་ལས་རྒྱས་ཚེ། རྫོང་མགོ་གཏེར་སྟོན་པད་མ་དབང་ཕྱུག་གིས་གནས་གཞི་ཕུལ་བ་ལ་གཞི་བཅས་ནས་བཞུགས་ཤིང་། སླར་བྱང་ཆུབ་སེམས་ཀྱིས་གདུལ་བྱ་རང་ཤུགས་ལ་འདུ་བའི་འགྲོ་དོན་མ་འབད་ལྷུན་གྱིས་གྲུབ་པའི་དབང་གིས་ཟང་ཟིང་གི་འབྱོར་པ་རྒྱས་པས། བཀའ་བརྒྱད་བདེ་གཤེགས་འདུས་པའི་གཏོར་བཟློག་དང་། སྒྲུབ་མཆོད་ལ་སྨན་སྒྲུབ་སྦྲེལ་བ་སོགས་ལོ་རེ་རེ་བཞིན་དུ་དུས་མཆོད་ཟབ་རྒྱས་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ལྟར་བཙུགས། སྐྱེས་རབས་དཔག་བསམ་འཁྲི་ཤིང་སོགས་རྒྱུ་བཟང་སྤུས་ལེགས་ཀྱི་ཞལ་ཐང་སྣ་ཚོགས་ཉིས་བརྒྱ་ལྷག་ཙམ་དང་། བཀའ་འགྱུར་བསྟན་འགྱུར་དང་བཀའ་གཏེར་གསར་རྙིང་གི་པུསྟི་སྟོང་ཕྲག་ཙམ་དང་། གསེར་སྐུ་མང་པོ་སོགས་རྟེན་ཤིན་ཏུ་ངོ་མཚར་ཆེ་བ་བཞེངས་སོ། །

བདུན་པ་ཕྱོགས་སུ་ཕེབས་ནས་དབང་ལུང་མང་དུ་མནོས་ཤིང་མཆོད་སྦྱིན་རྒྱ་ཆེར་མཛད་པའི་སྐོར།

            དེ་ནས་ལྷ་ལྡན་གནས་མཇལ་དུ་ཕེབས་ནས་དབུས་གཙང་གི་གྲུབ་མཐའ་རིས་མེད་སོགས་ཐམས་ཅད་ལ་བཀུར་སྟི་འབུལ་ནོད་རྒྱ་གང་ཆེ་བསྒྲུབས། རྡོར་བྲག་དང་། སྨིན་གླིང་དང་། འབྲི་གུང་འབྲོག་ཕྱོགས་སོགས་སྟོད་ཀྱི་བླ་མ་རྣམས་དང་། རྒྱ་རོང་ནམ་མཁའི་མཚན་ཅན་དང་། ཁམས་རྫོགས་ཆེན་སྤྲུལ་པའི་སྐུ་བཞི་པ་དང་། ཞེ་ཆེན་སྤྲུལ་སྐུ་རྣམས་དང་། ཤར་ཀཿཐོག་རྡོ་རྗེའི་གདན་དུ་གདན་འདྲེན་གནང་སྐབས་སོགས་སུ། དགེ་རྩེ་སྤྲུལ་པའི་སྐུ་རིན་པོ་ཆེ་དང་། རྨོག་ཚ་སྤྲུལ་པའི་སྐུ་དང་། དཔལ་ཡུལ་དགོན་དུ་བྱོན་སྐབས། དཔལ་ཡུལ་སྤྲུལ་པའི་སྐུ་སོགས་ཡོངས་གྲགས་ཀྱི་བླ་མ་རྣམས་དང་། གཞན་ཡང་བླ་མ་དབང་ལུང་གསན་རྒྱ་ཅན་གང་བཞུགས་མཆོག་དམན་མང་པོ་ལས། གསང་སྔགས་རྙིང་མ་བཀའ་གཏེར་ཡོངས་གྲགས་ཀྱི་དབང་ལུང་དང་། གསར་མ་ཤིན་ཏུ་མང་པོའི་དབང་ལུང་དང་། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བཀླགས་ལུང་སོགས་གསན་བཞེས་མཛད་པ་དང་། ཕར་ལའང་གནང་སྟེ་བསྟན་པ་མི་ནུབ་པའི་བཙས་རྒྱ་ཆེར་བསྒྲུབས་པས། བླ་མ་དམ་པ་རྣམས་དང་། གྲུབ་མཐའ་རིས་མེད་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཚད་མར་འཛིན་ཅིང་བླ་མར་བཀུར། ཐར་རྩེ་བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན་སོགས་ས་སྐྱའི་བླ་མ་མང་པོ་དང་། ཀརྨ་པ་ཐེག་མཆོག་རྡོ་རྗེ་སོགས་བཀའ་བརྒྱུད་ཡབ་སྲས་ཀྱི་མདུན་ནས་དབང་ཆོས་ཟབ་མོ་གསན་ཅིང་། འབུལ་བ་ཞབས་ཏོག་རྒྱ་ཆེར་བསྒྲུབས་པ་སོགས་ཟང་ཟིང་ཆུད་ཟོས་མེད་པའི་དཀོན་མཆོག་གསུམ་མཆོད་པ་ལ་བརྩོན། སློབ་མའི་ཚོགས་ཤིན་ཏུ་མང་པོ་ལ་དབང་ཆོས་བསྩལ། ཁམས་དབུས་ཕྱོགས་མཐའ་ཀུན་ཀྱི་སྐྱེ་འགྲོ་མང་པོ་ལ་ཆོས་འབྲེལ་གནང་ངོ་། །

བརྒྱད་པ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་བོད་ཁམས་ཕལ་ཆེར་བདེ་ལ་བཀོད་པའི་སྐོར།

ཇི་སྐད་དུ།

            ཨ་ཡིག་དཀར་པོས་རྟེན་འབྲེལ་མ་འཕྱུགས་ན། །

            ཧྲཱི་ཡིག་དམར་པོས་འཛམ་གླིང་སུམ་གཉིས་ཁྱབ། །ཅེས་ལུང་བསྟན་པ་ལྟར།

            སྐབས་ཤིག་ལ་རྗེ་བླ་མ་ཞབས་འབྲིང་བཅས་གེར་ཐོག་དཔོན་ཚང་གི་ཟུར་དུ་བྱོན་སྐབས། ན་ཆུང་མ་ཞིག་གིས་དར་དཀར་པོ་སྲབ་ཀྱི་ཁ་ལུང་ལ་བརྒྱན་ཏེ་བླ་མའི་རྟ་ཁ་ལེན་གྲབས་བྱས་ཀྱང་། གྲྭ་པ་རྣམ་རྟོག་རྒོད་པོ་ཅན་ཞིག་གིས་བུད་མེད་ཀྱིས་རྟ་ཁ་ལེན་མི་རུང་ཞེས་ལེན་དུ་མ་བཅུག དེ་ནས་བུ་མོ་དེས་རྟེན་འབྲེལ་འཕྱུགས་སོང་གསུངས་ནས། དཀྱིལ་སྙིང་དུ་ཧྲཱི་ཡིག་ཅན་གྱི་ཐམ་ག་ཞིག་དང་། གསེར་མགུར་རྡོ་རྗེ་ཕ་ལམ་གྱི་ཕྲ་ཅན་ཞིག་དང་། མོ་རང་གི་དབུ་སྐྲ་ཉག་མ་བཅོ་བརྒྱད་རྗེ་བླ་མར་ཕུལ་ཏེ། དེའི་དགོང་མོར་ཞིང་དུ་གཤེགས་སོང་བའི་ངག་རྒྱུན་གྱི་ལོ་རྒྱུས་འདུག་པས། རྗེ་བླ་མས་གཏེར་བདག་གསང་ཡུམ་ལུང་བསྟན་དང་མཐུན་པ་དེ་བཞེས་རྒྱུ་བྱུང་ན་འགྲོ་དོན་ཤིན་ཏུ་རྒྱས་པར་ངེས་ཀྱང་། དེ་ནི་རྟེན་འབྲེལ་འཕྱུགས་ཏེ་སྐུ་ཞི་བར་གཤེགས། དེ་ནས་འབྲིང་སྨད་ཙམ་གྱི་མཚན་ཉིད་ཅན་གྱི་ཕྱག་རྒྱ་མ་ཞིག་བཞེས་ཀྱང་དེ་ཡང་རྟེན་འབྲེལ་གྱི་གནད་འགགས་པས། ཕྱིས་སུ་ཨོ་རྒྱན་སྨིན་གྲོལ་གླིང་པའི་མཁན་པོ་ཞིག་གི་མདུན་ནས་བསྙེན་རྫོགས་ཀྱི་བསླབ་པ་ཚུལ་བཞིན་མནོས་ཏེ། མཚན་ལ་འགྱུར་མེད་ལྷུན་འགྲུབ་བསྟན་འཛིན་རྡོ་རྗེར་གསོལ། གསང་ཆེན་རྙིང་མའི་བཀའ་དགོངས་ཕུར་གསུམ་དང་། བླ་རྫོགས་ཐུགས་གསུམ་སོགས་བཀའ་གཏེར་ཕལ་མོ་ཆེར་འཛིན་སྤེལ་འཆད་གསུམ་མཛད་པའི་མཚན་སྙན་རྒྱ་བོད་ཀུན་ཏུ་ཁྱབ་ཅིང་། ཨོ་རྒྱན་ཆེན་པོས། དུས་ངན་སྙིགས་མའི་སེམས་ཅན་སྐྱབས་མེད་པ་རྣམས་འདུལ་བའི་དོན་དུ་སྤྲུལ་པའི་སྒྱུ་འཕྲུལ་བསྟན་ནས། བོད་ཁམས་ཉི་ཞུར་ཙམ་ཞིག་བདེ་སྐབས་འབྱུང་བར་ལུང་བསྟན་པ་ལྟར། སྐྱབས་རྗེ་འདི་ཉིད་སྐུ་འཁྲུངས་ནས་ཞིང་ཁམས་མ་གཤེགས་བར་དུ་བོད་ཁམས་ཕལ་ཆེར་བདེ་ཐབས་ཀྱིས་འགྲོ་དོན་མཛད་པ་བཞིན་དུ་གྲུབ་སོང་ངོ་། །

དགུ་པ་རེ་ཞིག་འགྲོ་དོན་རྫོགས་པའི་ཚུལ་མཛད་པ་ལ་མངོན་དུ་ཕྱོགས་པའི་སྐོར།

            སངས་རྒྱས་དང་བྱང་ཆུབ་སེམས་དཔས་སྤྱོད་པ་རླབས་ཆེན་མཛད་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་རེ་ཞིག་འགྲོ་དོན་རྫོགས་པའི་ཚུལ་བསྟན་པ་ལྟར། རྗེ་བླ་མ་ཉིད་ཀྱིས་ཀྱང་། སྤྱིར་མ་འོངས་པར་བསྟན་པའི་རྒྱུན་ཡུན་རིང་མི་ནུབ་པའི་ཆེད་དུ་ཟང་ཟིང་རྒྱུ་ནོར་མི་ཉུང་བ་དང་བཅས། བཀའ་བརྒྱད་སྒྲུབ་ཆེན་སོགས། དུས་མཆོད་ཕྱག་བཞེས་ཚད་ཐུབ་ཅན་འགའ་ཞིག་ཇི་སྲིད་ནམ་གནས་ཀྱི་བར་དུ་བསྟན་འགྲོ་སྤྱི་དང་སྒོས་ཀྱི་དཔལ་དུ་བསྒྲུབས་ཤིང་། ཁྱད་པར་དུ་སྐབས་ཤིག་ལ་ཡུལ་ཁམས་ཀྱི་སྐྱེ་བོ་དང་བན་གཟུགས་དམུ་རྒོད་འགའ་སེམས་རྒྱུད་བདུད་ཀྱིས་བསླུས་ནས་ཡུལ་ཁམས་འཁྲུག་རྐྱེན་བསླངས། གླིང་གི་གདུང་རིགས་ལ་སྨད་དེ་ཐུགས་སུན་མང་པོ་བཏང་བ་སོགས་ཀྱི་རྐྱེན་གྱིས། ཡུན་རིང་མི་བཞུགས་པའི་གསུང་སྒྲོས་མཛད་ཅིང་། དུས་མཆོད་རྣམས་ཀྱི་སྒྲིག་ལམ་ཀུན་སྤྱོད་དང་། ཕྱག་དཔེ་ཡོད་རིགས་ལ་དོ་ཚགས་མཛད་པ་སོགས་མ་འོངས་པའི་རྟེན་འབྲེལ་རང་ཤུགས་ཀྱིས་བསྒྲིགས་པར་མཛད་ཀྱང་། དུས་ངན་གྱི་སེམས་ཅན་བསོད་ནམས་དམན་སྟབས་ཅི་ཡང་མི་ཤེས་པ་དང་ཉོན་མོངས་པ་སོགས་ཀྱི་གཞན་དབང་ཁོ་ནས་དུས་འདས་སོ། །

བཅུ་པ་ཐུགས་རྗེ་ཆེན་པོ་བདག་གིར་མཛད་ནས་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་སྐོར།

            རྗེ་བླ་མའི་དངོས་སློབ་ལྕང་སྐྱ་སྐུ་ཕྲེང་བཞི་པ་ཡེ་ཤེས་བསྟན་པའི་རྒྱལ་མཚན་རྒྱ་ནག་ཏུ་ཕེབས་སྐབས། རྒྱ་ནག་གོང་མའི་རྒྱལ་སྲས་ཤིག་ནད་ཀྱིས་མནར་ཏེ་སྨད་དཔྱད་རིམ་གྲོ་གང་གིས་ཀྱང་ཕན་ཐོགས་མེད་པར་གྱུར་པ་དང་ཁེལ། ལྕང་སྐྱ་ལ་སྐྱབས་འཇུག་ཞུས་པས། ལྕང་སྐྱའི་ཞལ་ནས། བདག་ལ་བླ་མའི་དག་སྣང་གི་ཆོས་ཚན་དབང་ལུང་ཆ་ཚང་ཡོད་པ་རྒྱུན་དུ་ཁ་ཏོན་བྱེད་རྒྱུ་ཞིག་ཡོད་པས། དེས་རིམ་གྲོ་ཞིག་བྱ་གསུངས་ནས་རྗེ་བླ་མའི་དག་སྣང་གི་ཕུར་པ་དང་ཚེ་སྒྲུབ་སྦྲེལ་ཏེ་ཚེ་ཕུར་ཁ་སྤྲོད་གྱི་སྒྲུབ་པ་ཞིག་མཛད་པས། གོང་མའི་སྲས་ནད་ལས་གྲོལ། དེ་ནས་རྒྱ་ནག་གོང་མས་རྗེ་བླ་མའི་ལོ་རྒྱུས་དྲིས་པས་ལྕང་སྐྱས་ལོ་རྒྱུས་ཆ་ཚང་གསུངས་པ་ན། གོང་མས་ལྕང་སྐྱ་ལ་རྗེ་བླ་མ་རྒྱ་ནག་ཏུ་བྱོན་དགོས་ཚུལ་གྱི་གདན་འདྲེན་ཞུ་ཡིག་དང་། ཡིག་རྟེན་དུ་ད་ལྟ་རང་དགོན་ན་ཡོད་པའི་རྒྱ་ནག་ཁྲི་ཆས་ཟེར་བའི་དར་ཟབ་རྙིང་པའི་ཁྲི་ཆས་རིན་ཐང་གཞལ་དུ་མེད་པ་དེ་བསྐུར། ད་དུང་རང་དགོན་ན་ལྕང་སྐྱ་ཁྲི་ཆས་ཟེར་བའི་ཁྲི་ཆས་ནོམས་ཆེན་ཞིག་ཡོད་པ་དེ་ཡང་སྐབས་དེ་ཙམ་ནས་ལྕང་སྐྱས་རྗེ་བླ་མར་ཕུལ་བ་ཡིན་ནམ་སྙམ། རྗེ་བླ་མ་རྒྱ་ནག་ཏུ་ཕེབས་རྒྱུ་མ་བྱུང་བས། སླར་ཡང་རྒྱ་ནག་གོང་མས་རྗེ་བླ་མ་གདན་འདྲེན་ཞུ་བའི་བཀའ་ཡིག་ཅིག་བསྐུར་བ་དེ་སྡེ་དགེ་རྒྱལ་པོའི་ཕྱག་ཏུ་འབྱོར། སྐབས་དེར་སྡེ་དགེ་དང་གླིང་ཚང་གཉིས་ཆེར་མི་མཐུན་སྟབས། སྡེ་དགེ་རྒྱལ་པོས་ཕྲག་དོག་གི་དབང་གིས། ཨ་མདོ་རེབ་ཀོང་དགོན་ནས་སྔགས་པ་མཐུ་ཅན་ཞིག་བོས་ཏེ། ཁྱོད་ཀྱིས་གླིང་རྗེ་བླ་མ་དགྲོང་ཐུབ་ན་བྱ་དགའ་གྱ་ནོམས་པ་ཞིག་སྦྱིན། གལ་ཏེ་མ་ཐུབ་ན་ཁྱོད་རང་གི་སྐེ་གཅད་རྒྱུ་ཡིན་ཞེས་བཀའ་ཕབ། སྔགས་པས་མཐུ་བསྒྲུབས་ཏེ་སྦྱིན་སྲེག་བྱས་ཚེ། དགང་གཟར་དང་བླུག་གཟར་གྱི་ཁར་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་ཞིག་ཁྲ་ལམ་མེར་ཤར་ནས་མཐུའི་ནུས་པ་མ་ཐོན། དེ་ནས་སྔགས་པས་སྡེ་དགེ་རྒྱལ་པོ་ལ། གླིང་གི་བླ་མ་དེ་ནི་གུ་རུའི་སྐུ་དངོས་སུ་འདུག་པས་ཅིས་ཀྱང་དགྲོང་དུ་མི་འཇུག་རོགས། གལ་ཏེ་ངེས་པར་དུ་དགྲོང་དགོས་ན་བླ་མའི་མདུན་དུ་རྒྱུ་ནོར་རྩ་ཆེན་ཞིག་འགྲོ་དགོས་འདུག་ཞུས་པ་ན། ལི་ཏིར་ཡག་པོ་ཞིག་གི་ནང་དུ་ཡིག་འཕྲིན་བཅུག་པ་སྐྱེལ་བའི་ཕོ་ཉ་བཏང་། དེ་སྐབས་རྗེ་བླ་མས་ལོ་ཤས་ནས་བསྙུང་བའི་ཚུལ་བཟུང་ཡོད་ཅིང་། ཉིན་དེར་ཞབས་འབྲིང་གི་གྲྭ་པ་ལ། ཁྱོད་ཀྱིས་དེ་རིང་ཉིན་གཅིག་གི་རིང་དུ་མི་སུ་ཡང་བླ་བྲང་གི་ནང་ལ་མ་མངག   རྒྱུ་ནོར་ཁབ་རྩེ་ཙམ་ཡང་མ་ལེན་གསུངས་པ་ལྟར་གྲྭ་པས་ཀྱང་ལགས་སོ་ཞུས། ཉིན་དེའི་དགོང་ཁར་སླེབས་ཙ་ན། སྐྲ་མཚམས་ནས་རྔུལ་ཆུ་ཕྲོམ་ཕྲོམ་བྱེད་པའི་མི་ཞིག་དབུགས་ཧལ་བཞིན་དགོན་ནང་དུ་བྱུང་སྟེ། ངའི་ཤ་ཉེ་དེ་རིང་ཚེ་ལས་འདས་སོང་བས་རྗེ་བླ་མ་ལ་སྔོ་རྟེན་ཞིག་ཁུར་འོངས་པ་ཡིན་ཟེར་ཏེ། ལི་ཏིར་དེ་བླངས་བྱུང་བས། གྲྭ་པའི་སེམས་སུ་ད་ནི་དེ་རིང་གི་ཉི་མ་བཞུད་སོང་། ལི་ཏིར་འདི་རྗེ་བླ་མར་གསོལ་ཇ་འདྲེན་བྱེད་ཧ་ཅང་ཡག་པོ་འདུག་བསམས་ནས། བླ་མའི་མདུན་དུ་ཕུལ་བས། བླ་མའི་ཞལ་ནས། ཨ་ཁ་ཁ་ཁྱོད་ངའི་ཁ་ལ་མི་ཉན། ད་ནི་ང་ཡུན་རིང་གསོན་པའི་སྐལ་བ་ཡོད་རྒྱུ་མ་རེད་གསུངས་ནས། ལི་ཏིར་ནང་ནས་སྔགས་པས་བྲིས་པའི་ཡི་གེ་བླངས་ཏེ་གཟིགས་པས། ཡི་གེའི་ནང་དོན་ནི། ངེད་གཉིས་ཀྱི་བར་དུ་མི་མཐུན་པ་གང་ཡང་མེད་མོད། སྡེ་དགེ་རྒྱལ་པོས་ང་ལ་ཁྱེད་དགྲོང་མ་ཐུབ་ན་ངའི་སྐེ་གཅད་རྒྱུ་ཡིན་ཟེར་བའི་བཀའ་ཕབ་སོང་བས། སྙིང་རྗེ་ཞིག་བསྒོམས་ཏེ་ཁྱེད་ཞིང་དུ་ཕེབས་རོགས་ཞེས་བྲིས་ཡོད། དེ་ནས་ཉིན་ཞིག་ལ་རྗེ་བླ་མས་དགོན་ནང་གི་བླ་གྲྭ་འཁོར་ཚོགས་མདུན་དུ་བོས་ནས། ད་ནི་ང་རང་ཡུན་རིང་མི་ཐོགས་ཤི་རྒྱུ་རེད། ང་ཤི་ཚར་དུས་རོའི་སྐེ་ལ་ཐག་པ་བཏགས་ནས་དགོན་པའི་ཉེ་འཁོར་ཀུན་ཏུ་དྲུད་དྲུད་པའི་མཐར། དགོན་པའི་ཤར་ལམ་རྒྱུད་ཀྱི་རི་ཉག་མ་ཎི་ཉག་ཏུ་མགོ་ཐུར་དུ་གཏད་དེ་སྦས། སྟེང་དུ་དྲག་པོའི་མཆོད་རྟེན་ཞིག་བཞེངས་དང་། སྔགས་པའི་རོ་མཐུས་སྡེ་དགེའི་རྒྱལ་རབས་ཉམས་རྒུད་དུ་འགྲོ་ཞིང་རྫོང་མགོ་དགོན་གྱི་བསྟན་པ་དབྱར་མཚོ་ལྟར་རྒྱས་པར་འགྱུར་ཚུལ་དང་། སྐྱེ་བ་རྗེས་མར་མཐུ་དང་གནོད་པ་གང་གིས་ཀྱང་མི་ཚུགས་པའི་སྔགས་རྒྱུད་ཅིག་ཏུ་སྐྱེ་བ་འཛིན་ཚུལ་སོགས་གསུངས་ཏེ། ཆུ་ཕོ་སྟག་གི་ལོ་གསར་ཚེས་ནས་བཟུང་བྱད་རྦོད་ཀྱི་གནོད་པ་ལྟར་བསྙུང་བབ་ཇེ་ཐུ་ལ་སོང་། སྐུ་རིམ་སྨན་དཔྱད་བརྩོན་བཞིན་མ་བཟློག་པར་དགུང་གྲངས་ལྔ་བཅུ་ང་བརྒྱད་ཟིན་ཙམ་སྟག་ལོ་ཧོར་ཟླ་༣་པའི་ཚེས་༩་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ། ཕྱིས་སུ་ཞབས་འབྲིང་དང་སློབ་མ་དག་གིས་རྗེ་བླ་མའི་ཞལ་བཀོད་ལྟར་བྱེད་མ་སྤོབས་ཀྱང་། ཁྱོག་གི་སྟེང་དུ་སྐུ་གདུང་བཞག་སྟེ་དགོན་པ་བསྐོར་བ་བརྒྱབས་ནས་ཁུར། མ་ཎི་ཉག་ཏུའང་མཆོད་རྟེན་ཞིག་བཞེངས། སྐུ་གདུང་ཞུགས་འབུལ་བྱས་ཏེ་དབུ་ཐོད་ནང་རྟེན་དུ་བཞུགས་པའི་གསེར་གདུང་མཆོད་རྟེན་བཞེངས་ཏེ་གཙུག་ཁང་གི་ནང་དུ་བཞུགས་སུ་གསོལ་ཏོ། །

བཅུ་གཅིག་པ་ཟབ་མོ་གཏེར་གྱི་བཀའ་བབས་པའི་དག་སྣང་གི་ཆོས་ཚན་གྱི་སྐོར།

            དེ་ཡང་པདྨ་དྲག་པོའི་སྐོར་ལས༔ སྡེ་བརྒྱད་དྲེགས་པའི་མན་ངག་ཤིན་ཏུ་ཟབ་པའི་ཡང་ཏིག པདྨ་དྲག་པོའི་སྐོར་ལས༔ བཀའ་སྲུང་སྲོག་བདག་ཆེན་པོའི་ནང་སྒྲུབ། ཡང་གསང་པདྨ་དྲག་པོ་ལས༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཀྱི་བསྐང་གསོལ་ཕྲིན་ལས་མྱུར་འགྱོགས། ཡང་གསང་པདྨ་དྲག་པོ་ལས༔ ཡཀྴ་མེ་དབལ་གྱི་བསྐང་བཤགས། ཡང་གསང་པདྨ་དྲག་པོ་ལས༔ གསང་བ་སྲིད་གསུམ་ཟིལ་གནོན་གྱི་སྒྲུབས་ཐབས། ཡང་གསང་པདྨ་དྲག་པོ་ལས༔ དྲག་པོ་ཡཀྴ་མེ་དབལ་གྱི་སྤུ་གྲི་རེ་གཅོད། ཡང་གསང་པདྨ་དྲག་པོ་ལས༔ ཡཀྴ་མེ་དབལ་གྱི་ལས་ཚོགས་རྡོ་རྗེ་ཕ་ལམ། ཡང་གསང་པདྨ་དྲག་པོ་ལས༔ གཏོར་དབང་ཡིད་བཞིན་ནོར་བུ། ཡང་གསང་པདྨ་དྲག་པོ་ལས༔ ཡཀྴ་མེ་དབལ་གྱི་དབང་མཆོག་སྲོག་གི་རྒྱ་ཅན། ཡང་གསང་པདྨ་དྲག་པོ་ལས༔ ཡཀྴ་མེ་དབལ་གྱི་ཚོགས་མཆོད་བདུད་རྩིའི་ཆར་རྒྱུན། ཡང་གསང་པདྨ་དྲག་པོ་ལས༔ ཡཀྴ་མེ་དབལ་གྱི་གཏོར་བཟློག་ཁྲོ་རྒྱལ་སྟོབས་འདུས། ཡང་གསང་པདྨ་དྲག་པོ་ལས༔ དབང་དྲག་ཡཀྴ་མེ་དབལ་གྱི་ཟོར་ལས་མཚོན་ཆའི་འཁོར་ལོ། དྲག་པོ་ཡཀྴ་མེ་དབལ་གྱི་བརྒྱུད་འདེབས་བྱིན་རླབས་ཆར་འབེབས།

            དྲག་པོ་ཡཀྴ་མེ་དབལ་གྱི་བསྙེན་ཡིག་འཕྲིན་ལས་འབྱུང་གནས། ཡང་ཟབ་ཡཀྴ་མེ་དབལ་གྱི་བསྒྲུབ་པ་གཏོར་བཟློག་དང་འབྲེལ་བའི་ལས་འགྲིགས་ཟིན་བྲིས། མེ་དབལ་གསང་སྒྲུབ་རྒྱུན་ཁྱེར་སྙིང་པོར་དྲིལ་བ་དྲེགས་པ་ཚར་གཅོད། བླ་མ་དྲག་པོ་ཡཀྴ་མེ་དབལ་གྱི་དབང་གི་མཚམས་སྦྱོར་སྨིན་བྱེད་ལམ་བཟང་། དབང་དྲག་ཡཀྴ་མེ་དབལ་གྱི་མཆོད་བསྟོད་ཁ་སྐོང་རྣམ་རོལ་རྒྱན་གྱི་འཁོར་ལོ། ཡང་གསང་དྲག་པོའི་ཐུགས་ཀྱི་བུམ་སྒྲུབ་ཟབ་མོ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ གསང་སྒྲུབ་ཁྲོས་མའི་དབང་གི་ཆོ་ག  

            ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ བླ་མ་ཆོས་སྐུའི་སྒྲུབ་ཐབས་བྱིན་རླབས་ཀྱི་རྩ་བ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ རྩ་གསུམ་གུ་རུའི་བྱིན་འབེབས་བྱིན་རླབས་དངོས་གྲུབ་ཆར་འབེབས། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ ནང་སྒྲུབ་འཕགས་མ་སྒྲོལ་མའི་དབང་མཆོག་བྱིན་རླབས་ཆར་རྒྱུན། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ གཏེར་བུམ་སྒྲུབ་ཐབས་ཡིད་བཞིན་ནོར་བུ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ རྡོ་རྗེའི་ཕག་མོའི་དབང་གི་ཆོ་ག  ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ བཀའ་སྲུང་སྲིན་པོའི་མཆོད་ཐབས། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ བླ་མ་ཆོས་སྐུའི་དབང་མཆོག་དོན་གྱི་མེ་ལོང་། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ གུ་རུ་སེངྒེ་སྒྲ་སྒྲོག་གི་དབང་མཆོག་བྱིན་རླབས་སྤྲིན་ཕུང་། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ མཁའ་འགྲོའི་མེ་མཆོད་ཕྲིན་ལས་མྱུར་འགྲུབ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ རཀྴ་ཐོད་ཕྲེང་གི་སྒྲུབ་ཐབས་ཡང་གསང་སྙིང་གི་ཐིག་ལེ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ ཕྱི་སྒྲུབ་རྡོ་རྗེ་ཕག་མོའི་ལས་བྱང་མཁའ་འགྲོའི་སྙིང་ཁྲག  ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ མཁའ་འགྲོའི་ཚོགས་མཆོད་མི་ཟད་རྒྱན་གྱི་འཁོར་ལོ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ ཡེ་ཤེས་ཌཱཀྐིའི་ནང་སྒྲུབ་སྒྲོལ་མའི་སྒྲུབ་ཐབས་བྱིན་རླབས་ཆར་འབེབས། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ ཌཱཀྐིའི་སྲོག་འཁོར་སྲོག་གི་རྒྱ་ཅན། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ ཡང་གསང་བདེ་ཆེན་རྒྱ་མཚོའི་བྱིན་རླབས་དབང་གི་རིམ་པ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ རྒྱལ་ཆེན་རྣམ་མང་ཐོས་སྲས་ཀྱི་རྒྱུན་གསོལ་ཡིད་བཞིན་ནོར་བུ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ གསང་སྒྲུབ་ཁྲོས་མའི་ལས་བྱང་། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ རྡོ་རྗེ་ཕག་མོའི་སྤྲོས་མེད་རྒྱུན་ཁྱེར་བདག་བསྐྱེད་མེ་མཆོད་དང་བཅས་པ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ གུ་རུ་སེངྒེ་སྒྲ་སྒྲོག་གི་ལས་བྱང་བདུད་དཔུང་ཚར་གཅོད། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ ལྷ་ཆེན་གྱི་གསང་སྒྲུབ་དབང་གི་ལྕགས་ཀྱུ་རླུང་ཞགས་དམར་པོ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ བཅུད་ལེན་འཁོར་ལོ་ཟ་ཡིག་རྣམས་ལ་བརྟེན་ནས་ཚེ་སྒྲུབ་པའི་ལས་རིམ་རྡོ་རྗེའི་རྒྱ་ཅན། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ བླ་མ་སྤྲུལ་སྐུའི་དབང་མཆོག་བདུད་རྩིའི་བུམ་པ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ བླ་མ་ལོངས་སྐུ་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ཟབ་མོ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ རྩ་བ་གསུམ་གྱི་བསྐང་བཤགས་དྲི་མེད་ཤེལ་གྱི་མེ་ལོང་། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ དབང་ཕྱུག་མ་ཧཱ་དེ་ཝའི་ཕྲིན་ལས་ཡིད་བཞིན་དབང་རྒྱལ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ བླ་མ་ལོངས་སྐུའི་ཚེ་དབང་རྡོ་རྗེའི་རྫོང་ཆེན། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ བླ་མ་ཆོས་སྐུའི་དཀྱིལ་འཁོར་དུ་སྒྲིབ་བྱང་ཆོ་གའི་རིམ་པ་དྲི་མེད་ཤེལ་བུམ།  ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ ཐེམ་མེད་གུད་དུ་སྦས་པའི་སྐུ་གསུང་ཐུགས་ཀྱི་ཙཀྲ  ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ བླ་མ་སྤྲུལ་སྐུའི་སྒྲུབ་ཐབས་ལས་བྱང་བདེ་གཤེགས་ཀུན་འདུས། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ གཏེར་བུམ་སྒྲུབ་པའི་ཟུར་གསལ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ བླ་མ་སྤྲུལ་སྐུའི་སྒྲུབ་ཐབས་ལས་བྱང་བདེ་གཤེགས་ཀུན་འདུས། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ སྔགས་ཀྱི་སྲུང་མའི་ལས་བྱང་བསྟོད་བསྐུལ་གྱི་རིམ་པ། ཡང་གསང་མཁའ་འགྲོའི་སྙན་རྒྱུད་ལས༔ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་རྒྱུན་གསོལ་ཡིད་བཞིན་ནོར་བུ། ཡང་གསང་ཡེ་ཤེས་མཚོ་རྒྱལ་གྱི་བརྒྱུད་འདེབས།  བླ་མ་སྤྲུལ་སྐུའི་བརྒྱུད་འདེབས།

            ཚེ་སྒྲུབ་ཡང་གསང་འདུས་པ་ལས༔ ལྷ་མོའི་མཆོད་གསོལ། ཚེ་སྒྲུབ་ཡང་གསང་འདུས་པ་ལས༔ ཚེ་སྒྲུབ་དབང་མཆོག་ཐུགས་རྗེའི་ལྕགས་ཀྱུ། ཚེ་སྒྲུབ་ཡང་གསང་འདུས་པའི་ལས་བྱང་པདྨའི་ཕྲེང་བ། ཚེ་སྒྲུབ་ཡང་གསང་འདུས་པ་ལས༔ འཆི་མེད་ཚེའི་རྒྱུད་ལས་བྱུང་བའི་དབང་མཆོག་འཆི་མེད་རྡོ་རྗེའི་ལོ་རྒྱུས་བཅས་པ། ཡང་ཟབ་ཚེའི་སྒྲུབ་པ་རིག་འཛིན་སྲོག་གི་ཐིག་ལེ་གོང་ཁུག་མ། ཚེ་སྒྲུབ་ཡང་གསང་འདུས་པ་ལས༔ ནང་སྒྲུབ། ཚེ་སྒྲུབ་ཡང་གསང་འདུས་པ་ལས༔ གསང་སྒྲུབ། ཚེ་སྒྲུབ་ཡང་གསང་འདུས་པ་ལས༔ གསོལ་འདེབས་བྱིན་རླབས་སྤྲིན་ཕུང་རབ་གཡོ། ཚེ་སྒྲུབ་སྙན་བརྒྱུད་མ་ཞེས་ཟབ་པའི་མཐར་ཐུག འཆི་མེད་ལྷ་མོའི་ཚེ་སྒྲུབ་རྒྱུན་ཁྱེར་ཡང་གསང་བཅུད་འདུས། ཟབ་ལམ་གསང་བའི་སྙིང་པོ་ལས༔ ཚེ་སྒྲུབ་གསང་བ་སྲོག་སྙིང་ལྟ་བུའི་སྒྲུབ་ཐབས། ཟབ་ལམ་གསང་བའི་སྙིང་པོ་ལས༔ ཌཱཀྐི་སེང་ཧ་མུ་ཁའི་རྒྱུན་ཁྱེར་བྱད་མིའི་སྲོག་གི་སྤུ་གྲི། ཟབ་ལམ་གསང་བའི་སྙིང་པོ་ལས༔ ཁྲོ་རྒྱལ་རྨེ་བ་བརྩེགས་པའི་སྒྲུབ་པ། གསང་སྒྲུབ་རིག་འཛིན་འདུས་པ་ལས༔ བཀའ་སྲུང་དྲང་སྲོང་ཆེན་པོའི་གསོལ་ཁ།

ལྷོ་གཏེར་རིན་ཆེན་བུམ་པ་ལས༔ གུ་རུ་བི་མ་མི་ཏྲའི་སྒྲུབ་ཐབས་ཡིད་བཞིན་གཏེར་མཛོད། ལྷོ་གཏེར་རིན་ཆེན་བུམ་པ་ལས༔ གུ་རུ་པདྨའི་སྒྲུབ་དབང་ཡིད་བཞིན་ནོར་བུ། སྐུ་གསུམ་རིགས་འདུས་ཀྱི་རྒྱུད་འདེབས་དབང་གི་ནོར་བུ། སྐུ་གསུམ་རིགས་འདུས་པདྨ་རྒྱལ་པོའི་སྲུང་མ་མཆོད་ཐབས། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ གསང་བ་ཐུགས་ཀྱི་ཕུར་སྒྲུབ་ཀྱི་སྐོར། རིན་ཆེན་རྫས་ཀྱི་མེ་ཏོག་འདི་སོགས། རང་ཉིད་ཐུགས་ལས་རང་འདྲའི་ཁྲོ་ཚོགས་དང་ཞེས་སོགས། དགོངས་ཤིག་བདེ་ཆེན་དབང་གི་ཚོགས་སོགས་ཀྱི་སྐོར། གསང་ཕྱག་ན་རྡོ་རྗེའི་དབང་མཆོག་ཅེས་བྱ་བ། ནོར་བདག་ཛམ་ལ་དམར་པོའི་ལས་བྱང་མཆོད་བསྟོད་ཀྱི་ཆོ་ག་བསམ་འཕེལ་ནོར་བུ། རྡོ་རྗེ་དྲག་པོའི་གསང་སྒྲུབ། སྒྲོལ་མའི་དབང་གི་སྐབས་སུ་ལྷན་ཐབས་སྒྲོལ་མ་ཉེར་གཅིག་གི་ལྷ་དབང་། ཡོན་ཏན་ཚེ་སྒྲུབ་འཆི་མེད་བདུད་རྩིའི་བུམ་བཟང་། འཇམ་དཔལ་སྨན་སྡོང་ནག་པོའི་ལས་བྱང་རྒྱུན་ཁྱེར་གྱི་རིམ་པ། དབང་ཆེན་དྲེགས་པ་ཚར་གཅོད་ཀྱི་སྒོམ་བཟླས་བར་ཆད་ཀུན་སེལ། སྒྱུ་འཕྲུལ་གསང་བའི་སྙིང་པོ་ལས་གསང་ཆེན་རིགས་གཅིག་གི་དབང་མཆོག་འཁོར་བ་དོངས་སྤྲུགས། རྡོར་སེམས་བསྒོམ་བཟླས་སྒྲིབ་གཉིས་རྣམ་སྦྱོང་། སྐུ་གསུམ་རྩ་གསུམ་ཡོངས་འདུས་ཀྱིས་ཞེས་སོགས། སྟོང་པའི་ངང་ལས་མཆོད་རྫས་རྣམས་སོགས། རིག་འཛིན་ཐུགས་སྒྲུབ་བརྒྱུད་འདེབས། དག་སྣང་གསང་བ་ཟབ་མོའི་ཆོས་སྡེ་ལས་གཅོད་ཡུལ་བདུད་བཞི་རང་གྲོལ་འདོད་ཡོན་ཆར་འབེབས། ནད་ཐན་ཡམ་སྣ་འདྲེན་པའི་འཕུང་འདྲེ་སོགས། བདེན་སྟོབས་བརྗོད་ཅིང་འགུགས་པ་ནི་སོགས། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་སྙིང་པོ་ལས། བླ་མ་རྡོ་རྗེ་སེམས་དཔའི་གསང་ཆེན་རིགས་གཅིག་གི་སྒྲུབ་ཐབས། ཀུན་འདུས་གསོལ་འདེབས་རིན་ཆེན་ཕྲེང་བ། གཟའ་བདུད་ཆེན་པོའི་སྲོག་གཏད་བཀའ་རྒྱ་ཅན་འདི་གུད་དུ་སྦས་པའི་མན་ངག་ཡིན། བཀའ་སྲུང་གསུམ་གྱི་གཏོར་འབུལ། ཡང་གསང་ཡེ་ཤེས་མཚོ་རྒྱལ་གྱི་ལས་བྱང་ཡིད་བཞིན་ནོར་བུ་འདོད་རྒུ་ཆར་འབེབས། གུ་རུ་བི་མ་ལའི་སྒྲུབ་ཐབས་རྒྱུན་ཁྱེར་ཡེ་ཤེས་གཏེར་མཛོད། མ་ཧཱ་གུ་རུ་བི་མ་མི་ཏྲའི་སྨོན་ལམ་ཡིད་བཞིན་ནོར་བུ་དཔག་བསམ་ལྷུན་འགྲུབ། གུ་རུ་བི་མ་ལའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་སྒྲུབ་ཐབས། རིག་རྒྱལ་ན་ག་རཀྴའི་རྒྱུན་ཁྱེར། གནོད་སྦྱིན་ཡ་བ་སྐྱ་བདུན་གྱི་གསོལ་མཆོད་དབང་དྲག་གྲུབ་པའི་དགའ་སྟོན། ཕུར་དབང་ཡེ་ཤེས་སྙིང་པོའི་ལྷན་ཐབས་རིན་ཆེན་མཛེས་རྒྱན། གུ་རུའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ། ཡང་ཟབ་ཚེ་རྟ་ཟུང་འབྲེལ་གྱི་སྒྲུབ་ཐབས་ཟབ་པའི་མཐར་ཐུག་ཡིད་བཞིན་ནོར་བུ། སྒྲུབ་པ་ཀུན་ལ་སོགས། ཕུང་དབང་ཡེ་ཤེས་སྙིང་པོ། དཔལ་ལྡན་སྔགས་སྲུང་མའི་རྗེས་གནང་སྲོག་གཏད་དང་བཅས་པ། ནོར་བདག་ཛཾ་བྷ་ལ་དམར་པོའི་རྒྱུན་གཏོར་འབུལ་ཐབས། བཟློག་བསྡུས་གཅེས་ཟབ། གསང་བདག་གཏུམ་པོའི་སྒྲུབ་ཐབས་གནམ་ལྕགས་རྡོ་རྗེའི་འོད་འཕྲོའི་རྒྱུད་འདེབས། གསང་བདག་གཏུམ་པོའི་སྒྲུབ་ཐབས་གནམ་ལྕགས་རྡོ་རྗེའི་འོད་འཕྲོ། གནོད་སྦྱིན་ཕོ་ཉ་ཡང་ཁོལ་གྱི་རྒྱུན་གསོལ་བསྡུས་པ། སྒྲོལ་མའི་བྱིན་རླབས་བཅུད་བསྡུས་དོན་གྱི་སྙིང་པོ། ཀླུ་བདུད་གཏོར་འབུལ། གཏེར་གསར་སྐོར་གྱི་གཏོར་མའི་ཟིན་བྲིས་སོགས་སོ། །ད་དུང་དགོངས་གཏེར་གྱི་ཆོས་ཚན་མང་ཙམ་ཡོད་ངེས་སུ་འདུག་མོད། དུས་ཀྱི་འགྱུར་བ་ཆེ་དྲག་ཅིང་སེམས་ཅན་བསོད་ནམས་དམན་པའི་དབང་གིས། ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་པའི་གཏེར་ཆོས་ཀྱི་ཕུང་པོ་དེ་ལ་འཐོར་ལུང་འཐོར་དུ་གྱུར་ཡོད་སྟབས། སྤྱི་ལོ་༢༠༡༩་ལོར་གཟིགས་རྒྱ་ཡངས་ཤིང་ལྷག་བསམ་ཆེ་བའི་མཆེད་གྲོགས་འགའ་དང་མཉམ་དུ་དགོན་པའི་ཉེ་འཁོར་གྱི་དུད་ཁྱིམ་རེ་རེ་བཞིན་དུ་སོང་སྟེ། ཡིག་རྙིང་དག་གི་ཁྲོད་ནས་རྗེ་བླ་མའི་གཏེར་ཆོས་ཞིབ་ཏུ་བཙལ་ཅིང་། གཞན་ཡང་འབྲེལ་ཡོད་ཀྱི་དགོན་པ་འགའི་ནང་དུའང་འཚོལ་ཞིབ་བྱས་ཀྱང་། རེ་ཞིག་གོང་དུ་ཞལ་བྱང་བཀོད་པ་དེ་དག་ལས་མཇལ་མ་ཐུབ། འོན་ཀྱང་སླན་ཆད་གཏེར་ཆོས་ཀྱི་ཕུང་པོ་ཁ་ཚང་ཞིང་དབང་ལུང་གི་རྒྱུན་མཐུད་ཐུབ་པའི་རེ་བ་དང་བཅས་ཏེ་གསོལ་བ་ཡང་ཡང་བཏབ་པ་ལགས་ན། རྩ་གསུམ་ཆོས་སྐྱོང་སྲུང་མ་རྣམས་དང་དགོན་པའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་དག་གིས་མཐུན་འགྱུར་དམ་པ་མཛད་དུ་གསོལ།

བཅུ་གཉིས་པ་རྗེ་བླ་མའི་ཞལ་ཐང་གསར་བཞེངས་ལེགས་གྲུབ་བྱུང་བའི་སྐོར།

            དེ་ཡང་སྤྱི་ལོ་༢༠༡༩་ལོར་ངེད་ཅག་གིས་རྗེ་བླ་མའི་གཏེར་ཆོས་འཚོལ་སྡུད་བྱེད་ཞོར་དུ་ཁོང་གི་བླ་མའི་རྣལ་འབྱོར་དང་། འདྲ་སྐུ་དང་། འདྲ་བྲིས་སོགས་བཞུགས་ཡོད་དམ་སྙམ་སྟེ་སྡེ་དགོན་གཉིས་སུ་ཞིབ་ཏུ་བཙལ་ཀྱང་། སྔོན་ཆད་རྗེ་བླ་མའི་རྣམ་ཐར་རྒྱས་པ་ཞིག་ཡོད་ཟེར་བ་བོར་བརླག་ཏུ་སོང་སྐད། སྐབས་དེར་གླིང་སྲས་རྗེ་བླ་མ་པདྨ་འགྲོ་འདུལ་རྩལ་གྱི་རྣམ་ཐར་ཚུར་མཐོང་བྱིས་པའི་བློ་གྲོས་ཀྱིས་བཀོད་པ། ཞེས་པ་དང་། བོད་ཀྱི་རྒྱལ་རབས་དང་སྡེ་གླིང་གི་འཕྲོས་གཏམ་སོགས་ཚན་གཅིག་བཞུགས། ཞེས་པའི་རྣམ་ཐར་ཉུང་ཚན་གཉིས་ལས་གཞན་གང་ཡང་མ་རྙེད། དེ་ནས་མུ་མཐུད་དེ་འབྲེལ་ཡོད་ཀྱི་དགོན་པ་འགའ་དང་ཁྱིམ་ཚང་འགའ་ལའང་དངོས་སམ་བརྒྱུད་ནས་བཙལ་ཅིང་། ཁྱད་པར་དུ་གླིང་གི་སྡེ་དགོན་གཉིས་ཀྱི་རྒན་རབས་པ་རྣམས་ལ་འདྲི་རྩད་ཞིབ་ཏུ་བྱས་ཀྱང་། སུ་ལའང་འདྲ་སྐུ་སོགས་ཡོད་མེད་ཐག་ཆོད་པ་ཞིག་བཤད་རྒྱུ་མ་བྱུང་། དེ་ནས་ཕྲན་གྱིས་རྗེ་དྲུང་སྐུ་ཕྲེང་ལྔ་པ་བསྟན་འཛིན་རྣམ་རྒྱལ་མཆོག་ལ། རྗེ་བླ་མའི་ཞལ་ཐང་གསར་བཞེངས་དགོས་པས་ཁྱེད་ཀྱིས་ཞལ་བཀོད་མཛད་རོགས་ཞུས་ཀྱང་། ངས་རྟོག་བཟོར་འགྱུར་ན་མི་རུང་བས་སྐྱེས་བུ་ཚད་མ་ཞིག་ལ་ཞུས་ན་དགའ་གསུངས།

     དེ་ནས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ན་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་མཆོག་གི་དྲུང་དུ་བཅར་ནས། བཀྲ་ཤིས་ཁ་བཏགས་དཀར་པོའི་ཀློང་དུ་སྟོན་པ་བཀའ་དྲིན་ཅན་གྱི་གསེར་སྐུ་བཞུགས་པ་ཞུ་རྟེན་དུ་ཕུལ། རྗེ་བླ་མའི་རྣམ་ཐར་ཚན་པ་གཉིས་ཀྱང་གཟིགས་འབུལ་ཞུས་ཏེ།

     མཁྱེན་དང་བརྩེ་བའི་མངའ་བདག་ཆེན་པོ་མཆོག་སྤྲུལ་རིན་པོ་ཆེའི་སྙན་དྲུང་དུ་དད་པའི་ཐལ་མོ་སྙིང་གར་སྦྱར་ཏེ་ཞུ་གསོལ། གླིང་གི་རྒྱལ་རབས་རིམ་བྱོན་གྱི་གདན་ས་རྫོང་བྲག་དཔལ་གྱི་རི་བོར་ཆགས་པའི་གླིང་ཚང་རྫོང་མགོ་དགོན་ཐོག་མར་ཕྱག་འདེབས་པ་པོ་ནི། གླིང་གཏེར་པདྨ་གར་དབང་འགྲོ་འདུལ་རྩལ་ཞེས་གྲགས་པ་གང་ཉིད་ལགས་མོད། དུས་འགྱུར་གྱི་དབང་གིས་ད་སྐབས་ཁོང་གི་རྣམ་ཐར་ཉུང་ཚན་གཉིས་ཙམ་ལས་གཞན་བླ་རྣམ་དང་འདྲ་སྐུ་དང་འདྲ་བྲིས་སོགས་གང་ཡང་བཞུགས་མེད་པར་མ་ཟད། ཐ་ན་ཡུལ་ཁམས་ཀྱི་རྒན་པོ་དག་གི་ངག་རྒྱུན་ལས་ཀྱང་འཚོལ་མི་ཐུབ་པར་གྱུར་ཡོད་སྟབས། ངེད་སྡེ་དགོན་གཉིས་ཀྱི་ཕྱག་དད་པའི་དམིགས་རྟེན་ཙམ་དུ་ཞལ་ཐང་ཞིག་བཞེངས་འདོད་ཀྱང་། སྐུའི་མདོག་དབྱིབས་དང་རྒྱན་ཆ་ལུགས་སོགས་ཀྱི་རྣམ་པ་ཇི་ལྟར་དགོས་མིན་ཤིན་ཏུ་ལྐོག་གྱུར་དུ་སོང་ཡོད་གཤིས། ཁྱེད་ཀྱིས་དེའི་ཐད་ནས་ཞལ་བཀོད་ཞིབ་གསལ་ཞིག་ཡོད་པར་མཁྱེན་མཁྱེན་ཞེས་གསོལ་བ་ལན་བརྒྱར་འདེབས་པ་ལགས་སོ། །ཞེས་ཞུས་པས།

      ཁོང་གིས་རྣམ་ཐར་ཚན་པ་གཉིས་ལ་གཟིགས་ཞོར་དང་ཕྲན་ལ་གཏམ་འདྲི་ཞོར་དུ་རིམ་བཞིན་ཞལ་བཀོད་མཛད་དེ། དེ་ཡང་གླིང་གི་རྒྱལ་པོ་ཡིན་པས་ཁྲི་སྟེང་དུ་བཞུགས་པ། དགེ་སློང་གི་རྟེན་ཅན་ཡིན་པས་རབ་བྱུང་གི་ཆ་ལུགས་ཆོས་སྣམ་ཅན། གུ་རུ་རིན་པོ་ཆེའི་སྤྲུལ་པའི་ཟློས་གར་ཡིན་པས་དབུ་ལ་པད་ཞྭ་མནབས་པ། གཏེར་སྟོན་ཡིན་པས་ཕྱག་མཉམ་བཞག་གི་སྟེང་ན་རིན་པོ་ཆེའི་གཏེར་སྒྲོམ་བསྣམས་པ། སྐེད་ལ་ཕུར་པ་དྲངས་པ། གང་གི་གཏེར་ཆོས་མང་པོ་ཞིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་འབྲེལ་བ་ཤིན་ཏུ་ཆེ་ཞིང་། སྔོན་མཚོ་རྒྱལ་གྱིས་ཕུར་པ་བསྒྲུབས་ཏེ་གྲུབ་ཚེ་ཕུར་པས་གར་འཁྲབ་སྟེ་བཞད་པའི་ལོ་རྒྱུས་ཡོད་པས། སྐེད་ཕུར་དེ་ཡང་ཞལ་བཞད་པ་ཅན་དང་། ཁྲི་སྟེང་དུ་དར་ཞིག་བསླངས་ཏེ་དེའི་ངོས་སུ་གླིང་ཞེས་བྲིས་ན་མཚོན་དོན་ཡོད། རིགས་བདག་གི་ལྷ་ནི་གེ་སར་ནོར་བུ་དགྲ་འདུལ་ཏེ། དེ་ཡང་ཀུན་མཁྱེན་མི་ཕམ་རྒྱ་མཚོས་གེ་སར་གྱི་གསང་སྒྲུབ་སྙིང་གི་དུམ་བུའི་ནང་དུ་གསུངས་པ་ལྟར་བྲི་དགོས་ཞེས་སོགས་ཞལ་བཀོད་ཞིབ་གསལ་མཛད་པ་ལྟར། ཆབ་མདོ་ལྷ་ཐོག་གི་ལྷ་འབྲི་པ་གྲགས་ཅན་བཀྲ་ཤིས་ཚེ་རིང་ལ་འབྲིར་བཅུག་པ་ལེགས་གྲུབ་བྱུང་ནས། ད་སྐབས་དགོན་པའི་ནང་ན་བཞུགས་སུ་གསོལ་ཡོད་པས། མི་ནུབ་བསྐལ་བརྒྱར་བརྟན་ཅིང་བྱིན་རླབས་ཀྱི་བདུད་རྩིའི་ཆུ་རྒྱུན་མི་འཆད་པར་སྨོན་ནོ། །

བསྟན་བདག་སྐུ་ཕྲེང་གཉིས་པ་སྔར་གྱི་སྐུ་ཚེའི་ལྷག་མ་སྐྱོང་པའི་བྱིས་པ་ཞིག

            ལས་ཉོན་བག་ཆགས་དྲི་མས་མ་གོས་ཀྱང་།།

            ལས་འབྲས་ཆུད་མི་ཟ་བར་བསྟན་པའི་ཕྱིར།།

            ལས་འཕྲོ་ལྷག་མ་སྐྱོང་བའི་ཚུལ་མཛད་པ།།

            ལས་ཀྱི་བླ་མ་མཆོག་དེ་དུས་འདིར་དྲན།།

རྩོམ་པ་པོས།

            བསྟན་བདག་སྐུ་ཕྲེང་གཉིས་པ་ནི། སྐུ་ཕྲེང་དང་པོ་རྗེ་བླ་མ་པདྨ་གར་དབང་འགྲོ་འདུལ་རྩལ་གྱི་སྐུ་ཚེའི་ལྷག་མ་རེད་ཟེར་བའི་བྱིས་པ་ཞིག་སྟེ། གདན་སར་འཁོད་མ་ཐུབ་པར་དགུང་གྲངས་བཅུ་གསུམ་གྱི་སྟེང་ནས་སྐུ་གཤེགས་ཟེར། ཁོང་ནི་ལ་ལས་རྫ་ཆུ་ཁའི་གེར་ཐོག་ཏུ་སྐུ་འཁྲུངས་ཞེས་ཟེར་ཞིང་། འགའ་ཞིག་གིས་མགོ་ལོན་དུ་སྐུ་འཁྲུངས་ཞེས་སོགས་ཟེར་ནས། ད་ལྟ་ཡུལ་མི་དག་ཁ་མི་འཆམས་ཤིང་དོན་དངོས་ཤེས་ཐབས་བྲལ་བས། འཁྲུངས་པའི་ཡུལ་དུས་དང་། རིགས་རུས་དང་། མཚན་དང་། མཛད་པ་སོགས་ནི་རེ་ཞིག་འདིར་འགོད་མ་ཐུབ་བོ། །

བསྟན་བདག་སྐུ་ཕྲེང་གསུམ་པ་འགྱུར་མེད་པདྨ་བསྟན་འཛིན།

            ཆོས་རྒྱལ་རིན་ཆེན་གླིང་དང་བདུད་འདུལ་རྗེ།།

            བསོད་ནམས་ལྡེའུ་བཙན་པདྨ་འགྲོ་འདུལ་རྩལ།།

            ཡང་སྤྲུལ་དམ་པ་དྲིན་ཅན་བླ་མ་རྗེ།།

            འགྱུར་མེད་པདྨ་བསྟན་འཛིན་གསོལ་བ་འདེབས།།

            ཞེས་པ་འདི་ནི་རྒྱ་རོང་ནམ་སྤྲུལ་འགྲོ་འདུལ་གར་གྱི་རྡོ་རྗེའི་གསུང་ཡིན་ནམ་སྙམ།

           

            དེ་ཡང་དཔལ་གསང་བ་རིན་པོ་ཆེ་བདུད་རྩི་བུམ་པའི་རྒྱུད་ལས།

            རྫོང་ཁམས་ཤག་ཅེས་བྱ་བའི་གནས་མཆོག་ཡོད༔

            ཨོ་རྒྱན་ཡུལ་ལམ་མཁའ་སྤྱོད་དག་དང་མཚུངས༔ ཞེས་དང་།


            ཨོ་རྒྱན་ཆེན་པོས་བཀའ་ཐང་ཤེལ་བྲག་མ་ལས།

            ཁམས་ཀྱི་སྲིང་མོ་རྫོང་གསུམ་གཏེར་ཁ་འདི༔

            མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང་༔ ཞེས་དང་།

པདྨ་གླིང་པའི་གཏེར་ལུང་ལས།

            ནག་ཤོད་རི་བོ་སྲིང་མོ་རྫོང་གི་སྤོར༔

            ཞེས་སོགས་ཀྱི་མདོ་རྒྱུད་བསྟན་འཆོས་མང་པོ་ལས་ལུང་བསྟན་པ་ལྟར། སློབ་དཔོན་པདྨ་དང་རིག་པ་འཛིན་པའི་སྐྱེས་བུ་མང་པོའི་སྒྲུབ་གནས། ཁམས་སྲིང་མོ་རྫོང་ཞེས་ཡོངས་སུ་གྲགས་པའི་གནས་མཆོག་དེ་ནི། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་འབྲི་རུ་རྫོང་ཁོངས་སུ་ཡོད། དེའི་བྱང་ཕྱོགས་སུ་ཕུར་བ་རོང་། ཀཿའོག་བྲག་ཐོད་སྲིན་མོ་འགག   བདུད་འདུལ་སྔགས་པ་གླིང་ཞེས་བྱ་བར། འོད་གསལ་ལྷ་ལས་བབ་པར་བཤད་པའི་གྲུབ་དབང་ནག་པོ་ཐོག་འཕེན་ལ་སྲས་བཞི་ཡོད་པའི་ནང་ནས་ཆུང་བ་རྟ་མགྲིན་དཔལ་གྱི་རྒྱུད་ལ། ཅི་རོང་ཤཱཀྱ་ཟེར་བའི་སྒྲིབ་སེལ་གྱི་སྤྲུལ་པ་ཕུར་བུའི་གྲུབ་ཐོབ་ཀྱང་བྱུང་ཞིང་། ཐམས་ཅད་གྲོང་སྔགས་ཀྱི་རྟགས་ཆས་དང་ཀུན་སྤྱོད་ཅན། གདུང་རབས་རིམ་པར་བརྒྱུད་པའི་མི་ཐོག་ལྔ་བཅུ་པ་རིག་འཛིན་དངོས་གྲུབ་དང་། ཆོ་འབྲང་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་སྔགས་རྒྱུད་མཉམ་མེད་དྭགས་པོ་ལྷ་རྗེ་དང་སྐུ་རུས་གཅིག་པའི་སྙི་བཟའ་བྱང་ཆུབ་སྒྲོལ་མ་སྟེ། ཁོང་གཉིས་ཀྱིས་ཁྱིམ་ཐབས་གསར་དུ་འཛིན་སྐབས་ཆུ་ཁྲོ་རྫ་གང་འོ་མར་གྱུར་པ་སོགས་བཀྲ་ཤིས་དགེ་བའི་ལྟས་ཅི་རིགས་བྱུང་། ཁོང་གཉིས་ལ་སྲས་བཞི་དང་སྲས་མོ་གསུམ་སྟེ་མིང་སྲིང་བདུན་ཡོད་པའི། སྲས་ཆེ་བ་སྟག་ལོ་བ་རིགས་བཟང་ཡ་རབས་ཀྱི་རྣམ་ཐར་དང་ལྡན་པ་ཞིག་ཡོད་ཀྱང་སོག་ཙནྡན་དགོན་པས་གྲྭ་ཁྲལ་དུ་བཙན་འཕྲོག་གིས་དེད་པ་ལོ་བཅུ་དྲུག་སྟེང་ནས་གཤེགས་ཟེར། དེའི་འོག་སྲས་ཤིང་བྱི་ལོ་བ་གླིང་རྗེ་དྲུང་པདྨ་འགྲོ་འདུལ་རྩལ་གྱི་སྐུ་སྐྱེར་བླ་མ་མཐའ་དག་གི་ལུང་བསྟན་དང་བྱིས་པ་རང་གི་སྔོན་གནས་རྗེས་དྲན་སོགས་ལ་བརྟེན་ནས་སྐུ་བདག་སླེབས་ཏེ་གདན་སར་བསྐྱོད་པའི་རྣམ་ཐར་འོག་ནས་འབྱུང་ལ། དེའི་འོག་སྲས་སྦྲུལ་ལོ་བ་རིག་འཛིན་དཔའ་བོ་ལས་རབ་རྩལ་གྱི་རྣམ་སྤྲུལ་དུ་ཉི་རྫོགས་གཉིས་ཀའི་ལུང་བསྟན་མཐུན་པར་ཁྲི་སྟོན་ཕྲན་བུ་བྱས་ནས་གདན་སར་བྱོན། དེའི་འོག་སྲས་ཆུང་བ་མེ་ཡོས་ལོ་བ་རིག་འཛིན་འབད་མེད་གཞི་གྲོལ་ནི་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་ཉི་སྤྲུལ་འཇིགས་མེད་ཆོས་དབྱིངས་རྡོ་རྗེ་སོགས་ཀྱིས་ཁྲོ་ཤུལ་དགེ་རྩེ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པར་ངོས་བཟུང་བ་ལྟར་ཤིང་ཁྱི་ལོར་གདན་སར་འཁོད་པ་སོགས་ཀྱི་རྣམ་ཐར་རྒྱས་པ་ནི་རང་རྣམ་དུ་གསལ་ལོ། །

            ད་ནི་དེ་དག་ལས་སྐབས་སུ་བབ་པ་གླིང་རྗེ་དྲུང་པདྨ་འགྲོ་འདུལ་རྩལ་གྱི་ཡང་སྤྲུལ་དམ་པ་འགྱུར་མེད་པདྨ་བསྟན་འཛིན་ནི། གོང་སྨྲས་ལྟར། རིགས་རུས་ཀྱི་ཆེ་བ་བླ་ན་མཐོ་བའི་ཕ་ཡབ་རིག་འཛིན་དངོས་གྲུབ་དང་། མ་ཡུམ་བྱང་ཆུབ་སྒྲོལ་མ་གཉིས་ལ། སྤྱི་ལོ་༡༨༦༤་རབ་བྱུང་༡༤་པའི་ཤིང་བྱི་ལོར་སྐུ་བལྟམས། ཁོང་སྐུ་ན་ཆུང་ངུ་ཡིན་པའི་སྐབས་སུ། དང་པོ་རྫོང་དགོན་གྱི་བླ་གྲྭ་དག་གིས་གླིང་རྗེ་དྲུང་དང་མཛོ་རྫི་རྗེ་དྲུང་གཉིས་ནོར་ཏེ། གླིང་རྗེ་དྲུང་གི་ཡང་སྲིད་མཛོ་རྫིའི་ཕྱོགས་སུ་འཁྲུངས་འདུག་ཟེར་བ་ཞིག་གསན། གདན་དྲང་པར་འགྲོ་གྲབས་བྱས་ཏེ་དགོན་པའི་བྱང་ཤར་མཚམས་ཀྱི་ཆུ་ཁ་ན་བྲག་འབུར་ཁུག་ཅེས་པའི་སྤང་གླིང་ཞིག་ཡོད་པ་དེར་སྒར་བཏབ་ནས་བཞུགས། དེའི་ནུབ་མོར་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེས་རང་གི་ཞབས་འབྲིང་པ་ལ། ད་རེས་རྫོང་མགོ་དགོན་གྱི་བླ་གྲྭ་འགའ་གླིང་རྗེ་དྲུང་སྤྲུལ་སྐུ་བསུ་བར་འབྱོན་གྲབས་བྱེད་ཀྱི་འདུག་མོད། སྤྲུལ་སྐུ་དངོས་དེ་ནག་ཤོད་སྲིང་མོ་རྫོང་དུ་འཁྲུངས་འདུག་པས། འགྲོ་ཕྱོགས་ནོར་སོང་གསུངས། ཞབས་འབྲིང་པ་དེས་བླ་མ་ལ། དེ་ནི་ཤིན་ཏུ་གལ་ཆེ་བས་ཁྱེད་ཀྱིས་ཕྱག་ཡིག་ཅིག་གནང་དང་། ང་རང་དོ་དགོང་སོང་ནས་ཡི་གེ་འཕྲོད་ངེས་བྱ་འོང་ཞུས། བླ་མས་བསྐུར་བའི་ཡི་གེ་ཁུར་ཏེ་འོངས་པས། ཕྱི་ཉིན་ནམས་ལངས་ནས་ཉི་མ་རི་རྩེར་ཤར་དུས་རྫོང་མགོ་དགོན་གྱི་བླ་གྲྭ་རྣམས་ལམ་ལ་ཞུགས་ནས་གསེར་ཞིང་བྲག་སྣར་སླེབས་པ་དང་ཕྲད། རྫོགས་སྤྲུལ་གྱིས་གསུངས་པ་ལྟར་ཡི་གེ་བླ་གྲྭ་དག་གི་ཕྱག་ཏུ་ཕུལ། ཡི་གེ་ཁ་ཕྱེ་སྟེ་གཟིགས་ཚེ། ནག་ཤོད་སྲིང་མོ་རྫོང་དུ། ཡི་དམ་རྟ་ཕག་ཡབ་ཡུམ་ལ། །སྲས་རིགས་གསུམ་མགོན་པོའི་སྤྲུལ་པ་ཡོད། །དེའི་ནང་གི་ཆེ་བ་ཕྱག་ན་རྡོ་རྗེའི་སྤྲུལ་པ་དེ་གླིང་རྗེ་དྲུང་གི་སྤྲུལ་སྐུ་འཁྲུལ་མེད་ཡིན་པས་དེར་འགྲོ་དགོས་ཚུལ་སོགས་བྲིས་ཡོད། དེ་ནས་རྫོགས་སྤྲུལ་གྱི་བཀའ་བཞིན་ཆིབས་ཁ་ཡར་ལ་བསྒྱུར་ཏེ་ནག་ཆུའི་ཕྱོགས་སུ་བསྐྱོད། ཡུལ་དེར་སླེབ་ལ་ཉེ་བའི་ཉིན་ཞིག་ལ་རྗེ་དྲུང་གི་ཡང་སྲིད་བྱིས་པ་དེས། ཕ་མ་གཉིས་ཀར་སྨྲས་པ། དེ་རིང་ང་རང་རྫི་བོར་སོང་བའི་རྗེས་ནས་མགྲོན་པོ་གལ་ཆེ་འགའ་ཡོང་ངེས་ཡིན་པས། བསང་དུད་ཅིག་བཏང་ནས་མགྲོན་བསུ་སྣེ་ལེན་ཡག་པོ་གྱིས་ཞེས་རྫི་བོར་བྱོན། རྫོང་དགོན་གྱི་བླ་གྲྭ་དག་ཀྱང་ཏག་ཏག་ཉིན་དེར་གནས་དེར་འབྱོར། ཁྱིམ་མི་དག་གིས་བྱིས་པས་སྨྲས་པ་བཞིན་བྱས་ཏེ་ཁྱིམ་དུ་བསུས། བྱིས་པ་རྫི་བོར་བྱོན་ནས་ཕྱི་དྲོ་ཁྱིམ་དུ་སླེབས་ཚེ། ཁྱིམ་ནང་དུ་མ་བྱོན་གོང་ཉིན་དེར་ཕེབས་པའི་རྫོང་དགོན་གྱི་བླ་གྲྭ་དག་གི་རྟ་དྲེལ་སྒོ་ན་བརྟོད་ཡོད་པ་རྣམས་ཀྱི་ཟུར་དུ་ཕེབས།  དེ་དག་གི་ནང་ནས་དྲེལ་ཞིག་ལ་ཕྱག་གིས་བྱུག་བྱུག་གཏོང་བཞིན། ངའི་དྲེལ་རྒན་མ་ད་རུང་ཆེར་རྒས་མི་འདུག་གསུངས་ནས་སྔོན་གནས་རྗེས་དྲན་མཛད། དྲེལ་དེ་ཡང་ཏག་ཏག་རྗེ་བླ་མ་པདྨ་གར་དབང་འགྲོ་འདུལ་རྩལ་སྐུ་དངོས་སུ་བཞུགས་དུས་མཆོད་སྒམ་འགེལ་ས་ཡིན་ཟེར། བྱིས་པ་ཁྱིམ་དུ་བྱོན་ནས་བླ་གྲྭ་དག་ལ་ཐུགས་ཤིན་ཏུ་དགྱེས་པའི་ཉམས་ཀྱིས་ཡུན་འདྲིས་ཀྱི་གྲོགས་པོ་དག་སླར་ཡང་ངོ་ཕྲད་པ་ལྟར་མཛད། བླ་གྲྭ་དག་གིས་བྱིས་པར་ན་བཟའ་གསོལ། དེ་ནས་གདན་སར་བསྐྱོད་དེ་མི་འཇིགས་གདོང་ལྔས་བཏེགས་པའི་གཡོ་མེད་རྡོ་རྗེའི་ཁྲི་འཕང་དུ་ཞབས་སོར་འཁོད་ནས། གླིང་དཀར་པོའི་ཡུལ་ཁམས་ཀྱི་མཆོད་གནས་སུ་བཞུགས།

       གླིང་ཡུལ་གཙོས་ཉེ་འཁོར་གྱི་སྐྱེས་ཆེན་དམ་པ་མང་པོ་ལས་དབང་ལུང་ཁྲིད་གསུམ་ཤིན་ཏུ་མང་པོ་མནོས། རྒ་ལན་བླ་མ་བྱ་བྲལ་ཀུན་དགའ་དཔལ་ལྡན་ནི་ཐུན་མོངས་མ་ཡིན་པའི་རྩ་བའི་བླ་མར་འཛིན་ཅིང་། བྱ་བྲལ་ཀུན་དགའ་དཔལ་ལྡན་རྫོང་མགོ་དགོན་དུ་ཚུར་ཕེབས་པ་དང་རྗེ་དྲུང་སྤྲུལ་སྐུ་ཕར་ཕེབས་ཏེ་ཡུན་རིང་བཞུགས་པ་སོགས། བླ་སློབ་ཀྱི་འབྲེལ་བ་ཤིན་ཏུ་ཟབ། རྫོང་མགོ་དགོན་དུ་བྱ་བྲལ་བ་རྗེ་དྲུང་སྤྲུལ་སྐུ་དང་ལྷན་དུ་བཀའ་མོལ་མཛད་དེ་བཞུགས་པའི་དགོང་མོ་ཞིག་ལ། སྤྲུལ་སྐུའི་ཞབས་འབྲིང་གྲྭ་པ་ཞིག་གིས་ལྐོག་ནས་བལྟས་ཚེ་མར་མེའི་འོད་ནས་བྱ་བྲལ་གྱི་སྐུའི་གྲིབ་མ་གཏན་ནས་མི་སྣང་བ་དང་། བྱ་བྲལ་ལ་སྐེད་འཆིང་སྒྲོག་གི་ཡོད་ཅེས་སྙན་གསན་མ་ཕུལ་བར་སྒྲོག་ནའང་སྐེད་འཆིང་རང་མདུད་བྱུང་བ་ལས་སྐུ་ལུས་ལ་གཏན་ནས་མི་ཐོགས་པར་ཡང་མཇལ། དེའི་རྒྱུ་མཚན་རྗེ་དྲུང་སྤྲུལ་སྐུ་ལ་ཞུས་པས། བྱ་བྲལ་ཁོང་གི་སྐུ་ལུས་འོད་ཕུང་དུ་བཞུགས་ཡོད་པས་རེད་ཅེས་གསུངས།  དེ་ནས་སྤྲུལ་སྐུ་རིན་པོ་ཆེས་རྒྱུན་དུ་སྒྲུབ་པ་ཉམས་ལེན་འབའ་ཞིག་ལ་བརྩོན་ཞིང་། དགོན་པའི་གྲྭ་ཚང་ལ་ཐུགས་གཙིགས་ཤིན་ཏུ་ཆེ་ཞིང་གྲྭ་ལོག་དག་ལའང་གཞན་དང་མི་མཚུངས་པའི་གཟིགས་མཐོང་ཆེན་པོ་མཛད། འབངས་མི་མཆོག་དམན་ཀུན་ལ་རབ་ཏུ་གཅེས་ཤིང་སྦྱིན་བདག་དག་གིས་ཡོན་དུ་ཕུལ་བའི་རྒྱུ་ནོར་ཚང་མ་དགོན་པར་གྲྭ་མིང་བཀོད་པའི་བྱིས་པ་ཚོ་ལ་སྦྱིན་པ་སོགས། སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་དེ། །བྱང་ཆུབ་སེམས་དཔའི་འགྲོ་དོན་མཛད་པའི་ཐབས་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས། འདན་ཁོག་མན་ཆད་དང་། རྫ་ཆུ་ཁའི་ཚུན་ཆད་དང་། རྫ་ཁོག་ཡན་ཆད་ཀྱི་གླིང་གི་འབངས་སྡེ་མང་པོ་རྫོང་དགོན་གྱི་ལྷ་འབངས་སུ་གྱུར་ཏེ་དཀར་པོ་དགེ་བའི་ལམ་ལ་བཀོད། རྫོང་དགོན་དུ་ཚོགས་ཆེན་འདུ་ཁང་དང་། བླ་བྲང་དང་། སྒྲུབ་ཁང་སོགས་རྟེན་བརྟེན་པ་དང་བཅས་པ་བཞེངས་ཏེ་དུས་མཆོད་དང་སྒྲུབ་གྲྭ་ཚད་ལྡན་བཙུགས། དམ་ལྡན་ཆོས་སྐྱོང་སྲུང་མ་བྲན་བཞིན་དུ་ཁོལ་ཞིང་། ཁྱད་པར་དུ་བསྟན་སྲུང་དུར་ཁྲོད་ལྷ་མོ་མངོན་སུམ་དུ་གྲུབ་སྟེ་ལྷ་མོའི་གསོལ་ཁ་གསུང་བཞིན་རྔ་ལ་བརྡུངས་ཚེ་རྔ་ལས་མེ་རང་འབར་དུ་བྱུང་བ་སོགས་ཀྱི་རྟགས་མཚན་ཡང་བྱུང་ངོ་། །

        གཞན་ཡང་མངོན་ཤེས་ལ་ཐོགས་པ་མི་མངའ་ཞིང་གྲུབ་རྟགས་དང་འཕོ་རྟགས་ཤིན་ཏུ་ངོ་མཚར་བ་ཐོན་ཚུལ་སོགས། ད་ལྟ་ཡུལ་མི་རྒན་རབས་པ་དག་གི་ངག་རྒྱུན་ལས་བྱུང་བ་འགའ་ཞིག་འདིར་དགོད་ན། སྤྲུལ་སྐུ་ཁོང་གདན་སར་འཁོད་རྗེས་ཡུན་རིང་མ་འགོར་བར་སྐུ་མཆེད་འབྲིང་བ་རིག་འཛིན་དཔའ་བོ་ལས་རབ་རྩལ་གྱི་རྣམ་སྤྲུལ་དུ་ལུང་བསྟན་པ་ལྟར་གདན་སར་འབྱོན་སྐབས། ཡབ་ཡུམ་གཉིས་དང་ཁྱིམ་མི་ལྷན་རྒྱས་རྫ་ཆུ་ཁའི་ནོར་གླིང་དགོན་དུ་ཕེབས་ཏེ་བཞུགས། དེ་སྐབས་ཤིག་ལ་སྤྲུལ་སྐུ་རྫ་ཆུ་ཁ་ཁྱིམ་མི་ཡོད་སར་བྱོན་ཏེ། དབྱར་དུས་ཆུ་ཁ་ནས་སྤུན་སྲིང་དག་དང་ལྷན་དུ་སྐུ་རྩེད་ཀྱི་ཚུལ་དུ་གཅེར་རྒྱུག་མཛད་པས། ནོར་གླིང་དགོན་པའི་ཐད་དུ་སྣ་ནག་རིལ་ཟེར་བའི་གཞི་བདག་བཙན་པོ་ཞིག་ཡོད་པ་དེ་ཁྲོས་ནས་ཐོག་དང་སེར་བ་ཕབ་ཚེ། སྐུ་མཆེད་འབྲིང་བ་རིག་འཛིན་ཆེན་པོ་མྱུར་བར་གུར་ནང་དུ་བྱོན། བྱིས་པ་གཞན་དག་སྤྲུལ་སྐུས་གཟན་ཞབས་སུ་བསྐུངས་པ་ན། གཟན་སྟེང་དུ་ཐོག་ཡང་ཡང་བབས་ཀྱང་ཐོག་ཆུ་གནམ་དུ་ཡར་འཕེན་བཞིན་བཞུགས་པས་གནོད་པ་ཁབ་རྩེ་ཙམ་ཡང་མ་བྱུང་ངོ་། །

            ཡང་གླིང་གི་ཡུལ་ཁམས་སུ་སེར་བས་ལོ་ཏོག་འཇོམས་པ་སོགས་ཀྱི་གནོད་ཚབས་ཆེ་ཙམ་བྱུང་བ་ན། དུང་དཀར་ཞིག་ལ་ཕྱག་གི་ནས་འབྲུ་གཏོར་བས། ནས་འབྲུའི་རྗེས་གཏིང་ཟབ་པ་དོད། དུང་དཀར་དེ་ལ་རྫོང་མགོ་དགོན་པའི་སེར་དུང་དཀར་པོ་ཞེས་ཡོངས་སུ་གྲགས། ད་ལྟ་རྫོང་མགོ་དགོན་པའི་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་ལྷུན་འགྲུབ་བསམ་གཏན་འོད་གསལ་གླིང་དུ་ཡོད་ཅིང་། སེར་བ་དྲག་པོ་འབབ་གྲབས་བྱེད་ཚེ་སྒྲུབ་ཁང་གི་ཡང་སྟེང་ནས་དུང་དཀར་དེ་བུས་པས་སེར་བ་ཕྱིར་བཟློག་ཐུབ་པ་ནི་ད་ལྟའང་མཐོང་ཆོས་མངོན་གྱུར་ཡིན་པས། རྒྱང་ནས་སེར་བ་དྲག་པོ་འབབ་གྲབས་བྱེད་ཚེ་ཉེ་ཟུར་གྱི་སྡེ་མི་དག་གིས་མྱུར་དུ་སེར་དུང་འབུད་རོགས་ཞེས་སྒྲུབ་ཁང་གི་བླ་གྲྭ་རྣམས་ལ་རེ་སྐུལ་བྱེད་སྲོལ་ཡང་ཡོད་དོ། །

            ཡང་གླིང་གཏེར་པདྨ་གར་དབང་འགྲོ་འདུལ་རྩལ་གྱིས་རྫོང་དགོན་གྱི་དུར་ཁྲོད་ནས་བཞེས་པའི་མི་མ་ཡིན་གྱི་རྟེན་ཐོད་ནག་པོ། ནང་ན་མཚལ་ཐམ་ཅན་ཞིག་ཙིའུ་དམར་གྱི་རྟེན་སྒམ་ནང་དུ་བཞག་ཡོད་པ་དེ། ཡུལ་མི་ཞིག་གིས་བརྐུས་ཏེ་གཡང་རྟེན་དུ་ཉར་བས་ཕྱུག་པོར་གྱུར། ཡང་དེ་ལས་དེའི་ཉེ་འབྲེལ་དུ་གྱུར་པའི་ཡུལ་མི་གཞན་ཞིག་གིས་བརྐུས་ཏེ་རྫ་ཆུ་ཁར་བཙོང་གྲབས་བྱེད་སྐབས། གློ་བུར་དུ་རི་མགོ་ནས་བུད་མེད་ཅིག་གིས་ཁོའི་མིང་ནས་བོས་ཏེ། སྤྲུལ་སྐུས་ཐོད་པ་བཙོང་མི་ཉན་ཕྱིར་ཁྱེར་དགོས་གསུངས་སོང་ཟེར་བ་ཐོས། ཁོ་ཤིན་ཏུ་སྐྲག་སྟེ་ཐོད་པ་ཕྱིར་ཁུར་ནས་འོང་། སྤྲུལ་སྐུས་ཀྱང་དེའི་མཚན་མོར་གླིང་ཚང་གི་ལ་ཁྱི་རྣམས་མ་མངགས་གསུངས་ནས་བཞུགས། མཚན་ཕྱེད་ཙམ་དུ་རྐུན་མ་བླ་བྲང་དུ་སླེབས་ནས་སྤྲུལ་སྐུའི་གཟིམ་ཁང་གི་སྒོ་ཡོལ་ཕག་ནས་བལྟས་ཙམ་བྱས་པ་ན། དམ་ཉམས་ཁྱོད་ཡར་ཁྱིམ་དུ་ཤོག  ད་ང་ཉལ་དགོས་གསུངས། ཁོས་མགོ་བོ་སྤྲུལ་སྐུའི་སྐུ་པང་དུ་བཞག་སྟེ་འགྱོད་གདུང་གིས་ཡུན་རིང་ངུས་པས། སྤྲུལ་སྐུས་ད་ཁྱོད་ངུ་མི་དགོས། ཁྱོད་གཉིས་ཀྱིས་ཐོད་པ་རྐུ་རེས་བྱེད་ཀྱི་ཡོད་པ་ངས་སྔར་ནས་ཤེས། ཉར་ཚགས་ཡག་པོ་བྱས་ན་སོ་སོའི་འཚོ་བར་ཕན་ཐོགས་ཡོད་ངེས་པས་གནས་སྐབས་བསྐྱུར་ན་བསམ། འོན་ཀྱང་ད་རེས་ཁྱོད་ཀྱིས་ཐོད་པ་མི་ལག་ཏུ་འཇོག་གྲབས་བྱེད་ཀྱི་འདུག་པས། ངས་དུར་ཁྲོད་ལྷ་མོ་མངགས་པ་ཡིན། གང་ལྟར་ཐོད་པ་ཚུར་ཁུར་ནས་འགྲིགས་སོང་། ད་ཁྱོད་སོང་དང་ཆོག་གསུངས་ནས་བཏང་ངོ་། །

            ཡང་ཡུལ་མི་རྒན་མོ་མ་བུ་གཉིས་ཀྱིས་ནམ་རྒྱུན་སྤྲུལ་སྐུ་ལ་མར་དང་ཞོ་སོགས་འབུལ་གྱི་ཡོད། ཉིན་ཞིག་ལ་ཁོང་མ་བུ་གཉིས་ཀྱི་ཁྱིམ་དུ་རྐུན་མ་འཛུལ་ནས་རྒྱུ་ནོར་མང་ཙམ་ཁུར་ཤོར། གནས་ཚུལ་དེ་སྤྲུལ་སྐུར་ཞུས་པས། སྤྲུལ་སྐུས་དགོན་མཐའ་ན་བཟོ་པ་ཞིག་ཡོད་པ་དེ་བོས། བཟོ་པས་ཁོ་རང་ལ་བཟོ་བྱེད་དུ་འཇུག་རྒྱུ་རེད་སྙམ་བཞིན་སྐུ་མཁྲིས་སུ་སོང་བས། ཁྱོད་ཀྱིས་རྒན་མོ་མ་བུ་གཉིས་ཀྱི་རྒྱུ་ནོར་བརྐུས་པ་རྣམས་ཕྱིར་སྤྲོད་གསུངས། ཁོས་མ་བརྐུས་ཞེས་ཞུས་ཀྱང་། ད་ཁྱོད་ཀྱིས་རྫུན་མ་བཤད། སྒྲོ་བའི་ནང་དུ་བཅུག་ནས་མཚེར་ཐོ་སྒང་རྒྱབ་ཀྱི་བྲག་ཕུག་ན་སྦས་ཡོད་པ་ངས་གསལ་པོ་ཤེས། ད་ལྟ་ཁྱེར་འོང་དགོས་གསུངས། ཁོས་ཀྱང་ཁས་མ་བླངས་ཐབས་མེད་དུ་གྱུར་ནས་ཁུར་འོངས་པས། འོ་ཡ། ད་འགྲིགས་སོང་། དོན་དག་དེ་གཞན་ལ་ཤེས་སུ་མ་འཇུག་མ་གཏོགས། གླིང་ཚང་གིས་ཁྱོད་ལ་ཆད་པ་ནན་མོ་གཅད་རྒྱུ་རེད་གསུངས་ནས་བཏང་ངོ་། །

            ཡང་རྫ་ཁོག་ཏུ་བྱོན་སྐབས་དཀར་པོ་ཚང་ཟེར་བའི་ཁྱིམ་ཚང་ཞིག་ཏུ་ཉིན་གུང་ཙམ་ལ་སླེབས་ཏེ་དེར་ཞག་གཅིག་བཞུགས་གྲབས་བྱས། དེ་བ་ཚང་གིས་དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ཀྱི་ནང་དུ་ཞོ་དྲངས། ཞབས་འབྲིང་གྲྭ་པ་ཞིག་གིས་ཞོ་དཀར་སྤྲུལ་སྐུ་ལ་འབུལ་སྐབས། ཞོ་གང་ཆེས་ནས་ཕྱིར་ལུད་དེ་ཁོ་རང་གི་ལག་པར་ལྷུངས་བ་དེ་ལྕེས་བལྡགས་པས། སྤྲུལ་སྐུའི་ཞལ་ནས། ཨ་ཁ་ཁ། ད་རེས་དཀར་པོ་ཚང་གིས་ནག་པོ་ཞིག་བྱས་སོང་། ད་འུ་ཅག་འདི་ན་མི་འདུག་ཕྱིར་རང་ཡུལ་དུ་འགྲོ་དགོས་གསུངས་ཏེ་ཡོང་བས་ཕྱི་ཉིན་དགོན་ནང་དུ་སླེབས། ཞབས་འབྲིང་གྲྭ་པ་དེ་གློ་བུར་དུ་ཟུག་གཟེར་ལངས་ཏེ་སྐུ་གཤེགས། གླིང་ཚང་དང་དགོན་པས་དཀར་པོ་ཚང་ལ་གྱོད་བརྒྱབས་ཏེ། མཛོ་བརྒྱ་བླངས། མཛོ་བརྒྱའི་རིན་གྱིས་རོལ་མོ་རྩ་ཆེན་ཞིག་ཉོས་ཏེ་དགོན་ནང་དུ་བཞག་པས་དེ་ལ་དཀར་པོའི་མཛོ་བརྒྱ་མ་ཞེས་ཡོངས་སུ་གྲགས་སོ། །

            ཡང་རྫ་ཆུ་ཁའི་ཁྲོམ་བཟའ་འགབ་མར་བཞུགས་དུས་སེར་བ་དྲག་པོ་ཞིག་འབབ་གྲབས་བྱེད་ཚེ། ཞབས་འབྲིང་གྲྭ་པ་འཇམ་བཟང་ཟེར་བ་དེས། སྤྲུལ་སྐུ་རིན་པོ་ཆེ་ལགས། སེར་བ་བཟློག་ཐབས་ཤིག་ཞུས་པས། ངས་ཅི་ཡང་མི་ཐུབ་གསུངས་ནས་བཞུགས། ཡང་ནན་གྱིས་ཞུས་པས། འཇམ་སྨྱོན་མ་ཁྱོད་ཀྱིས་ཁ་ཚུམས། ཁྱོད་རྫོང་མགོ་དགོན་པའི་སྒྲུབ་བླ་ཞིག་གིས་སེར་བ་ཙམ་ཡང་འགོག་མི་ཐུབ་པ་ཡིན་ནམ་ཞེས། ཞལ་རྩེད་དང་བཅས་ཏེ་གཟན་གྱིས་དབུ་བཏུམས་ནས་བཞུགས། གློ་བུར་དུ་ཕྱོགས་མཚམས་ཀུན་ཏུ་ཚྭ་ཚྭ་མཆོད་བརྒྱ་མའི་དབྱིབས་ཅན་གྱི་སེར་བ་དྲག་པོ་ཞིག་བབས་ཀྱང་། སྤྲུལ་སྐུ་བཞུགས་སའི་ཕྱོགས་བཞི་མཚམས་བརྒྱད་ནས་མདའ་རྒྱང་གང་ཙམ་གྱི་ཚུན་ནང་དུ་སེར་འབྲུ་གཅིག་ཀྱང་མ་འཐོར་བས། ཡུལ་དེའི་འབྲོག་མི་ཀུན་ཧ་ལས་ཤིང་ཧོན་འཐོར་བར་གྱུར་ཏོ། །

            ཡང་རྫོང་བྲག་དཔལ་རིའི་གཡས་ཟུར་གྱི་ཆོས་སྲིད་ཐང་དུ་རྫ་ཆུ་ཁ་ནས་ཡོང་པའི་དུད་ཚང་བདུན་ཙམ་ཞིག་བསྡད་ཡོད་སྐབས། དེའི་མི་རྣམས་དང་གླིང་སྡེའི་མི་རྣམས་ཕྱོགས་གཉིས་སུ་ཆད་དེ་གྲི་མཚོན་སོགས་ཀྱིས་འཐབ་རེས་བྱས། སྤྲུལ་སྐུས་ཐུགས་ཤིན་ཏུ་ཁྲོས་པའི་ཚུལ་གྱིས་ཕུད་ཀོང་ཁ་སྦུབས་པས། ལྷ་གཡག་ཁམ་པ་ཞིག་འབྲོག་པའི་ཁྱིམ་ཚང་གཙོ་བོའི་ནག་ཚང་གི་སྒོ་ནས་འཛུལ་ཏེ་ཕུག་ནས་མཆོངས་སོང་བ་ཀུན་ཀྱིས་མཐོང་། འོན་ཀྱང་ནག་ཚང་གི་ཕུག་ངོས་སུ་མཛུབ་མོའི་ཤུལ་ལྟ་བུའི་བུ་ག་ཅུང་ཙམ་ཞིག་གཏོད་པ་མ་གཏོགས་གཡག་འཛུལ་ཤུལ་ཡེ་ནས་མེད་པར་གྱུར། སྐབས་དེར་འབྲོག་མི་དེ་དག་ལ་ན་ཚ་ཆེར་བྱུང་བས། སྤྲུལ་སྐུ་ལ་ཞུ་བཤག་དར་གཏོང་བྱས། སྤྲུལ་སྐུས་ཀྱང་ཞུ་བ་དང་དུ་བླངས་ནས་ཁོ་ཚོ་དེར་འདུག་མི་ཆོག་པའི་བཀའ་ཕབ་སྟེ་ཕྱིར་བསྐྲད་དོ། །

            ཡང་ཉག་རོང་གི་གཏེར་སྟོན་བསོད་རྒྱལ་གྱིས་རྫོང་བྲག་དཔལ་རིའི་སྲིབ་ངོས་ནས་གཏེར་ལེན་གྲབས་མཛད་ཀྱང་། རྒན་མོ་སྐྲ་སེར་ཅན་གྱིས་ར་མགོ་ཞིག་མེ་ནང་དུ་བསྲེགས་པས་བསྒྲིབས་ཏེ་གཏེར་ལེན་དུ་མ་བཅུག  གཏེར་སྟོན་གྱིས་དེ་སྤྲུལ་སྐུའི་ཆོ་འཕྲུལ་ཡིན་པར་དགོངས་ནས་སྤྲུལ་སྐུ་ལ་གཏེར་ལེན་ཆོག་པའི་གནང་བ་ཞུས། སྤྲུལ་སྐུའི་ཞལ་ནས། དེ་ན་གནམ་ལྕགས་ཕུར་པ་བདུན་གཏེར་ལེན་རྒྱུ་ཡོད་པར་ངས་ཀྱང་ཤེས། གལ་ཏེ་ཁྱོད་ཀྱིས་དེའི་ནང་གི་ཕུར་པ་ཆེ་བ་དེ་ང་ལ་སྦྱིན་ན་ངས་གཏེར་ལེན་དུ་འཇུག་གསུངས། གཏེར་སྟོན་གྱིས་ཀྱང་དེ་སྤྲུལ་སྐུ་ལ་ཕུལ་བ་ཞལ་གྱིས་བཞེས་པ་ལྟར་གཏེར་བླངས་ཏེ་ཕུལ་ཏོ། །

            ཡང་འདན་ཆུ་རྡོ་ཚང་གི་ཕ་རྒན་ཚེ་ལས་འདས་སྐབས། སྤྲུལ་སྐུ་རིན་པོ་ཆེ་དང་། གྲྭ་འགྱུར་མེད་ཤཱཀྱ་དང་། ཚེ་སྒྲུབ་དང་། ཕ་རི་སྦྱིན་པ་གསུམ་བཅས་འཕོ་འདེབས་ལ་གདན་དྲངས། ཆུ་རོན་དང་རྣམ་རྒྱལ་གླིང་སོགས་ལམ་རྒྱུད་རྣམས་སུ་ཆུ་ཟམ་བསྒྲིགས་ཏེ་གསོལ་ཇ་བཞེས་པར་ཕེབས་བསུ་ཞུས་ཀྱང་། ཇ་མི་འཐུང་གསུངས་ནས་ཕེབས་པ་ན། ཞབས་འབྲིང་གྲྭ་པ་གསུམ་ལྟོག་སྐམ་གྱི་ཚོར་བས་ཅུང་གདུང་བས། ར་རི་ནས་ཇ་བཞེས་རྒྱུ་རེད་ཅེས་ལྐོག་ཏུ་ལབ་གླེང་བྱེད་ཞོར་སོང་། ར་རིར་སླེབས་ཚེ་ཆུ་ཟམ་མང་དུ་བསྒྲིགས་ཏེ་གསོལ་ཇ་བཞེས་པར་ཕེབས་བསུ་ཞུས་ཀྱང་། མར་ཡོང་དུས་འཐུང་རྒྱུ་ཡིན་གསུངས་ནས་ཤར་མར་ཕེབས། སྐབས་དེར་ཚེ་སྒྲུབ་ཟེར་བའི་གྲྭ་པ་དེ་སྐྲོ་ལངས་ནས་སྤྲུལ་སྐུ་ལ་ལྐོག་གཤེ་ཡང་ཅུང་ཙམ་བྱས། འདན་ཆུ་རྡོ་ཚང་སར་སླེབས་མ་ཐག་ཏུ་ཇ་རྐྱང་ཕོར་བ་གང་རེ་བཞེས་འཕྲལ། ཕུང་པོ་གང་ན་བཞག་ཡོད་གསུངས། ཁང་ཤོད་ར་ཁང་ནང་ན་ཡོད་ཅེས་ཞུས་ཏེ་དེར་བྱོན་པས། མི་རྒན་གྱི་རོ་སྐྲ་སྐྱ་སེར་སྔོ་སེར་ཅན་ཞིག་སྐེད་རགས་དང་ཐ་གུས་བསྒངས་ནས་བཀྱིགས་ཡོད་ཀྱང་། ཚང་མ་དུམ་བུ་དུམ་བུར་ཆད་དེ་སྤུས་མོ་གཡོན་པ་དང་ལག་གཡོན་པ་སར་བཙུགས་ཏེ་ལངས་གྲབས་བྱེད་ཀྱི་ཡོད་པར་མཐོང་། འཕོ་བ་གསུངས་ཏེ་ཧིཀ་སྒྲ་གསུམ་བརྒྱབས་ཚར་མ་ཐག  ད་འུ་ཅག་མྱུར་དུ་སྒོར་འགྲོ། ཁྱེད་ཚོ་སྐྲག་འོང་ན་མི་ཤེས། སྒོ་ངས་བརྒྱབ་འོང་གསུངས་ནས་སྒོ་གླེགས་ཚུར་འཐེན་ཏེ་ཞབས་ཡ་གཅིག་སྒོ་ཐེམ་གྱི་ཕྱིར་སྤོས་པ་ན། རོ་སར་འགྱེལ་ཏེ་ཁ་སྣ་སོགས་ནས་ཁྲག་ལྷོག་ལྷོག་ཏུ་རྒྱུག་པར་ཐོས། དེ་ནས་ཡར་སྟེང་ཁང་དུ་བྱོན་ནས། འོ་ཡ། ད་བཟའ་བཏུང་གང་ལེགས་གྱིས། ལམ་ནང་ནས་ཚེ་སྒྲུབ་ཀྱིས་ང་ལ་ལྐོག་གཤེ་བཏང་བ་ངས་ཤེས་མོད། རྫོང་མགོ་དགོན་གྱི་བླ་གྲྭ་དག་གིས་རོ་ལངས་ཤིག་འདུལ་མ་ཐུབ་ན་མི་ཁ་དེས་ཆེ་མ་གཏོགས། ཉིན་གཅིག་ལ་བཟའ་བཏུང་ཆད་པ་ཙམ་གྱིས་འཆི་འགྲོ་མ་རེད། བཟའ་བཏུང་ཆད་ནས་མི་ཤི་བ་ལ་ཉིན་ཞག་བདུན་ཙམ་དགོས་ཀྱི་རེད་ཅེས་སོགས་ཞལ་རྩེད་མཛད་དོ། །

            ཡང་སྤྲུལ་སྐུ་རིན་པོ་ཆེ་དང་རྫོང་དགོན་གྱི་བླ་གྲྭ་མང་པོ་རྫ་ཆུ་ཁར་བྱོན་ནས་ཁྲོམ་བཟའ་འགབ་མར་ཁྱིམ་ཚང་ཞིག་ཏུ་ཐོས་གྲོལ་གསུང་བཞིན་ཡོད་སྐབས། ཉེ་འཁོར་གྱི་མི་ཤི་བའི་རོ་ལངས་ཏེ། སྤྲུལ་སྐུ་གདན་འདྲེན་ཞུ་སར་ཐེངས་གཉིས་འོངས་ཀྱང་། ཐོས་གྲོལ་འདོན་དགོས། ད་རུང་ཅི་བྲེལ་གསུངས་ནས་མ་བྱོན། ཐོས་གྲོལ་འདོན་མཚམས་གནས་འདྲེན་ཆེ་བའི་མགོར་སླེབས་ཚེ། ཡང་དེ་ཚང་གི་མི་ཞིག་ཡོང་སྟེ་སྤྲུལ་སྐུ་ལ་ཞུ་བ་ཕུལ། སྤྲུལ་སྐུས་ད་འུ་ཅག་འགྲོ་མ་གཏོགས་འདུག་ཏུ་འཇུག་ས་མ་རེད་གསུངས་ནས་བྱོན། ནག་ཚང་གི་གྲུ་ཁུག་ཅིག་ཏུ་རོ་བཞག་ནས་ཕྱར་བས་ཡོལ་བ་བྱས་པར་མ་ཟད་ཕྱར་བ་ནགས་ཚང་གི་ངོས་སུ་ཚེམས་ཤིང་། ཕྱར་མཐའ་རྡོས་མནན་ཏེ་བཞག་ཡོད་པར་མཐོང་། ཕྱོགས་གཅིག་ནས་ཁྱིམ་མི་ཕོ་སར་གཉིས་ཀྱིས་གྲི་དང་སྟ་རེ་བརྡར་བཞིན་འདུག་པ་ལ་སྤྲུལ་སྐུས་གཟིགས་ཏེ། ཁྱོད་གཉིས་ཀྱིས་གྲི་དང་སྟ་རེ་བརྡར་ནས་རོ་འདུལ་ཐུབ་ན། ང་ལ་ཐོས་གྲོལ་འདོན་དུ་མི་འཇུག་པར་ཤོག་ཟེར་ནས་ཅི་བྱ་ཞེས་བཀའ་བཀྱོན་གནང་། དེ་ནས་འཕོ་བ་གསུངས་ཧིག་སྒྲ་བརྒྱབས་ཏེ། ཕྱར་བ་མར་ལོངས་གསུངས་པ་ལྟར་བྱས་པས། ཁ་མིག་སྣ་གསུམ་ཕྱིར་བསྒྱུར། སྐྲ་རིང་པོ་ནག་ཤིག་གེ་བ་དེ་ནག་ཚང་གི་ངོས་སུ་མཆེད་པ་ལྟར་བྱས་ནས་ལང་གི་ཡོད་ཀྱང་། ཡུད་ཙམ་གྱིས་ཁ་སྣ་སོགས་ནས་ཁྲག་ཆུ་ཕྲན་བཞིན་བབས་ཏེ་རོ་སར་འགྱེལ་སོང་ངོ་། །

            ཡང་རྫོགས་ཆེན་དུ་གདན་འདྲེན་སྐབས་བྱེ་མ་ཐང་ནས་སྒང་ཕྲན་སྲང་གི་ཆུ་ནང་དུ་ཆིབས་པ་ལག་བརྡབས་བྱུང་བས་སྤྲུལ་སྐུ་ཆུ་ནང་ན་ལྷུངས། ཡོན་བདག་ཕོ་གསར་དེས། རྫོགས་ཆེན་གྱི་བླ་སྤྲུལ་ཚང་མས་ངའི་ཨ་ཕ་ལ་འཕོ་བ་མ་ཐེབས། དེ་རིང་གླིང་རྗེ་དྲུང་སྤྲུལ་སྐུ་ཆུ་ནང་དུ་ལྷུངས་ཤོར་ཟེར་བཞིན། རྡོ་ཞིག་གིས་བྲང་བརྡུངས་ཏེ་མྱ་ངན་ཆེན་པོ་བྱེད་ཚེ། སྤྲུལ་སྐུའི་ཞལ་ནས། ཁྱོད་ཀྱིས་དེ་ལྟར་མ་བྱེད། ང་རང་ཅི་ཡང་མི་སྐྱོན། རྫོགས་ཆེན་གྱི་བླ་སྤྲུལ་ཚོ་ལ་ནུས་པ་མེད་ནས་འཕོ་བ་མ་ཐེབས་པ་མ་རེད། ཁོང་རྣམ་པ་ལ་དུད་འགྲོ་གླེན་ལྐུག་གི་འཕོ་བའི་གདམས་པ་མེད་པ་ཡིན་རྒྱུ་རེད། གདམས་པ་དེ་ང་ལ་ཡོད་པས་མི་སྐྱོན་གསུངས། ཁྱིམ་དུ་བྱོན་ནས་འཕོ་བ་གསུངས་ཧིཀ་སྒྲ་བརྒྱབས་པས། ཀ་ལི་ཚགས་སྒྲ་དང་བཅས་གས་ཏེ་ཀླད་པ་སྐྱ་ཉིལ་ལེ་ཕྱིར་མཆོད་བྱུང་བས། ད་ཁྱེད་ཅག་གིས་སྡུག་བསྔལ་མ་བྱེད་དང་ཕན་ཐོགས་ཡོད་གསུངས་སོ། །ད་དུང་དེ་འདྲའི་རྣམ་ཐར་ངོ་མཚར་བ་མང་པོ་ཞིག་ཡུལ་མི་རྒན་ཁོག་དག་གིས་བླ་མ་དྲན་པའི་མིག་ཆུའི་ཆར་རྒྱུན་དང་མཉམ་དུ་ངག་ཐོག་ནས་ཆུ་བཞུར་བཞུར་བྱེད་ཀྱི་འདུག་མོད། རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱའོ། །

            དེ་ནས་དགུང་ལོ་བདུན་ཅུ་དོན་གྲངས་བཞེས་པ་རབ་བྱུང་བཅུ་དྲུག་པའི་ནང་དུ་ལོ་མཇུག་གི་ཚེས་ཉེར་དགུའི་ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་གྲབས་མཛད་ཀྱང་། མཁན་ཆེན་དམ་པ་ཐུབ་བསྟན་དགེ་ལེགས་རབ་རྒྱས་མཆོག་གིས། བཤུམས་པ་དང་བཅས་ཏེ་ཁྱེད་འདི་ལྟར་ཞིང་དུ་མི་འབྱོན་རོགས། གལ་ཏེ་ཅིས་ཀྱང་བྱོན་དགོངས་ནའང་། དེ་རིང་ལོ་ཟད་ཟླ་ཟད་ཉེར་དགུའི་ཉིན་བྱོན་སོང་ན་ངེད་ཅག་གིས་མི་ཁ་ངན་པའང་ཇི་ལྟར་འགོག་ཅེས་སོགས་ཞུས་པས། ཨ་ཙི། དེ་རིང་ཚེས་ཉེར་དགུ་ཡིན་ནམ་གསུངས། ཡིན་ལགས་ཞུས་པས། དེས་ན་དེ་རིང་ང་རང་འཆི་རྒྱུ་མིན། བཟའ་བཏུང་གྲ་སྒྲིག་གྱིས་གསུངས་ནས། སྐུ་ལུས་ཟླ་དཀྱིལ་དཀར་པོ་ལ་སྒྲ་གཅན་ནད་ཀྱི་འཚེ་བ་གཏན་མེད་པ་ལྟར་མཛད་ནས་ཉིན་ཞག་གཉིས་ངོ་ཟིན་ཙམ་བཞུགས་ནས། ལོ་གསར་གྱི་ཚེས་གཅིག་གི་ཉིན་མཁན་ཆེན་དམ་པ་ཐུབ་བསྟན་དགེ་ལེགས་རབ་རྒྱས་མཆོག་ལ། ཁྱོད་ཀྱིས་ཆོས་དབྱིངས་མཛོད་ཚར་གཅིག་ཐོན་གསུངས་པ་ལྟར་བཏོན་གྲུབ་པ་ན། སེམས་ཉིད་ངལ་གསོའི་ཕྱག་རྒྱ་དང་བཅས་སྐུ་ལུས་མདའ་བསླངས་པ་ལྟར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །སྐུ་གདུང་གི་ཐུགས་དམ་དཀྲོལ་མཁན་ཉིད་ཀྱི་རྩ་བའི་བླ་མ་བྱ་བྲལ་ཀུན་དགའ་དཔལ་ལྡན་གདན་དྲངས་པས། བྱ་བྲལ་གྱིས། སྐུའི་གཟི་མདངས་ཆ་ཤས་ཙམ་ཡང་མ་ཡལ་ཞིང་སེམས་ཉིད་ངལ་གསོའི་རྒྱ་ཅན་གྱི་སྐུ་གདུང་རིན་པོ་ཆེ་མཇལ་ཚེ། གུ་རུ་ནི་གུ་རུ། གུ་རུ་འདི་མ་གཏོགས་སུ་ཡིན་གསུང་བཞིན་སྐུ་གདུང་ལ་བསྐོར་བ་ལན་གསུམ་བརྒྱབས་ཏེ་གདུང་དཀྲོལ་བར་མཛད། དགོན་ནང་དུ་སྐུ་དམར་གདུང་བྱས་ནས་བཞག་ཀྱང་རིག་གནས་གསར་བརྗེའི་དུས་སུ་གཏོར་བརླག་ཐེབས། སྐབས་དེར་ཡུལ་མི་ལས་སྨོན་ཅན་དང་དད་དམ་ཅན་དག་གིས། དབུ་ཐོད་དང་གདུང་རུས་དུམ་བུ་སོགས་ཁྱེར་རྒྱུ་རྙེད་དེ་ད་ལྟའང་གང་སར་ཁྱིམ་གྱི་གཡང་རྟེན་དང་སེམས་ཀྱི་དད་རྟེན་དུ་བཞུགས་ཡོད། སྐུ་གཤེགས་རྗེས་སུ་ཕྱོགས་ཀྱི་དགོན་ཁག་དག་གིས་ཀྱང་དགུང་ཞག་འདེད་རྒྱུ་དང་། རྒྱུ་ནོར་ནོམས་ཆེན་གང་མང་མང་རེ་རྫོང་མགོ་དགོན་པར་མཆོད་པའི་ཡོན་དུ་ཕུལ་ཡོད་ངེས་ཀྱང་། ལོ་རྒྱུས་ཞིབ་མོ་མི་སྣང་ཞིང་གལ་ཡང་དེ་ཙམ་མི་ཆེ་བས་ད་ནི་དེ་ཙམ་གྱིས་མཐའ་བསྡུ་བར་བྱའོ། །

བསྟན་བདག་སྐུ་ཕྲེང་བཞི་པ་འགྱུར་མེད་ཐེག་མཆོག་ངེས་དོན་བཤད་སྒྲུབ་བསྟན་འཕེལ།

            འགྱུ༵ར་མེ༵ད་རྡོ་རྗེ་རིང་ལུགས་ཐེ༵ག་པའི་མཆོ༵ག།

            ཆེ་ཆོས་དྲུག་ལྡན་རྒྱུད་ལུང་མན་ངག་སྟེ།།

            ངེ༵ས་དོ༵ན་བཤ༵ད་སྒྲུ༵བ་བསྟ༵ན་པ་འཕེ༵ལ་མཛད་པ།།

            མཚུངས་མེད་བླ་མའི་ཞབས་པད་གཙུག་ན་མཛེས།།

            ཞེས་པ་འདི་ནི་མཁན་ཆེན་ཐུབ་བསྟན་དགེ་ལེགས་རབ་རྒྱས་ཀྱི་གསུང་ཡིན་ནམ་སྙམ།

            དེ་ཡང་གླིང་ཆོས་འཕེལ་ནག་པོའི་གདུང་བརྒྱུད་ལས། ཆེ་བརྒྱུད་དང་འབྲིང་བརྒྱུད་དང་ཆུང་བརྒྱུད་གསུམ་ཆད་པའི་ཕྱི་མ་ཆུང་བརྒྱུད་ལས། སངས་རྒྱས་མི་གཟུགས་སུ་བྱོན་པ། རིགས་གསུམ་པདྨའི་རྣམ་འཕྲུལ། འཛམ་བུ་གླིང་གི་སྐྱེས་གཅིག   ཕྱི་དུས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་ནག་ཕྱོགས་གདུག་པའི་རྩུབ་འགྱུར་གྱིས་གླག་ལྟ་བ་ན། རྒྱལ་བའི་ཕྲིན་ལས་ཀྱི་འཇུག་པ་དུས་ལས་མ་ཡོལ་བ། སེང་ཆེན་ནོར་བུ་དགྲ་འདུལ་གྱི་གཅེན་ལྷ་སྲས་འབུམ་པའི་གདུང་ལས་ཆད་པ། གླིང་རྗེ་ཕུན་ཚོགས་དགེ་ལེགས་རབ་བརྟན་ནམ་ཡིད་བཞིན་དབང་གི་རྒྱལ་པོས། འོད་གསལ་ལྷ་ལས་བབས་པ་མགར་གནམ་ཚ་འབུག་གི་གདུང་ལས་ཚོ་ཆེན་བཅོ་བརྒྱད་དུ་གྱེས་པའི་ཡ་གྱལ་མགར་དུ་གྲགས་པའི་གདུང་བརྒྱུད། ཆོས་རྒྱལ་ནོར་བུའི་ཕྲེང་བ་རིམ་བྱོན་གྱིས་བསྟན་པའི་དབུ་འཕངས་དགུང་དུ་འདེགས་པ། སྡེ་དགེ་ཆོས་རྒྱལ་གྱི་སྲས་མོ་སྐལ་བཟང་ཆོས་སྒྲོན་ནམ་ཁམས་གསུམ་དབང་མོ་ཁབ་ཏུ་བཞེས་པ་ལ། རིགས་སྲས་ཆེ་བ་རྫོགས་ཆེན་དགེ་མང་སྤྲུལ་སྐུའི་ཡང་སྲིད་ཆུང་ངུའི་དུས་ནས་སྐུ་གཤེགས། འབྲིང་བ་གླིང་ཚང་ཆོས་རྒྱལ་འཇིགས་མེད་དབང་འདུས་ཏེ། ཁོང་ནི་གླིང་ཚང་ཆོས་རྒྱལ་དབང་ཆེན་བསྟན་འཛིན་གྱི་སྲས་རེད་ཟེར་བའང་ཐོས། ཆུང་བ་གླིང་རྗེ་དྲུང་སྤྲུལ་སྐུ་བཤད་སྒྲུབ་བསྟན་འཕེལ་ཏེ་སྲས་གསུམ་དང་། སྲས་མོ་འབངས་ལྡིང་དང་རིག་འཛིན་དབང་མོ་གཉིས་ཏེ་མཆེད་ལྕམ་ལྔ་འཁྲུངས།

            ལྷ་སྲས་ཆུང་བ་གླིང་རྗེ་དྲུང་སྤྲུལ་སྐུ་བཤད་སྒྲུབ་བསྟན་འཕེལ་མཆོག་ནི། སྤྱི་ལོ་༡༩༤༢་དང་རབ་བྱུང་༡༦་པའི་ཆུ་རྟ་ལོར་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་བཅས་ཏེ་སྐུ་བལྟམས། རིས་མེད་བསྟན་པའི་རྒྱལ་མཚན་ཆེན་པོ་རྫོང་སར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་། རིག་འཛིན་གར་གྱི་རྡོ་རྗེ་དང་། ལབ་མཁན་ཆེན་རིན་པོ་ཆེ་སོགས་དམ་པ་དུ་མས་བདེན་པའི་གསུང་བསླུ་བ་མེད་པས། ཡང་ནས་ཡང་དུ་རྒྱ་སྟོན་པདྨའི་དབང་ཕྱུག་དང་། གླིང་རྗེ་དྲུང་རིན་པོ་ཆེ་ཟུང་གི་ཡེ་ཤེས་གཅིག་ཏུ་འདུས་པའི་བདག་ཉིད་དུ་མངའ་གསོལ་ཞིང་། འགྱུར་མེད་ཐེག་མཆོག་ངེས་དོན་བཤད་སྒྲུབ་བསྟན་འཕེལ་དཔལ་བཟང་པོ་ཞེས་པའི་མཚན་གྱི་ཅོད་པན་གསོལ། སྡེ་དགོན་གྱི་གྲྭ་འབངས་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཞབས་ཀྱི་པདྨོ་དགེ་མཚན་བཀྲ་ཤིས་ཀྱི་རེ་ཁ་ཅན་གཡོ་མེད་རྡོ་རྗེའི་ཁྲི་ལ་དགྱེས་བཞིན་དུ་བཀོད་དེ་བསྟན་འགྲོའི་དཔལ་མགོན་དུ་བཞུགས། རིག་གནས་གསར་བརྗེའི་དུས་འགྱུར་གྱི་དབང་གིས། སྤྱི་ལོ་༡༩༥༩་ལོར་རྒྱ་གར་འཕགས་ཡུལ་དུ་འབྱོར་ནས་ཀ་ལིང་སྤུངས་སུ་བཞུགས་སྐབས། StAugustine'sSchool ནང་དུ་སློབ་གཉེར་གསན་བསམ་རྒྱ་ཆེར་གནང་། དེ་རྗེས་འབྲུལ་ཡུལ་དུ་ལོ་མང་རིང་བཞུགས།

            བར་སྐབས་སུ་ཕྱིར་རང་དགོན་དུ་ལན་གྲངས་དུ་མར་ཕེབས་ཚེ། ཡུལ་མིས་ཆིབས་བསུ་དར་གཏོང་དང་། གླུ་ལེན་བྲོ་རྡུང་དང་། རྟ་རྒྱུག་མདའ་འཕེན་སོགས་ཀྱིས་དགའ་སྟོན་དང་མཆོད་པ་རྒྱ་ཆེར་བྱས། ཁོང་གིས་ཀྱང་ཐུགས་བརྩེ་ཆེན་པོས་བསྟན་འགྲོ་ལ་སྨན་པའི་མཛད་པ་བླ་ན་མེད་པ་བསྩལ།

            མཐར་གླིང་ཚང་གི་མངའ་སྡེའི་བསོད་ནམས་ཀྱིས་མ་ཆུན་པར། དགུང་གྲངས་ལྔ་བཅུ་ང་གཉིས་བཞེས་ཐོག་རྒྱ་གར་དྷེ་ར་དྷུན་གྱི་གནས། མཱ་ཌཱུ་ཝཱ་ལ་གླིང་ཚང་གཞིས་ཆགས་སུ། སྤྱི་ལོ་༡༩༩༣་ཟླ་བ་༡༠་པའི་ཚེས་༣༡་དང་། རབ་བྱུང་༡༧་པའི་ལུག་ལོའི་ཟླ་བ་༩་པའི་ཚེས་༡༦་གི་དགོང་མོར་སྐུའི་ཟུང་ཁྲག་སྟོབས་སུ་བརྡོལ་ནས་གློ་བུར་དུ་དགོངས་པ་རྫོགས་པའི་ཚུལ་བསྟན། གླིང་ཚང་གི་འབངས་མི་སྐྱ་སེར་ཀུན་མགོན་མེད་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུ་མྱ་ངན་བཟོད་སྲན་བྲལ་བའི་གནས་སུ་གྱུར་ཀྱང་། དམ་པ་གང་གི་ཐུགས་དགོངས་རྫོགས་ཕྱིར་རྣམ་དཀར་ལེགས་ཚོགས་ཀྱི་བགྱི་སྒོ་ལ་འབད་འབུངས་ལྷོད་མེད་བྱས་པ་སྟེ། དེ་ཡང་སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་གདན་ཞུས་ཀྱིས་ཐུགས་དམ་གསལ་འདེབས་མཛད། སྐུ་ཕུང་ལ་གདུང་ཆས་ཚད་ལྡན་ཚུལ་མཐུན་གསོལ། དཔལ་ས་སྐྱའི་བདག་ཁྲི་རིན་པོ་ཆེ་གདན་ཞུས་ཀྱིས་ས་ལམ་གྱི་བར་ཆད་ཞི་བའི་གསུང་ཆོག་ཐུགས་སྨོན་གནང་། སྤྱི་ཟླ་༨་པའི་ཚེས་༡༡་དང་བོད་ཟླ་༩་པའི་ཚེས་༢༤་ཞོགས་པ་ཆུ་ཚོད་༩་པའི་ཐོག་སྐུ་ཕུང་གདུང་ཁང་དུ་བཞུགས་སུ་གསོལ། དཔལ་ས་སྐྱའི་བདག་མོ་དང་། སྨིན་གླིང་ཁྲི་ཆེན་གྱི་གསང་ཡུམ་གཉིས་ཀྱིས་གཙོས་ཕྱོགས་ཕེབས་རྣམས་དང་། མི་མང་གིས་གུས་མདུད་དང་བཅས་མཇལ་དར་ཕུལ། སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་མཆོག་དབུ་བཞུགས་ཀྱིས་དགེ་འདུན་པ་རྣམས་ཀྱིས། སྨིན་གླིང་རྡོར་སེམས་ཆོ་ག་དང་། ངོར་ཁང་སར་ཞབས་དྲུང་རིན་པོ་ཆེ་དབུ་བཞུགས་ཀྱིས་དགེ་འདུན་པ་རྣམས་ཀྱིས། ཀུན་རིག་གི་ཆོ་གའི་སྒོ་ནས་སྦྱིན་སྲེག་མཛད། སྤྱིར་བཏང་སྔ་དྲོའི་ཆར་གནམ་གཤིས་ཆར་སྤྲིན་འཁྲིགས་ནས་ཡོད་ཀྱང་། སྐུ་གདུང་གདན་ཞུའི་སྐབས་ཉི་མའི་མདངས་གསལ་བར་བྱུང་། སླར་ཡང་ཆར་པ་ཅུང་ཙམ་བབས་ནས་སྦྱིན་སྲེག་གི་དངོས་གཞིར་སླེབས་སྐབས། ཉི་མའི་མདངས་ཤིན་ཏུ་གསལ་བར་འཆར་ཞིང་། བར་སྣང་དུ་འཇའ་སྤྲིན་འཁྲིགས་པ་དང་། གཟིམ་ཤག་ཐོག་ཏུ་སྔར་ཡོང་མ་མྱོང་བའི་བྱ་རྒོད་ཐང་དཀར་གསུམ་དང་། བྱ་ཕོ་རོག་ནག་ཆུང་གཉིས་ཀྱིས་འཕུར་ལྡིང་བྱེད་པ་དེར་ཡོད་ཀུན་ཀྱིས་མཐོང་། སྤྱིར་གླིང་ལྷ་རྒྱུད་དཀར་པོའི་གདུང་རབས་དྲི་མ་མེད་པ་རིམ་བྱོན་རྣམས་ཀྱི་དབུ་ཐོད་ལ་གདུང་མི་འགྱུར་བའི་མཚོན་རྟགས་སུ་ཨ་ཡིག་དཀར་པོ་རང་བྱོན་དུ་གསལ་བ་སྨོས་མ་དགོས་ཀྱང་། དམ་པ་འདིའི་དབུ་ཐོད་ཀྱི་ངོས་སུ་ཨོཾ་ཨཱཿ་ཧཱུཾ་སྟེ་ཡིག་འབྲུ་གསུམ་རང་བྱོན་དུ་ཡོད་པ་ཀུན་ཀྱི་མིག་ལམ་དུ་གསལ་བར་བྱུང་ངོ་། །

བསྟན་བདག་སྐུ་ཕྲེང་ལྔ་པ་ཀརྨ་ཆེ་མཆོག་གམ་བསྟན་འཛིན་རྣམ་རྒྱལ།

            ཐུབ་པའི་ལུང་རྟོགས་བསྟ༵ན་པ་རིན་པོ་ཆེ།།

            བཤད་སྒྲུབ་ལས་ཀྱི་འཁོར་ལོས་འཛི༵ན་པ་ལ།།

            ཟླ་བྲལ་ཕྱོགས་ལས་རྣ༵མ་པར་རྒྱ༵ལ་བའི་སྡེ།།

            ངེས་དོན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས།།

རྩོམ་པ་པོས།

            གླིང་རྗེ་དྲུང་སྐུ་ཕྲེང་ལྔ་པ་ཀརྨ་ཆེ་མཆོག་གམ་བསྟན་འཛིན་རྣམ་རྒྱལ་ནི། ཕ་རྒྱུད་སྡེ་དགེ་རྒྱལ་པོའི་འདུན་འཁོར་སུམ་ཅུའི་ནང་ཚན་དུད་ཆེན་བུ་ཞིང་ཚང་ལས་ཆད་པ་དང་། མ་རྒྱུད་སྡེ་དགེ་རྒྱལ་པོའི་བློན་ཆེན་མ་ཐང་དབང་ལྡན་ཞེས་རྔད་སྨད་ཡུལ་གྱི་གཞི་བདག་འབྲུ་སྤོ་བོ་རྡོ་རྗེ་གཞོན་ནུའི་སྲས་ཡིན་པར་བཤད་ཅིང་། ཁྱིམ་རྒྱུད་དུ་དཔལ་སྤྲུལ་གྱང་ཁང་ཐུབ་བསྟན་དཔལ་བཟང་དང་། བླ་མ་ཐར་པ་དང་། ཚྭ་ཚྭའི་སྒྲུབ་རྒན་རིན་པོ་ཆེ་སོགས་སྤྲུལ་སྐུ་མང་པོ་འཁྲུངས་པས་སྤྲུལ་རྒྱུད་ཚང་ཞེས་གྲགས་པ་ལས་ཆད་པའི་ཡ་མ་རྟ་མགྲིན་མཆོག་གིས། ཕ་རྒྱུད་སྨུག་པོ་གདོང་གི་རྒྱུད་པ་གླིང་ཚང་ཆོས་རྒྱལ་དབང་ཆེན་བསྟན་འཛིན་ལས་ཆད་ཅིང་། མ་རྒྱུད་འཇོ་མདའ་རྫོང་ཁོངས་སྐུ་ཚེ་འཇམ་སྟོད་དུ་ཆགས་པའི་མཁའ་ཤོང་ཚང་གི་མཁའ་འགྲོ་ཡེ་མཚོ་ལ། ཝཱ་ར་དམ་ཆོས་སྤྲུལ་སྐུ་དང་། རྫོགས་ཆེན་སྐུ་བཞུགས་དགེ་མང་དང་། རྫ་ཁྲོ་ཤུལ་སྤྲུལ་སྐུ་འཇིགས་མེད་ཐུབ་བསྟན་ཏེ་སྲས་གསུམ་དང་། སྲས་མོ་ཚེ་དབྱངས་དང་། ཡེ་ཤེས་མཚོ་མོ་གཉིས་བཅས་འཁྲུངས་པ་ལས་ཕྱི་མ་སྟེ། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་ཌཱཀི་ཡེ་ཤེས་མཚོ་མོ་ཞེས་མཚན་གྱི་ཅོད་པན་གསོལ་བའི་མཁའ་འགྲོ་མ་དེ་ཁབ་ཏུ་བཞེས་པ་ལ། སྲས་གཉིས་དང་། སྲས་མོ་ཕུར་སྒྲོན་དང་། པདྨ་གཡང་མཚོ་དང་། བསམ་འགྲུབ་ལྷ་མོ་ཞིང་གཤེགས་དང་། གཡུ་སྒྲོན་དང་། སྐལ་བཟང་ལྷ་མོ་སྟེ་ལྔ་ཡོད། སྲས་ཆེ་བ་མདོ་སྔགས་བཤད་སྒྲུབ་རྒྱ་མཚོ་ནི། དཔལ་ཡུལ་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་སོགས་ཀྱིས་གོ་འཇོ་རྒྱལ་བ་དགོན་པའི་གདན་རབས་བཅུ་བཞི་པར་ངོས་འཛིན་མཛད་པ་ལྟར་གདན་སར་འཁོད། སྲས་ཆུང་བ་ཐུབ་བསྟན་ཀུན་བཟང་རྡོ་རྗེ་ནི། སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་དང་། དགུ་རོང་རྒྱལ་སྲས་རིན་པོ་ཆེས་གླིང་ཚང་རྫོང་བྲག་དཔལ་རི་དགོན་པའི་གླིང་ཚང་ཆོས་རྒྱལ་ཕུན་ཚོགས་དགེ་ལེགས་རབ་བརྟན་ཡིད་བཞིན་དབང་གི་རྒྱལ་པོ་མཆོག་གི་ཡང་སྲིད་དུ་ཐུགས་ཐག་བཅད་པ་ལྟར། གདན་སར་འཁོད་ནས་བསྟན་འགྲོ་ལ་སྨན་པའི་མཛད་བཟང་སྐྱོང་བཞིན་པའོ། །དེའི་ཡན་ཆད་དམ་པ་གང་གི་གདུང་རྒྱུད་གང་ལས་ཆད་པའི་ལོ་རྒྱུས་མདོར་ཙམ་བསྟན་ནས།

            ད་ནི་སྐབས་དོན་རྣམ་ཐར་དངོས་ལ་འཇུག་པར་བྱ་སྟེ། དེ་ཡང་ཕ་རྒྱུད་ཁ་ལེགས་ཚང་དང་མ་རྒྱུད་བུ་བསམ་ཚང་ནས་ཆད་པའི་ཡ་རབས་གཞུང་དྲང་གི་སྐྱེས་པ་བསོད་ནམས་ཚེ་རིང་ཞེས་བྱ་བས། གང་སྨྲས་ལྟར་གྱི་ཡ་མ་རྟ་མགྲིན་མཆོག་དང་མཁའ་འགྲོ་ཡེ་ཤེས་མཚོ་མོ་གཉིས་ཀྱི་སྲས་མོ་གཉིས་པ་པདྨ་གཡང་མཚོ་ཁབ་ཏུ་བསུས་པ་ལ། སྲས་ཀརྨ་ཆེ་མཆོག་དང་སྲས་མོ་ཚུལ་ཁྲིམས་དབང་མོ་གཉིས་འཁྲུངས་པ་ལས།

            སྲས་ཀརྨ་ཆེ་མཆོག་གམ་གླིང་ཚང་རྗེ་དྲུང་སྤྲུལ་སྐུ་བསྟན་འཛིན་རྣམ་རྒྱལ་ནི། སྤྱི་ལོ་༡༩༩༤་དང་རབ་བྱུང་༡༧་པའི་ཤིང་ཁྱི་ལོའི་ཟླ་བ་༩་པའི་ཚེས་༥་ཐོ་རངས་ལ་འཇོ་མདའ་རྫོང་ཁོངས་འབྲི་ཀླུང་གསེར་ལྡན་དལ་གྱིས་འབབ་པའི་གཡས་ཟུར་རྔད་ལ་དཀར་འཛོང་གི་རི་ཞོལ་དུ་ངོ་མཚར་བའི་རྟགས་དང་བཅས་ཏེ་སྐུ་བལྟམས། དེ་ཡང་སྔ་ཚེས་བཅུ་བཞིའི་ནུབ་མོར་མ་ཡུམ་གྱི་གཟིམས་ལམ་དུ། ས་གཞི་ཐམས་ཅད་མཛེས་པའི་མེ་ཏོག་དམར་པོས་ཁེངས་ཡོད་པ་རྨིས་པ་དང་། སྙན་ལམ་དུ་རཻ་སྐྱེ་རིག་འཛིན་ཀྱི་སྤྲུལ་པ་ཞེས་པའི་སྒྲ་གྲག་པ་གསན། ཕྱི་ཉིན་ཚེས་ལྔའི་ཐོ་རངས་ལ་མེ་ཏོག་གི་དབྱིབས་ཅན་གྱི་ཁ་བ་མཐེ་བོང་ཙམ་སིབ་སིབ་ཏུ་འབབ་པ་དང་། འཇའ་ཚོན་སྣ་ལྔ་ཤར་བའི་སྣེ་མོ་ཁང་སྟེང་དུ་ཟུག་པ་སོགས་བཀྲ་ཤིས་པའི་དགེ་མཚན་མང་པོ་ཀུན་ཀྱི་མཐོང་སྣང་དུ་བྱུང་།

            དེ་ནས་སྡེ་དགོན་ཡོངས་ཀྱི་རེ་བ་ལྟར་རྫོང་མགོ་དགོན་ནས་མགར་བླ་མ་དབང་ཕྱུག་དང་འདན་གྲྭ་ཚེ་བདག་ཟུང་། མཁྱེན་སྤྱན་ལྡན་པ་དགུ་རོང་རྒྱལ་སྲས་རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས། གླིང་རྗེ་དྲུང་སྤྲུལ་སྐུའི་ཡང་སྲིད་ཐུགས་ཐག་གཅད་དགོས་ཚུལ་ཞུས་པ་ན། ཡང་སྲིད་བྱོན་ཟིན་ཀྱང་ད་རུང་སྐུ་ན་ཤིན་ཏུ་ཆུང་སྟབས་བྲེལ་མི་དགོས་ཞེས་གསུངས། ཕྱིས་སུ་མགར་བླ་མ་དབང་ཕྱུག་དང་གྲྭ་ཐུབ་བསྟན་བསོད་ནམས་ཟུང་དགུ་རོང་རྒྱལ་སྲས་རིན་པོ་ཆེའི་དྲུང་དུ་བྱོན་ཏེ་སླར་ཡང་ཞུ་བ་ཕུལ་བས། བླ་མས་སྤྱན་གྱིས་ནམ་མཁར་གཟིགས་བཞིན་ཐུགས་ཐོག་ཏུ་དར་ཅིག་བཞུགས་ཏེ། ཞལ་ནས་ཀརྨ་ཆེ་མཆོག་ཅེས་གསུངས། ཅུང་ཙམ་འགོར་རྗེས་སྤྲུལ་སྐུ་དགོན་པ་དང་བར་ཐག་ཉེ་ས་ཞིག་ན་འཁྲུངས་ཡོད་ཚུལ་དང་། དགོན་པས་སྐུ་རིམ་བསྒྲུབ་དགོས་ཚུལ་སོགས་གསུངས། དེ་ནས་མགར་བླ་མ་དབང་ཕྱུག་དང་གྲྭ་ཐུབ་བསྟན་བསོད་ནམས་ཟུང་ཡང་བསྐྱར་དགུ་རོང་རྒྱལ་སྲས་རིན་པོ་ཆེའི་མདུན་དུ་སྐུ་བཅར་མཛད་སྐབས། ཕ་བསོད་ནམས་དང་མ་པདྨ་གཡང་མཚོ་གཉིས་ཀྱི་བུ་ཀརྨ་ཆེ་མཆོག་གླིང་རྗེ་དྲུང་གི་སྤྲུལ་སྐུ་ཡིན་ཚུལ་བྲིས་པའི་ཡི་གེ་ཕྱག་ཐམ་གྱིས་མནན་པ་ཞིག་གནང་ངོ་། །སྤྲུལ་སྐུ་དགུང་གྲངས་ལྔར་སོན་པ་ན་ཞབས་ཟུང་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དེ། རྫོང་བྲག་དཔལ་རི་དགོན་པའི་བསྟན་བདག་སྐུ་ཕྲེང་རིམ་བྱོན་ཀྱི་བཞུགས་ཁྲི་གདན་བཟང་གི་དཀྱིལ་འཁོར་རྒྱས་པ་ཁྲི་དམར་མ་ཞེས་གྲགས་པ་གང་དེར་འཁོད། སྔར་ལམ་རྒྱུད་དུ་ཕེབས་པའི་བཀའ་བརྒྱུད་པའི་བླ་མ་ཞིག་གིས་ཀརྨ་ཆེ་མཆོག་ཅེས་མཚན་གསོལ་ཡོད་ཀྱང་། ཉིན་དེར་གླིང་ཚང་ཆོས་རྒྱལ་འཇིགས་མེད་དབང་འདུས་མཆོག་གིས། ཀརྨ་ཆེ་མཆོག་ཅེས་གསོལ་ན་བཀའ་བརྒྱུད་པའི་བླ་མར་འགྱུར་བའི་ལྟས་སུ་འདུག་པས། བསྟན་འཛིན་རྣམ་རྒྱལ་ཞེས་མཚན་གསོལ་དགོས་གསུངས། གྲྭ་འབངས་ཡོངས་ཀྱིས་ཁྲི་འདོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ་ཏེ། བསྟན་འགྲོ་སྤྱི་དང་ཁྱད་པར་དུ་སྡེ་དགོན་གཉིས་ཀྱི་དཔལ་མགོན་དམ་པར་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་སྨོན་ཡང་ཡང་ཞུས།

            དགུང་གྲངས་བརྒྱད་དུ་སོན་པ་ན་ཁྱིམ་མི་ཡོངས་རྫོགས་དབུས་ལྷ་ལྡན་དུ་མཇལ་སྐོར་ལ་ཕེབས་ཀྱང་། ཁོང་དགོན་པའི་བླ་བྲང་དུ་བཞུགས་སུ་གསོལ་ནས་གྲྭ་ཨོ་རྒྱན་ནོར་བུ་ལས་ཀ་མད་སུམ་ཅུ་ནས་བརྩམས་ཏེ་པདྨ་བཀའ་ཐང་ཕྱེད་སྦྱོར་ཀློག་དང་ཕྱེད་སྡུད་ཀློག་སོགས་མཛད། སྐུ་ཞང་སྤྲུལ་སྐུ་ཐུབ་བསྟན་ཀུན་བཟང་རྡོ་རྗེ་དང་། མ་ཡུམ་གྱི་ཐབས་གྲོགས་གཉིས་པ་འགྱུར་མེད་ཚེ་རིང་ལས་ཐོས་གྲོལ་དང་། གསོལ་ཁ། ཆོས་སྤྱོད་སོགས་ལོ་གསུམ་ཙམ་གྱི་རིང་དུ་སྦྱངས་པས་ལེགས་པར་མཐར་ཕྱིན་ནས་ཀློག་ལ་མཁས་པའི་ཚད་དུ་གྲགས། དགུང་གྲངས་དགུ་ཙམ་དུ་སོན་པ་ནས་གཟིམ་མལ་དུ་བཞུགས་ཚེ། སྤྱན་སྔར་ཡིག་འབྲུ་ཤིན་ཏུ་མང་པོ་ཤར་ཏེ་གཟིམ་མི་ཁུག་པར་བྱུང་བ་སོགས་གསང་བའི་རྣམ་ཐར་ངོ་མཚར་བ་མང་དུ་ཡོད་པར་འདུག་མོད།

            ཁོང་གི་ཞལ་ནས། ཨ་འཐས་བདེན་ཞེན་གྱི་སྣང་བ་འདྲ་མིན་སུ་ལའང་འབྱུང་སྲིད་པས་ཡ་མི་མཚན་ཞིང་། ལྷག་པར་དུ་དེང་དུས་འདྲ་མིན་འཆད་མཁན་མང་བས་ཡིད་གཉིས་ཟ་བ་དང་ཁྲེལ་བའི་རྒྱུ་ལས་ཅི་ཡོད་ཅེས་དེ་འདྲ་དག་ཡེ་ནས་གསུང་སྲོལ་མེད།

            རྒྱ་གར་རྣམ་གྲོལ་གླིང་ནས་ཕེབས་པའི་རང་དགོན་གྱི་མཁན་ཆེན་ཆོས་དགའི་དྲུང་ནས། བྲིས་དང་། སྙན་ངག་དང་། རྟགས་རིགས་དང་། དཔལ་སྤྲུལ་སྔོན་འགྲོ་དང་། རྒྱལ་སྲས་ལག་ལེན་དང་། སྤྱོད་འཇུག  དབུ་མ་འཇུག་པ་རང་འགྲེལ་སོགས་ལ་གསན་བསམ་ཚུལ་བཞིན་མཛད། རྫ་སེར་ཤུལ་ནས་ཕེབས་པའི་རང་དགོན་གྱི་མཁན་པོ་འོད་གསལ་རྒྱ་མཚོ་ནས་བསྡུས་གྲྭའི་སྐོར་སོགས་ཀྱང་གསན་པས་ཀུན་ཀྱིས་སྤྲུལ་སྐུ་ལ་རིག་པ་མྱུར་པོ་འདུག་ཅེས་གླེང་། གསེར་ཐང་བླ་རུང་ནས་ཕེབས་པའི་རང་དགོན་གྱི་མཁན་པོ་དཔལ་བསམ་བཀྲ་ཤིས་ཀྱི་མདུན་ནས། འཇུ་མི་ཕམ་པའི་མཁས་འཇུག་ཆ་ཚང་གསན་གྲུབ་པ་ནས། གཞུང་ལུགས་ཡིད་བཞིན་གྱི་ནོར་བུ་དག་ལ་གསན་བསམ་སྒོམ་པས་འཇུག་འདོད་བཟློག་ཏུ་མེད་པ་ངང་གིས་སྐྱེས། དགུང་གྲངས་བཅུ་གསུམ་ཙམ་དུ་ཟིན་པ་ན་རང་དགོན་གྱི་ཞིང་གཤེགས་མཁན་པོ་ཤེས་རབ་མཐར་ཕྱིན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཀྱང་། ཕྱིས་སུ་དཔལ་ཡུལ་དགོན་ཆེན་དུ་གྲྭ་སར་ཕེབས་སྐབས། སྔར་སྡོམ་པ་བཞེས་དུས་ཐོབ་བློ་སོགས་སྡོམ་པ་སྐྱེ་བའི་ཡན་ལག་ཆ་ཚང་ཡོད་དམ་སྙམ་དུ་དགོངས་ནས། འདུལ་ཁྲིམས་ཀྱི་ལག་ལེན་ཤིན་ཏུ་ཞིབ་དགོས་པ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ལ་གཙིགས་སུ་གཟུང་དགོས་པར་བསྟན་པའི་ཆེད་དུ། སླར་ཡང་དཔལ་ཡུལ་མཁན་རབས་བཅོ་ལྔ་པ་སྡེ་སྣོད་འཛིན་པ་ཆེན་པོ་དཀོན་མཆོག་བཟང་པོའམ་མཁན་པོ་དཀོན་བཟང་གི་དྲུང་ནས། དགུང་གྲངས་བཅུ་དགུར་སོན་པ་སྤྱི་ལོ་༢༠༡༣་ལོའི་ཟླ་བ་༥་པའི་ཚེས་༡༥དང་རབ་བྱུང་༡༧་པའི་ཆུ་སྦྲུལ་ལོའི་ཟླ་བ་༤་པའི་ཚེས་༥་རེས་གཟའ་ལྷག་པའི་ཉིན་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། མཚན་ལ་ཐུབ་བསྟན་ཤེས་རབ་འོད་ཟེར་ཞེས་གསོལ།

            སྤྱི་ལོ་༢༠༡༡་ལོར་སྔ་འགྱུར་རྙིང་མའི་ཆོས་སྡེ་ཆེན་པོ་དཔལ་ཡུལ་དགོན་ཆེན་གྱི་མཐོ་སློབ་མདོ་སྔགས་ཐོས་བསམ་དར་རྒྱས་གླིང་དུ་ཕེབས། བླ་མ་དགེ་བའི་བཤེས་གཉེན་མང་པོ་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པ་ལ་ཉིན་མཚན་ལྟོས་མེད་དུ་གསན་བསམ་ཚུལ་བཞིན་མཛད་པ་ནི་འདི་ལྟར།

            ཐུན་མོང་རིག་གནས་ཀྱི་སྐོར་ནི། རྒྱ་གར་རྣམ་གྲོལ་གླིང་གི་མཁན་པོ་མཁས་དབང་དགེ་འདུན་རབ་རྒྱས་ལས་དག་ཡིག་ཉི་མའི་ཐིག་ལེ་དང་། སློབ་དཔོན་བསོད་ནམས་ཚེ་རིང་ལས་བདུད་འཇོམས་དག་ཡིག་པད་དཀར་ཆུན་པོ་དང་། སློབ་དཔོན་འཇམ་དབྱངས་ཚེ་འཕེལ་ལས་ལེགས་བཤད་ལྗོན་པའི་དབང་པོ་དང་། མགོ་ལོག་མཁན་པོ་ངག་དབང་ལས་མི་ཕམ་སྐར་རྩིས་སྔོན་འགྲོ་དང་། ཞེ་ཆེན་མཁན་པོ་བསོད་ནམས་ཆོས་འཕེལ་ལས་སུམ་ཅུ་པ་དང་། དགེ་རྒན་འཇམ་དཔལ་བཟང་པོ་ལས་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་དང་སྙན་ངག་ཚངས་སྲས་བཞད་པའི་སྒྲ་དབྱངས་ལེའུ་དང་པོ་གཉིས་གསན།  

            ལོ་རྒྱུས་ཀྱི་སྐོར་ནི། མཁན་པོ་ཨ་བློ་ལས་བདུད་འཇོམས་ཆོས་འབྱུང་དང་། མཁན་པོ་ཡེ་ཤེས་ཆོས་དར་ལས་ཁྱད་པར་འཕགས་བསྟོད་དང་། སློབ་དཔོན་ཀུན་དགའ་ལས་བདུད་འཇོམས་རྒྱལ་རབས་དང་། མཁན་པོ་བློ་རྒྱལ་ལས་དཔལ་ཡུལ་གདན་རབས་གསན།  

            མདོའི་སྐོར་ནི། མཁན་པོ་ཨ་ཛི་ལས་རྟགས་རིགས་དང་། སློབ་དཔོན་ཀརྨ་བསྟན་འཛིན་ལས་བློ་རིག་དང་། མཁན་པོ་བསོད་ནམས་མཁའ་འགྲོ་ལས་ཐལ་འགྱུར་གྱི་རྣམ་གཞག་དང་། སློབ་དཔོན་ཀུན་རྡོར་ལས་མི་ཕམ་པའི་གྲུབ་བསྡུས་དང་། མཁན་པོ་གསེར་ཕྲེང་ལས་གཞན་དགའི་སྤྱོད་འཇུག་མཆན་འགྲེལ་དང་། མཁན་པོ་བློ་རྒྱལ་ལས་མི་ཕམ་མཁས་འཇུག་དང་། སློབ་དཔོན་ངག་རྒྱལ་ལས་སྡོམ་གསུམ་རྣམ་ངེས་ཀྱི་འགྲེལ་པ་རིག་འཛིན་འཇུག་ངོགས་དང་། མཁན་པོ་གསེར་ཕྲེང་ལས་འདུལ་བ་མདོ་རྩ་བ་གཞི་སྟོད་དང་། མཁན་པོ་སྐལ་བཟང་བསྟན་འཛིན་ལས་སོར་མདོ་དང་། མཁན་པོ་འཆི་མེད་རྣམ་རྒྱལ་ལས་ཀཱ་རི་ཀ་དང་། རྣམ་གྲོལ་གླིང་གི་མཁན་པོ་མཁས་དབང་དགེ་འདུན་རབ་རྒྱས་ལས་ཚད་མ་ལེགས་བཤད་སྣང་གཏེར་དང་། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་གི་སྤྱི་དོན་གཞུང་དོན་གཉིས་ཀ་དང་། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་དང་། རབ་གསལ་བརྒལ་ལན་དང་། བརྒལ་ལན་ཉིན་བྱེད་སྣང་བ་དང་། དམ་ཆོས་དོགས་སེལ་དང་། མཁན་པོ་པདྨ་དབང་འདུས་ལས་དབུ་རྒྱན་རྣམ་བཤད་ཀྱི་སྤྱི་དོན་དང་། མཁན་པོ་དགེ་ལེགས་དབང་རྒྱལ་ལས་ཤེར་འགྲེལ་ཀེ་ཏ་ཀ་དང་། མཁན་པོ་ཆོས་དབྱིངས་རང་གྲོལ་ལས་ཚད་མ་ལེགས་བཤད་སྣང་གཏེར་ལེའུ་དང་པོ་དང་ཕྱི་མ་གཉིས་ཏེ་གསུམ། སློབ་དཔོན་འཇམ་བཟང་ལས་ལེགས་བཤད་སྣང་གཏེར་ལེའུ་གཉིས་པ་དང་། གཞན་དགའི་མངོན་པ་མཛོད་ཀྱི་མཆན་འགྲེལ་དང་། དགེ་རྒན་ཀུན་བཟང་དཔལ་ལྡན་ལས་ཚིག་གསལ་ཐལ་བཟློག་དང་། སློབ་དཔོན་ཀུན་བཟང་ཤེས་རབ་ལས་དབུ་མ་འཇུག་པ་རང་འགྲེལ་དང་ཚིག་གསལ་ཐལ་བཟློག  སློབ་དཔོན་ཀུན་བཟང་དབང་འདུས་ལས་འགྲེལ་ཆུང་དོན་གསལ་དང་དབུ་མ་རྩ་བ་ཤེས་རབ། སློབ་དཔོན་ཚེ་དབང་རྣམ་རྒྱལ་ལས་བོད་སྤྲུལ་གྱི་དབུ་མ་བཞི་བརྒྱ་པའི་རྣམ་བཤད་དང་། མཁན་པོ་པདྨ་དབང་རྒྱལ་ལས་དཔལ་སྤྲུལ་ཕར་ཕྱིན་སྤྱི་དོན་དང་། ངེས་ཤེས་སྒྲོན་མེ། མཁན་པདྨ་དབང་འདུས་ལས་ངེས་ཤེས་སྒྲོན་མེ་དང་། མཁན་རྒན་ཚེ་རིང་ནོར་བུ་ལས་རྒྱུད་བླ་མ་དང་། སྟོང་ཐུན་སེང་གེའི་ང་རོ། སློབ་དཔོན་རིག་འཛིན་འཆི་མེད་ལས་མདོ་སྡེ་རྒྱན་གསན།

            སྔགས་ཀྱི་སྐོར་ནི། མཁན་པོ་ཐུབ་བསྟན་རྒྱལ་མཚན་ལས་སྤྱི་དོན་འོད་གསལ་སྙིང་པོ་དང་། མཁན་པོ་ཚེ་དབང་བཀྲ་ཤིས་ལས་སྤྱི་དོན་འོད་གསལ་སྙིང་པོ་དང་། སློབ་དཔོན་ཚེ་རྡོར་ལས་ཡོན་ཏན་མཛོད་དང་། མཁན་པོ་དཀོན་མཆོག་རྡོ་རྗེ་ལས་སྤྱི་མདོ་དགོངས་འདུས་ལེའུ་དང་པོ་ནས་བཞི་པའི་བར་ཞུས་ཟིན་ལ་འབྱུང་འགྱུར་ལ་སྔགས་སྐོར་ཆ་ཚང་ཞུ་འཆར་ཡོད་གསུངས་སོ། །

             དེ་བཞིན་དུ་དཔལ་ཡུལ་དགོན་ཆེན་གྱི་མཁན་སྤྲུལ་རྣམས་དང་ཕྱོགས་ཀྱི་བླ་མ་མཚན་ཉིད་དང་ལྡན་པ་དག་ལས་དབང་ལུང་ཁྲིད་གསུམ་གྱི་སྒོ་ནས་ཟབ་ཆོས་རྨད་དུ་བྱུང་བའི་བདུད་རྩི་བཞེས་ཚུལ་ཡང་། སྤྱི་ལོ་༡༩༩༨་ལོར་དགུང་ལོ་ལྔའི་སྟེང་དུ་ཇ་ཆུ་སྤྲུལ་སྐུ་ཐུབ་བསྟན་རྒྱལ་མཚན་ལས་དཀོན་མཆོག་སྤྱི་འདུས་ཀྱི་ཚེ་དབང་དང་། སྤྱི་ལོ་༢༠༡༢་ལོར་ཟླ་༨་པའི་ཚེས་༡་ནས་དཔལ་མགོན་བླ་མ་༧སྐྱབས་རྗེ་ཐུབ་བསྟན་དཔལ་བཟང་ལས་སྔ་འགྱུར་བཀའ་མའི་དབང་ལུང་ཁྲིད་གསུམ་ཟླ་བ་གཅིག་ལྷག་རིང་ལ་ཞུས་ཏེ་མཇུག་གྲུབ་པ་དང་། སྤྱི་ལོ་༢༠༡༣་ལོར་དཔལ་མགོན་བླ་མ་ལས་གནས་མཆོག་ཀྱེ་རེའི་ཞིང་དུ་བཀའ་མའི་ནང་གི་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་། སྤྱི་ལོ་༢༠༡༦་ལོར་དཔལ་མགོན་བླ་མ་ལས་སྤྱི་མདོ་དགོངས་འདུས་ཀྱི་དབང་དང་། མཁན་པོ་ནུས་ལྡན་གྱི་འགྲེལ་པའི་ཁྲིད་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་འགྲེལ་པ་མདོ་འགྲེལ་མུན་པའི་གོ་ཆའི་ལུང་དང་། སྤྱི་ལོ་༢༠༡༧་ལོར་ཆུ་སྟོད་ཟླ་བའི་ཚེས་༢༡་ཉིན་དཔལ་མགོན་བླ་མ་ལས་གཏེར་ཆེན་ཀརྨ་གླིང་པས་དྭགས་ལ་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བའི་གནས་ནས་གདན་དྲངས་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་དང་རྒྱབ་རྟེན་ལུང་བཅས། དཔལ་ཡུལ་ཤིང་དཔར་ལྟར་ན། ༀ་པོད། ཨཱ་པོད།  ཧཱུྃ་པོད། ཧྲཱི་པོད། ཏྲྃ་པོད་དེ་པོད་ལྔའི་ནང་གི་ཆོས་ཚན་ཡོངས་རྫོགས་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ཀ་ལྟར་ཚེས་༢༨་ཉིན་མཇུག་གྲུབ་ཅིང་། ལོ་དེར་རྒྱུད་ལུགས་འཇལ་དཔལ་གྱི་དབང་ཡང་བསྐུར། སྤྱི་ལོ་༢༠༡༩་ས་ཕག་ལོའི་ཟླ་བ་༡་པོའི་ཚེས་༡༢་ནས་དབུ་བཟུང་སྟེ། དཔལ་ཡུལ་བསྟན་བདག་སྐུ་ཆེན་རིན་པོ་ཆེ་ལས་སྒྱུ་མའི་བེའུ་བུམ་དང་། སྔགས་ཀྱི་བེའུ་བུམ་གཉིས་མ་གཏོགས་སྡེ་དགེའི་ཤིང་དཔར་གྱི་མི་ཕམ་བཀའ་འབུམ་ཆ་ཚང་གི་ལུང་བོད་ཟླ་༣་པའི་ཚེས་༡༠་ཉིན་མཇུག་གྲུབ་ཅིང་། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྨིན་བྱེད་དབང་གི་ཡེ་ཤེས་རྡོ་རྗེའི་རྒྱུན་འབེབས་དང་། ཚེ་བདག་དམར་པོའི་བདུད་རྩི་རྒྱུན་འབེབས་འཆི་མེད་དཔལ་སྟེར་གྱི་དབང་ཡང་གནང་།

             སྐབས་དེར་དབང་གྲལ་དུ་ཕྱོགས་ནས་ཕེབས་པའི་བླ་སྤྲུལ་མཁན་གསུམ་ཤིན་ཏུ་མང་ཡང་། སྐུ་ཆེན་རིན་པོ་ཆེས་དཔལ་ཡུལ་སྤྲུལ་སྐུ་དྲི་མེད་ཟླ་བ་དང་། རྫོང་མགོའི་སྤྲུལ་སྐུ་བསྟན་འཛིན་རྣམ་རྒྱལ་དང་། རྡོ་བྲག་དགོན་པའི་སྤྲུལ་སྐུ་གསུམ་གྱིས་དབང་བྲིམ་དགོས་ཞེས་གསུངས་པ་ལྟར། ཁོང་རྣམ་པ་གསུམ་ཁོ་ནས་འདུས་པ་ཡོངས་ལ་དབང་འབྲིམ་མཛད།

            དེ་ལྟར་ཉིན་མོར་མི་ཕམ་བཀའ་འབུམ་གྱི་ལུང་ཞུས་ཤིང་། མཚན་མོར་ཀླུ་མདོའི་མཁན་པོ་ཚུལ་ཁྲིམས་རྣམ་དག་ལས། དཔལ་སྤྲུལ་བཀའ་འབུམ་ཆ་ཚང་དང་། དྲི་མེད་བཤགས་རྒྱུད་ཆུང་བ་དང་། འཇམ་དཔལ་མཚན་བརྗོད་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། སྨོན་ལམ་རྒྱ་མཚོའི་ཡང་སྙིང་ཀུན་བཟང་ཞིང་གི་ཉི་མ་དང་། ཚེ་རབས་རྗེས་འཛིན་ཀྱི་གསོལ་འདེབས་དང་། ཀུན་བཟང་སྨོན་ལམ་དང་། བདེན་ཚིག་གྲུབ་པའི་སྨོན་ལམ་དང་། ཤེས་རབ་སྙིང་པོའི་མདོ་བཅས་ཀྱི་ལུང་ཡང་ཐོབ། བཀའ་བརྒྱུད་མཁན་སྤྲུལ་ཨ་བརྟན་ཕུན་ཚོགས་ལས་རྗེ་མི་ལའི་རྣམ་མགུར་དང་། མ་ཎི་བཀའ་འབུམ་དང་། ལམ་མཆོག་རིན་ཆེན་ཕྲེང་བ་དང་། ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ་དང་། ཆགས་མེད་རི་ཆོས། མཁན་སྤྲུལ་བློ་བཟང་དར་རྒྱས་ལས་རོང་ཟོམ་བཀའ་འབུམ་དང་། སྤྱི་ལོ་༢༠༡༩་ལོར་ས་སྐྱའི་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ་ལས་མི་ཕམ་པའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོའི་ཁྲིད་ལུང་དང་། གཞུང་ཆེན་བཅུ་གསུམ་གྱི་ལུང་ཕྱེད་ཙམ་གསན་ལ་ཕྱེད་སླད་མར་ཞུ་འཆར་ཡོད་གསུངས། སྤྱི་ལོ་༢༠༡༩་ལོར་མཁན་ཆེན་ཚེ་དབང་བཀྲ་ཤིས་ལས་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབས་པ་རྣམ་མཁྱེན་ལམ་བཟང་གི་ཁྲིད་ལུང་དང་། སྤྱི་ལོ་༢༠༡༩་ལོར་མཁན་ཆེན་བསོད་འཕེལ་ལས་ངག་ཆུང་ཀུན་བཟང་བླ་མའི་ཟིན་བྲིས་ཆ་ཚང་གསན། གཞན་ཡང་རྣམ་གྲོལ་གླིང་གི་མཁན་ཆེན་པདྨ་ཤེས་རབ་ལས་རྒྱལ་སྲས་ཐོགས་མེད་ཀྱི་བློ་སྦྱོང་དོན་བདུན་མའི་ཁྲིད་ལུང་དང་། མཁན་པོ་ཏེ་པའི་ངེས་ཤེས་སྒྲོན་མེའི་འགྲེལ་པའི་ཁྲིད་ལུང་དང་། རྣམ་གྲོལ་གླིང་གི་མཁན་ཆེན་རྣམ་གྲོལ་ལས་འཇམ་དཔལ་མཚན་བརྗོད་ཀྱི་ལུང་དང་། མགོ་ལོག་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་ལས་ཁང་སར་བསྟན་པའི་དབང་ཕྱུག་གི་གསུང་འབུམ་གྱི་ལུང་གསན། རང་དགོན་གྱི་བླ་མ་ཀརྨ་ཐུབ་དགའ་ལས་སྐུ་གོང་མའི་དག་སྣང་ཕུར་པའི་དབང་ཡང་བཞེས་སོ། །

             དེ་ལྟར་གསན་བཞེས་མང་དུ་མཛད་པ་དག་ཀྱང་རང་གར་ཐོས་པ་ཙམ་མ་ཡིན་པར་གསན་དོན་ལ་བསམས་བྱུང་གི་སྒྲོ་འདོགས་བཅད་ནས། གཞན་དྲིང་མི་འཇོག་པའི་ངེས་ཤེས་སམ་ཤེས་རབ་ཟབ་མོ་དགོངས་པའི་ཀློང་དུ་འཁྲུངས་ཡོད་པའང་། མཁས་མང་རྒྱུ་སྐར་འདུས་པའི་ཁྲོད་ན་ཟླ་བ་ཉ་གང་བ་ལྟར། དཔལ་ཡུལ་སྔ་འགྱུར་མཐོ་སློབ་ཏུ་འཛིན་རིམ་དང་པོར་ཞུགས་པ་ནས་ད་ལྟ་འཛིན་རིམ་བརྒྱད་པར་སླེབས་པའི་བར་དུ། ལོ་རེ་རེ་བཞིན་དུ་ཨང་དང་པོའི་གཟེངས་རྟགས་ལེགས་སྐྱེས་བཞེས་དང་བཞེས་བཞིན་ཡོད་པ་འདིས་ཀྱང་མཚོན་ནུས་ལ།

             བསམས་བྱུང་གི་ཤེས་རབ་ཟབ་མོ་དེ་ཉིད་བསྒོམས་བྱུང་གི་ཏིང་ངེ་འཛིན་ཡང་དག་པ་འདྲེན་པའི་ལྕག་ཀྱུ་ལྟ་བུའི་གྲོགས་སུ་སྦྲེན་པར་མཛད་ཀྱིན་ཡོད་པའང་། ཐོས་རྟགས་ཞི་ཞིང་དུལ་བ། བསྒོམས་རྟགས་ཉོན་མོངས་མེད་པ། ཞེས་ཟེར་བ་ལྟར། ཕྱིའི་སྐུ་གསུང་གི་མཛད་སྤྱོད་ཤིན་ཏུ་དེས་ཤིང་། ནང་གི་ཐུགས་ཀྱིས་འདོད་ཆུང་ཆོག་ཤེས་འབའ་ཞིག་བདག་གིར་མཛད་དེ་བཞུགས་ཀྱིན་ཡོད་པ་ནི། ངན་པས་རང་བསྟོད་ཙམ་མ་ཡིན་པར། དམ་པ་ཁོང་ལ་ཆ་རྒྱུས་ཤིན་ཏུ་ཆེ་བའི་དཔལ་ཡུལ་བའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་གྲོགས་ཚངས་སྤྱོད་མང་པོ་ཞིག་གི་ཞལ་ནས་ཕྲན་གྱིས་དངོས་སུ་ཐོས་པ་ཡིན་ནོ། །

             དེ་ལྟ་བུའི་ཚུལ་ཁྲིམས་ལ་གནས་ཤིང་། ཐོས་པ་དང་བསམ་པ་དང་སྒོམ་པ་ལ་རིམ་བཞིན་དུ་སྦྱོར་བའི་སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད། ད་རུང་སྐུ་ན་གཞོན་ཡང་རྒྱུན་དུ་གྲྭ་ས་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་མཛད་ཅིང་། སློབ་གསེང་སོགས་ཀྱི་སྐབས་སུ་རང་དགོན་དུ་བྱོན་ནས་འཚོག་དུས་མཆོད་ཀྱི་དབུ་བཞུགས་ཀྱིས། དགོན་ཕྱི་ནང་གི་སྒྲིག་ལམ་དང་། གྲྭ་ཚང་ལ་ཞལ་ཏ་དང་། འབངས་མི་སེར་ལ་དགེ་སྒྲུབ་སྡིག་སྤོང་གི་ལམ་སྟོན་སོགས། མདོར་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས། ཕན་པ་དང་བདེ་བའི་འདོད་རྒུ་ཕངས་མེད་དུ་སྩོལ་བར་མཛད་པའི། དམ་པ་གང་གི་གཟུགས་སྐུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། གླིང་དཀར་པོའི་ཡུལ་ཁམས་ཀྱི་སྐྱབས་དང་། མགོན་དང་། དཔུང་གཉེན་དུ་བཞུགས་བཞིན་པ་འདི་ག་ལགས་སོ། །

             ༈ གཞན་ཡང་འདིར་ཞར་བྱུང་དུ་གྲུབ་བརྙེས་ཀྱི་རིག་འཛིན་དམ་པ་བསམ་བཞིན་དུ་གླིང་གི་ཆོས་རྒྱལ་ཆེན་པོའི་སྐུར་བཞེངས་ཏེ། གླིང་ཚང་གི་མངའ་འབངས་སྤྱི་དང་། ཁྱད་པར་དུ་རྫོང་མགོ་དགོན་པ་ལ་བཀའ་དྲིན་བླ་ན་མཐོ་བ། གླིང་ཚང་ཆོས་རྒྱལ་ཕུན་ཚོགས་དགེ་ལེགས་རབ་བརྟན་ཡིད་བཞིན་དབང་གི་རྒྱལ་པོའི་སྐུ་ཕྲེང་གི་རྣམ་ཐར་མདོར་ཙམ་བརྗོད་པ་ལ། སངས་རྒྱས་ཀྱི་བསྟན་པ་ལ་འཚེ་བའི་རྒྱལ་པོ་གླང་དར་མ་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་བསྒྲལ་བར་བཤད་པའི་ལྷ་ལུང་དཔལ་གྱི་རྡོ་རྗེའི་ཡང་སྲིད་ནི། སློབ་དཔོན་པདྨའི་སྒྲུབ་གནས་ཁམས་སྲིང་མོ་རྫོང་གི་བྱང་ཕྱོགས་ཕུར་པ་རོང་། ཀཿའོག་བྲག་ཐོད་སྲིན་མོ་འགག  བདུད་འདུལ་སྔགས་པ་གླིང་གི་སྔགས་པ་རིག་འཛིན་རྒྱ་མཚོ་ཞེས་བྱ་བ་ཡིན་ལ། དེའི་ཡང་སྲིད་གླིང་གི་ཆོས་རྒྱལ་ཕུན་ཚོགས་དགེ་ལེགས་རབ་བརྟན་དང་། དེའི་ཡང་སྤྲུལ་ཐུབ་བསྟན་ཀུན་བཟང་རྡོ་རྗེ་དང་བསོད་ནམས་བསྟན་འཛིན་ཟུང་སྟེ། ད་ལྟ་སྐུ་འཚོ་ཞིང་བཞུགས་བཞིན་པའི་སྤྲུལ་པའི་སྐུ་རིན་པོ་ཆེ་རྣམ་པ་གཉིས་སོ། །

            དེ་ཡང་གླིང་ཚང་ལྷ་སྲས་ཕུན་ཚོགས་དགེ་ལེགས་རབ་བརྟན་ཡིད་བཞིན་དབང་གི་རྒྱལ་པོ་ནི། གླིང་གི་རྒྱལ་རབས་རིམ་བྱོན་མེ་ཏོག་གི་ཕྲེང་བ་ལས་ཆུ་སྐྱེས་པདྨ་དཀར་པོ་ལྟར་མངོན་པར་འཕགས་ཤིང་། མཁྱེན་བརྩེ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཟུང་གིས་གཙོས་རིས་མེད་ཀྱི་སྐྱེས་བུ་ཚད་མ་ཡོངས་ཀྱིས་བཀུར་ཞིང་གུས་པའི་གནས་སུ་ཆེ་བ། དཔའ་ལ་མི་སྤྱང་དཀར་པོའི་རྣམ་རོལ་ཏུ་ཡོངས་སུ་གྲགས་པ། སྐུ་ཚེ་ཆོས་ཀྱིས་འདའ་ཞིང་རྒྱལ་སྲིད་བདེ་བས་བསྐྱངས་མཛད་སྤྲུལ་པའི་གཏེར་སྟོན་ཆོས་རྒྱལ་ཆེན་པོ་དབང་ཆེན་བསྟན་འཛིན་མཆོག་གིས། གླིང་ཚང་རང་ཡུལ་ནས་མགར་བཟའ་བྱིས་མཚོ་ཁབ་ཏུ་བཞེས་པ་ལ། རིགས་སྲས་ཆེ་བ་ཨ་བུ་དང་། འབྲིང་བ་ཕུན་ཚོགས་དགེ་ལེགས་རབ་བརྟན་དང་། ཆུང་བ་དཀར་མཛེས་ཏེ་གསུམ་དང་། སྲས་མོ་བདེ་ཆེན་མཚོ་དང་བཅས་ཏེ་མཆེད་ལྕམ་བཞི་འཁྲུངས་པ་ལས།

            ལྷ་སྲས་འབྲིང་བ་ཕུན་ཚོགས་དགེ་ལེགས་རབ་བརྟན་ནི། སྤྱི་ལོ་༡༩༡༥་དང་། རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་ལོར་སྐུ་བལྟམས། མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པ་མངའ་ཞིང་། དབང་ཐང་དང་གཟུགས་སྐུའི་ལང་ཚོ་ནི་ལྷ་ཕྲུག་གཞོན་ནུ་མི་ཡུལ་དུ་བབ་པ་ལྟ་བུར་སྣང་། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས། ལྷ་ལུང་དཔལ་གྱི་རྡོ་རྗེའི་ཡང་སྲིད་གཉིས་པ་སྔགས་པ་རིག་འཛིན་རྒྱ་མཚོའི་སྐྱེ་སྲིད་དུ་ངོས་འཛིན་མཛད་པ་ལྟར། གླིང་ཚང་གི་སྡེ་དགོན་གཉིས་ཀྱི་རྩ་བའི་བླ་མར་གྱུར། སྡེ་དགེ་ཆོས་རྒྱལ་ཆེན་པོའི་སྲས་མོ་སྡེ་བཟའ་སྐལ་བཟང་ཆོས་སྒྲོན་ནམ་ཁམས་གསུམ་དབང་མོ་ཁབ་ཏུ་བཞེས་པ་ལ། རིགས་སྲས་ཆེ་བ་རྫོགས་ཆེན་དགེ་མང་སྤྲུལ་སྐུའི་ཡང་སྲིད་དང་། འབྲིང་བ་ཆོས་རྒྱལ་འཇིགས་མེད་དབང་འདུས་དང་། ཆུང་བ་གླིང་ཚང་རྗེ་དྲུང་སྐུ་ཕྲེང་བཞི་པ་བཤད་སྒྲུབ་བསྟན་འཕེལ་ཏེ་གསུམ་དང་། སྲས་མོ་འབངས་ལྡིང་དང་རིག་འཛིན་དབང་མོ་གཉིས་ཏེ་མཆེད་ལྕམ་ལྔ་འཁྲུངས། ཡབ་མེས་གོང་མ་ལྟར་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་གིན་ཡོད་ཀྱང་། རིག་གནས་གསར་བརྗེ་ཆེན་མོའི་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་བཙན་བྱོལ་དུ་སྤྱི་ལོ་༡༩༥༩་ལོར་རྒྱ་གར་དུ་ཕེབས་ནས་ཀ་ལིང་སྤུངས་སུ་བཞུགས། སྐབས་དེར་སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་དང་ཕན་ཚུན་ལ་ཐུགས་དམ་ཚིག་ཤིན་ཏུ་གཙང་བས། ཟབ་རྒྱས་ཆོས་ཀྱི་བགྲོ་གླེང་དང་། བསྟན་འགྲོར་སྨན་པའི་འཕྲིན་ལས་ལྷན་ཅིག་ཏུ་སྤེལ་བ་སོགས་རྣམ་དཀར་ཆོས་སྤྱོད་ཀྱི་ཕྱོགས་ལ་ཐུགས་རྩེ་གཅིག་ཏུ་མཛད་པས་འཇིག་རྟེན་ཆོས་བརྒྱད་ཀྱི་འཁྲུལ་པ་དབྱིངས་སུ་ནུབ། ཐུགས་དམ་འོད་གསལ་གྱི་རྣལ་འབྱོར་རྩལ་རྫོགས་པས་གྲུབ་པའི་གོ་འཕང་མཐོན་པོར་སོན། གླིང་ཚང་གི་གཞིས་བྱེས་གཉིས་ཀྱི་མགོན་སྐྱབས་དམ་པར་གྱུར། མཐར་དགུང་གྲངས་དྲུག་ཅུ་རྩ་གསུམ་བཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་སྦྲུལ་ལོའི་ཟླ་བ་༥་པའི་ཚེས་༩་ཉིན་ཞིང་ཁམས་གཞན་དུ་འབྱོན་པའི་ཐུགས་འདུན་དང་གསུང་གླེང་སྔོན་དུ་བཏང་ནས། རྒྱ་གར་ཤར་ཕྱོགས་ཀ་ལིང་སྤུངས་སུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །

            སྤྲུལ་སྐུ་རིན་པོ་ཆེ་ཐུབ་བསྟན་ཀུན་བཟང་རྡོ་རྗེ་ནི། སྔོན་ཆད་གླིང་ཚང་ཆོས་རྒྱལ་དབང་ཆེན་བསྟན་འཛིན་ར་མོའི་རི་ཁྲོད་དུ་བཞུགས་སྐབས། ཉིད་ཀྱི་རྩ་བའི་བླ་མ་རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པས། ཆོས་རྒྱལ་ཆེན་པོའི་སྐུ་ཚེ་བསྲིང་ཕྱིར་འཇོ་མདའ་མཁའ་ཤོང་ཚང་གི་མཁའ་འགྲོ་ཡེ་མཚོ་ཆོས་རྒྱལ་གྱི་དྲུང་དུ་གསང་སྟབས་ཀྱིས་མངགས། ཆོས་རྒྱལ་དང་མཁའ་འགྲོ་གཉིས་ཀྱི་སྲས་མོ་ཞིག་འཁྲུངས་པ་ལ་མཁྱེན་བརྩེ་རིན་པོ་ཆེས་ཌཱ་ཀི་ཡེ་ཤེས་མཚོ་མོ་ཞེས་མཚན་གསོལ། མ་ཡུམ་ཌཱ་ཀི་ཡེ་ཤེས་མཚོ་མོ་དང་ཕ་ཡབ་སྡེ་དགེ་རྒྱལ་པོའི་བློན་རྒྱུད་ཡ་མ་རྟ་མགྲིན་གཉིས་ལ། སྤྱི་ལོ་༡༩༨༢་དང་། རབ་བྱུང་བཅུ་དྲུག་པའི་བསྐལ་པ་ཁྱིའི་ལོའི་ཟླ་བ་༧་པའི་ཚེས་༡༠་ཉིན་ནམ་ལངས་ཡོས་ཀྱི་དུས་སུ་སྤྲུལ་སྐུ་རིན་པོ་ཆེ་ངོ་མཚར་བའི་རྟགས་དང་བཅས་ཏེ་སྐུ་བལྟམས།

སྐུ་ན་ཆུང་སྐབས་དཔལ་ཡུལ་སྤྲུལ་པའི་སྐུ་སྐྱབས་རྗེ་གྲུབ་དབང་པདྨ་ནོས་བུས། གོ་འཇོ་རྒྱལ་བ་དགོན་པའི་སྤྲུལ་སྐུ་གཅེན་མདོ་སྔགས་བཤད་སྒྲུབ་རྒྱ་མཚོ་དང་ཁོང་སྐུ་མཆེད་གཉིས་མདུན་དུ་བོས། རྟགས་དང་རྟེན་འབྲེལ་ཤིན་ཏུ་བཟང་པོ་འགྲིགས་ཚུལ་སོགས་གསུངས་ཏེ་དམ་པའི་སྐྱེས་ཆེན་ཞིག་ཏུ་ངོས་བཟུང་། མཚན་ལ་ཐུབ་བསྟན་ཀུན་བཟང་རྡོ་རྗེར་གསོལ། གོ་འཇོ་རྒྱལ་བ་དགོན་པའི་བླ་མ་འདུལ་བ་འཛིན་པ་ཆེན་པོ་ཚེ་དབང་དཔལ་ལྡན་ལས་ཀློག་ལེགས་པར་བསླབས། དགུང་གྲངས་བཅུ་གཅིག་ཏུ་སོན་པ་ན་བཀའ་དྲིན་འགྲན་ཟླ་དང་བྲལ་བའི་དཔལ་ལྡན་བླ་མ་དམ་པ་དཔལ་སྤྲུལ་པདྨ་ནོར་བུ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། མཚན་ལ་ཐུབ་བསྟན་འོད་ཟེར་དྲི་མེད་ཟླ་བ་ཞེས་གསོལ།

            དཔལ་ཡུལ་བཤད་གྲྭར་སློབ་གཉེར་མཛད་དེ་བཞུགས་སྐབས། དགུ་རོང་རྒྱལ་སྲས་རིན་པོ་ཆེས། ལྷ་ལུང་དཔལ་གྱི་རྡོ་རྗེའི་ཡང་སྲིད་གསུམ་པ་གླིང་ཚང་རྫོང་མགོ་དགོན་གྱི་བླ་མ་གླིང་ཚང་ཆོས་རྒྱལ་ཕུན་ཚོགས་དགེ་ལེགས་རབ་བརྟན་ཡིད་བཞིན་དབང་གི་རྒྱལ་པོའི་ཡང་སྲིད་དུ་ངོས་འཛིན་མཛད་པ་ལྟར། རྫོང་དགོན་གྱི་བླ་གྲྭ་དག་གིས་ཁྱིམ་མི་དག་དང་བཅས་དགོན་ནང་དུ་གདན་དྲངས། དགུང་གྲངས་བཅོ་ལྔའི་སྟེང་དུ་ཁྲི་འདོན་གྱི་མཛད་སྒོ་སྤེལ་ཏེ་བླ་བྲང་དུ་བཞུགས་སུ་གསོལ། རང་དགོན་གྱི་བཤད་གྲྭའི་ནང་ནས་ཀྱང་མདོ་སྔགས་རིག་གནས་ལ་གསན་བསམ་ཚུལ་བཞིན་མཛད། དགུང་ལོ་གཞོན་དུས་ནས་སྐུ་མཚམས་དམ་པོར་བཞུགས་ཏེ་ལྷ་གྲུབ་པའི་རྟགས་ཐོན་པ་དང་། སྲ་ཞིང་མཁྲེགས་པའི་ལྕགས་ལ་མདུད་པ་རྒྱག་པ་དང་། བྲག་ངོས་སུ་ཞལ་ཆབ་ཀྱིས་བསུབ་ཏུ་མེད་པའི་ཡིག་འབྲི་དམར་པོ་ངོ་མཚར་བ་འབྲི་བ་དང་། གཤིན་ཆོག་མཛད་སྐབས་སྙིང་རྗེ་ཆེན་པོའི་དབང་གིས་བཤུམ་པ་འབའ་ཞིག་མཛད་པ་དང་། གཤིན་འཕོ་མཛད་སྐབས་ཧིཀ་སྒྲ་བརྒྱབས་པས་སྐྲ་འཁྱིལ་ལེན་པ་སོགས་ཀྱི་རྨད་དུ་བྱུང་བའི་རྣམ་ཐར་ཤིན་ཏུ་མང་ལ། གདན་སར་འཁོད་པ་ནས་ཡིག་གྲྭ་གསར་དུ་བཙུགས་པ་དང་། བཤད་གྲྭ་གསར་བཞེངས་མཛད་པ་དང་། ལས་འཛིན་བསྐོ་གཞག་མཛད་པ་སོགས་དགོན་པར་བརྩེ་གཟིགས་རྒྱ་ཆེར་མཛད་ཅིང་། ད་ལྟའང་སྐུ་ཚ་རྗེ་དྲུང་སྤྲུལ་སྐུ་བསྟན་འཛིན་རྣམ་རྒྱལ་སྐུ་ན་ཕྲ་ཞིང་ཕྱིའི་གྲྭ་ས་ནས་སློབ་གཉེར་ལ་བརྩོན་པ་མཛད་བཞིན་ཡོད་སྟབས། དགོན་ཕྱི་ནང་གི་བསྟན་པའི་ཁུར་ཆེན་པོ་ཁོང་འབའ་ཞིག་གིས་བདག་གིར་བཞེས་ཏེ། རྒྱ་བོད་ཀྱི་སློབ་ཚོགས་མང་པོ་ལ་དཀར་པོ་དགེ་བའི་ལམ་སྟོན་མཛད་ཀྱིན་བཞུགས་ཡོད་པ་ཡིན་ནོ། །

            སྤྲུལ་སྐུ་རིན་པོ་ཆེ་བསོད་ནམས་བསྟན་འཛིན་ནི། སྤྱི་ལོ་༡༩༨༦་ལོའི་ཟླ་བ་༥་པའི་ཚེས་༢༢་དང་། རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོའི་ཟླ་བ་༤་པའི་ཚེས་༡༥་སྟེ། སྟོན་ཤཱཀྱ་ཐུབ་པ་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་དུས་ཆེན་གཉིས་འཛོམས་ཀྱི་ཉིན། གླིང་དཀར་པོའི་བློན་ཆེན་འདན་མ་བྱང་ཁྲའི་ཕ་ཡུལ་དུ། ཡབ་དགེ་རྩེ་ཐུབ་བསྟན་ཆོས་འཕེལ་དང་། ཡུམ་འཇིགས་མེད་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྐུ་ན་ཆུང་དུས་སློབ་གྲྭར་ཕེབས་ནས་རིག་པའི་གནས་ལ་བརྩོན་པ་མཛད།

            དགུང་གྲངས་བརྒྱད་དུ་སོན་ཚེ་དཔལ་ས་སྐྱའི་ཁྲི་འཛིན་སྒྲོལ་མ་ཕོ་བྲང་ངམ་གོང་མ་རིན་པོ་ཆེ་དང་མཁྱེན་པའི་སྤྱན་རས་མངའ་པ་དགུ་རོང་རྒྱལ་སྲས་ཟུང་གིས། གླིང་ཚང་རྫོང་མགོ་དགོན་པའི་བླ་མ་གླིང་གི་ཆོས་རྒྱལ་ཕུན་ཚོགས་དགེ་ལེགས་རབ་བརྟན་གྱི་ཡང་སྲིད་དུ་ངོས་འཛིན་མཛད་པ་ལྟར། རྫོང་མགོ་དགོན་དུ་ཆིབས་བསུ་དར་གཏོང་དང་ཁྲི་འདོན་མངའ་གསོལ་རྒྱ་ཆེར་བྱས། སྐབས་དེར་ནམ་མཁའ་ལ་འཇའ་སྤྲིན་སྣ་ཚོགས་ཤར་བ་དང་ས་གཞི་ལ་མེ་ཏོག་སེར་པོ་བཞད་པ་སོགས་བཀྲ་ཤིས་པའི་རྟགས་མཚན་ངོ་མཚར་བ་ཀུན་ཀྱི་མཐོང་སྣང་དུ་བྱུང་། མགར་བླ་ཨ་ལྕོག་ཀློག་སློབ་པའི་སློབ་དཔོན་དུ་བརྟེན་ཏེ་དགོན་པའི་འདོན་ཆོག་ཚར་ཕྱིན་པར་བསླབས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ལོ་བཞིའི་རིང་དུ་ཕེབས་ནས་སློབ་མཐར་ཕྱིན་རྗེས། དགེ་མང་དགོན་པའི་སྒྲུབ་ཁང་དུ་མཁས་བཙུན་གྲུབ་པའི་དབང་ཕྱུག་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མཁན་ཆེན་པདྨ་དབང་རྒྱལ་གྱི་མདུན་ནས་སྙིང་ཐིག་རྫོགས་ཆེན་གྱི་ཆོས་སྐོར་ཞུས། དགུང་གྲངས་བཅོ་ལྔར་སོན་ཚེ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕེབས་ནས། བགྲང་བྱ་ལྔ་ཙམ་གྱི་རིང་དུ་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་ཉིན་མཚན་བར་མེད་དུ་གསན་བསམ་ཚུལ་བཞིན་མཛད། དེ་ནས་རྒྱ་ནག་གི་མཐོ་རིམ་སློབ་གྲྭ་རིམ་གྱིས་བརྒྱུད་དེ་ཁྲོང་ཆིན་ནས་སློབ་གྲྭ་ཆེན་མོ་མཐར་ཕྱིན། རྒྱལ་སྤྱིའི་འགྲོས་ལྟར་དཔྱད་རྩོམ་འབྲི་བ་དང་རྒྱུགས་ཀྱི་རིམ་པ་རྣམས་སྤྲད་ནས་ཤེར་རམས་པ་དང་རབ་འབྱམས་པའི་ཕྱག་འཁྱེར་བཞེས། ད་སྐབས་གཙོ་བོ་སྐུ་མཚམས་ལ་བཞུགས་ནས་སྒྲུབ་པ་ཉམས་ལེན་མཛད་པ་དང་། རྒྱ་བོད་ཀྱི་གདུལ་བྱ་མང་པོ་ལ་དགེ་སྒྲུབ་སྡིག་སྤོང་གི་ལམ་སྟོན་དང་། དགོན་པ་ལ་བརྩེ་གཟིགས་མཛད་ཀྱིན་བཞུགས་བཞིན་པ་ཡིན་ནོ། །


གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ལས་དགོན་པའི་བསྟན་བདག་སྐུ་ཕྲེང་རིམ་བྱོན་གྱི་སྐོར་ཏེ་གསུམ་པའོ། །

བཞི་པ་དགོན་ནང་དུ་ཚུགས་པའི་སྒྲུབ་པ་དུས་མཆོད་ཀྱི་སྐོར།

            སྤྱིར་རྫོང་མགོ་དགོན་ནང་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་སེམས་ཅན་གྱི་བདེ་སྐྱིད་འབའ་ཞིག་ལ་དགོངས་ནས་དམ་པ་གོང་མ་ཚོས། ཚོགས་བསག་སྒྲིབ་སྦྱོང་དང་། བསླབ་པ་སློབ་གཉེར་དང་། མི་མཐུན་རྐྱེན་བཟློག་དང་། མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པའི་ཐབས་སུ་སྒྲུབ་པ་དུས་མཆོད་ཆེ་འབྲིང་ཆུང་གསུམ་མང་དུ་བཙུགས་ཡོད་མོད། འདིར་ཆེ་ལོང་ཙམ་ཞིག་བསྡུས་ཏེ་བསྟན་པ་ལ་བཅུ་ལས།

            དང་པོ། ཧོར་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་དབུ་བཟུང་སྟེ་ཉིན་ལྔའི་རིང་དུ། གླིང་གཏེར་པདྨ་གར་དབང་འགྲོ་འདུལ་རྩལ་གྱི་ཡང་སྤྲུལ་དམ་པ་འགྱུར་མེད་པདྨ་བསྟན་འཛིན་ཀྱི་འདས་མཆོད་ལ། རིག་འཛིན་འཇའ་ཚོན་སྙིང་པོས་གཏེར་ནས་གདན་དྲངས་པའི་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་སྒྲུབ་པ་འཚོག་རྒྱུ་ཡོད། དེ་ཡང་ཐོག་མར་རྒྱ་རོང་ནམ་སྤྲུལ་འགྲོ་འདུལ་གར་གྱི་རྡོ་རྗེས་རྫོང་དགོན་དུ་དབུ་བཙུགས་ཏེ། དེ་ནས་གྲྭ་འབངས་རྣམས་ཀྱིས་རྒྱུན་བསྐྱངས་པའོ། །

            གཉིས་པ། ཧོར་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ནས་དབུ་བཟུང་སྟེ་ཉིན་བཅུའི་རིང་དུ། རིག་པ་འཛིན་པ་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས་ཆོག་སྒྲིག་མཛད་པའི་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཆོ་ག་རྣམ་པར་གྲོལ་བའི་ལམ་བཟང་གཞིར་བྱས་ཤིང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པ་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་མཆོད་རྒྱས་པ་བྱ་བའི་ལན་ལེན་རྣམ་གྲོལ་སྙེ་མས་ཟུར་བརྒྱན་ཏེ། ཚོམ་བུ་ཚོགས་སྒྲུབ་ཀྱི་སྒོ་ནས། དབྱངས་རོལ་སྒྲིག་ལམ་ཕྱག་བཞེས་ཐམས་ཅད་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་སྲོལ་ལྟར། དཔལ་ལྡན་རྡོ་རྗེ་སེམས་དཔའི་སྒྲུབ་པ་འཚོག་རྒྱུ་ཡོད། དེ་ཡང་ཉིན་དང་པོར་ས་ཆོག་དང་། ཉིན་གཉིས་པར་ཐིག་ཆོག་དང་རྡུལ་ཚོན་གྱི་དཀྱིལ་འཁོར་སྟ་གོན། དེ་ནས་ཉིན་བདུན་གྱི་རིང་དུ་སྒྲུབ་པའི་དངོས་གཞི་དང་། ཉིན་ཐ་མར་དངོས་གྲུབ་ལེན་ཆོག་བྱས་ཏེ་མཇུག་དྲིལ་བའོ། །

            གསུམ་པ། ཧོར་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་བརྒྱད་ནས་དབུ་བཟུང་སྟེ་ཉིན་གསུམ་ཙམ་གྱི་རིང་དུ། འདུས་པ་ཡོངས་རྫོགས་མགོན་ཁང་དུ་འཚོགས་ནས་ལོ་གཏོར་བརྗེ་དགོས། སྤྱིར་མགོན་ཁང་དུ་ཉི་མ་རེ་རེ་བཞིན་དུ། བླ་མ་པདྨ་རྒྱལ་པོ་དང་། ཡི་དམ་བཀའ་དགོངས་ཕུར་གསུམ་དང་། མཁའ་འགྲོ་མ་གཅིག་ཁྲོས་མ་དང་། ཆོས་སྐྱོང་སྡེ་དགུ་རྗེས་འབྲང་བཅས་དང་གེ་སར་དང་ཞིང་སྐྱོང་གི་གསོལ་ཁ་སོགས་ཆད་མེད་དུ་འདོན་གྱི་ཡོད། འདོན་མཁན་ཡང་སྔར་མགོན་བླ་གཉིས་རེ་ཙམ་ལས་མེད་ཀྱང་། ཕྱིས་སུ་མགོན་བླ་ལྔ་ཚོགས་ཀྱིས་རེས་མོས་བྱས་ཏེ་འདོན་གྱི་ཡོད་ཅིང་། ལྷ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཕྲིན་ལས་ཀྱང་ཤིན་ཏུ་མྱུར་བར་གྲགས་སོ། །

            བཞི་པ། ཧོར་ཟླ་གསུམ་པའི་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་བུམ་སྒྲུབ་ཅིག་ཀྱང་འཚོག་རྒྱུ་ཡོད། དེ་ཡང་སྔོན་རྫོང་མགོ་དགོན་པའི་བླ་གྲྭ་འགའ་ཞིག་གྲིབ་ཀའི་ནད་ཀྱིས་བསྙུང་འདས་བྱུང་ཚེ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གིས་རྡོ་རྗེ་རྣམ་འཇོམས་ཀྱི་བསྙེན་སྒྲུབ་མང་ཙམ་བྱ་དགོས་ཚུལ་གསུངས། དེ་ནས་དགོན་པའི་ནང་དུ་རྡོ་རྗེ་རྣམ་འཇོམས་ཀྱི་འདག་སྐུ་ཞིག་བཞེངས་ཏེ། བསྙེན་སྒྲུབ་ཚུལ་བཞིན་བྱེད་པའི་རྒྱུན་འཚོག་ཚུགས་པས། བླ་གྲྭ་རྣམས་གྲིབ་ནད་ཀྱིས་བསྙུང་འདས་རྒྱུན་ཆད། ཕྱིས་སུ་འཇུ་མི་ཕམ་པ་རྫོང་མགོ་དགོན་པའི་ནང་དུ་ཕེབས་ཏེ་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པར་རབ་གནས་དང་། བདེ་གཤེགས་སྨན་བླ་མཆེད་བརྒྱད་ཀྱི་བུམ་གཏེར་བཞེངས་ཏེ་སྒྲུབ་པ་སོགས་མཛད་ཅིང་། རྡོ་རྗེ་རྣམ་པར་འཇོམས་པའི་འདག་སྐུ་ལ་ཁ་བཏགས་འཕངས་པས། འདག་སྐུའི་ཕྱག་གིས་ཁ་བཏགས་དངོས་སུ་བཞེས་པར་མ་ཟད། དེའི་ཕྱིན་ཆད་འདག་སྐུའི་ཕྱག་ཀྱང་རང་ཤུགས་ཀྱིས་མདུན་དུ་སྙོབ་པའི་ཚུལ་དུ་གནས་པར་ཀུན་ཀྱི་མཐོང་སྣང་དུ་བྱུང་བས།འདག་སྐུ་དེ་ལ་གསང་བདག་དར་ལེན་མ་ཞེས་ཡོངས་སུ་གྲགས། སྐབས་དེ་ཤེད་ནས་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་རྫོང་མགོ་དགོན་དུ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པ་ཞིག་ཀྱང་བཙུགས་པས། རྗེས་སུ་ལོ་རྟག་པར་ཧོར་ཟླ་གསུམ་པའི་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་བུམ་སྒྲུབ་དེ་རྒྱུན་བསྐྱངས་ནས་འཚོག་སྲོལ་ཡང་བྱུང་ངོ་། །

            ལྔ་པ། ཧོར་ཟླ་བཞི་པ་ས་ག་ཟླ་བའི་ཚེས་གཅིག་ནས་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་སྲོལ་ལྟར། སྔ་འགྱུར་བཀའ་མའི་སྒྲུབ་མཆོད་སྒྲུབ་ཁག་དུ་མའི་སྒོ་ནས་འཚོག་རྒྱུའི་སྟ་གོན་ཏེ། ས་ཆོག་དང་། དེ་དང་འབྲེལ་བའི་རྩ་འཆམས་དང་། ཐིག་དང་། རྡུལ་ཚོན་གྱི་ཆོ་ག་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་བླུག་པ་དང་། དེ་ལ་རབ་གནས་དང་རྒྱན་འགོད་སོགས་ལེགས་པར་བྱས་ཏེ། དེའི་ཚེས་བརྒྱད་ནས་དབུ་བཟུང་སྟེ་སྒྲུབ་མཆོད་དངོས་འཚོག  

            དེ་ཡང་གཙུག་ལག་ཁང་གི་དབུས་སུ་འོག་མིན་ཚོགས་ཆེན་འདུས་པ་དཀྱིལ་འཁོར་གྱི་གཙོ་བོ་བྱས་ཏེ། དེའི་གཡས་སུ་དོང་སྤྲུགས་དང་། གཡོན་དུ་སངས་རྒྱས་མཉམ་སྦྱོར་དང་། རྒྱབ་ཏུ་སྒྱུ་འཕྲུལ་ཞི་བ་དང་འབྲིང་པོ། དེའི་གཡས་སུ་སྒྱུ་འཕྲུལ་ཁྲོ་བོ་དང་། གཡོན་དུ་ཡང་དག་ལྷ་དགུ་སྟེ་དཀྱིལ་འཁོར་ཆེན་པོ་དྲུག་དང་། སྤྲོས་པ་བྱེད་ཚེ་དོང་སྤྲུགས་ཀྱི་གཡས་སུ་ཚེ་དཔག་མེད་ལུང་ལུགས་དང་། སངས་རྒྱས་མཉམ་སྦྱོར་གྱི་གཡོན་དུ་ཆ་གསུམ་གྱི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་ཆུང་བ་གཉིས་དང་བཅས་ཏེ་དཀྱིལ་འཁོར་བརྒྱད་ཀྱི་ཞལ་ཕྱེ་སྟེ་སྒྲུབ། སྒྲུབ་མཆོད་གསུང་མཁན་གྱི་སློབ་དཔོན་དང་འདུས་པའང་ཚད་ལྡན་ཚུལ་མཐུན་བྱས་ན། སྤྱིར་རྒྱུད་སྡེ་རིན་པོ་ཆེ་ལས་གསུངས་པའི་མཚན་ཉིད་ཀུན་ཚང་དང་། བྱེ་བྲག་ཏུ་རྩ་རྒྱུད་གསང་བ་སྙིང་པོ་དང་། སྒྲུབ་པ་བཀའ་བརྒྱད་བདེ་གཤེགས་འདུས་པའི་རྩ་བ་བློར་སོང་བ་ཞིག་དགོས། སྒྲུབ་མཆོད་གྲོལ་ཉིན་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་བྱེད། དེ་ཡང་སྒྱུ་འཕྲུལ་ཞི་བ་ཚང་གིས་ཞི་བའི་སྦྱིན་སྲེག་དང་། ཚོགས་ཆེན་འདུས་པ་ཚང་གིས་རྒྱས་པའི་སྦྱིན་སྲེག་དང་། ཡང་དག་ལྷ་དགུ་ཚང་གིས་དབང་གི་སྦྱིན་སྲེག་དང་། སྒྱུ་འཕྲུལ་ཁྲོ་བོ་ཚང་གིས་དྲག་པོའི་སྦྱིན་སྲེག་བླུག་པར་མཛད། དཀྱིལ་འཁོར་རེར་དགེ་འདུན་གྱི་གྲངས་མ་མཐའ་ཡང་བཅུ་བདུན་ཙམ་རེ་དང་། སློབ་དཔོན་གྱི་ན་བཟའ་དང་རིགས་ལྔའི་ཅོད་པན་ཡང་ཞི་རྒྱས་དབང་དྲག་གི་ལས་བཞི་སོ་སོ་དང་མཐུན་པར་བྱ་དགོས།

            སྐབས་དེར་དབྱངས་རྔ་རོལ་མོ་དང་འདོན་རྟ་ཕྱག་བཞེས་ནི། སྤྱིར་ཆོ་ག་འདོན་སྟངས་མྱུར་བུལ་སོགས་ནི་ཐམས་ཅད་ཀྱིས་ཚོགས་ཆེན་འདུས་པའི་དབུ་མཛད་ལ་བསྟུན་དགོས་ཀྱང་། ཞི་རྒྱས་དབང་གསུམ་གྱི་ཆོ་ག་ནི་དྲིལ་འདོན་བྱེད་ཅིང་སིལ་སྙན་དང་རྔ་མ་གཏོགས་སྦུག་ཆལ་མི་རྡུང་། དྲག་པོའི་ཆོ་ག་ནི་རྔ་འདོན་བྱེད་ཅིང་སྦུག་ཆལ་དང་རྔ་རྡུང་། འབུད་ཆས་ཀྱང་ཞི་བར་དུང་དཀར་དང་། རྒྱས་པར་དུང་དམར་དང་། དབང་ལ་རྒྱ་གླིང་དང་། དྲག་པོར་རྐང་གླིང་འབུད་དགོས་པ་སོགས་ཀྱི་ཁྱད་པར་ཡོད་དོ། །དེ་ནས་བདག་འཇུག་དང་འབྲེལ་བའི་དབང་དང་། རྡུལ་ཚོན་ཆུ་བཤལ་དང་། མར་མེའི་སྨོན་ལམ་དང་། བཀྲ་ཤིས་གྲལ་སྐོར་སོགས་ཀྱིས་མཐའ་ལེགས་པར་གྲུབ་པ་ཡིན་ནོ། །

            དྲུག་པ། སྔོན་ཆད་ཧོར་ཟླ་བཞི་པའི་ནང་དུ་ཁྲི་དང་གྲལ་གདན་རྒྱག་སྟངས་དང་། རྔ་རོལ་སྒྲིག་ལུགས་དང་། ཆོ་གའི་འདོན་རྟ་དང་། སྒྲིག་ལམ་སོགས་ཚེས་བཅུའི་སྒྲུབ་པ་ཇི་ལྟ་བ་བཞིན་བྱས་ཏེ། ཉིན་ལྔའི་རིང་དུ་གཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་འཚོག་རྒྱུ་ཡོད་ཅིང་། རབ་བྱུང་བཅོ་ལྔ་པའི་ས་སྟག་ལོའི་ཧོར་ཟླ་བཅུ་གཅིག་པ་མགོ་ཟླ་བའི་ནང་དུ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་རྡོ་རྗེ་སློབ་དཔོན་མཛད་དེ་གཏེར་ཆེན་རཏྣ་གླིང་པའི་ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་ཆེན་དབུ་ཚུགས་ཏེ་དེའི་ཕྱིན་ཆད་ལོ་རྟག་པར་འཚོག་རྒྱུ་ཡོད་པར་གསུངས་ཀྱང་། དུས་འགྱུར་གྱི་དབང་གིས་རེ་ཞིག་སྒྲུབ་པ་དེ་གཉིས་ཀ་འཚོག་བཤོལ་དུ་སོང་།

            ཉེ་བའི་ལོ་ཤས་ཀྱི་སྔོན་ནས་སྤྱིར་ཚེ་ཕུར་གྱི་སྒྲུབ་པ་དེ་གཉིས་ཆད་པ་ཁ་གསོ་བའི་ཕྱིར་དང་། ཁྱད་པར་དུ་དགོན་པའི་བླ་གྲྭ་རྒྱ་མཚོ་བསྟན་དང་འགྲོ་བའི་དཔལ་མགོན་དུ་སྐུ་ཚེ་མི་ཤིགས་རྡོ་རྗེའི་གཤིས་སུ་བརྟན་པའི་ཆེད་དུ། ཧོར་ཟླ་ལྔ་པའི་ཚེས་བརྒྱད་ནས་དབུ་བཟུང་སྟེ། རྗེ་བླ་མ་པདྨ་འགྲོ་འདུལ་རྩལ་གྱི་དག་སྣང་གི་ཕུར་པ་ཉིན་གསུམ་དང་། གཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་ཉིན་ལྔ་སྟེ་བསྡོམས་པས་ཉིན་བརྒྱད་ཀྱི་རིང་དུ་ཚེ་ཕུར་ཁ་སྤྲོད་བྱས་ཏེ་འདོན་སྲོལ་ཚུགས། དེ་ཡང་ཐོག་མར་དགོན་པའི་བླ་གྲྭ་སོ་སོས་ཡོན་སྒོར་རུག་སྟེ་འཚོགས་ཀྱང་། ད་ལྟ་ཞེ་ཆེན་རྒྱལ་ཚབ་སྤྲུལ་སྐུས་ཡོན་གྱི་བདག་ཆེན་མཛད་དེ་འཚོག་བཞིན་ཡོད་དོ། །

            བདུན་པ། ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག་ནས་དགེ་ཚུལ་སློང་ཡོངས་རྫོགས་དབྱར་གནས་ལ་བཞུགས། སྤྱིར་སངས་རྒྱས་ཀྱིས་འདུལ་བ་ལུང་ལས་དབྱར་ཟླ་བ་གསུམ་དུ་གནས་དགོས་པར་གསུངས་ཤིང་། རྒྱ་གར་ལྟ་བུ་ས་ཆ་ཤིན་ཏུ་དྲོ་བའི་ཡུལ་དག་ཏུ་དེ་ལྟར་གནས་དགོས་ངེས་ཀྱང་། བོད་གངས་ཅན་གྱི་ལྗོངས་ནི། རི་ལ་ཁ་བ་དང་ཆུ་ལ་དར་ཆགས་པའི་མཐོ་སྒང་གི་ས་ཆ་ཤིན་ཏུ་གྲང་ངད་དང་ལྡན་པ་ཡིན་སྟབས། བོད་ཀྱི་སྔ་ཕྱིའི་འདུལ་འཛིན་མཁན་པོ་དག་གིས་དགག་བྱ་མེད་ཅིང་དགོས་པ་ཆེ་བར་དགོངས་ནས། དབྱར་ཟླ་བ་གཅིག་ཕྱེད་ཙམ་དུ་གནས་པས་དབྱར་གནས་པའི་གོ་ཆོད་པར་གསུངས་ཤིང་མཛད་པ་ལྟར། དགོན་པ་འདིར་ཡང་དབྱར་ཟླ་བ་གཅིག་ཕྱེད་དུ་དབྱར་གནས་ཀྱི་ཡོད། དེ་ཡང་དབྱར་གནས་པར་ཟླ་བ་ཕྱེད་དམ་ཞག་བཅུ་སོགས་ཡོད་པ་ན། གཙུག་ལག་ཁང་བྱི་དོར་བྱ་བ་དང་། མཆོད་བཤམས་རྒྱན་འགོད་བྱེད་པ་དང་། སྟོན་པའི་སྐུ་སྤྱན་འདྲེན་པ་དང་། གནས་མལ་དང་ཡོ་བྱད་སྟ་གོན་བྱ་བ་དང་། དབུ་སྐྲ་གསིལ་བ་སོགས་དང་། གཞན་ཡང་མཁན་སློབ་མཚན་ཉིད་དང་ལྡན་པས་དགེ་འདུན་གྲངས་ཚང་གི་སྒོ་ནས་བསྒྲུབ་བྱར་འོས་པའི་དགེ་ཚུལ་སློང་སྒྲུབ་ཅིང་། བསྒྲུབ་བྱ་དག་གིས་ཀྱང་ཉིན་དེར་མཁན་སློབ་གནས་བརྟན་དག་ལ་གནས་བརྟན་ཕྱག་མཆོད་དང་འབྲེལ་ཏེ་གནས་བརྟན་མཆོད་ཆོག་འདོན་པ་སོགས་བྱེད། ཚེས་བཅུ་དྲུག་གི་ཉིན་སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་དབྱར་ཁས་ལེན་བྱས་ཏེ། དབྱར་གནས་པའི་དམ་ཚིག་ཆེན་པོ་དྲུག་སོགས་ཚུལ་བཞིན་དུ་སྲུང་ཞིང་། ཐ་ན་གོས་ཕུ་དུང་ཅན་དང་། ལྷམ་སྣ་སྦུབས་ཅན་དང་རྟིང་སྦུབས་ཅན་སོགས་ཀྱང་སྤངས་ནས། ཆོས་བཞིན་འདུལ་བ་བཞིན་དུ་ཉིན་རྟག་པར་རྒྱུན་ཆགས་གསུམ་པ་འདོན་པ་དང་། ཆོས་སྤྱོད་བྱ་བ་དང་། གསོ་སྦྱོང་བྱ་བ་སོགས་མདོར་ན་བསླབ་པ་སློབ་གཉེར་དང་ཚོགས་བསག་སྒྲིབ་སྦྱོང་གི་སྒོ་དུ་མར་བརྩོན་མཐར། དགག་དབྱེ་ཚུལ་བཞིན་དུ་བྱས་ཟིན་པ་ན། དགོན་པའི་ཤར་གྱི་ལམ་རྒྱུད་ན་ཆོས་ར་སྟེང་ཞེས་པའི་སྤང་ལྗོངས་ཉམས་དགའ་ཞིང་ཁོད་ཡངས་བ་ཤིག་ཡོད་པ་དེར། དགེ་འདུན་པ་སེར་ཕྲེང་བྱས་ཏེ་ལྗོངས་རྒྱུར་ཕེབས་ནས་བཞུགས་སྲོལ་ཡོད། ཡིད་འོང་ལྷིང་འཇགས་ཀྱི་སྤང་ལྗོངས་དེའི་ངོགས་ན། གཏེར་སྟོན་བདུད་འདུལ་རྡོ་རྗེས་ལྕག་ཚན་གྱི་ཡུ་བས་རྡོ་ལ་ཟབ་པར་བྲིས་པའི་མ་ཎིའི་དཀྱིལ་འཁོར་ཤིན་ཏུ་ངོ་མཚར་བ་ཞིག་ཀྱང་ཡོད་དོ། །

            བརྒྱད་པ། ཧོར་ཟླ་དགུ་པའི་ཚེས་བཞི་ནས་དབུ་བཟུང་སྟེ་ཉིན་དགུའི་རིང་དུ། གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་བཞེས་ཤིང་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས་ཆོག་སྒྲིག་མཛད་པའི་བླ་མ་གསང་བ་འདུས་པའི་སྒྲུབ་ཆེན་གྱི་སྒོ་ནས་ཚེས་བཅུའི་སྒྲུབ་པ་ཚོམ་བུ་ཚོགས་སྒྲུབ་བྱས་ཏེ་འཚོག་རྒྱུ་ཡོད།

            དེ་ཡང་ཧོར་ཟླ་བརྒྱད་པའི་ཚེས་བཅུ་བཞི་ཙམ་ནས་དགེ་འདུན་པ་རྣམས་དགོན་པའི་ནང་དུ་འདུས་ནས། གར་འཆམ་དང་གདངས་དབྱངས་སྦྱོང་སྒྲིག་དང་། བླ་མ་གསང་བ་འདུས་པ་དང་གསོལ་ཁ་དང་གསོལ་འདེབས་ལེའུ་བདུན་མ་སོགས་བློར་བླངས་ཏེ་རྒྱུགས་སྤྲོད་པ་དང་། གཙུག་ལག་ཁང་གི་ཕྱི་ནང་བྱི་དོར་བྱེད་པ་དང་། ཁྲི་བཤམས་པ་དང་། གྲལ་གདན་འདིང་བ་དང་། སྟོང་མཆོད་གཤོམ་པ་དང་། གཏོར་བཟོ་རྒྱན་འགོད་སོགས་ཚགས་སུ་ཚུད་པར་བྱས་ཏེ། ཧོར་ཟླ་དགུ་པའི་ཚེས་གཅིག་གི་ཉིན་སྒྲིག་འཆམ་དང་།

            ཚེས་གསུམ་གྱི་ནམ་སྨད་དུ་རྔ་བརྡ་དང་མཁའ་རྔའི་བརྡས་བསྐུལ་བ་ན། དབུ་བྲེག་ཞབས་རྗེན་དང་འགག་རྐྱང་དཔུང་རྒྱན་འབའ་ཞིག་བྱས་པའི་དགེ་འདུན་འདུས་མང་ཞི་དུལ་ལྷོད་གསུམ་གྱི་ངང་ནས་གདིང་ཆོས་ལྷུང་བཟེད་དང་བཅས། ཁྱམས་ཀྱི་སྒོ་དྲུང་དུ་འདུས་ནས་ཞལ་ཆབ་ལེན་པ་སོགས་ཀྱིས་རྣམ་པ་ཀུན་ཏུ་སྤྱོད་ལམ་དང་མཐུན་པར་ནང་དུ་ཕེབས་ཏེ། གྲལ་ཕྱག་སྔོན་དུ་འགྲོ་བས་བསླབ་གྲལ་བཞིན་བཞེངས་བསྟར་མཛད་དེ་གྲལ་གདན་ལ་མ་འཁོད་པའི་སྔོན་དུ། དབུས་ཀྱི་ཁྲི་འཛིན་མཆོག་སྤྲུལ་རིན་པོ་ཆེ་བླ་བྲང་གི་གཟིམ་ཤག་ནས་གཙུག་ལག་ཁང་དུ་དགེ་སྐོས་ཤིག་གིས་སྤོས་སྣ་པ་བྱས་ཏེ་རྒྱ་གླིང་པ་ཟུང་བཅས་ཀྱིས་གདན་འདྲེན། མཁན་སྤྲུལ་རྡོར་སློབ་གྲྭ་ཚང་ལྷན་རྒྱས་བཞུགས་གདན་དུ་འཁོད་རྗེས། དགེ་སྐོས་ཤིག་གྲལ་གྱི་འདབས་དབུས་སུ་ཡར་བཞེངས་བཞིན་ཚེས་བཅུའི་སྒྲུབ་པའི་ཕན་ཡོན་དང་། སྒྲུབ་པ་འཚོག་སྟངས་དང་། སྒྲིག་ལམ་གསལ་བསྒྲགས་སོགས་མཛད།

            དབུ་མཛད་ཀྱིས་ཚིག་བདུན་གསོལ་འདེབས་ཀྱིས་ཐོག་དྲངས་ནས། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ནས་བླ་མ་བརྒྱུད་པའི་གསོལ་འདེབས་སོགས་ཀྱིས་རིམ་པ་བཞིན་དུ་ཆོ་ག་དངོས་ལ་འཇུག་པ་སྟེ། མདོར་ན་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་སྲོལ་གཞིར་བཟུང་ནས་སྒྲུབ་པའི་སྦྱོར་དངོས་རྗེས་གསུམ་ཚང་བར་འཚོག་པའོ། །

            ཚེས་བརྒྱད་ཀྱི་ཉིན་གཙུག་ལག་ཁང་གི་ཕྱི་ནང་གདན་ཁྲི་བཅས་པར་དང་། ལས་སྣེ་པ་དག་གིས་ཤིན་ཏུ་གཟབ་སྤྲོས་དང་། ཚོགས་འཁོར་རྒྱས་སྐོར་མཛད། ཚེས་དགུའི་ཉིན་ཐུན་བར་དུ་གིང་དང་གུ་རུ་མཚན་བརྒྱད་དང་མཁའ་འགྲོ་སྡེ་ལྔ་དམར་འཆམ་མཛད། དེ་དག་མ་གཏོགས་པའི་འཆམ་སྣ་གཞན་དག་ཉིན་སྔ་མ་རྣམས་སུ་ནང་འཆམ་མཛད་ཟིན། དེའི་ནུབ་མོར་དགོང་ཇ་ཕྱི་མའི་སྐབས་སུ་དགེ་སྐོས་ཀྱིས་ཕྱི་ཉིན་ཞོགས་འཚོག་སྔ་ཕྱིའི་ཚོད་ཀྱི་བཞེངས་བརྡ་དང་། གུར་མོ་ཆེ་འབུབས་སྟངས་དང་འབུབས་མཁན། ལས་ཚན་པ་དག་གི་མཚན་ཐོ་དང་སྒྲིག་ལམ་སོགས་གསུང་ཞིང་། ཁྱད་པར་དུ་འཆམ་སྣ་རེ་རེའི་དབུར་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པ་དང་བཅས་ཏེ་གར་འཆམ་མཛད་མཁན་གྱི་མཚན་ཐོ་གོ་རིམ་བཞིན་དུ་གསལ་བསྒྲགས་མཛད། དེ་ནུབ་ནམ་སྨད་ནས་སྔར་འཚོག་བྱས་ཏེ། དགེ་སྐོས་ཀྱིས་འཆམ་དང་སེར་ཕྲེང་སོགས་ཀྱི་མཚན་ཐོ་བཀླགས་ཤིང་། འདོན་མཚམས་ལ་གཏུགས་ཏེ་ཚོགས་གྲོལ། ཕྱི་ཉིན་ཚེས་བཅུའི་ཞོགས་པར་ནམ་ལངས་པ་ན། རླུང་ཉི་ཁ་ཆར་འགོག་པའི་སླད་དུ་རས་དཀར་གྱིས་གདུགས་ཀྱི་རྣམ་པར་བྱས་པའི་གུར་མོ་ཆེ་འབུབས། བདེ་ཡངས་ཀྱི་འཁོར་གཡབ་ལ་དབུས་སུ་སྐྱབས་མགོན་རིན་པོ་ཆེའི་བཞུགས་ཁྲི་བཤམས་ཏེ་ཅོག་སྟེང་དུ་མདུན་ཆས་རག་བསྡུས་བཅས་དང་། དེའི་གཡས་སུ་དབུ་མཛད་རྣམས་དང་། རྔ་པ་དང་། དུང་ཆེན་པ་སོགས་ཀྱི་བཞུགས་གདན་དང་། གཡོན་དུ་རྔ་པ་དང་། དེའི་ཟུར་རྐང་གླིང་པ་སོགས་ཀྱི་བཞུགས་གདན་གདིང་བ་སོགས་དང་། བདེ་ཡངས་དབུས་སུ་བུམ་གཏོར་གཞག་གདན་སོགས་མ་ཚང་མེད་པར་འདུ་བྱས་ཏེ། མཁའ་རྔའི་བརྡ་དང་བསྟུན་དགེ་འདུན་འདུས་པ་གཙུག་ལག་ཁང་དུ་བྱོན་ནས་ཕྱིར་བདེ་ཡངས་ཀྱི་འཁོར་གཡབ་ཏུ་སེར་ཕྲེང་ཕེབས་པ་ལ།

            སྔོན་དུ་དགེ་ཆེན་མོས་སྣམ་སྦྱར་དང་ཞྭ་སེར་གྱིས་སྤོས་སྣ་པ་བྱས། རྒྱ་གླིང་པ་ཟུང་གཟན་ཤམ་གཟབ་སྤྲོས་རྩེ་ཞྭ་བཅས་དང་། དེ་རྗེས་རྐང་གླིང་པ་ནས་བཟུང་ཐམས་ཅད་ཀྱིས་ཟླ་གམ་དང་ཞྭ་སེར་ཤ་སྟག་སྟེ། དབུས་སུ་སྐྱབས་མགོན་རྡོ་རྗེ་སློབ་དཔོན་ཆོས་སྣམ་དང་། དབུ་ཞྭ་འདབ་ལྡན་པད་ཞུ་གསོལ་བ། ཞབས་འབྲིང་པ་དག་གིས་ན་བཟའ་གཟབ་མཆོར་དང་སྐུ་བེར་དང་ཞྭ་ཕྲག་འཕེན་སོགས་བཅས་ཀྱིས་རིམ་པར་ཕེབས་ནས་གདན་ལ་བཞུགས་གྲུབ་པ་ན། ཚིགས་བདུན་གསོལ་འདེབས་ཀྱིས་ཐོག་དྲངས་ཏེ། བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་མཐར།  བདེ་ཡངས་ཀྱི་དབུས་སུ་ལས་རྡོར་གྱིས་སྣམ་སྦྱར་མནབས་ཤིང་རྩེ་ཞྭ་ཕྲག་འཕེན་གྱིས་སྔོན་གཏོར་མཉྫིར་བཀོད། སློབ་དཔོན་སོགས་ཀྱིས་བཀའ་སྒོ་གདངས་འཐེན་པའི་སྒོ་ནས་བགེགས་བསྐྲད་དེ་ལས་རྡོར་གྱིས་བགེགས་གཏོར་ཕྱིར་བཏང་ཚར་བ་ན།

            སེར་དངུལ་བཀྲ་མའི་སྤོས་ཕོར་བསྣམས་པའི་སྤོས་སྣ་པ་ཟུང་གིས་མདུན་བསུས་ཏེ། ཕྱི་ནང་གསང་བའི་འགལ་རྐྱེན་སྲུང་བའི་མཚམས་གཅོད་ཁྲོ་བོ་བཅུ་དྲུག་དང་། དེ་ནས་སྤོས་སྣ་པ་ཨཱ་ཙརྱ་དང་། རྒྱ་གླིང་པ་ཙཱི་ནའི་ཆས་ཅན་ཟུང་གིས་སྣ་དྲངས་ཏེ། མཐུན་རྐྱེན་སྒྲུབ་པའི་དཔའ་བོ་མཁའ་འགྲོ་བཅུ་དྲུག་འཆམས་གྲུབ་པ་ན། བར་ཇ་དང་པོ་བཞེས། དེ་ནས་ལས་ཀྱི་རྡོ་རྗེས་རྟིང་བསྐུལ་གྱིས། བདེ་ཡངས་སུ་ཉེར་མཁོའི་གདན་དང་ཡོ་བྱད་སོགས་ཚགས་སུ་ཚུད་པར་བྱས། དགེ་སྐོས་ཀྱིས་སྤོས་སྣ་པ་དང་། རྒྱ་གླིང་པ་ཟུང་གིས་སྣ་དྲངས་པའི་སྐུ་འཁོར་སེར་སྦྲེངས་གཡས་བསྐོར་གྱིས་ཕེབས་པ་འགྲེངས་ཏེ་གནས། དབུས་ཀྱི་གདན་ཁྲི་ལ་རྡོ་རྗེ་སློབ་དཔོན་བཞུགས་པ་སོགས་བྱས་ཏེ། ཡེ་ཤེས་དང་འཇིག་རྟེན་གྱི་སྲུང་མ་མཐུ་ཆེན་ཀུན་ལ་ལས་བཞིའི་སྔོན་དུ་འགྲོ་བ་གསེར་སྐྱེམས་པ་སོ་ལྔ་དང་། དེ་ནས་མི་བསྲུན་ལོག་འདྲེན་སྒྲོལ་བའི་གཏུམ་ཆེན་རྔམས་པ་བཅུ་དྲུག་འཆམས་གྲུབ་པ་ན། བར་ཇ་གཉིས་པ་བཞེས། དེ་ནས་སྤོས་ཕོར་པས་སྣ་དྲངས་ཏེ་འདོད་ཡོན་སྦྱོར་སྒྲོལ་གྱི་ཚོགས་མཆོད་ལེན་པ་པོ་ཉེར་གཉིས་དང་། དེ་ནས་ལྷག་ཚོགས་ཀྱི་མགྲོན་དུ་འདུས་པའི་གིང་ཆེན་བཅུ་དྲུག་གིས་མཚམས་གཅོད་པ་དང་བསྲེ་འཆམ་བྱེད། དེ་ནས་བར་ཇ་གསུམ་པ་བཞེས་གྲུབ་པ་ན། སླར་ཡང་གིང་དཔོན་ཕན་ཚུན་རྔ་བརྡས་བསྐུལ་བ་ནས་རིམ་གྱིས་གིང་འཆམ་མཛད། དེ་ནས་དངོས་གཞིའི་སེར་སྦྲེངས་བྱས་ཏེ་མཁན་སློབ་ཆོས་གསུམ་གྱི་འདྲ་སྐུ་གདན་དྲངས་ནས། རིགས་གཅིག་ཡེ་ཤེས་སྒྱུ་མའི་རྣམ་རོལ་ལས་ཤར་བའི་འགྲོ་འདུལ་སྤྲུལ་པའི་གུ་རུ་མཚན་བརྒྱད་དང་། དེ་ནས་ཡེ་ཤེས་སྒྱུ་མའི་ཚུལ་འཆང་ལྷན་སྐྱེས་བརྡ་ཡི་རོལ་གར་ཅིར་ཡང་བསྒྱུར་ཅིང་མི་ཤིགས་ན་དཱའི་གླུ་དབྱངས་ལེན་པའི་དཔའ་མོ་སྡེ་ལྔས་གར་འཆམ་མཛད་པ་བཅས་ལེགས་པར་གྲུབ་པ་ན།

གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྔ་དང་། སྦུག་ཆལ་དང་། སིལ་སྙན་དང་། རྒྱ་གླིང་དང་། དུང་དམར་དང་། དུང་དཀར་དང་། མེ་ཏོག་དང་། བདུག་སྤོས་སོགས་བཀྲ་ཤིས་མཆོད་པའི་ཡོ་བྱད་གང་འཛོམས་ཐོགས་པའི་ལྷ་ཚངས་པ་དང་བརྒྱ་བྱིན་དང་མི་དང་མི་མ་ཡིན་སོགས་ཀྱི་དངོས་གཞིའི་སེར་སྦྲེངས་ཀྱིས་བདེ་ཡངས་ཀྱི་སྟེང་ནས་གཡས་བསྐོར་ལན་གསུམ་གྱི་ཕྱི་མར་མཚན་བརྒྱད་སོགས་ཀྱང་བཞེངས་ཏེ་གཙུག་ལག་ཁང་དུ་རིམ་གྱིས་ལྡོག་པར་བྱ། དེ་ནས་སྤོས་སྣ་རྒྱ་གླིང་པ་བཅས་པས་རྐང་གླིང་པ་ནས་བཟུང་འཁོར་གཡབ་ཀྱི་འདུས་པ་ཡོངས་ཞྭ་ཕྲག་འཕེན་གྱིས་སེར་སྦྲེངས་བྱས་པས་གཙུག་ལག་ཁང་དུ་བསུས་ཏེ་ཆོ་གའི་མཇུག་སྐྱོང་། ཚེས་བཅུ་གཅིག་གི་ཉིན་དངོས་གྲུབ་ལེན་ཆོག་བྱས་ནས་ཆོས་དད་མང་ཚོགས་ཡོངས་རྫོགས་ལ་སྒྲུབ་དབང་གནང་ཞིང་། དེ་ནས་རྗེས་ཀྱི་ཆོ་གའི་རིམ་པས་མཇུག་ལེགས་པར་སྐྱོང་བ་ཡིན་ནོ། །

            དགུ་པ། ཧོར་ཟླ་བཅུ་པའི་ཚེས་བརྒྱད་ནས་དབུ་བཟུང་སྟེ་ཉིན་བཅུའི་རིང་དུ། ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་ཟབ་ལམ་གསལ་བའི་ཉིན་བྱེད་གཞིར་བྱས། ཐུགས་རྗེ་ཆེན་པོའི་ལྷན་ཐབས་སྙིང་པོ་མཛེས་རྒྱན་གྱིས་ཟུར་བརྒྱན་ཏེ། འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་ཇི་ལྟ་བ་བཞིན། བདེ་གཤེགས་ཀུན་འདུས་ཀྱི་བུམ་སྒྲུབ་འཚོག་རྒྱུ་ཡོད། དེ་ཡང་ས་ཆོག་དང་ཐིག་ཆོག་ཉིན་གཉིས་དང་། སྒྲུབ་པའི་དངོས་གཞི་ཉིན་བདུན་དང་། དངོས་གྲུབ་ལེན་ཆོག་ཉིན་གཅིག་སྟེ། མཐར་སྦྱིན་སྲེག་ལའང་གང་གི་ཚེ་བྱ་བའི་དུས་དང་། གང་དུ་ལྟ་བའི་ཕྱོགས་དང་། ཐབ་ཀྱི་ཚད་དང་། རྫས་ཀྱི་དབྱེ་བ་དང་། ཆས་གོས་དང་། བཞུགས་སྟབས་སོགས་སྐབས་ཀྱི་ལས་རང་རང་དང་མཐུན་པར། ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་སྦྱིན་སྲེག་གི་ཆོ་ག་འདོད་དོན་མྱུར་འགྲུབ་ལས་བྱུང་བ་ལྟར་བྱས་ཏེ་སྒྲུབ་པའི་མཇུག་ཡོངས་སུ་གྲོལ་བ་ཡིན་ནོ། །

            གཞན་ཡང་ཉིན་གསུམ་ཙམ་གྱི་རིང་དུ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོག་ཁྲིགས་ཟབ་ལམ་གསལ་བའི་ཉིན་བྱེད་གཞིར་བྱས་ཏེ་རབ་གནས་ཤིག་ཀྱང་འཚོག་རྒྱུ་ཡོད། དེ་ཡང་གང་ལ་རབ་ཏུ་གནས་པར་བྱ་བ་སྐུ་གསུང་ཐུགས་རྟེན་གཞིའི་ཁོར་ཡུག་དང་བཅས་པར་བ་བྱུང་དང་། ཙནྡན་དང་། ག་བུར་གྱི་ཆུས་ཆག་ཆག་འདེབས་པ་དང་། སྐུ་རྟེན་རྣམས་ཀྱི་ཞལ་ངོ་རས་དམར་སེར་གྱིས་བཏུམས་ཏེ་བཞག་ལ། དཀྱིལ་འཁོར་གྱི་ཕྱོགས་མཚམས་སུ་ཁྲུས་དང་བཟའ་བཏུང་སོགས་ཀྱི་རྫས་དང་ཡོ་བྱད་གང་དགོས་བཤམས་ཏེ། ཉིན་དང་པོར་སྦྱོར་བ་དང་། ཉིན་གཉིས་པར་དངོས་གཞི་དང་། ཉིན་གསུམ་པར་ཡོན་བདག་བསྒོ་བ་དང་། ཚོགས་འདྲེན་པ་དང་། ཙ་རིའི་འོ་ཐུག་བཞེས་པ་དང་། སློབ་དཔོན་གྱིས་ཡོན་བཤད་སོགས་བྱས་མཐར་བཀྲ་ཤིས་སྨོན་ལམ་བརྗོད་ཅིང་། དཀྱིལ་འཁོར་གཤེགས་གསོལ་སོགས་བྱས་ཏེ་འཚོགས་གྲོལ་བ་ཡིན་ནོ། །

            བཅུ་པ། ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ནས་དབུ་བཟུང་སྟེ་ཉིན་བདུན་གྱི་རིང་དུ། འཁོར་ལོ་རབ་གནས་དང་། མངའ་བདག་ཉང་གིས་གཏེར་ནས་བཞེས་ཤིང་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེས་སྒྲིག་ཆོག་མཛད་པའི་བཀའ་བརྒྱད་བདེ་འདུས་བདེ་ཆེན་རྣམ་རོལ་སྨད་ལེའུ་དང་བཅས་ཏེ་ལོ་མཇུག་དགུ་ཆེན་འཚོག་རྒྱུ་ཡོད། ཉིན་ཐ་མ་སྟེ་ཚེས་ཉེར་དགུའི་ཉིན་རྡོ་རྗེ་སློབ་དཔོན་གྱིས་སྔགས་གོས་ཞྭ་ནག་བཅས་མནབས་ཏེ། དགེ་འདུན་ཡོངས་རྫོགས་དགོན་པའི་ཤར་ལམ་རྒྱུད་ནས་རི་སྐེད་ཙམ་དུ་ཕེབས་ཏེ་གཏོར་ཟོར་རྒྱག་པར་བྱེད། དེ་ནས་ཕྱིར་གཙུག་ལག་ཁང་དུ་བྱོན་ནས་སྒྲུབ་ཆོག་གི་མཇུག་ལེགས་པར་བསྐྱངས་ཏེ་ཚོགས་ཡོངས་སུ་གྲོལ་བ་ཡིན་ནོ། །

            དེ་ལྟ་བུའི་དུས་མཆོད་རྣམས་ཀྱི་མཇུག་ཏུ་བརྗེ་དུས་ཀྱི་སྐབས་དང་བསྟུན་ཏེ། རྡོ་རྗེ་སློབ་དཔོན་དང་། དབུ་མཛད་དང་། མཆོད་དཔོན་དང་། འབུད་པ་དག་དང་། དགེ་སྐོས་དང་། དགོན་གཞུང་གི་གཉེར་ཆེན་དང་། བླ་བྲང་གི་གཉེར་པ་དང་། མགོན་བླ་སོགས་དགོན་པ་དང་འབྲེལ་ཡོད་ཀྱི་ལས་སྣེ་པ་དག་ནི། གྲྭ་ཚང་གི་ནང་ནས་སོ་སོའི་མཚན་ཉིད་དང་ལྡན་པ་རེ་བསྟན་བདག་སྤྲུལ་པའི་སྐུ་རིན་པོ་ཆེས་འདེམས་བསྐོ་མཛད་པའམ། ཡང་ན་མཁན་སྤྲུལ་ལྷན་རྒྱས་ཀྱིས་ཞལ་གྲོས་མཐུན་པའི་སྒོ་ནས་བསྐོའམ། སྐབས་ལ་ལར་དགེ་འདུན་དམངས་གཙོའི་ལམ་ནས་བསྐོ་བཞག་མཛད། ལས་སྣེ་པ་དག་གིས་ཀྱང་རང་རང་གི་ལས་ཀ་སྣང་མེད་དང་ལེ་ལོ་དང་ཁྱད་གསོད་ཀྱི་སྒོ་ནས་ཇི་མི་སྙམ་དུ་མི་འཇོག་པར། རང་ནུས་ཅི་ལྕོགས་ཀྱིས་རང་དོན་ལས་ཀྱང་གལ་ཆེན་དུ་བཟུང་སྟེ་སྒྲུབ་ཅིང་། ལྷག་པར་དུ་དགེ་འདུན་ཐུན་མོང་གི་གནས་དང་རྫས་དང་ཡོ་བྱད་སོགས་ལ་མཐོང་ཆེན་བྱས་ཏེ། རྩིས་སྤྲོད་ཀྱི་རིམ་པ་སོགས་ནི་ཤིན་ཏུ་ཞིབ་གསལ་བྱེད་སྲོལ་ཡོད་དོ་ཞེས་པ་ནི་ཞར་དུ་བྱུང་བའི་གཏམ་མོ། །


གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ལས་དགོན་ནང་དུ་ཚུགས་པའི་སྒྲུབ་པ་དུས་མཆོད་ཀྱི་སྐོར་ཏེ་བཞི་པའོ། །

ལྔ་པ་དགོན་པའི་སྒྲུབ་གྲྭ་བདུད་ལས་རྣམ་རྒྱལ་ལྷུན་འགྲུབ་བསམ་གཏན་འོད་གསལ་གླིང་གི་སྐོར།

            སྤྱིར་རྫོང་མགོ་དགོན་པའི་སྒྲུབ་གྲྭ་ལ་མཁས་བཙུན་བཟང་གསུམ་འགྲན་པའི་ཟླ་དང་བྲལ་བ་མཁན་ཆེན་ཐུབ་བསྟན་དགེ་ལེགས་རབ་རྒྱས་ཀྱིས་ཕྱག་བཏབ་པའི་འབའ་དགོན་རི་ཁྲོད་ཀྱི་སྒྲུབ་གྲྭ་དང་། གླིང་དཀར་ཆོས་རྒྱལ་དབང་ཆེན་བསྟན་འཛིན་ཡབ་སྲས་སོགས་རྫོང་མགོ་དགོན་གྱི་སྐྱེས་ཆེན་དུ་མའི་སྐུ་ཚེ་ཧྲིལ་པོའི་སྒྲུབ་གནས་ར་མོ་ཆེའི་རི་ཁྲོད་ཀྱི་སྒྲུབ་གྲྭ་དང་། རྗེ་བླ་མ་པདྨ་གར་དབང་འགྲོ་འདུལ་རྩལ་གྱི་སྒྲུབ་གནས་དང་གཏེར་གནས་ཆེན་པོ་རྒྱ་སྟོད་སྣ་བྲག་རྡོ་རྗེ་རྫོང་གི་སྒྲུབ་གྲྭ་སོགས་ཡོད་ཀྱང་།

            སྐབས་འདིར་རྫོང་བྲག་དཔལ་རི་ལྷ་རྩེའི་སྒྲུབ་གྲྭ་བདུད་ལས་རྣམ་རྒྱལ་ལྷུན་འགྲུབ་བསམ་གཏན་འོད་གསལ་གླིང་གི་ལོ་རྒྱུས་མཚོན་ཙམ་བཤད་ན། སྒྲུབ་ཁང་དེ་ནི་རྫོང་མགོ་དགོན་པའི་དབུས་ཀྱི་ཚོགས་ཆེན་འདུ་ཁང་གི་བྱང་ཤར་མཚམས་ན་ཡོད།

            དེ་ཡང་གླིང་གཏེར་པདྨ་གར་དབང་འགྲོ་འདུལ་རྩལ་གྱི་ཡང་སྤྲུལ་དམ་པ་འགྱུར་མེད་པདྨ་བསྟན་འཛིན་མཆོག་གིས། སྤྱི་ལོ་༡༩༣༣་དང་། རབ་བྱུང་༡༦་པའི་ཆུ་བྱ་ལོར་དབུ་བཙུགས་པ་ན། མཁན་ཆེན་ཐུབ་བསྟན་དགེ་ལེགས་རབ་རྒྱས་ཀྱིས་སྒྲུབ་དཔོན་མཛད་དེ་ཁོང་བླ་གྲྭ་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་གྱིས། ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་བར་དུ་སྒྲུབ་མཚམས་དམ་པོར་བཅད་དེ་བཞུགས་པ་དེ་སྒྲུབ་རེས་དང་པོ་ཡིན།

            མཁན་ཆེན་དམ་པ་ཐུབ་བསྟན་དགེ་ལེགས་རབ་རྒྱས་ནི། སྤྱི་ལོ་༡༨༨༨་དང་། རབ་བྱུང་༡༥་པའི་ས་བྱི་ལོར་ཡབ་བསྟན་བཟང་དང་ཡུམ་སྒྲོན་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལྕང་མ་སྒར་དུ་ཕེབས་ནས་མཁན་ཆེན་ཡོན་ཏན་རྒྱ་མཚོའམ་ཡོན་དགའ་རིན་པོ་ཆེ་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་ཏེ། མདོ་སྔགས་རིག་པའི་གནས་ལ་གསན་བསམ་སྒོམ་པ་མཐར་ཕྱིན་པར་མཛད། མཁས་པའི་སྙན་པ་ཕྱོགས་སུ་ཁྱབ་པའི་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་པའི་བློ་གྲོས་དང་ཕན་ཚུན་ལ་ཆོས་ཀྱི་བརྒལ་བརྟག་ཞིབ་ཏུ་བྱས་མཐར།

དགེ་བཤེས་ཀྱིས་དད་གུས་ངོ་མཚར་ཚད་མེད་སྐྱེས་ཏེ་མཁན་ཆེན་དམ་པ་བླ་མར་བཀུར་ནས།

            ཐུ༵བ་བསྟ༵ན་སྤྱི་དང་རྡོ་རྗེ་ཐེག་པའི་སྡེ། །

            བཤད་དང་སྒྲུབ་པའི་དགེ༵་ལེ༵གས་ཕྱོགས་ཀུན་ཁྱབ། །

            ར༵བ་ཏུ་རྒྱ༵ས་མཛད་སུམ་ལྡན་རྡོ་རྗེ་འཛིན། །

            དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །

            ཞེས་པའི་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པའང་ཞུས། རྒྱུན་དུ་སྒྲུབ་པ་ཉམས་ལེན་ཁོ་ན་ལ་འབད་འབུང་མཛད། སྤྱན་དང་མངོན་ཤེས་ལ་ཐོགས་པ་མི་མངའ་ཞིང་མ་འོངས་ལུང་བསྟན་འཁྲུལ་མེད་མང་དུ་གསུངས། བཀའ་བརྒྱད་རྣམ་བཤད་དང་། རྗེ་དྲུང་སྤྲུལ་སྐུའི་དག་སྣང་གི་ཕུར་པའི་བསྐྱེད་རིམ་སོགས་དགོངས་གཏེར་གྱི་ཆོས་ཚན་མང་པོ་གཏན་ལ་ཕབ། མཐར་སྤྱི་ལོ་༡༩༥༤་དང་། རབ་བྱུང་༡༦་པའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པའོ། །དེ་ནས་སྒྲུབ་རེས་གཉིས་པའི་སྒྲུབ་དཔོན་ཡང་མཁན་ཆེན་ཐུབ་བསྟན་དགེ་ལེགས་རབ་རྒྱས་དང་། གསུམ་པའི་སྒྲུབ་དཔོན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཀྱི་ངང་དུ་ཉིན་ཞག་ལ་གཡོ་བ་མེད་པར་བཞུགས་ཤིང་དག་པའི་ཞིང་དུ་རང་དབང་གིས་འབྱོན་པའི་རྣམ་ཐར་མངའ་བ་མཁན་ཆེན་དབུ་རྒྱན་རྡོ་རྗེ་དང་། བཞི་པའི་སྒྲུབ་དཔོན་མཁན་པོ་ཐུབ་བསྟན་དང་། ལྔ་པའི་སྒྲུབ་དཔོན་མགར་བླ་སྟོབས་ལྡན་ཚེ་རིང་དང་། དྲུག་པའི་སྒྲུབ་དཔོན་བླ་མ་ཚེ་མཚམས་པ་དབུ་རྒྱན་སྐྱབས་དང་། བདུན་པའི་སྒྲུབ་དཔོན་འཇམ་བཟང་དང་། བརྒྱད་པའི་སྒྲུབ་དཔོན་ཡངས་དགུ་བཟང་པོ་དང་། དགུ་པའི་སྒྲུབ་དཔོན་འགྱུར་མེད་འོད་ཟེར་ཏེ་སྒྲུབ་རེས་དེའི་བླ་གྲྭ་བཅུ་ཕྲག་སྒྲུབ་ཁང་དུ་བཞུགས་ནས་ཟླ་བ་གསུམ་ཙམ་སོང་བ་ན། རིག་གནས་གསར་བརྗེ་ཆེན་མོ་ཞེས་པའི་དུས་འགྱུར་རླུང་ནག་འཚུབ་པ་ལྟ་བུ་དེས་ལོ་འགར་སྒྲུབ་མཚམས་བཅད།

             འོན་ཏེ་དཀོན་མཆོག་གི་ཐུགས་རྗེ་དང་། ལས་འབྲས་ཀྱི་བདེན་མཐུ་དང་། བོད་མའི་དད་སེམས་ཀྱི་སྟོབས་ཀྱིས། དུས་ངན་དེ་ཡོལ་ནས་སླར་ཡང་བོད་ཡུལ་ན་བདེ་སྐྱིད་ཀྱི་ནམ་ལངས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་ཤར་བའི་ཚེ།

            དགོན་གཞུང་གིས་སྒྲུབ་གྲྭའི་ཕྱི་ནང་གཉིས་ཀ་ཉམས་གསོ་མཛད་པ་སྟེ། དེ་ཡང་སྐབས་དེར་དགོན་པའི་བླ་བྲང་གི་གཉེར་པ་གྲྭ་ཨོ་རྒྱན་གྲགས་པ་དང་ལྷ་མཆོག་ཟེར་བ་གཉིས་བཞག་ཡོད་སྟབས། ཁོང་རྣམ་པ་གཉིས་སྒྲུབ་གྲྭ་ཉམས་གསོའི་ལས་སྣེ་པར་བསྐོ་བཞག་མཛད་པ་ལྟར་འོས་འགན་གཙང་བཞེས་ཀྱིས། སྒྲུབ་ཁང་གི་ཕྱི་ནང་ཀུན་ལ་ཞིག་གསོ་ཕུན་སུམ་ཚོགས་པར་བྱས། དེ་ནས་སྒྲུབ་པ་ཉམས་ལེན་བྱེད་པ་ལ་དད་མོས་འགོག་ཏུ་མེད་པའི་གྲྭ་པ་དགུ་དང་སྒྲུབ་དཔོན་འཇམ་དཔལ་མཐར་ཕྱིན་བཅས་སྒྲུབ་གྲྭར་བཞུགས་པ་ལ། རྫ་ཆུ་ཁ་དགེ་རྩེ་དཔོན་ཚང་ནས་ཕེབས་པའི་རྫོང་དགོན་གྱི་བླ་མ་ཚེ་མཚམས་པ་དབུ་རྒྱན་སྐྱབས་ཀྱིས་བློ་སྦྱོང་སྔོན་འགྲོ་དང་བསྐྱེད་རིམ་ཀྱི་སྐོར་སོགས་ལྗགས་ཁྲིད་མཛད། སྦས་པའི་རྣལ་འབྱོར་པ་ཆེན་པོ་བླ་མ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཆོ་གའི་འདོན་རྟ་དང་བཅའ་རྡུང་འབུད་གསུམ་སོགས་བསླབས། ངེས་དོན་དགེ་བའི་བཤེས་གཉེན་བླ་མ་འགྱུར་མེད་དགའ་བོས་ཉེ་བར་མཁོ་བའི་ལུང་དང་དབང་ཕྲན་སོགས་གནང་།

            ཁྱད་པར་དུ་རྫ་ཆུ་ཁའི་ཨ་རིག་མཁན་ཆེན་བསོད་ཚེ་གདན་དྲངས་ནས། བདེ་གཤེགས་ཀུན་འདུས་དང་། ཀར་གླིང་ཐོས་གྲོལ་ཆེན་མོ་དང་། རྡོ་རྗེ་སེམས་དཔའ་དང་། མ་གཅིག་ཁྲོས་མ་སོགས་ཀྱི་དབང་གནང་ཞིང་། རྡོ་རྗེ་སུམ་ཁྲིད་དང་། གཏུམ་མོ་དང་། འཕྲུལ་འཁོར་གྱི་ཁྲིད་མཛད་པ་སོགས་ཀྱིས། སླར་ཡང་རྫོང་མགོ་དགོན་པའི་སྒྲུབ་གྲྭའི་སྒྲུབ་པ་ཉམས་ལེན་བྱེད་སྟངས་ཀྱི་རིམ་པ་ཆ་ཚང་ལ་མ་ནོར་བ་ཞིག་གི་གཞི་སྲ་བརྟན་དུ་ཚུགས། དེ་ནས་སྒྲུབ་དཔོན་ཨ་ཅོག་དང་། དེ་ནས་སྒྲུབ་དཔོན་གྲགས་པ་ནམ་མཁའ་དང་། དེ་ནས་སྒྲུབ་དཔོན་འཕྲིན་ལས་དང་། དེ་ནས་སྒྲུབ་དཔོན་ཐུབ་བསྟན་ཕུལ་བྱུང་དང་། དེ་ནས་སྒྲུབ་དཔོན་ཀརྨ་ཐུབ་དགའ་དང་། དེ་ནས་སྒྲུབ་དཔོན་ཐང་དགའ་བཞུགས།

            མཚམས་དེ་ནས་སྔར་གྱི་སྒྲུབ་ཁང་རྙིང་རལ་དེ་རྨང་ནས་བཤིག་སྟེ། དེའི་ཤུལ་དུ་གཞི་རྒྱ་ཆེར་བསྐྱེད་ཀྱིས་བཀོད་པ་ཕལ་ཆེར་སྔར་དང་འདྲ་བའི་སྒྲུབ་ཁང་གསར་པ་ཞིག་གི་རྟེན་བརྟེན་པ་དང་བཅས་བཞེངས་ཏེ་ལེགས་གྲུབ་བྱུང་བར་མ་ཟད། དེར་སྒྲུབ་དཔོན་ཤེས་རབ་དཔལ་བཟང་དང་། དེ་ནས་སྒྲུབ་དཔོན་མཁན་པོ་ཨོ་རྒྱན་ཚེ་དབང་དང་། དེ་ནས་སྒྲུབ་དཔོན་མཁན་པོ་ཆོས་དགའ་སྟེ། དེ་ལྟར་སྒྲུབ་དཔོན་བླ་མ་གཅིག་དང་གྲྭ་པ་དགུ་བཅས་སྒྲུབ་པའི་རྣལ་འབྱོར་པ་བཅུ་རེས། ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་བར་དུ་སྒྲུབ་མཚམས་དམ་པོ་བཅད་རེས་བྱས་ཏེ་སྒྲུབ་པའི་རྒྱལ་མཚན་བཙུགས།

ད་ལྟ་ཡང་བསྐྱར་སྔ་མའི་སྒྲུབ་ཁང་དེ་བཤིག་ནས་དེའི་ཤུལ་དུ་སྒྲུབ་ཁང་གསར་བཞེངས་ཀྱི་མཇུག་ལེགས་པར་གྲུབ་མ་ཐག་པ་སྟེ། སླར་ཡང་སྔར་བཞིན་སྒྲུབ་པའི་བླ་གྲྭ་བཅུ་ཕྲག་གིས་སྒྲུབ་མཚམས་གཅད་པ་ལ་ཉེ་བ་ཡིན་ནོ། །

            གཞན་ཡང་གླིང་རྗེ་དྲུང་སྐུ་ཕྲེང་བཞི་པ་བཤད་སྒྲུབ་བསྟན་འཕེལ་མཆོག་གིས་མཁན་རྒན་བཀའ་དྲིན་ཅན་འགྱུར་མེད་རྣམ་དག་མཁན་པོར་མངའ་གསོལ་བ་ནས། མཁན་རྒན་ཁོང་གིས་དགོན་ཕྱི་ནང་གི་བསྟན་པ་ཡོངས་རྫོགས་ལ་ཐུགས་ཁུར་ཆེར་བཞེས་ཀྱིས་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་མཛད་ཅིང་། ཁྱད་པར་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མ་བསྟན་གྱི་བར་དུ་སྒྲུབ་ཁང་གི་སྒྲུབ་རེས་མང་པོ་ལ་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ཁོང་གཅིག་པུས་བསྩལ་བ་སོགས་ཀྱིས་བཀའ་དྲིན་བླ་ན་མེད་པ་བསྐྱངས་པ་ཡིན་ནོ། །

            འོ་ན་ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་བར་དུ་སྒྲུབ་པ་ཉམས་ལེན་བྱེད་སྟངས་ཀྱི་རིམ་པ་ཇི་ལྟར་ཡིན་ཞེ་ན། གཟའ་སྐར་འཕྲོད་སྦྱོར་ཕུན་ཚོགས་པའི་དུས་ཚེས་དགེ་བའི་ཉིན་གསར་དུ་སྒྲུབ་གྲྭར་བཞུགས་དགོས་པ་རྣམས་སྒྲུབ་ཁང་དུ་བྱོན་ནས། སྔར་གཉུག་མར་གནས་པ་དག་དང་ལྷན་དུ་གསོལ་ཇ་བཞེས་ཞིང་སྨོན་ལམ་དག་པས་མཚམས་སྦྱར་ཏེ་ཞལ་སོ་སོར་གྱེས།

            དེ་ནས་གསར་དུ་བཞུགས་མཁན་དག་གིས་རང་རང་ལ་རྒྱན་བབས་པའི་ཤག་མིག་གི་ནང་དུ། རྣལ་འབྱོར་པ་རང་ཉིད་སྡོད་ཚུགས་པའི་རྟེན་འབྲེལ་དུ་མལ་སྟན་འོག་ཏུ་འབྲས་དཀར་གྱིས་གཡུང་དྲུང་གཡས་འཁོར་འབྲི། བྱིངས་རྨུག་འཐིབ་གསུམ་གྱིས་མི་བརྫི་ཞིང་ལུས་ཚུགས་དྲང་པོར་སྲོང་བ་སོགས་ཀྱི་ཕྱིར་དུ་བཞུགས་གདན་སྔུན་དམའ་ལ་རྒྱབ་མཐོ་བར་བྱེད། རང་ཉིད་གདན་ལ་བསྡད་ནས་ཞལ་གང་དུ་ཕྱོགས་པ་དང་ཞལ་སྤྲོད་ཀྱི་ཚུལ་དུ་དཀྱིལ་འཁོར་བཤམ། ཁང་ཕུག་ཏུ་མཆོད་སྟེགས་རིམ་པ་གཉིས་གསུམ་གྱི་སྟེང་དུ་སྐུ་གསུང་ཐུགས་རྟེན་དང་མཆོད་བཤམས་སྟབས་བདེ་ཙམ་བྱེད། དེ་ལྟར་རྣལ་འབྱོར་པ་རང་ཉིད་སྒྲུབ་མཚམས་ལ་བཞུགས་པའི་སྟ་གོན་དང་ཁྱིམ་མི་རྣམས་དང་གྱེས་སྟོན་གྱི་ཕྱིར་ཉིན་གསུམ་ཙམ་གྱི་རིང་དུ་སྒྲུབ་སྒོ་ཕྱེ་སྟེ་བག་ཡངས་ཙམ་བྱེད། དེ་ནས་ཕྱི་མཚམས་སྒོ་འགྲམ་དུ་རྒྱ་ཆེན་སྡེ་བཞིའི་ཐོ་བཙུགས་ནས་རྒྱལ་ཐོའི་འོག་ཏུ་མན་ངག་སྟོན་པའི་བླ་མ་དང་། འཚོ་བྱེད་སྨན་པ་དང་། སྒྲུབ་གཡོག་མི་གཅིག་ཙམ་ལས་སུ་ཡང་མི་འཇོག་པར་སྒྲུབ་སྒོ་དམ་དུ་གཅོད་པ་དང་། ནང་མཚམས་སྐབས་ཐོབ་ཀྱི་ཆོ་གའི་བསྒམ་དོན་ལྟར་སྲུང་འཁོར་སྒོམ་པས་གཅོད་པ་དང་། ལུས་མཚམས་མིས་མཐོང་ཐོས་འཕྲད་གསུམ་གྱི་སར་འགྲོ་བ་གཏན་གཅོད་པ་དང་། ངག་མཚམས་དགྲ་གཉེན་ཕྱོགས་རིས་ཀྱི་སྐད་ཅ་སོགས་ཐ་མལ་གྱི་སྨྲ་བ་ཀུན་གཅོད་པ་དང་། ཡིད་མཚམས་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླངས་པའི་རྣམ་རྟོག་ངན་པའི་འདུ་འཕྲོ་ཅི་ནུས་ཀྱིས་བཅད་དེ་དྲན་ཤེས་བག་ཡོད་བྱ། གློག་དང་འཕྲུལ་ཆས་སྣ་ཚོགས་ཀྱིས་འཛམ་གླིང་གི་མི་ཡོད་དོ་ཅོག་བྲན་བཞིན་དུ་བཀོལ་བའི་དུས་འདིར་ཡང་། སྒྲུབ་ཁང་གི་ནང་དུ་འཛུལ་ཏེ་སྒྲུབ་མཚམས་སུ་བསྡད་པ་ནས་མཚམས་གྲོལ་ཏེ་སྒྲུབ་སྒོར་མ་བུད་ཀྱི་བར་དུ་ཁ་པར་དང་བརྙན་འཕྲུལ་སོགས་རྣམ་གཡེང་དང་འདུ་འཛིའི་རྐྱེན་བྱེད་པའི་དེང་རབས་འཕྲུལ་ཆས་ཀྱི་རིགས་གཏན་སྤང་དགོས་པ་སོགས་དགོས་ངེས་ཀྱི་ཆོས་ཁྲིམས་གཙང་མ་ལ་ཞུགས་ཏེ།

            ཐོག་མར་དགེ་བའི་དཔུང་བསྐྱེད་ཕྱིར་གེགས་སེལ་དུ་ཚིག་བདུན་གསོལ་འདེབས་དང་། ཤེས་རབ་སྙིང་པོའི་མདོ་དང་། རྒྱ་བཞི་དང་། བརྒྱག་བརྔན་སོགས་ཉིན་གསུམ་ཙམ་གྱི་རིང་དུ་འདོན་པ་དང་། སྲོག་བླུ་བྱེད་པ་སོགས་དགེ་སྒྲུབ་ཀྱི་ལས་ལ་འབད་ཅི་ནུས་བྱེད། དེ་ནས་བཟུང་ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་བར་དུ་ཉི་མ་རེ་རེ་བཞིན་དུ་མཚན་ཐུན་གཉིས་དང་ཉིན་ཐུན་གཉིས་ཏེ་ཐུན་བཞི་ཆད་མེད་བྱེད། དེ་ཡང་ཐོར་ཐུན་ནི་ཐོ་རངས་སྟག་གི་དུས་སུ་ཐུན་དཔོན་གྱིས་བཀྲ་ཤིས་བརྒྱད་པ་སོགས་འདོན་ཞོར་དུ་རྔ་བརྡ་ཚར་གསུམ་དང་། ཐར་ལམ་བགྲོད་ཅེས་སྨྲ་ཞོར་དུ་ཁྲོ་དྲིལ་ཚར་གསུམ་བརྡུངས་ཏེ་བརྡས་བསྐུལ་མ་ཐག་ཡར་བཞེངས། བཞེངས་སྐུ་འདོན། རྣལ་འབྱོར་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་ལུས་གནད་རྣམ་སྣང་ཆོས་བདུན་དང་། ངག་གནད་རླུང་རོ་བསལ་བ་དང་ངག་བྱིན་རླབས། ཡིད་གནད་ཐ་མལ་པའི་རྣམ་རྟོག་གི་རྗེས་སུ་མི་འགྲོ་བར་བྱང་ཆུབ་སེམས་ཀྱི་ཀུན་སློང་སོགས་སུ་བཅོས། ཐུན་ལ་འཇུག་པའི་སྔོན་འགྲོ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་གསོལ་བ་ཕུ་ཚུགས་སུ་བཏབ་སྟེ། ཆུ་ཚོད་གཉིས་ཙམ་དུ་ཐོར་ཐུན་གཅོད། ཐུན་དེ་གྲོལ་ཚེ་བསང་དང་ཆུ་གཏོར་སོགས་འདོན། དེ་ནས་ཞོགས་ཇ་གསོལ། གསོལ་ཚར་བ་ན་སྦྱོར་དངོས་མཇུག་གསུམ་ཚང་བའི་སྒོ་ནས་སྔ་ཐུན་ཆུ་ཚོད་གསུམ་ཙམ་དུ་གཅོད། ཐུན་ལས་ལྡང་བ་ན་འདོན་བྱ་འདོན། དེ་ནས་གུང་ཚིགས་གསོལ། ཡང་ཆུ་ཚོད་གཉིས་པ་ཙམ་ནས་སྦྱོར་དངོས་མཇུག་གསུམ་ཚང་བའི་སྒོ་ནས་ཕྱི་ཐུན་ཆུ་ཚོད་གསུམ་ཙམ་གྱི་རིང་དུ་སྡོམ། དེ་གྲོལ་དུས་གསོལ་ཁ་དང་གསུར་འདོན། དེ་ནས་དགུང་ཇ་གསོལ། མུན་རུབ་པ་ན་སྦྱོར་དངོས་མཇུག་གསུམ་ཚང་བའི་སྒོ་ནས་སྲོད་ཐུན་སྡོམ། ཐུན་དེ་ལས་ལྡངས་མཐར་གཅོད་དང་འཕོ་བ་འདོན། གཞན་ཡང་ཟླ་བ་རེ་རེའི་ནང་དུ་ཚེས་བཅུར་བླ་མ་གསང་བ་འདུས་པ་དང་། ཉེར་ལྔར་འཕགས་མ་ཁྲོས་མའི་ཚོགས་དང་སྦྱིན་སྲེག   ཉེར་དགུར་གསོལ་ཁ་དང་དམ་སྲི་གླུད་མདོས་སོགས་རྒྱུན་ཆད་མེད་པར་འདོན་པའོ། །

            དེ་ལྟ་བུའི་ཐུན་བཞི་ཆད་མེད་ཀྱི་ནང་དུ་བསྒྲུབ་བྱ་དང་ཉམས་སུ་བླང་བྱའི་རིམ་པ་ནི། ཐོག་མའི་དུས་སུ་ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་བར་དུ་སྔོན་འགྲོ་ནས་བཟུང་སྟེ་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་དང་བཅས་ཏེ་རྫོགས་རིམ་གྱི་མཐར་མ་ཐུག་གི་བར་དུ་འཕགས་པ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་གཅིག་པུ་བསྙེན་གྱི་ཡོད་ཀྱང་། ཕྱིས་སུ་སྒྲུབ་བླ་དག་སྒྲུབ་ཁང་ལས་བུད་རྗེས་ལྷ་འབངས་ཆོས་དད་པ་ཚོའི་རེ་བ་ལྟར་གྲོང་ཆོག་སོགས་སུ་འབྱོན་སྐབས། བདེ་གཤེགས་ཀུན་འདུས་གཅིག་པུ་མ་ཡིན་པར་ཆོ་ག་གཞན་དག་གི་སྟེང་ནས་ཀྱང་དབང་ལུང་ཁྲིད་གསུམ་དང་བསྙེན་ཚད་སོགས་མེད་ན་མི་འགྲིག་པར་དགོངས་ནས། ཞོར་དུ་ཆོ་ག་གཞན་དག་གི་སྟེང་ནས་ཀྱང་བསྙེན་སྒྲུབ་ཀྱི་སྲོལ་བཙུགས། དེ་ལྟ་ན་ཐོག་མར་བླ་མའི་རྣལ་འབྱོར་དང་འབྲེལ་ཏེ་ཚིགས་བདུན་གསོལ་འདེབས་འབུམ་ཕྲག་རེ་གསག་དགོས། དེ་ནས་མཁན་ཆེན་ཐུབ་བསྟན་དགེ་ལེགས་རབ་རྒྱས་ཀྱིས་མཛད་པའི་ཕུར་པའི་བསྐྱེད་རིམ་དཔལ་ཆེན་དགྱེས་པའི་ཞལ་ལུང་ལྟར། གླིང་གཏེར་པདྨ་གར་དབང་འགྲོ་འདུལ་རྩལ་གྱི་དག་སྣང་ཕུར་པ་གཞུང་བཞིན་དུ་བསྙེན་ཏེ་བསྙེན་པ་འབྲུ་འབུམ་ཁ་སྐོང་དང་བཅས་ཏེ་གསག་དགོས། དེ་ནས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྔོན་འགྲོ་དལ་འབྱོར་རྙེད་པ་དཀའ་བ་དང་། ཚེ་མི་རྟག་པ་དང་། ལས་རྒྱུ་འབྲས་དང་། འཁོར་བའི་ཉེས་དམིགས་ཏེ་བློ་ལྡོག་རྣམ་པ་བཞི་རེ་རེ་བཞིན་དུ་ཉིན་ཞག་བདུན་ཕྲག་རེ་ཙམ་དུ་བསྒོམ། སྐྱབས་འགྲོ་དང་། སེམས་བསྐྱེད་དང་། བརྐྱངས་ཕྱག་དང་། ཡིག་བརྒྱ་དང་། མཎྜལ་དང་། བླ་མའི་རྣལ་འབྱོར་རྣམས་འབུམ་ཕྲག་རེ་བསགས་ཏེ། འཕོ་བའང་ཉིན་བདུན་ནམ་བཅུ་བཞི་སོགས་སྤྱི་གཙུག་གིས་འཇགས་རྩྭ་འཛིན་པ་སོགས་ཀྱི་རྟགས་མ་ཐོན་གྱི་བར་དུ་སྦྱོང་། དེ་ནས་བདེ་གཤེགས་ཀུན་འདུས་ཀྱི་བཀའ་སྲུང་ལྷ་ཆེན་དབང་ཕྱུག་ཆེན་པོ་གཞུང་ལྟར་བསྙེན་དགོས། དེ་ནས་བདེ་གཤེགས་ཀུན་འདུས་ཕྱི་སྒྲུབ་ཀྱི་སྐབས་བསྙེན་པ་འབྲུ་འབུམ་བསགས་གྲུབ་པ་ན། རིམ་པ་བཞིན་དུ་ནང་སྒྲུབ་དང་། གསང་སྒྲུབ་དང་། ཡང་གསང་གི་སྒྲུབ་པ་དང་བཅས་ཏེ། མཐར་རྡོ་རྗེ་སུམ་ཁྲིད་དང་། གཏུམ་མོ་སྒོམ་པ་དང་། རྩ་རླུང་འཕྲུལ་འཁོར་སོགས་ཆ་ཚང་བྱ་དགོས། དེའི་ཞོར་དུ་སྨིན་གླིང་རྡོར་སེམས་ཀྱི་ཆོ་གའི་སྟེང་ནས་བླ་མ་རྡོ་རྗེ་སེམས་དཔའ་བསྙེན་པ་ན་སླར་ཡང་སྔོན་འགྲོ་འབུམ་ལྔ་གསོག་ཅིང་དེ་ཡང་འདིར་ཕྱག་ནི་ཡན་ལག་ལྔ་ཕྱག་འབུམ་གྱིས་འཐུས་པར་བྱས་ཏེ། བླ་མ་རྡོ་རྗེ་སེམས་དཔའི་བསྙེན་ཚད་འགྲུབ་ངེས་བྱེད། དེ་ནས་སྨིན་གླིང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་ཀྱི་བསྙེན་ཡིག་ལྟར་བླ་མ་གསང་བ་འདུས་པ་ཚུལ་བཞིན་དུ་བསྙེན་སྒྲུབ་བྱེད། དེ་ནས་ཐུགས་ཐིག་བསྙེན། དེ་ནས་ལོ་ཆེན་དྷརྨ་ཤྲཱིའི་བཀའ་བརྒྱད་བསྙེན་ཡིག་རིན་ཆེན་སྒྲོན་མའི་ནང་གི་ཆིངས་བཞིན་བྲིས་པའི་མཁན་ཆེན་ཐུབ་བསྟན་དགེ་ལེགས་རབ་རྒྱས་ཀྱི་བཀའ་བརྒྱད་བསྙེན་ཡིག་ལྟར། དཔལ་ཆེན་བཀའ་བརྒྱད་ལྷ་ཚོགས་བསྙེན། དེ་ནས་ཉང་གི་ཁྲོས་ནག་དང་། གུ་དྲག་དྲག་དམར་དང་། ཞི་ཁྲོ་སོགས་ཀྱང་བསྙེན་ནོ། །

            དེ་ལྟར་ལྷག་པའི་ལྷ་དེ་དག་གང་བསྙེན་ཡང་བསྙེན་མགོར་རྒྱལ་ཐོ་ལ་ཁ་བསབ་རེ་བྱེད་ཅིང་། དེ་ནས་ལྷ་རང་རང་གི་སྐབས་ཀྱི་སྒྲུབ་གཏོར་དང་སྐུ་ཙཀ་དང་དཀྱིལ་ཐང་སོགས་ཚད་ལྡན་ཚུལ་མཐུན་དང་། དབང་ཞུ་ཞིང་ལུང་ནོད་པ་དང་། བསྐྱེད་རྫོགས་ཀྱི་རིམ་པ་ལ་ཅི་ནུས་སུ་བརྩོན་པ་དང་། བསྙེན་ཚད་འགྲུབ་ངེས་བྱེད་ཀྱི་ཡོད་པར་མ་ཟད། བསྙེན་ཚད་ཞོག་སྟེ་བསྙེན་མཚམས་ལ་མ་ཐུག་གི་བར་དུ། དངོས་གྲུབ་མི་ཡལ་བའི་ཆེད་དུ་གོས་མི་བརྗེ་བ་དང་། སྐྲ་མི་འཁྲུད་པ་དང་། མལ་མི་སྤོ་བ་སོགས་ལག་ལེན་ཞིབ་ཕྲ་མཛད་ཀྱི་ཡོད།

            བསྙེན་ཕྲེང་ཡང་། འགྱུར་ཁྱད་དང་ལས་གང་ཞིག་སྒྲུབ་པ་ལའང་མཆོག་ཏུ་བསྔགས་པའི་བྷོ་དྷི་ཙིཏྟིའི་ཕྲེང་བ་བགྲང་ཞིང་། དེ་ཡང་མཚམས་མེད་བྱས་པ་དང་། ཤན་པ་དང་། རྐུན་མ་དང་། ཡུག་ས་དང་། དམ་ཉམས་སོགས་ཀྱི་ལག་ནས་འོངས་པའམ། ཡང་ན་གཞན་ལས་འཕྲོག་པ་དང་། ལྷའི་མགུལ་རྒྱན་བླངས་པ་དང་། མེས་ཚིག་པ་དང་། བྱ་ཁྱི་སོགས་ཀྱིས་ཟོས་པ་དང་། གྲངས་མ་ཚང་བ་མིན་པ་སྟེ། དེ་ལྟ་བུའི་ཕྲེང་བ་དེ་ལ་གཙང་སྦྲ་དང་། དྲི་བཟང་གིས་བྱུག་པ་དང་། བྱིན་རླབས་བྱེད་ཅིང་།

གུ་རུ་རིན་པོ་ཆེའི་ཞལ་ནས།

            ཚུལ་དང་ལྡན་པའི་ཕྲེང་བ་ཞིག  །

            ལུས་དང་གྲིབ་ལྟར་མི་འབྲལ་འགྲོག །

            ཕྲེང་བའི་དམ་ཚིག་རྩ་བ་ཡིན། །

            ཡན་ལག་དམ་ཚིག་མང་བཤད་ཀྱང་། །

            མདོར་བསྡུས་འདི་ལྟར་ཤེས་པར་བྱ། །

            ཕྲེང་བ་གཞན་ལ་མི་སྟོན་ཞིང་། །

            ལུས་ཀྱི་དྲོད་དང་མ་བྲལ་ན། །

            གང་སྒྲུབ་མྱུར་དུ་འགྲུབ་པར་འགྱུར། །

            ཞེས་གསུངས་པ་ལྟར། ཕྲེང་བའི་དམ་ཚིག་ལ་ཚུལ་བཞིན་དུ་གནས་ནས་འཆང་། བགྲང་བའི་སྐབས་སུའང་དམ་པ་གོང་མའི་ཞལ་རྒྱུན་ལྟར། སྒྲུབ་གཡོག་སོགས་ལ་སྐད་ཅ་བཤད་དགོས་བྱུང་ན་ཕྲེང་རྡོག་བཞི་དང་། ལུད་པ་བྱུང་ན་ཕྲེང་རྡོག་ལྔ་དང་། གླལ་བ་བྱུང་ན་ཕྲེང་རྡོག་གསུམ་ཕྱིར་བསྣུད་དེ་བགྲང་པ་སོགས་ལག་ལེན་ཚད་ཐུབ་ཏུ་ཡོང་ངེས་སུ་བྱེད་ཀྱི་ཡོད་དོ། །

            སྒོམ་སྒྲུབ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཏེ་སྒྲུབ་པ་ཚད་དུ་ཕྱིན་ཅིང་། ལོ་གསུམ་ཟླ་གསུམ་ཞག་གསུམ་ཚང་ལ་ཉེ་བའི་ཧོར་བཅུ་གཅིག་པའམ་དགུན་ཟླ་འབྲིང་པོའི་ཚེས་དགུའི་དགོང་མོར་གཏུམ་མོའི་མེ་དབང་ཞུ་བ་སོགས་རས་འབུད་ཀྱི་སྟ་གོན་བྱེད། ཕྱི་ཉིན་ཚེས་པ་བཅུའི་ཞོགས་པར་ནམ་ལངས་པ་ན། ནམ་སྨད་ནས་ཕེབས་པའི་ཆོས་དད་མང་ཚོགས་དང་བླ་གྲྭ་དག་གིས་སྒྲུབ་པའི་རྣལ་འབྱོར་པ་དག་མཇལ་འདོད་ཀྱི་མིག་གིས་ཅེར་རེ་ལྟ་བཞིན་སྒྲུབ་ཁང་གི་སྒོ་རྒྱབ་ནས་འཚང་ག་ཤིག་ཤིག་བྱེད་ཀྱི་ཡོད། ནམས་ལངས་པ་དང་མཉམ་དུ་རྩ་རླུང་འཕྲུལ་འཁོར་ལ་རང་དབང་ཐོབ་པའི་སྒྲུབ་པའི་རྣལ་འབྱོར་པ་དག་སྒྲུབ་དཔོན་གྱིས་སྣ་དྲངས་ཏེ་རིམ་གྱིས་སྐུ་ལུས་ལ་ཨང་རག་རེ་མ་གཏོགས་ན་བཟའ་གང་ཡང་མེད་པར་བྱས། གྲུ་མོ་གཡོན་དུ་རས་གཟན་དཀར་པོ་ཆགས་ལྟེབས་བྱས་པ་རེ་འཆང་ཏེ་སྒྲུབ་ཁང་གི་སྒོར་བྱོན་འོང་། དེའི་མཚན་མོར་སྒྲུབ་ཁང་གི་སྒོར་དྭངས་ཤིང་བསིལ་བའི་ཆུ་འཁྱག་ཟངས་དཀར་གང་ཁེང་དུ་བཅུག་ནས་བཞག་ཡོད།

            སེར་སྦྲེངས་པ་རྣམས་ཀྱིས་བཀྲ་ཤིས་བརྒྱད་པ་ཚར་གསུམ་ཙམ་གསུང་ཚེ། མཁན་པོའམ་བླ་མ་ཆེ་གྲས་ཤིག་གིས་རས་གཟན་དཀར་པོ་རྣམས་རེ་རེ་བཞིན་དུ་བླངས་ནས་འཁྱག་དར་དང་བཅས་པའི་ཆུ་ནང་དུ་སྦོང་ཞིང་ཡོངས་སུ་བརླན་པར་བྱས་ཏེ་སོ་སོའི་ཕྱག་ཏུ་ཕུལ་བ་ན། རྣལ་འབྱོར་པ་དག་གིས་སྐུ་སྟོད་གཅེར་བུའི་སྟེང་དུ་མནབས་པས་འཁྱག་འདར་སོགས་མེད་པར་མ་ཟད་དྲོད་རླངས་ཀྱི་སྤྲིན་འཁྲིགས་པ་རྒྱང་རིང་པོ་ནས་ཀྱང་མཇལ་ཐུབ། ཐམས་ཅད་ཀྱིས་རས་གཟན་དཀར་པོ་མནབས་ཟིན་པ་ན། དགུན་གྲང་ངར་གྱི་ཁྲོད་ནས་སྐུ་གཅེར་བུའི་མདངས་མ་ཡལ་ཞིང་། ཆུ་འཁྱག་གིས་སྦངས་བའི་རས་གཟན་དཀར་པོ་ལས་དྲོད་ཀྱི་རླངས་ངེད་མཆེད་བཞིན། མཚམས་སྐྲ་རྒྱ་ལྕང་ལོ་མས་སྐུ་རྒྱབ་ཡོངས་སུ་ཁེབས་པའི་རྣལ་འབྱོར་པའམ་རས་པ་རྣམས། སྒྲུབ་ཁང་གི་སྒོ་ཟུར་ནས་ཕྲེང་བསྟར་གྱིས་བཞེངས་པ་ན།

སེར་སྦྲེངས་པ་རྣམས་ཀྱིས།

            གཤིས་མི་འགྱུར་རང་རིག་གཉུག་མའི་སེམས། །

            གདངས་ཅིར་ཡང་མ་འགགས་སྲིད་ཞིའི་དཔལ། །

            དོན་གཉིས་མེད་བདེ་ཆེན་རྡོ་རྗེའི་སྐུ། །

            ཕ་གཏེར་བདག་གླིང་པའི་ཞབས་ལ་འདུད། །

            དུས་དེ་རིང་རྡོ་རྗེའི་མཆེད་གྲོགས་ཚོ། །

            གསང་ཆེན་གྱི་ཀུན་སྤྱོད་ལྷུར་བཞེས་པས། །

            ཙནྜ་ལཱི་འབར་བའི་བདེ་དྲོད་གདངས། །

            སེམས་བདེ་གསལ་བརྗོད་མེད་དབྱིངས་སུ་འདྲེས། །

            ཚུལ་དེ་འདྲ་མཐོང་བས་སྣང་བ་འགྱུར། །

            ཡིད་ཕན་ཚུན་མོས་གུས་གཅིག་ཏུ་ཐིམ། །

            དེ་བླ་མ་ཡི་དམ་མཁའ་འགྲོ་དང་། །

            ཡོངས་ཆོས་མཛད་རྣམས་ལ་མཆོད་པ་འབུལ། །

            ཞེས་མགུར་འཐེན་པ་ན།

རས་པ་རྣམས་ཀྱིས།

            དཔལ་རབ་འབྱམས་རྒྱལ་བའི་ཐུགས་རྗེ་དེ། །

            ཡོངས་སྐལ་ལྡན་སྙིང་ལ་ཞུགས་པ་འདི། །

            རྐྱེན་གཞན་གྱིས་མ་ཡིན་བླ་མའི་དྲིན། །

            རྗེ་འགྱུར་མེད་རྡོ་རྗེའི་ཞབས་ལ་འདུད། །

            སེམས་གདོད་ནས་རྣམ་དག་ཡེ་སངས་རྒྱས། །

            གཤིས་སྐྱེ་འགག་མེད་པ་ནམ་མཁའ་འདྲ། །

            ཆོས་ཀུན་རོ་སྙོམས་ཀྱི་དོན་རྟོགས་ནས། །

            དེ་མ་བཙལ་བཞག་ན་སྒོམ་པ་ཡིན། །

            སེམས་རྩ་བྲལ་རིག་པའི་ནམ་མཁའ་ལ། །

            བདེ་དྲོད་འོད་གསལ་གྱི་ཉི་ཟླ་ཤར། །

            རྩོལ་མེད་ཐུགས་རྗེའི་སྣང་བ་རྒྱས། །

            ཕ་དྲིན་ཅན་བླ་མར་མཆོད་པ་འབུལ། །

            ཞེས་པའི་མགུར་སྙན་པོ་དེ་མགྲིན་པའི་གླིང་བུའི་དབྱངས་རྟ་ལ་དྲངས་ནས་འཐེན་ཚེ། འཚང་ག་ཤིག་ཤིག་དང་། མིག་ཟུང་ཧྲིག་ཧྲིག་དང་། བ་སྤུ་ཡོམ་ཡོམ་དང་། ཐལ་མོ་ཟུམ་ཟུམ་དུ་བྱེད་པའི་ཆོས་དད་མང་ཚོགས་ཀྱིས་དགའ་གུས་ཀྱི་མིག་ཆུ་རང་དབང་མེད་པར་ཤོར་གྱི་ཡོད།

            དེ་ནས་སྤོས་སྣ་པ་དང་། དུང་དཀར་པ་ཟུང་དང་། རྒྱ་གླིང་པ་ཟུང་བཅས་ཀྱི་བླ་སྤྲུལ་མཁན་གསུམ་གྱིས་སྒྲུབ་པའི་རྣལ་འབྱོར་པ་དག་གི་མདུན་བསུས། དམར་སེར་འདུས་པའི་སྡེ་རིན་པོ་ཆེས་རྗེས་བསྐྱངས་པའི་སེར་ཕྲེང་གིས་དགོན་པ་གཡས་བསྐོར་ཞིག་བརྒྱབས་ནས།

དབུས་ཀྱི་འཆམ་རའི་སྟེང་དུ་བྱོན་ཚེ་རས་པ་རྣམས་ཀྱིས།

            གནས་དག་པ་རྫོང་བྲག་དཔལ་གྱི་རི། །

            དཔལ་མཁའ་སྤྱོད་ཞིང་ཁམས་འདི་ཉམས་རེ་དགའ། །

            དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །

            འདུན་མ་རྩེ་སོར་སོན་པས་བྲོ་ཞིག་འཁྲབ། །

            སྐྱབས་འགྲན་བྲལ་འགྱུར་མེད་རྡོ་རྗེའི་སྡེ། །

            ཕ་གཅིག་ཆོག་རིགས་ཀྱི་བདག་པོར་ཐོབ། །

            དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །

            འདུན་མ་རྩེ་སོར་སོན་པས་བྲོ་ཞིག་འཁྲབ། །

            དཔལ་ཡི་དམ་རྡོ་རྗེ་ཕག་མོ་ཡུམ། །

            ལྷན་སྐྱེས་རང་རིག་གི་ངོ་བོ་རྟོགས། །

            དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །

            འདུན་མ་རྩེ་སོར་སོན་པས་བྲོ་ཞིག་འཁྲབ། །

            མཐུ་ལྡན་གྱི་དཔལ་མགོན་ལྕམ་དྲལ་རྣམས། །

            ལས་གང་བཅོལ་ཐོགས་མེད་སྒྲུབ་པས་དགའ། །

            དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །

            འདུན་མ་རྩེ་སོར་སོན་པས་བྲོ་ཞིག་འཁྲབ། །

            དབྱིངས་ཆོས་སྐུའི་ངོ་བོར་རོ་གཅིག་དང་། །

            འཕྲལ་སྲིད་ཞིའི་ཕུན་ཚོགས་རྙེད་པས་འཚེངས། །

            དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །

            འདུན་མ་རྩེ་སོར་སོན་པས་བྲོ་ཞིག་འཁྲབ། །

            ཡར་བླ་མའི་ཐུགས་དགོངས་སྒྲུབ་པས་རྫོགས། །

            མར་འགྲོ་ཀུན་བྱང་ཆུབ་སེམས་ཀྱིས་འདྲོངས། །

            དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །

            འདུན་མ་རྩེ་མོར་སོན་པས་བྲོ་ཞིག་འཁྲབ། །

            ལར་གང་ལྟར་བསམས་ཀྱང་བློ་རེ་བདེ། །

            བློ་བདེ་བའི་རྣལ་འབྱོར་ཉམས་དགའ་སྐྱོང་། །

            དོན་ཅི་བསམ་འགྲུབ་པས་གླུ་དབྱངས་ལེན། །

            འདུན་མ་རྩེ་མོར་སོན་པས་བྲོ་ཞིག་འཁྲབ། །

            ཅེས་པའི་རྡོ་རྗེའི་གླུ་བྲོ་དེ་མགུར་དུ་དྲངས་མཐར། བཀྲ་ཤིས་སྨོན་ལམ་གྱི་ཚིགས་སུ་བཅད་པ་བརྗོད་ནས། ཕྱིར་སྒྲུབ་ཁང་དུ་ཕེབས་པ་ན་སྐུ་རྒྱབ་ཀྱི་རས་ཆུ་སྐམ་མེད་པ་གཅིག་ཀྱང་མེད། དེ་ནས་ན་བཟའ་བརྗེས་ཏེ་རང་རང་གི་བཞུགས་ཤག་ཏུ་འཁོད་པ་ན། ཕ་མ་དང་ཁྱིམ་མི་ཉེ་འབྲེལ་སོགས་ལ་མཇལ་འཕྲད་མཛད་པ་ནས་ཉིན་གསུམ་ཙམ་དུ་དགའ་སྟོན་དང་བག་ཡངས་བྱས་ནས། སླར་ཡང་སྒྲུབ་མཚམས་ལས་གྲོལ་མ་སོང་གི་བར་དུ་སྒྲུབ་སྒོ་སྔར་བཞིན་བཅད་ནས་སྒོམ་སྒྲུབ་ལ་བརྩོན་པའོ། །

            དེ་ལྟ་བུའི་སྒྲུབ་གྲྭའི་ཁྱད་འཕགས་ཀྱི་སྒོམ་སྒྲུབ་མཐར་སོན་པ་དག་གི་ཁྲོད་ན། བསྐྱེད་རྫོགས་ཀྱི་གདིང་དང་ལྡན་ཞིང་ཉམས་ལེན་གྱི་དྲོད་རྟགས་འབར་བའི་རྟོགས་པའི་དབང་ཕྱུག་མང་དུ་བྱོན་པས། རང་གི་སྡེ་དགོན་གཉིས་ཙམ་དུ་མ་ཟད་གླིང་ཡུལ་གྱི་མི་ཀུན་ཀྱིས་རྫོང་མགོ་དགོན་གྱི་སྒྲུབ་བླ་དག་ལ་ཤིན་ཏུ་གདིང་འཇོག་དང་དད་གུས་ཆེན་པོ་བྱེད།

            སྔར་རིག་གནས་གསར་བརྗེ་ཆེན་མོ་མ་བྱས་པའི་གོང་དུ་གླིང་དཀར་པོའི་ཆོས་སྲིད་དགུང་དང་མཉམ་པའི་སྐབས་ཤིག་ལ། རྫོང་མགོ་དགོན་གྱི་སྒྲུབ་བླ་འགའ་ཞིག་ལ་གླིང་རྒྱལ་གྱིས་ཁྲིམས་ཆད་བཅད་ནས། ཐག་པས་གནམ་དུ་བཏགས་པ་ན་སྐུ་ལུས་ཀྱི་ལྗིད་གཏན་ནས་མེད་པར་ཐག་པ་གྱེན་ལ་རང་འཁྱིལ་དུ་སོང་བ་དང་། བཙོན་ཁང་དུ་བཅུག་ནས་སྒོ་ལ་ཟྭ་བརྒྱབས་ཀྱང་ཟང་ཐལ་གྱིས་ཕྱིར་ཕེབས་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་མང་དུ་བསྟན་པས། གླིང་གི་ཆོས་རྒྱལ་ཆེན་པོའི་ཐུགས་ལའང་ཤིན་ཏུ་ངོ་མཚར་ཞིང་དད་པ་བཟློག་མེད་དུ་འཁྲུངས་ཏེ། དེ་ནས་བཟུང་རྫོང་དགོན་གྱི་སྒྲུབ་བླ་ཞིག་ཡིན་ཕྱིན་རྒྱལ་ཁྲིམས་ཁུར་མི་དགོས་པའི་བཀའི་ཐ་ཚིག་ཡོངས་སུ་བསྒྲགས། ཁྱད་པར་དུ་རྩ་བའི་བླ་མ་རྣམས་ལ་ཤིན་ཏུ་དད་ཅིང་སྡོམ་དང་དམ་ཚིག་མིག་འབྲས་བཞིན་སྲུང་བ་དང་། རྒྱུན་གྱི་སྤྱོད་ལམ་ལ་འཇུག་སྐབས་སུའང་ལུས་ཞི་དུལ་དང་ངག་བཟླས་བརྗོད་དང་ཡིད་ལྷར་སྣང་ལས་མི་འདའ་ཞིང་། གཞན་ཡང་དབང་དང་རབ་གནས། ཆོ་ག་དང་སྦྱིན་སྲེག  གཅོད་དང་འཕོ་བ་སོགས་ཀྱིས་ཤི་གསོན་དག་ལ་ཕན་རྒྱ་ཆེན་པོ་ཐོགས་པ་མཐོང་ཆོས་མངོན་གྱུར་ཡིན་པ་དང་། མཐར་སྐུ་མྱ་ངན་འདའ་བའི་ཚེ་ནའང་གནོང་འགྱོད་དང་འཇིགས་སྐྲག་དང་འཆི་ཁའི་གནད་གཅོད་ཡེ་ནས་མེད་པར། ཤིན་ཏུ་རང་དབང་ཐོབ་པའི་ཚུལ་གྱིས་མྱ་ངན་ལས་འདའ་བའི་ཡུལ་དུས་སོགས་ངེས་པར་བྱས་ཏེ། དག་པའི་ཞིང་ཁམས་ཤིག་ཏུ་ཐུགས་གཏད་པའི་མོད་ལ་སྐུ་གདུང་ཐོ་བཙུགས་པ་ལྟར་དུ་བཞུགས་པ་དང་། རང་བྱུང་གི་སྒྲ་སྙན་པ་འབྱུང་བ་དང་། རང་བྱུང་གི་དྲི་ངད་ཞིམ་པོ་འཐུལ་བ་དང་། འཇའ་སྤྲིན་གྱིས་གུར་ཕུབ་པ་སོགས་རྫོགས་པ་ཆེན་པོའི་གཞུང་ལུགས་ལས་བྱུང་བ་ལྟར་གྱི་འདས་རྟགས་བསམ་གྱིས་མི་ཁྱབ་པ་རེ་བཞག་ནས་གཤེགས་འགྲོ་མཁན་མང་དུ་བྱུང་ངོ་། །

            བོད་གངས་ཅན་གྱི་ལྗོངས་སུ་སྒོམ་སྒྲུབ་ཀྱི་བསྟན་པ་གཟུགས་བརྙན་ཙམ་དུ་འགྱུར་གྱིན་པའི་ད་ལྟའི་ཆར་ཡང་རྫོང་དགོན་གྱི་སྒྲུབ་བླ་དག་ལ་མཚོན་ན། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་གྱིས་སེར་གོས་ཕུད་དེ་ཁྱིམ་པར་འབབ་པ་དང་། སེར་གོས་ཙམ་འཛིན་ཀྱང་ཚོང་ཁེ་སོ་ནམ་དང་དགྲ་འདུལ་གཉེན་སྐྱོང་གིས་ཁྱིམ་གྱི་ཁ་འཛིན་བྱས་ཏེ་དུས་འདའ་མཁན་ཡང་རེ་འགའ་འདུག་མོད། ཕལ་མོ་ཆེ་ཞིག་ནི་སྡོམ་དང་དམ་ཚིག་གཙང་ཞིང་། འདོད་ཆུང་ཆོག་ཤེས་ཀྱི་ངང་ནས་རང་དོན་དུ་སྒྲུབ་པ་ཉམས་ལེན་དང་། གཞན་དོན་དུ་འདོན་སྐུ་རིམ་དང་བསྔོ་བ་སྨོན་ལམ་གྱིས་ཕན་ཅི་ཐོགས་མཛད་པ་དང་། ལྷག་དོན་དུ་དགོན་པའི་གར་དབྱངས་ཐིག་གསུམ་དང་། འབུད་རྡུང་བཅའ་གསུམ་དང་། མཆོད་བཤམས་རྒྱན་བཀོད་དང་། ཆོ་ག་ཕྱག་ལེན་སོགས་རྒྱུད་སྡེ་རིན་པོ་ཆེའི་དགོངས་དོན་དང་བླ་མ་བརྒྱུད་པའི་ཕྱག་བཞེས་ལྟར་རྒྱུན་འཛིན་དང་དར་སྤེལ་མཛད་ཀྱི་ཡོད་པས་དགོན་པའི་གདུང་འདེགས་ཀྱི་ཀ་ཆེན་ལྟ་བུར་གྱུར་ཡོད་ཅིང་།

            དེ་ལས་ཀྱང་ངོ་མཚར་བ་ཞིག་ལ། འགའ་ཞིག་ནི་བྱ་བྲལ་ཀུན་སྤངས་པའི་བརྟུལ་ཞུགས་བཟང་པོས་རི་དྭགས་རྨས་མ་བཞིན་དུ་དབེན་པའི་རི་ལ་སྦས་ནས་དུས་རྟག་ཏུ་སྒོམ་སྒྲུབ་འབའ་ཞིག་ལ་བརྩོན་པ་མཛད་ཀྱིན་པའང་ཡོད་དོ་ཞེས་པ་ནི་རང་བཞིན་བརྗོད་པའི་གཏམ་ཞིག་སྟེ། ཇི་སྲིད་གླིང་ཡུལ་གྱི་སྣོད་བཅུད་གནས་པ་དེ་སྲིད་དུ་སྒྲུབ་པའི་རྒྱལ་མཚན་ནུབ་མེད་གླིང་རིའི་རྩེ་མོར་སྒྲེང་བའི་ངེས་དོན་གྱི་སྦས་པའི་རྣལ་འབྱོར་པ་དག་གཅིག་རྗེས་གཉིས་མཐུད་ཀྱིས་སྤང་ལ་ཤྭ་མོ་བརྡོལ་བ་ལྟར། གླིང་དཀར་པོའི་ཡུལ་ཁམས་ཀྱི་མཆོད་གནས་སུ་བྱོན་པའི་སྨོན་ལམ་དང་བཅས་ཏེ་མཇུག་བསྡུ་བར་བྱའོ། །


གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ལས་དགོན་པའི་སྒྲུབ་གྲྭ་བདུད་ལས་རྣམ་རྒྱལ་ལྷུན་འགྲུབ་བསམ་གཏན་འོད་གསལ་གླིང་གི་སྐོར་ཏེ་ལྔ་པའོ། །

དྲུག་པ་དགོན་པའི་བཤད་གྲྭ་མདོ་སྔགས་ཆོས་གླིང་ལུང་རིགས་ནོར་བུའི་དགའ་ཚལ་གྱི་སྐོར།

            རྫོང་མགོ་དགོན་པའི་བཤད་གྲྭ་མདོ་སྔགས་ཆོས་གླིང་ལུང་རིགས་ནོར་བུའི་དགའ་ཚལ་ནི། གླིང་ཚང་ཆོས་རྒྱལ་འཇིགས་མེད་དབང་འདུས་མཆོག་གིས་དབུ་བཙུགས་པ་ཡིན།

            གླིང་ཚང་རྒྱལ་པོ་འཇིགས་མེད་དབང་འདུས་ནི། ཡབ་གླིང་ཚང་ཆོས་རྒྱལ་ཕུན་ཚོགས་དགེ་ལེགས་རབ་བརྟན་དང་། ཡུམ་སྡེ་དགེ་རྒྱལ་པོའི་སྲས་མོ་སྐལ་བཟང་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༣༧་ཟླ་བ་༣་ཚེས་༢༠་དང་། རབ་བྱུང་༡༦་པའི་མེ་གླང་ལོར་སྐུ་བལྟམས། ཁོང་ནི་གླིང་ཚང་ཆོས་རྒྱལ་དབང་ཆེན་བསྟན་འཛིན་ཀྱི་རིགས་སྲས་ཡིན་ཟེར་སྲོལ་ཡང་ཡོད། གང་ལྟར་ཡབ་མེས་དམ་པའི་སྲོལ་རྒྱུན་ལྟར་ཡི་གེ་འབྲི་ཀློག་ནས་བཟུང་ཐུན་མོང་གི་རིག་གནས་སྤྱི་དང་། ཁྱད་པར་དུ་དགེ་བའི་བཤེས་གཉེན་མང་པོ་ལས་ཐུན་མིན་ནང་ཆོས་ཀྱི་སྐོར་ལ་གསན་བསམ་རྒྱ་ཆེར་མཛད། ལུགས་གཉིས་མཁྱེན་རབ་ཀྱི་རྩལ་རྫོགས་ཏེ་དཔའ་མཛངས་བརྟུལ་ཕོད་དང་ལྡན་པའི་མི་དབང་དམ་པར་གྱུར།

            རིག་གནས་གསར་བརྗེ་ཆེན་མོའི་དུས་འགྱུར་གྱི་མགོ་ཚུགས་པ་སྟེ། སྤྱི་ལོ་༡༩༥༦་ལོ་ནས་བོད་ཀྱི་ཆོས་སྲིད་སྤྱི་དང་གླིང་དཀར་པོའི་མངའ་འབངས་ཀྱི་ཆེད་དུ། ཆོས་རྒྱལ་ཡབ་ཡུམ་མཆེད་ལྕམ་དང་མཉམ་དུ་ཞུམ་པ་མེད་པའི་ཐུགས་སྟོབས་ཆེན་པོས་རྒྱ་དམག་ལ་འཐབ་འཛིང་དང་བྲོས་བྱོལ་གང་མང་བརྒྱུད་མཐར། སྤྱི་ལོ་༡༩༥༩་ལོར་མུ་སྭ་མ་རི་ནས་རིམ་བཞིན་འབྲས་ལྗོངས་སྒང་ཐོག་ཏུ་ཕེབས་ཏེ་ལོ་གཅིག་ཙམ་གྱི་རིང་དུ་དེར་བཞུགས། དེ་ནས་ཀ་ལིང་སྤུངས་སུ་གནས་སྤོས་ནས་སློབ་གཉེར་ཡང་གང་འཚམ་མཛད། སྤྱི་ལོ་༡༩༧༣་ལོར་གླིང་ཚང་གཞིས་ཆགས་ཀྱི་དབུ་འཛིན་ལོ་ངོ་བཅུ་ཕྲག་ཙམ་དུ་བཞུགས་ཤིང་ཆུ་བཞི་སྒང་དྲུག་དང་ཚོགས་ཁག་བཅུ་གསུམ་གྱི་གྲལ་དུའང་ཕྱག་ལས་མཛད།

            སྤྱི་ལོ་༡༩༧༨་ལོར་འདན་མ་ཚང་གི་བུ་མོ་ཚུལ་ཁྲིམས་སྒྲོལ་མ་ཁབ་ཏུ་བཞེས། སྤྱི་ལོ་༡༩༨༣་ལོར་ཀཿཐོག་དྲི་མེད་ཞིང་སྐྱོང་དང་། དཔལ་ཡུལ་རྫོང་ནང་རིན་པོ་ཆེ་དང་། ཆོས་རྒྱལ་ཉིད་གསུམ་གྱིས་གཙོས་མི་གྲངས་ཉེར་གསུམ་ལས་གྲུབ་པའི་གཟིགས་སྐོར་ཚོགས་པ་ཞིག  གཞི་ལུས་བོད་མི་སྤྱི་དང་ཁྱད་པར་དུ་གླིང་ཚང་སྡེ་འབངས་ཀྱི་གནས་སྟངས་གཟིགས་སྐོར་དུ་བོད་ལ་ཕེབས། ཕྱིར་རྒྱ་གར་དུ་ལོག་ཚེ་བལ་ཡུལ་ས་མཚམས་ནས་མི་རེ་ཟུང་གིས་དཀྲོག་གཏམ་སྣ་ཚོགས་སྤེལ་བས་འོ་བརྒྱལ་ཅུང་བྱུང་། དེ་རྗེས་སླར་ཡང་རང་ཡུལ་དུ་ཕེབས་ཏེ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དང་རྒྱལ་ས་རྫོང་བྲག་དཔལ་རི་གཉིས་སུ་གཞིས་ཆགས་མཛད་དེ་གླིང་ཚང་གི་མངའ་འབངས་ལ་བརྩེ་གཟིགས་བྱམས་སྐྱོང་དང་། ལྷག་པར་དུ་རྒྱལ་སའི་མཐིལ་རྫོང་མགོ་དགོན་གྱི་བསྟན་པ་ལ་ཐུགས་ཁུར་ཆེར་བཞེས་ཀྱིས་ཞབས་ཏོག་གང་མང་བསྒྲུབས་པའོ། །

            སྐབས་དོན་དངོས་ནི། སྤྱི་ལོ་༡༩༩༡་དང་། རབ་བྱུང་༡༧་པའི་ལུག་གི་ལོར་གླིང་ཚང་ཆོས་རྒྱལ་འཇིགས་མེད་དབང་འདུས་མཆོག་གིས། དགོན་ནང་དུ་དམ་ཆོས་དྲི་མ་མེད་པ་ལུང་རིགས་ཡང་དག་གིས་འཆད་ཉན་གྱི་སྒོ་ནས་འཛིན་སའི་བཤད་གྲྭ་ཞིག་མེད་དུ་མི་རུང་བར་དགོངས་ཏེ། སྡེ་དགེ་རྫོང་ལ་རོགས་སྐྱོར་གྱི་སྙན་ཞུ་ཕུལ་ཏེ་དམངས་སྒོར་ཁ་ཤས་ལག་སོན་བྱུང་བ་དེས་མ་རྩ་བྱས་ནས། དགོན་པའི་གཡས་ཕྱོགས་ཀྱི་རི་ངོས་སུ་བཤད་གྲྭའི་གཙུག་ལག་ཁང་ཆུང་ངུ་ཞིག་བཞེངས། འདུ་ཁང་དེའི་གཡས་གཡོན་བརྒྱུད་ནས་ཕྲེང་རིམ་བཞིན་དུ་གྲྭ་པ་སློབ་གཉེར་པ་རྣམས་ཀྱི་བཞུགས་ཤག་ཆུང་ངུ་རེ་གྲྭ་པའི་ཁྱིམ་བདག་སོ་སོས་ལས་དགོས་པའི་བཀའ་ཕབ་པ་ལྟར་ཡོངས་སུ་གྲུབ།

            དེ་ནས་ལོ་དེའི་ཧོར་ཟླ་༩་པའི་ཚེས་༢༢་ཏེ་སྟོན་པ་ལྷ་ལས་བབས་པའི་དུས་ཆེན་ཉིན་ནས་དབུ་བཟུང་སྟེ་བློ་གསལ་སྤྱོད་བཟང་གི་གྲྭ་གཞོན་དག་བཤད་གྲྭ་ཁང་དུ་བསྡུས། རྫ་ཆུ་ཁའི་ཨ་རིག་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་ཀྱི་ཞལ་སློབ་མཆོག་གྱུར་བྱ་བྲལ་མཁན་པོ་འོད་གསལ་རང་གྲོལ་གདན་དྲངས་ཏེ་ཆོས་ཀྱི་འཁོར་ལོའི་སྒོ་འཕར་ཡངས་པོར་ཕྱེ་བའོ། །

            དེ་ནས་ཨ་རིག་ནས་མཁན་པོ་བཟང་སྟོབས་དང་ཆ་རིལ་བུ་དང་། ཀླུ་མདོ་ནས་མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་གྱི་སློབ་ཆེན་རྗེས་བཟང་དང་མཁན་སྤྲུལ་ཚུལ་ཁྲིམས་རྣམ་རྒྱལ་སོགས་རིམ་གྱིས་གདན་དྲངས་ཤིང་ལོ་ཟླ་དུ་མ་རེར་བཞུགས་པ་དང་། བར་སྐབས་ཤིག་ནས་མཁན་པོ་འགྱུར་མེད་རྣམ་དག་དང་ཆོས་ཉིད་རབ་གསལ་སོགས་རང་དགོན་གྱི་མཁན་པོ་འགའ་ཡང་བྱུང་། དེ་དག་གིས་བཤད་གྲྭའི་ནང་ནས་དམ་པའི་ཆོས་ལ་འཆད་ཉན་གྱི་རྒྱུན་འཛིན་པའི་ཞོར་དུ་འདུལ་བ་གཞི་གསུམ་གྱི་ཕྱག་སྲོལ་སོགས་ཀྱང་བཙུགས།

            ཕྱིས་སུ་དགོན་པ་ལ་དཔལ་འབྱོར་གྱི་ཆུ་ཚད་དམའ་ཞིང་མཁན་པོ་གདན་འདྲེན་གྱི་དཀའ་ངལ་སོགས་ཀྱིས་རེ་ཞིག་བཤད་གྲྭའི་རྒྱུན་ཆད་པ་ན། ཀཿཐོག་དྲུང་པ་ནམ་མཁའ་རྒྱལ་མཚན་གྱི་སྤྲུལ་པའི་ཟློས་གར་ཟླ་བ་དོན་འགྲུབ་ཀྱིས་ལོ་གསུམ་ཙམ་གྱི་རིང་དུ་བཤད་གྲྭའི་མཁན་པོ་གདན་ཞུས་ཀྱི་འགན་བཞེས་ཤིང་། དགེ་སློབ་ཡོངས་རྫོགས་ལ་ཟླ་ཕོག་གནང་ནས་སྔར་གྱི་བཤད་གྲྭའི་རྒྱུན་མཐུད་དེ་བསྐྱངས། སྐབས་དེར་ཨ་རིག་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་ཀྱི་ཞལ་སློབ་དམ་པ་མཁན་ཆེན་ཐུབ་བསྟན་སྨོན་ལམ་གདན་དྲངས་ཏེ། དགོན་པའི་བཙུན་ཆུང་མང་པོ་ལ་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་། འདུལ་བ་དང་ཐུན་མོང་རིག་གནས་ཀྱི་སྐོར་སོགས་ལྗགས་ཁྲིད་མཛད་ཅིང་གཞི་གསུམ་ཆོ་གའི་ཕྱག་བཞེས་ཀྱང་རྒྱུན་བསྐྱངས།

            སྐབས་དེ་ཤེད་ནས་རྫོང་དགོན་བཤད་གྲྭ་ལ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་ཀྱིས། རྫོང་དགོན་ཆོས་གྲྭ་མདོ་སྔགས་ཆོས་གླིང་ལུང་རིགས་ནོར་བུའི་དགའ་ཚལ་ཞེས་མཚན་གསོལ། དེ་དུས་སློབ་གཉེར་པ་མང་ཤོས་སྔར་གྱི་བཤད་གྲྭའི་ནང་དུ་བཞུགས་ཤིང་ལྷག་མ་འགའ་ཞིག་དགོན་པའི་གྲྭ་ཁང་དག་ཏུ་བཞུགས། བཤད་གྲྭའི་སྒྲིག་སྲོལ་ཡང་གཙོ་ཆེར་ཨ་རིག་ཆོས་གྲྭ་ལྟར་བྱེད་ཀྱི་ཡོད། དེ་ནས་ཨ་རིག་མཁན་པོ་ཀརྨ་ལེགས་གྲུབ་དང་། དཔལ་ཡུལ་མཁན་པོ་རིན་ཆེན་དངོས་གྲུབ་དང་། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ནས་མཁན་པོ་དབང་ཆེན་ཉི་མ་དང་། ལེགས་བཟང་དང་། དབུ་རྒྱན་ཚེ་དབང་སོགས་མདོར་ན། བཤད་གྲྭ་དབུ་ཚུགས་ནས་སྤྱི་ལོ་༢༠༠༥་ཙམ་ལ་མ་ཐུག་གི་བར་དུ་ཨ་རིག་ཆོས་གྲྭ་དང་། ཀླུ་མདོ་ཆོས་སྒར་དང་། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་དང་། དཔལ་ཡུལ་བཤད་གྲྭ་སོགས་སྔ་འགྱུར་རྙིང་མ་བའི་ཆོས་ཀྱི་སྡེ་ཆེན་པོ་དག་ལས། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་མཐོ་བའི་མཁན་པོ་མང་པོ་གདན་དྲངས་ཏེ། ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་གཙོ་བོར་བཟུང་སྟེ། གཞན་ཡང་ཐུན་མོང་རིག་གནས་ཀྱི་སྐོར་དང་བློ་སྦྱོང་སྔོན་འགྲོའི་སྐོར་སོགས་ལའང་འཆད་ཉན་དང་ཐོས་བསམ་སྒོམ་པས་རྫོང་དགོན་བཤད་གྲྭའི་རྒྱུན་བསྐྱངས་ཏེ་གནས་པའོ། །

            དེ་ནས་ཡང་རེ་ཞིག་བཤད་གྲྭའི་ནང་ནས་ཆོས་འཆད་ཉན་གྱི་རྒྱུན་ཆད་གྲབས་བྱས་པ་ན། སྔར་ནས་རྒྱ་གར་འཕགས་ཡུལ་རྣམ་གྲོལ་གླིང་དུ་གྲྭ་སར་བྱོན་པའི་རང་དགོན་གྱི་མཁན་པོ་ཆོས་དགའ་འམ་བསྟན་འཛིན་འཇིགས་མེད་མཆོག   རྣམ་གྲོལ་གླིང་དུ་ལོ་དགུའི་རིང་གི་སློབ་གཉེར་མཐར་ཕྱིན་ནས་སློབ་དཔོན་དམ་པའི་ཕྱག་ཁྱེར་དང་མཚན་གྱི་པོད་ཅན་བཞེས་ཐོག   དགོན་ཆེན་གྱི་ཐོབ་དང་སྡེ་ཆེན་གྱི་འབྱོར་བ་སོགས་གང་ལའང་མ་ཞེན་པར་ཕྱིར་རང་དགོན་དུ་ཕེབས། རང་ཡུལ་ན་རྒྱུན་དུ་བཞུགས་པའི་གྲྭ་པ་དག་གཞིར་བྱས། དེའི་སྟེང་དུ་ཞེ་ཆེན་བཤད་གྲྭ་དང་། དཔལ་སྤུངས་བཤད་གྲྭ་དང་། སེར་ཤུལ་ཆོས་གྲྭ་དང་། གསེར་རྟ་བླ་རུང་ན་གྲྭ་སར་ཕེབས་པའི་རང་དགོན་གྱི་སློབ་གཉེར་པ་ཡོངས་རྫོགས་དགོན་ནང་དུ་བསྡུས་ནས།  སླར་ཡང་བཤད་གྲྭའི་རྒྱུན་མཐུད་དེ་རྒྱ་གར་རྣམ་གྲོལ་གླིང་གི་སྒྲིག་སྲོལ་ལྟར་སྔར་ལས་ཀྱང་བཤད་གྲྭ་ཕུན་སུམ་ཚོགས་པ་ཞིག་བཙུགས་ཤིང་། དེ་ནས་བཟུང་མཁན་པོའང་གཞན་ལས་གདན་དྲང་མི་དགོས་པར་རང་མགོ་རང་ཐོན་དུ་གྱུར། ཁོང་གིས་བྲིས་གཟུགས་དང་། དབྱིན་ཡིག་དང་། སུམ་རྟགས་དག་གསུམ་དང་། སྙན་ངག་སོགས་ཐུན་མོང་རིག་པའི་སྐོར་དང་། སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་། རྒྱལ་སྲས་ལག་ལེན་སོ་བདུན་མ་སོགས་བློ་སྦྱོང་གི་སྐོར་དང་། ཚད་མ་རིགས་གཏེར་དང་། དབུ་མ་འཇུག་པ་རང་འགྲེལ་སོགས་བཀའ་པོད་ཀྱི་སྐོར་རྣམས་བགྲང་བྱ་དུ་མར་སློབ་ཁྲིད་མཛད་པས། སློབ་གཉེར་པ་རྣམས་ཀྱི་ཕྱིའི་ཀུན་སྤྱོད་དང་ནང་གི་ཤེས་ཡོན་གང་ལའང་ཡ་མཚན་པའི་ནུས་པ་ཆེན་པོ་ཐོན། སྐབས་དེར་བཤད་གྲྭའི་སློབ་གཉེར་པའི་གྲངས་ཀ་ནི་གྲྭ་པ་ལྔ་བཅུ་ཡས་མས་ཡོད། དབྱར་ཁ་དབྱར་གནས་བཞུགས་པའི་རྒྱུན་བསྐྱངས་ཤིང་དགུན་ཁ་ཞག་བརྒྱར་བཞུགས་པའི་སྲོལ་ཡང་བཏོད། ཟླ་བ་ཕྱེད་ཕྱེད་དུ་གསོ་སྦྱོང་ཚུལ་བཞིན་འཚོག་པ་སོགས་འདུལ་བའི་གནང་བཀག་གི་བསླབ་བྱ་ལའང་ཉམས་བཞེས་ཕྲ་ཞིབ་མཛད། ཡུལ་མིའི་ན་འཆི་གོད་ཆག་སོགས་ལ་བཤད་གྲྭ་སྤྱིས་འདོན་རིམ་གྲོ་སོགས་ཀྱིས་བརྩེ་སྐྱོང་མཛད། ཞོར་དུ་དགོན་པའི་ཕྱི་ནང་གི་སྒྲིག་འཛུགས་དང་ཡིག་གྲྭ་ལའང་ཕྱག་བྲིས་སློབ་པ་སོགས་ཀྱིས་མདོར་ན་རྫོང་མགོ་དགོན་པའི་ཕྱི་ནང་གི་བསྟན་པ་ལ་འོད་མདངས་འཚེར་བར་མཛད་དོ། །

            དེ་ནས་སྤྱི་ལོ་༢༠༠༩་ལོར་སློབ་མ་དག་གིས་རེ་ཞུས་ལྟར་མཁན་སྤྲུལ་ལྷན་རྒྱས་ཐུགས་གྲོས་གཅིག་མཐུན་གྱི་ངང་ནས། སློབ་གཉེར་པ་ཆེ་གྲས་རྣམས་གསེར་རྟ་བླ་རུང་དང་། སེར་ཤུལ་ཆོས་གྲྭ་དང་། དཔལ་ཡུལ་བཤད་གྲྭ་དང་། དཔལ་སྤུངས་བཤད་གྲྭ་དང་། ལབ་དགོན་པའི་བཤད་གྲྭ་སོགས་སུ་གྲྭ་སར་མངགས། སློབ་གཉེར་པ་ཆུང་གྲས་དག་དང་གསར་ཞུགས་སློབ་མ་རྣམས་རང་དགོན་གྱི་བཤད་གྲྭར་བཞག་སྟེ་སྔར་བཞིན་མཁན་པོ་ཆོས་དགའ་མཆོག་གིས་གཙོ་གཟིགས་མཛད་དེ་རྒྱུན་བསྐྱངས། སྤྱི་ལོ་༢༠༡༡་ཙམ་དུ་དགོན་པའི་ཤར་ངོས་ཀྱི་རི་ཉག་ཏུ་བཤད་གྲྭའི་གཙུག་ལག་ཁང་དང་གྲྭ་ཤག་མང་ཙམ་བཞེངས་ཏེ། བཤད་གྲྭ་པ་ཚང་མ་མཉམ་འདུས་ཀྱིས་དེར་སྤོས་ཏེ་བཞུགས་པས་སྒྲིག་ལམ་དོ་དམ་དང་ཆོས་འཆད་ཉན་སོགས་ཀྱི་ཐད་ནས་ཤིན་ཏུ་སྟབས་བདེ་ཞིང་། ལོ་དེ་དག་གི་རིང་ལ་མཁན་སྤྲུལ་ཚུལ་ཁྲིམས་རྣམ་རྒྱལ་དང་། མཁན་པོ་ཆོས་ཉིད་རབ་གསལ་སོགས་ཀྱིས་བཤད་གྲྭ་པ་དག་ལ་ཟླ་ཕོག་ཕུལ་བས་འཚོ་བའང་ཕུན་སུམ་ཚོགས་པར་གྱུར་ཏོ། །སྤྱི་ལོ་༢༠༡༣་ལོར་མཁན་རིན་པོ་ཆེ་ཆོས་དགའ་མཆོག་གིས་སྔར་ནས་དམ་པའི་སྐྱེས་ཆེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་གདམས་ངག་གི་བདུད་རྩི་མང་དུ་བཞེས་པས། ཐུགས་རབ་ཏུ་འཕྲོག་པའི་རྐྱེན་གྱིས་དབེན་པའི་རི་ལ་ཕེབས་པའི་མགོ་བརྩམས།

            དེ་ནས་སྤྲུལ་སྐུ་རིན་པོ་ཆེ་ཐུབ་བསྟན་ཀུན་བཟང་རྡོ་རྗེ་མཆོག་གིས་གཙོས་མཁན་སྤྲུལ་དག་ཐུགས་བགྲོས་ཀྱིས། གསེར་རྟ་བླ་རུང་ནས་སློབ་གཉེར་མཛད་པའི་རང་དགོན་གྱི་གྲྭ་དཔལ་བསམ་བཀྲ་ཤིས་དང་བློ་གྲོས་རབ་གསལ་གཉིས་བཤད་གྲྭའི་ལས་ཐོག་གི་མཁན་པོར་བསྐོ་བཞག་མཛད་དེ་ཁྲི་འདོན་དང་མངའ་གསོལ་བྱས། དེ་ནས་བཟུང་བཤད་གྲྭའི་སྒྲིག་སྲོལ་ཡང་གཙོ་ཆེར་གསེར་རྟ་བླ་རུང་གི་སྒྲིག་སྲོལ་ལྟར་གྱུར། དེ་གཉིས་ཀྱིས་ལོ་འཁོར་གསུམ་གྱི་བར་དུ་བཤད་གྲྭའི་འགན་གཙང་བཞེས་མཛད་གྲུབ་པ་ན། ཡང་སློབ་གཉེར་པ་ཆེ་གྲས་འབྱོན་འདོད་ཡོད་པ་འགའ་ཞིག་ཕྱིའི་གྲྭ་སར་བཏང་སྟེ་རྒྱུན་བཞུགས་ཀྱི་ཁར་སློབ་མ་གསར་པ་སྡུད་ལེན་བྱས་ནས། རྫ་སེར་ཤུལ་ཆོས་གྲྭ་ནས་སློབ་གཉེར་མཛད་པའི་རང་དགོན་གྱི་གྲྭ་འོད་གསལ་རྒྱ་མཚོ་དང་། རང་དགོན་ནས་སློབ་གཉེར་མཛད་པའི་གྲྭ་ཨོ་རྒྱན་ཚེ་དབང་གཉིས་བཤད་གྲྭའི་ལས་ཐོག་གི་མཁན་པོར་བསྐོ་བཞག་མཛད་དེ་ཁྲི་འདོན་དང་མངའ་གསོལ་བྱས། དེ་གཉིས་ཀྱིས་ལོ་འཁོར་གསུམ་གྱི་བར་དུ་བཤད་གྲྭའི་འགན་གཙང་བཞེས་གྲུབ་པ་ན། སློབ་མ་བཏང་ལེན་སྔར་ལྟར་བྱས་ནས། གསེར་རྟ་བླ་རུང་ནས་མཁན་པོར་བུད་པའི་རང་དགོན་གྱི་གྲྭ་ཤེས་རབ་འོད་གསལ་བཤད་གྲྭའི་མཁན་པོར་བསྐོ་བཞག་མཛད་དེ་ཁྲི་འདོན་དང་མངའ་གསོལ་བྱས། ཁོང་ལ་ལོ་གཅིག་གི་རིང་དུ་སྤྲུལ་སྐུ་ཐུབ་བསྟན་ཀུན་བཟང་རྡོ་རྗེའི་བཀའ་ལྟར་མཁན་པོ་འོད་གསལ་རྒྱ་མཚོས་རོགས་དན་བྱས་ཤིང་།

            ད་ལོ་སྤྱི་ལོ་༢༠༢༠་ལོར་མཁན་པོ་ཨོ་རྒྱན་ཚེ་དབང་གིས་རོགས་རམ་དང་བཅས་ཏེ་རྫོང་དགོན་བཤད་གྲྭའི་མཁན་པོའི་ཁུར་བཞེས་ཏེ་བཞུགས་བཞིན་པ་ཡིན། ལོ་དེ་དག་གི་རིང་དུ་རང་དགོན་གྱི་འབྱོར་ལྡན་བླ་གྲྭ་འགས་བཤད་གྲྭ་པ་རྣམས་ལ་ཟླ་ཕོག་དང་ཟས་གོས་ཀྱི་འཚོ་བ་སྦྱར་བ་སོགས་ཀྱིས་བཀའ་དྲིན་བསྐྱངས་པའོ། །དེ་ལྟར་རྫོང་དགོན་བཤད་གྲྭའི་སྒྲིག་ལམ་ལྟར། ཐུགས་མཐུན་ཁྲིམས་གཙང་དང་། སྤྱོད་བཟང་གཞན་ཕན་གཞིར་བྱས་ཏེ། སྤང་ཀློག་གི་གནས་ལ་ཉིན་མཚན་བར་མེད་དུ་བརྩོན་པར་བྱེད་ཀྱི་ཡོད། དེ་ཡང་ཐུན་མོང་གི་རིག་གནས་དང་། བློ་སྦྱོང་དང་། ཚད་མ་དང་འདུལ་བ་དང་མངོན་པ་དང་དབུ་མ་དང་ཕར་ཕྱིན་ཏེ་བཀའ་པོད་ལྔ་དང་། རྒྱུད་སྡེ་རིན་པོ་ཆེ་ལའང་ཐོས་བརྩོན་སྒོམ་སྒྲུབ་མཛད་ཅིང་། གཞན་ཡང་དགོན་པའི་གར་དབྱངས་ཐིག་གསུམ་དང་། བཅའ་རྡུང་འབུད་གསུམ་དང་། མཆོད་བཤམས་རྒྱན་འགོད་དང་། ཆོ་ག་ཕྱག་ལེན་སོགས་ཀྱང་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་སྦྱོང་བརྩོན་ལྷོད་མེད་མཛད་ཀྱིན་ཡོད་ལ། གསེར་ཐང་བླ་རུང་སྒར་དང་། སེར་ཤུལ་ཆོས་གྲྭ་དང་། དཔལ་ཡུལ་བཤད་གྲྭ་དང་། དཔལ་སྤུངས་ཆོས་གྲྭ་དང་། ལབ་དགོན་པའི་བཤད་གྲྭ་སོགས་ཕྱིའི་གྲྭ་ས་ནས་སློབ་གཉེར་མཛད་ཀྱིན་པའི་རྗེ་དྲུང་སྤྲུལ་པའི་སྐུ་བསྟན་འཛིན་རྣམ་རྒྱལ་མཆོག་གིས་གཙོས་རྫོང་མགོ་དགོན་གྱི་བླ་གྲྭ་དག་ལ་མཚོན་ན། ཆོས་གྲྭ་དེ་དང་དེ་དག་ནས་ཕྱིའི་ཀུན་སྤྱོད་དང་ནང་གི་ཤེས་འཇོན་སོགས་གང་གི་ཐད་ནས་བསམས་ནའང་། མིག་དཔེ་ལྟ་ས་དང་ཀུན་ཀྱིས་བསྟོད་བཀུར་བསྔགས་པའི་གནས་སུ་གྱུར་དང་འགྱུར་བཞིན་ཡོད་པས། མ་འོངས་པར་རྫོང་མགོ་དགོན་པའི་བསྟན་པ་དབྱར་མཚོ་བཞིན་དུ་ཇེ་རྒྱས་དང་སྟོན་ཟླ་བཞིན་དུ་ཇེ་དག་ཏུ་འགྱུར་བའི་ཡིད་ཆེས་དང་། རེ་བ་དང་། སྨོན་ལམ་ཡང་ཡོད་དོ། །


གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ལས་དགོན་པའི་བཤད་གྲྭ་མདོ་སྔགས་ཆོས་གླིང་ལུང་རིགས་ནོར་བུའི་དགའ་ཚལ་གྱི་སྐོར་ཏེ་དྲུག་པའོ། །

བདུན་པ་དགོན་པའི་ཡིག་གྲྭ་ཐོན་མིའི་རྒྱུད་འཛིན་གཞི་རིམ་སློབ་གྲྭའི་སྐོར།

            ཐོན་མིའི་རྒྱུད་འཛིན་གཞི་རིམ་སློབ་གྲྭ་ནི། སྤྲུལ་སྐུ་རིན་པོ་ཆེ་ཐུབ་བསྟན་ཀུན་བཟང་རྡོ་རྗེ་དགུང་གྲངས་བཅུ་དྲུག་ཏུ་སོན་སྐབས། སྤྱི་ལོ་༡༩༩༨་ལོར་དགོན་ནང་དུ་གསར་འཛུགས་མཛད། དེ་ཡང་སྐབས་དེར་དགོན་པའི་མགོན་བླ་ནི། མཁན་པོ་ཤེས་རབ་མཐར་ཕྱིན་ཞིང་གཤེགས་དང་མགར་བླ་སངས་རྒྱས་ཚེ་རིང་ཞིང་གཤེགས་གཉིས་ཡིན་པས། དེ་གཉིས་ལ་སྤྲུལ་སྐུ་བླ་བྲང་ནས་འབུལ་ཟོག་དང་ཇ་སོགས་སློབ་ཡོན་དུ་ཕུལ་ཏེ། ཉེ་འཁོར་གྱི་གྲོང་སྡེའི་བྱིས་པ་མང་པོ་དགོན་ནང་དུ་རུག་ནས་ཡི་གེ་འབྲི་ཀློག་སློབ་ཏུ་བཅུག  དེ་ནས་བཟུང་སྟེ་ལོ་མང་གི་རིང་དུ་སློབ་གྲྭ་དེ་རྒྱུན་སྐྱོང་མཛད་པས། འབྲི་ཀློག་གཉིས་ལ་བྱང་ཆུབ་པའི་མཁས་པ་མང་པོ་བྱུང་ཞིང་། ཁྱད་པར་དུ་དགོན་ནང་ན་དམར་སེར་འདུས་པའི་སྡེ་རིན་པོ་ཆེ་དབྱར་མཚོ་བཞིན་དུ་རྒྱས་པར་གྱུར།  

            དེ་ནས་སྤྱི་ལོ་༢༠༠༧་ལོའི་དགུན་ཁ་ནས་སློབ་གྲྭའི་འགན་མགར་བླ་མ་ཨོ་རྒྱན་སྐྱབས་ཀྱིས་བཞེས། དགོན་གཞུང་གིས་བསྐོས་པའི་དགེ་རྒན་གཉིས་རེ་ལ་ཟླ་ཕོག་སྤྲད་དེ་སྔར་བཞིན་སློབ་གྲྭ་བཙུགས།  སྤྱི་ལོ་༢༠༡༠་ལོར་རྒྱ་གར་རྣམ་གྲོལ་གླིང་ནས་ཕེབས་པའི་རང་དགོན་གྱི་མཁན་ཆེན་ཆོས་དགའ་མཆོག་གིས།  སློབ་གྲྭ་དེ་ལ་ཐོན་མིའི་རྒྱུད་འཛིན་གཞི་རིམ་སློབ་གྲྭ་ཞེས་མཚན་གསོལ། ལོ་དེའི་དཔྱིད་ཀ་ནས་བླ་མ་ཨོ་རྒྱན་སྐྱབས་ཀྱིས་དགོན་པའི་གཡས་ཕྱོགས་ཀྱི་རི་ངོས་བཤད་གྲྭའི་ཤུལ་དུ་སློབ་ཁང་གི་རྩིག་རྨང་བཏིང་སྟེ། སྤྱི་ལོ་༢༠༡༡་ལོར་སློབ་ཁང་ཕལ་ཆེར་གྲུབ། ལོ་དེ་ནས་བཟུང་སྟེ་དགེ་སློབ་ཀུན་ལ་ཉིན་རེར་ཉིན་གུང་ཟ་མ་ཐེངས་རེ་སྤྲད། སྤྱི་ལོ་༢༠༡༢་ལོ་ནས་དགེ་སློབ་ཡོངས་ལ་སྔ་དྲོ་རྩམ་ཇ་གྲོ་གཅུས་བཅས་དང་ཉིན་གུང་ཚོད་མ་དང་ཐུག་པ་རེས་མོས་བྱས་ཏེ་སྤྲད། སྤྱི་ལོ་༢༠༡༣་ལོ་ནས་མགར་སྐོར་ཡུལ་ཚོའི་ཟུར་ན་མགར་གངས་གཞོན་ཤེས་རིག་སློབ་གླིང་གི་ནང་དུ་ཇ་དགོན་དང་རྫོང་དགོན་གཉིས་ཀའི་སློབ་མ་མང་ཙམ་གྱིས་ཡི་གེ་འབྲི་ཀློག་སྦྱོང་གི་ཡོད་པས། དེའི་དགེ་སློབ་ཡོངས་ལའང་ཉིན་རེར་ཟ་མ་ཐེངས་གཉིས་རེ་ཆད་མེད་དུ་སྤྲད། སྤྱི་ལོ་༢༠༡༤་ལོར་མགར་སྐོར་ཡུལ་ཚོའི་ཟུར་དུ་སློབ་ཁང་གསར་དུ་བཞེངས་ནས། སྤྱི་ལོ་༢༠༡༥་ལོར་སློབ་ཁང་ཆ་ཚང་ལེགས་པར་གྲུབ་ཅིང་། སྤྱི་ལོ་༢༠༡༦་ལོར་དེར་རྒྱ་ཡིག་དགེ་རྒན་ཞིག་ལ་སློབ་ཡོན་ཟླ་བ་རེར་སྒོར་༢༠༠༠་ཙམ་རེ་ཕུལ་ནས་རྒྱ་ཡིག་སློབ་ཏུ་བཅུག  དགོན་ཟུར་གྱི་སློབ་མ་དག་ལ་འབྲི་ཀློག་གི་ཞོར་དུ་བཤད་གྲྭའི་མཁན་པོ་དང་གྲྭ་པ་ཤེས་ཡོན་པ་དག་གིས་སུམ་རྟགས་དག་གསུམ་དང་ལུགས་ཀྱི་བསྟན་བཅོས་དང་བྲིས་སོགས་བསླབས། སྤྱི་ལོ་༢༠༡༧་ནས་དབྱར་ཟླ་བ་གསུམ་རེར་བླ་མ་ཨོ་རྒྱན་སྐྱབས་ཁོང་གི་ཡོན་བདག་རྒྱ་མི་འགས་སློབ་ཡོན་བྱིན་ཏེ་ཆེད་མངགས་ཀྱི་དགེ་རྒན་གྱིས། དགོན་ཟུར་གྱི་སློབ་མ་དག་ལ་རྒྱ་ཡིག་དང་དབྱིན་ཡིག་ཀྱང་བསླབས། སྤྱི་ལོ་༢༠༡༩་ལོར་རོང་འབྲོག་གི་སློབ་ཁང་གཉིས་ཀའི་ནང་ན་མཆོད་ཁང་རེ་བཅད་ཡོད་པའི་ནང་དུ་སྐུ་གསུང་ཐུགས་རྟེན་ཆ་ཚང་བཞེངས། དགེ་རྒན་དག་གི་བཞུགས་ཤག་དང་སློབ་མ་རྒྱུན་འདུག་རྣམས་ཀྱི་ཉལ་ཁང་དུ་ཉལ་ས་བཞི་བཅུ་ཞེ་གྲངས་ཤིག་ལ་མལ་ཆས་ཆ་ཚང་བཞག  རྒྱུན་འདུག་གི་དགེ་སློབ་དག་ལ་ཞོགས་ཟས་དང་། དྲོ་ཟས་དང་། གུང་ཟས་དང་། ནུབ་ཟས་ཏེ་ཉིན་རེར་ཟ་མ་ཐེངས་བཞི་རེའི་བུད་ཤིང་དང་ཇ་མ་བཅས་ཀྱི་ཆ་རྐྱེན་བསྐྲུན། སློབ་ཁྲིད་འཚོག་ཁང་དང་། དཔེ་ཤག་དང་། ཟས་ཤག་ཀྱང་བཅད་ཡོད། གཞན་ཡང་དགེ་སློབ་ཡོངས་ལ་བྲི་ཤོག་དང་སྙུ་གུ་སོགས་ཀྱང་ནམ་དགོས་སུ་འདང་ངེས་ཀྱི་མཐུན་རྐྱེན་སྦྱར་བ་སོགས་ཀྱི་བཀའ་དྲིན་བླ་ན་མེད་པ་སྐྱོང་བཞིན་པའོ། །

            ལོ་རེར་དགོན་པའི་གྲྭ་པ་གཉིས་རེ་སློབ་གྲྭའི་དགེ་རྒན་དུ་དགོན་གཞུང་གིས་བསྐོ་བཞག་བྱེད་བཞིན་ཡོད། སློབ་གྲྭའི་གུང་སེང་ནི་སྤྱིར་རེས་གཟའ་ཉི་མ་ཉིན་ཏེ་རྒྱལ་སྤྱིའི་སློབ་སེང་ལྟར་བྱེད་ཀྱིན་ཡོད་ཀྱང་། དམིགས་བསལ་ལོ་སར་དུས་སྟོན་སྐབས་ཉིན་འགའ་དང་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་མ་གཏོགས་དབྱར་གསེང་དང་དགུན་གསེང་གང་ཡང་མེད། བྲིས་ཚུགས་ནི་དབུ་ཅན་དབུ་མེད་ཀྱི་རིགས་སྣ་ཚོགས་སློབ་ཀྱིན་ཡོད་ཅིང་། ཀློག་གསར་དུ་བསླབ་དགོས་པ་དག་ལ་ཀ་མད་སུམ་ཅུ་ནས་བཟུང་སྟེ་སྦྱོར་ཀློག་དང་སྡུད་ཀློག་རིམ་པ་བཞིན་དུ། ཀློག་རྩལ་བྱང་པའི་ཆེད་དུ་བཀའ་ཐང་ཤེལ་བྲག་མ་སོགས་དང་། དེ་ནས་ཆོས་སྤྱོད་སྣ་ཚོགས་དང་། ཕུར་པའི་ཆོ་ག་དང་། གསོལ་ཁ་དང་། ཐོས་གྲོལ་སོགས་བསླབས་ཏེ།

            བཤད་གྲྭའི་ནང་དུ་འདུག་ལ་ཉེ་བ་དག་ལ་བརྡ་སྤྲོད་རིག་པ་དང་གཞུང་བཀའ་པོད་ཀྱི་རྩ་གཞུང་དག་ཀྱང་བློར་ལེན་དུ་འཇུག་ཅིང་། དབྱར་དགུན་གྱི་དུས་སུ་སློབ་གྲྭའི་ནང་དུ་གསབ་སྦྱོང་གི་འཛིན་གྲྭ་བཙུགས་ཏེ་རྒྱ་ཡིག་དང་དབྱིན་ཡིག་སོགས་སློབ་ཀྱི་ཡོད། དབྱར་གཞུང་དུ་དགེ་སློབ་དག་གི་ཁམས་སངས་པའི་ཕྱིར་དུ། བོད་གོས་ཆ་འགྲིགས་བྱས་ནས་གླུ་ལེན་བྲོ་རྡུང་སོགས་རྩེད་རིགས་སྣ་ཚོགས་ཀྱིས་རྩྭ་ཐང་གི་སྟེང་ན་སྐྱོ་སངས་ལ་ཉིན་འགར་ཕེབས་སྲོལ་ཡོད། སློབ་མའི་གྲངས་ཀ་ནི་རྒྱའི་སྲིད་གཞུང་གིས་བསྡུས་པའི་སློབ་མ་དག་དབྱར་སེང་དང་དགུན་སེང་གི་སྐབས་སུ་སློབ་གྲྭར་ཕེབས་ཡོང་དུས། སློབ་མ་བརྒྱ་དང་ཉི་ཤུ་ཙམ་རེའང་ཡོད་ཅིང་། དེ་དག་རྒྱའི་སྲིད་གཞུང་གི་སློབ་གྲྭར་བསྡུས་པའི་ཤུལ་དུ་རྒྱུན་འདུག་གི་སློབ་མ་སུམ་ཅུ་ནས་དྲུག་ཅུའི་བར་དུ་ཡོད་དོ། །སྤྱིར་བོད་གངས་ཅན་པའི་ཐུན་མིན་གྱི་ཆོས་དང་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་བྱེད་པ་དང་། ཁྱད་པར་དུ་དགོན་པ་གང་ལ་དགེ་འདུན་པའི་སྡེ་ཞིག་ཚུགས་དགོས་ན་ཡིག་གྲྭ་ཚད་ལྡན་ཞིག་མེད་དུ་མི་རུང་བ་ཡིན་པས། འུ་ཅག་རྫོང་མགོ་དགོན་གྱི་ཡིག་གྲྭ་ཐོན་མའི་རྒྱུད་འཛིན་གཞི་རིམ་སློབ་གྲྭ་ཞེས་པ་འདི་ཡང་མི་ནུབ་དར་རྒྱས་སུ་ཡོང་བའི་སྨོན་འདུན་ཡང་ནས་ཡང་དུ་ཞུས་པ་ཡིན་ནོ། །


གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ལས་དགོན་པའི་ཡིག་གྲྭ་ཐོན་མའི་རྒྱུད་འཛིན་གཞི་རིམ་སློབ་གྲྭའི་སྐོར་ཏེ་བདུན་པའོ། །

བརྒྱད་པ་དགོན་པའི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི་རྟེན་གྱི་སྐོར།

            སྤྱིར་ནང་པ་སངས་རྒྱས་པའི་དགོན་པ་ཞིག་ལ་མཚོན་ན་ཡིག་གྲྭ་དང་། བཤད་གྲྭ་དང་། སྒྲུབ་གྲྭ་དང་། དགེ་བསྙེན་གྱི་སྡེ་སྟེ། གྲྭ་གསུམ་དང་སྡེ་གཅིག་ནི་མེད་དུ་མི་རུང་ཞིང་། དེ་དག་ཏུ་བསླབ་པ་དང་སློབ་གཉེར་ཚད་ལྡན་ཚུལ་མཐུན་ཞིག་ཡོད་དགོས་ཀྱི། གཙུག་ལག་ཁང་ཆེན་པོ་དང་སྐུ་གསུང་ཐུགས་རྟེན་རྫིག་པོ་མེད་ནའང་ཆོག་མོད།

            རྫོང་མགོ་དགོན་པ་ནི་གླིང་ཚང་གི་རྩ་བའི་དགོན་པ་ཡིན་པར་མ་ཟད་གདུལ་བྱ་མངའ་ཐང་རྒྱས་པའི་སྐྱེས་ཆེན་རབས་དང་རིམ་པ་མང་པོའི་གདན་ས་ཡིན་པས། མ་འབད་ལྷུན་འགྲུབ་ཀྱི་ཚུལ་དུ་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་ཞིང་རིན་ཐང་གི་ཚད་གཞལ་དུ་མེད་པའི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི་རྟེན་ཡང་གང་མང་མང་ཞིག་ཡོད་རབས་འདུག   འོན་ཀྱང་ནད་མུག་མཚོན་འཁྲུགས་ཀྱི་དབལ་ཁ་ཤིན་ཏུ་ཚ་བའི་དུས་ངན་རིག་གནས་གསར་བརྗེ་ཆེན་མོ་ཚེས་ཏེ། བོད་ཁམས་ཡོངས་སུ་བཀྲ་མི་ཤིས་པའི་བསམ་ངན་སྦྱོར་རྩུབ་ཀྱི་ཡོ་ལང་གིས་གནམ་ས་མགོ་མཇུག་བསྒྱུར་བའི་དུས་སུ། དགོན་པ་འདིའི་རྟེན་བརྟེན་པ་དང་བཅས་པ་ལའང་གཏོར་བརླག་ཚད་མེད་ཐེབས་ཏེ།

            རྟེན་རྙིང་པ་ཕལ་མོ་ཆེ་ཞིག་མགོན་གཟིགས་དགོན་ནང་གི་གསེར་ཁང་སྟེ། གླིང་གི་རྒྱལ་རབས་རེ་གཉིས་པ་གླིང་ཚང་ཆོས་རྒྱལ་དབང་ཆེན་བསྟན་འཛིན་ཀྱིས་རང་གི་བླ་མ་མཁྱེན་ཀོང་གཉིས་ཀྱི་གསེར་གདུང་བཞུགས་སའི་ལྷ་ཁང་ཞིག་བཞེངས་ཡོད་པས། དེའི་ནང་དུ་རྒྱ་དམག་གིས་བསྡུ་ལེན་བྱས། ལྷག་མ་རྣམས་མེར་བསྲེགས་པ་དང་། ཆུར་བསྐྱུར་བ་དང་། ཕྱོགས་ཕྱོགས་སུ་གཏོར་བ་དང་། རྡུལ་ཕྲན་བཞིན་དུ་བཅོམ་པ་སོགས་བྱས་ནས། ལྷ་ཁང་སྟོང་པར་ལུས་པའི་ནང་དུ་མཉམ་ལས་ཁང་གི་རྩྭ་དང་སོག་མ་བཙུད་པ་སོགས་ཀྱི་ཡ་ང་ཞིང་ཡིད་ཕམ་པའི་ལོ་རྒྱུས་གསོན་པོ་ཞིག་ད་ལྟའང་ཡུལ་མིའི་ཁ་ན་ལྷང་ལྷང་གྲག་གིན་གདའ།

            འོན་ཀྱང་ཕྱིས་སུ་མཉམ་ལས་ཞིག་སྟེ་ཡང་དར་བདེ་སྐྱིད་ཀྱི་སྐྱ་རེངས་དཀར་པོའི་འོད་སྣང་འཆར་ཚེ། བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་གྲྭ་འབངས་ལྷག་བསམ་ཅན་གྱི་འབད་པ་ལ་བརྟེན་ནས། རྟེན་རྙིང་རྩ་ཆེན་འགའ་ཞིག་ཕྱིར་དགོན་ནང་དུ་རུག་རྒྱུའི་སྐལ་བ་བྱུང་ངོ་། །དེས་ན་རིན་བྲལ་གྱི་རྟེན་རྙིང་རྩ་ཆེན་དེ་དག་གཞིར་བྱས་ཏེ་ཕྱིས་སུ་བཞེངས་བསྐྲུན་མཛད་པའི་རྟེན་གལ་ཆེ་ཤོས་དག་དང་བཅས་ཏེ་མཚོན་ཙམ་ཞིག་འདིར་འགོད་ན།

            ཚོགས་ཆེན་འདུ་ཁང་གི་ནང་ན་རྟེན་གྱི་གཙོ་བོ་རྒྱུ་ཟངས་གསེར་ལས་གྲུབ་པའི་མཁན་སློབ་ཆོས་གསུམ་གྱི་འདྲ་སྐུ། རྒྱལ་ཚབ་བྱམས་པ་མགོན་པོའི་འདྲ་སྐུ།  དཔལ་ལྡན་རྡོ་རྗེ་སེམས་དཔའི་འདྲ་སྐུ། རྗེ་དྲུང་སྐུ་ཕྲེང་བཞི་པ་བཤད་སྒྲུབ་བསྟན་འཕེལ་མཆོག་གི་སྐུ་གདུང་མཆོད་རྟེན། ཤིང་དཔར་རྙིང་པ་བཏབ་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། བསྟན་པའི་བདག་པོ་རྗེ་དྲུང་སྐུ་ཕྲེང་རིམ་བྱོན་གྱི་ཁྲི་དམར་མ་སོགས་བཞུགས།

            འདུ་ཁང་གི་ཐོག་བརྩེགས་གཉིས་པའི་ལྷོ་ཕྱོགས་མགོན་ཁང་དུ་རྟེན་གྱི་གཙོ་བོ་བསྟན་སྲུང་དུར་ཁྲོད་ལྷ་མོའི་འདག་སྐུ་རྙིང་པས་གཙོས་ཆོས་སྐྱོང་སྡེ་དགུའི་འདག་སྐུ། རྗེ་བླ་མ་པདྨ་གར་དབང་འགྲོ་འདུལ་རྩལ་གྱི་དག་སྣང་གི་པདྨ་རྒྱལ་པོའི་སྐུ་ཐང་རྙིང་པ་དང་། རྔ་རོལ་རྙིང་པ་དང་། སྤྱན་གཟིགས་སུ་བཤམས་པའི་མདའ་མདུང་གྲི་གསུམ་རྙིང་པ་མང་དུ་བཞུགས་པ་སོགས་སོ། །

            འདུ་ཁང་གི་ཐོག་བརྩེགས་གཉིས་པའི་ཤར་ཕྱོགས་རྒྱན་ཁང་དུ་གསེར་སྐུ་རྙིང་པ་ལ་སྟོན་པ་ཤཱཀྱ་ཐུབ་པ་དང་། ཐུབ་པ་གཙོ་འཁོར་གསུམ་དང་། གུ་རུ་རིན་པོ་ཆེ་དང་། ཇོ་བོ་ཤཱཀྱ་མུ་ནེ་དང་། སངས་རྒྱས་ཚེ་དཔག་མེད་དང་། རྗེ་བཙུན་སྒྲོལ་མ་དང་། རྗེ་བཙུན་འཇམ་དཔལ་དབྱངས་དང་། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་འདྲ་སོགས་དང་།

བྲིས་ཐང་རྙིང་པ་ལ་སྟོན་པ་ཐུབ་པའི་དབང་པོ་དང་། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་དང་། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་དང་། སོར་ཟུར་གནུབས་གསུམ་དང་། ཉང་ཆོས་རྒོད་གསུམ་དང་། རྗེ་ཡབ་སྲས་གསུམ་དང་། གུ་རུ་མཚན་བརྒྱད་དང་། ཆོས་སྐྱོང་སྡེ་དགུའི་ཐང་ནག་དང་། བཀའ་བརྒྱད་ཐང་ནག་དང་། དུར་ཁྲོད་ལྷ་མོའི་ཐང་ནག་དང་། ཞིང་སྐྱོང་ཐང་ནག་དང་། དགོངས་འདུས་ཐང་ནག་དང་། ལྷ་ཆེན་ཐང་ནག་དང་། དགོང་བཙན་དང་། དོང་སྤྲུགས་དང་། པདྨ་རྒྱལ་པོ་དང་། ཕུར་པ་དང་། སྒྲོལ་མ་དང་། རྡོ་རྗེ་སེམས་དཔའ་དང་། མགོན་པོ་འོད་དཔག་མེད་དང་། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། རྗེ་བཙུན་འཇམ་དཔལ་དབྱངས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོ་དང་། སྟོན་པ་ཤཱཀྱ་ཐུབ་པའི་སྐྱེས་རབས་དང་། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཚོགས་ཞིང་དང་། ཟངས་མདོག་དཔལ་རིའི་ཞིང་བཀོད་དང་། བདེ་ཆེན་ཞིང་བཀོད་དང་། གླིང་གི་རྟ་རྒྱུག་རྒྱལ་འཇོག་སོགས་སྐུ་ཐང་རྩ་ཆེན་བརྒྱ་ཕྲག་དང་།

            གཞན་ཡང་རྒྱན་དང་མཆོད་ཆས་སོགས་ལ་གུང་གདན་དང་། སྟག་གདན་དང་།  གཟིགས་གདན་དང་། རྒྱ་ནག་གོང་མའི་ཁྲི་ཆས་དང་། ཅང་སྐྱ་རིན་པོ་ཆེའི་ཁྲི་ཆས་དང་། ཟ་འོག་རྙིང་པའི་འཕེན་གདུགས་བླ་བྲེ་རྒྱལ་མཚན་སོགས་དང་། གསེར་དངུལ་བཀྲ་མའི་སྟོང་མཆོད་ཀུན་བཟང་མཆོད་སྤྲིན་དང་། གསེར་དངུལ་ལི་ཟངས་ལས་གྲུབ་པའི་བུམ་པ་དང་བདུན་ཚར་དང་ཕུད་ཕོར་དང་ཀོང་བུ་སོགས་དང་། མཚན་ལྡན་གྱི་ཐོད་པ་དང་། གནམ་ལྕགས་ཕུར་པ་དང་། རྡོ་དྲིལ་སོགས་དང་། འཆམ་གོས་རྙིང་པ་ལ་མང་བཟང་སེར་ཁྲ་དང་། མཁའ་འགྲོའི་སྤྲིན་འཐག་ཆ་དང་། སྤྲིན་བརྒྱ་འབྲུག་སྟོང་ཆེ་ཆུང་དང་། ཁམ་བུ་རྔ་འཐབ་སྔོ་ཁྲ་སོགས་དང་།

            རོལ་མོའི་རིགས་ལ་རོལ་མོ་རྒྱ་ཧོར་ཁ་སྤྲོད་དང་། འབྲུག་རིས་ཅན་དང་། རྒྱ་དར་འཕེན་འབྲུག་རིས་ཅན་དང་། རྒྱ་སྤྲེལ་ཐོད་ཅན་དང་། རྒྱ་རོལ་ནག་ཁྲོ་དང་། གྲ་རོལ་རཀ་གི་ཤ་མིག་ཅན་དང་། དཀར་པོའི་མཛོ་བརྒྱ་མ་སོགས་དང་། སིལ་སྙན་གྲགས་སྟོང་དགོང་རྒྱ་མ་དང་། སིལ་སྙན་ཚངས་དབྱངས་འབྲུག་གྲགས་སོགས་དང་། དུང་དམར་ཚངས་པའི་སྒྲ་དབྱངས་དང་། དུང་དཀར་ཨ་ཡིག་རང་བྱོན་ཅན་དང་། རྒྱ་གླིང་ཚངས་དབྱངས་ཆོས་སྙན་དང་། རྒྱ་གླིང་ཚངས་པའི་རྒྱུད་མང་དང་། རྒྱ་གླིང་སྲིད་ཞིའི་ཡིད་འཕྲོག་དང་། མཁར་རྔ་འུར་ལི་མ་དང་། མཁར་རྔ་ཧོར་པད་སྤུངས་མ་དང་། མཁར་རྔ་རྒྱ་མིག་མངོན་རིས་ཅན་དང་། ལི་ཡི་ཏིང་ཤག་ཁྱད་མཚར་ཅན་དང་། གསེར་རྔ་མང་པོ་དང་། རྔ་ཆེན་སྟོང་གསུམ་འབྲུག་གྲགས་སོགས་བཞུགས་སོ། །

            ཕོ་བྲང་སེང་འབྲུག་སྟག་རྩེའི་འོག་ཁང་ན་དབུས་སུ་ཙནྡན་དམར་པོ་ལས་གྲུབ་པའི་གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་དང་། གཡས་གཡོན་ནས་རིམ་པ་བཞིན་དུ་འཁོར་དཔའ་རྟུལ་ཕུ་ནུ་སུམ་ཅུའི་འདག་སྐུ་ཆ་ཚང་དང་། གཞན་ཡང་རྒྱུ་ཟངས་གསེར་ལས་གྲུབ་པའི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་འདྲ་དང་། གླིང་ཚང་ཆོས་རྒྱལ་འཇིགས་མེད་དབང་འདུས་ཀྱི་སྐུ་དམར་གདུང་གི་མཆོད་རྟེན་སོགས་བཞུགས། དེའི་བར་ཁང་ནི་གླིང་དཀར་ལྷ་རིགས་ས་སྐྱོང་ཆེན་པོ་མ་ཡུམ་སྲས་འཁོར་དང་བཅས་པའི་བཞུགས་ཤག་ཡིན་ལ། དེའི་སྟེང་ཁང་ན་འཕགས་པ་རིགས་སུམ་མགོན་པོའི་སྐུ་འདྲ་བཞུགས་སའི་རིགས་གསུམ་ལྷ་ཁང་ཞིག་ཀྱང་ཡོད་དོ། །

            སྒྲུབ་ཁང་ལྷུན་འགྲུབ་བསམ་གཏན་འོད་གསལ་གླིང་དུ་སྐུ་འདྲ་ལ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་དང་། དཔལ་ཆེན་བཀའ་བརྒྱད་དང་། བླ་མ་གསང་བ་འདུས་པ་དང་། ཕུར་པ་རྡོ་རྗེ་གཞོན་ནུ་དང་། མ་ཅིག་ཁྲོས་མ་དང་། མཁའ་སྤྱོད་མ་དང་།  གུ་རུ་རིན་པོ་ཆེ་དང་། སྟོན་པ་ཤཱཀྱ་ཐུབ་པ་སོགས་དང་། གསུང་རྟེན་ལ་རིན་ཆེན་གཏེར་མཛོད་ཆེན་མོ་དང་། སྨིན་གླིང་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་འབུམ་དང་། སྨིན་གླིང་ལོ་ཆེན་དྷརྨ་ཤྲིའི་གསུང་འབུམ་སོགས་དང་། གཞན་ཡང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་སྔོན་འགྲོའི་ཐང་ག་དང་། རྗེ་དྲུང་སྐུ་ཕྲེང་གསུམ་པ་འགྱུར་མེད་པདྨ་བསྟན་འཛིན་ཀྱི་ཕྱག་རྔ་མེ་འབར་མ་དང་། རྗེ་དྲུང་བླ་མའི་ཕྱག་ནས་ཀྱི་རྗེས་དོད་པའི་སེར་དུང་དཀར་པོ་སོགས་བཞུགས་སོ། །

            བཤད་གྲྭ་ལུང་རིགས་ནོར་བུའི་དགའ་ཚལ་དུ་རྟེན་གཙོ་དུས་གསུམ་སངས་རྒྱས་ཀྱི་སྐུ་འདྲ་དང་། ཨོ་རྒྱན་རིན་པོ་ཆེའི་སྐུ་འདྲ་དང་། སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་འདྲ་དང་། འཕགས་པ་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་སོགས་བཞུགས་སོ། །

            རྗེ་དྲུང་བླ་བྲང་དུ་སྐུ་འདྲ་ལི་མ་དང་། ཐང་ག་རྙིང་པ་དང་། གསུང་རབས་རྙིང་པ་དང་། གཞན་ཡང་ཤིང་པར་ལ་སྨིན་གླིང་རྡོར་སེམས་དང་། བདེ་གཤེགས་ཀུན་འདུས། རྗེ་དྲུང་དག་སྣང་ཕུར་པ། དཔལ་དུས་ཀྱི་འཁོར་ལོ་དང་། བླ་མ་གསང་བ་འདུས་པ་དང་། སྨིན་གླིང་ཆོས་སྤྱོད་སོགས་ཀྱི་དཔར་ཤིང་རྙིང་པ་སོགས་ཀྱང་བཞུགས་སོ། །


གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ལས་དགོན་པའི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི་རྟེན་གྱི་སྐོར་ཏེ་བརྒྱད་པའོ། །

དགུ་པ་དགོན་པའི་བླ་གྲྭ་དང་འབངས་སྡེའི་སྐོར།

            སྔོན་གླིང་ཚང་གིས་ཕྱོགས་བཞིའི་བདུད་ཆེན་བཞིའི་ཡུལ་སོགས་རྫོང་ཁག་བཅོ་བརྒྱད་ཆོམས་ལ་ཕབ་ནས་མངའ་དབང་དུ་བསྡུས་པས། སྐབས་དེར་གླིང་ཚང་གི་ས་ཁྱོན་དང་མངའ་འབངས་ཤིན་ཏུ་རྒྱ་ཆེ་བར་སྨོས་མ་དགོས། བར་དུ་གླིང་གི་མངའ་ཐང་ཅུང་ཟད་འགྲིབ་ཀྱང་ཤར་རྫ་ཁོག་གི་ཕྱོགས་མན་ཆད་དང་། ལྷོ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་ཕྱོགས་ཚུན་ཆད་དང་། ནུབ་འདན་ཁོག་སྒྲོལ་མ་ལྷ་ཁང་གི་ཕྱོགས་ཡན་ཆད་དང་། བྱང་རྫ་ཆུའི་ཆུ་རྒྱུད་ཁྲོ་ཤུལ་དང་། ཝ་ཤུལ་དང་། ཁྲོམ་རྫ་སོགས་ནས་ཟླ་ཐ་མ་དང་བཅས་ཏེ་གླིང་གི་ས་ཁོངས་དང་མངའ་འབངས་སུ་གཏོགས་པར་བཤད།

            དེས་ན་གླིང་ཚང་རྫོང་མགོ་དགོན་པའང་གླིང་གི་རྒྱལ་རབས་དྲུག་བཅུ་པ་རྗེ་བླ་མ་པདྨ་གར་དབང་འགྲོ་འདུལ་རྩལ་གྱིས་དངོས་སུ་གླིང་དཀར་པོའི་ཡུལ་ཁམས་ཀྱི་མཆོད་གནས་སུ་ཕྱག་བཏབ་ཅིང་། དེའི་ཕྱིན་ཆད་ནས་བསྟན་བདག་སྤྲུལ་པའི་སྐུ་རིན་པོ་ཆེ་རྣམས་དང་། གླིང་གི་རྒྱལ་རབས་རིམ་བྱོན་དག་གིས་འཛིན་སྐྱོང་སྤེལ་གསུམ་མཛད་དེ་ད་ལྟའི་དུས་ལ་ཐུག་པ་ཡིན་པས། རྒྱ་ཆེ་ས་ནས་བཤད་ན་གོང་དུ་སྨྲས་པའི་གླིང་གི་མངའ་འབངས་ཀུན་དགོན་པ་འདིའི་མངའ་འབངས་ཀྱང་ཅིས་མ་ཡིན་ཏེ་ཡིན་རིགས་སོ། །

            འོན་ཀྱང་སྐབས་འདིར་སྨྲ་བ་རབ་ཏུ་བསྐྱུངས་ཏེ་འདས་པའི་དུས་སུ་དགོན་པ་འདིའི་བསྟན་འཛིན་ཀྱི་སྐྱེས་ཆེན་དམ་པ་གང་སུ་དག་བྱོན་ཡོད་པ་དང་། ད་ལྟའི་ཆར་ཞལ་བཞུགས་བཞིན་པའི་དགོན་པའི་བླ་གྲྭ་དང་། དེ་ལ་དངོས་སུ་མཆོད་གནས་བྱེད་ཀྱིན་པའི་ལྷ་འབངས་དག་གི་ངོ་སྤྲོད་མཚོན་ཙམ་ཞིག་བརྗོད་ན།

            དང་པོ། འདས་པའི་དུས་སུ་དགོན་པ་འདིའི་ཕྱི་ནང་གསང་གསུམ་གྱི་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་རྒྱ་ཆེར་མཛད་དེ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ཟིན་པ་རྣམས་ཀྱི་ངོ་སྤྲོད་ནི། སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ཡབ་ཡུམ་ཟུང་དང་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གསུམ་གྱི་ཐུགས་རྗེ་གཅིག་ཏུ་བསྡུས་ཏེ། བསམ་བཞིན་དུ་གླིང་དཀར་པོའི་ཡུལ་ཁམས་ཀྱི་མགོན་དང་དཔུང་གཉེན་དུ་བྱོན་པའི་རྗེ་བླ་མ་པདྨ་གར་དབང་འགྲོ་འདུལ་རྩལ་གྱིས་ནི་དགོན་པ་འདི་ཕྱག་བཏབ་སྟེ་བསྐྱངས། དེའི་ཡང་སྲིད་རིམ་བྱོན་ཞིང་གཟིགས་རྣམས་ཀྱིས་ཀྱང་དགོན་པ་འདིའི་བསྟན་པ་གཙོར་བྱས་པའི་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད།

            ཁྱད་པར་དུ་ཡང་སྲིད་གསུམ་པ་འགྱུར་མེད་པདྨ་བསྟན་འཛིན་མཆོག་གིས། དགོན་པ་འདིའི་བསྟན་པ་གླིང་དཀར་པོའི་ཡུལ་ཁམས་སུ་རྔ་བརྒྱངས་པ་ལྟར་མཛད་དེ། གླིང་གི་རྒྱལ་སའི་ཉེ་སར་ཡོད་པའི་འབངས་སྡེ་ཙམ་དུ་མ་ཟད། ཤར་རྫ་ཁོག་དང་མགར་སྐོར་སྡེ་པ། ནུབ་འདན་ཀློང་ཆུ་ཁའི་ཕར་ཚུར་དང་། བྱང་རྫ་ཆུ་ཁའི་ཁྲོ་ཤུལ་དང་། ཝ་ཤུལ་དང་། ཁྲོམ་རྫ་དང་། གེར་ཐོག་དང་། ཆེ་ཡོལ་སོགས་ཁོང་གི་ཐུན་མོངས་མ་ཡིན་པའི་གདུལ་ཞིང་དུ་གྱུར་ནས་དད་པ་དང་དམ་ཚིག་ཅན་གྱི་སྐྱེ་འགྲོ་མང་པོ་སྨིན་གྲོལ་གྱི་ལམ་ལ་བཀོད་དོ། །

            གཞན་ཡང་ཕྱོགས་ཀྱི་སྐྱེས་ཆེན་དམ་པ་མང་པོའི་ཞབས་ལ་གཏུགས་ཏེ་མཚམས་བསྙེན་སྒྲུབ་དང་ཟབ་གཏེར་རྨད་དུ་བྱུང་བ་བཞེས་པ་སོགས་ཀྱིས་སྐུ་ཚེ་ཆོས་ཀྱིས་འདའ་ཞིང་རྒྱལ་སྲིད་ཆོས་ཀྱིས་སྐྱོང་བར་མཛད་པའི་གླིང་གི་མངའ་བདག་རིག་པ་འཛིན་པ་ཆེན་པོ་པདྨ་བཞད་པ་དབང་ཆེན་བསྟན་འཛིན་ཆོས་རྒྱལ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེའི་ཡང་སྲིད་གསུམ་པ་གླིང་གི་རྒྱལ་མཆོག་ཕུན་ཚོགས་དགེ་ལེགས་རབ་བརྟན་ནམ་ཡིད་བཞིན་དབང་གི་རྒྱལ་པོ་དང་། ལྔ་རིག་སྨྲ་བའི་ཁྱུ་མཆོག་མཁན་ཆེན་ཐུབ་བསྟན་དགེ་ལེགས་རབ་རྒྱས་དང་། དེའི་སྐུ་མཆེད་མཁན་ཆེན་ཨ་པན་ཆོས་འཛིན་དང་། རྟོགས་པའི་དབང་ཕྱུག་ཆེན་པོ་བླ་མ་ཨོ་རྒྱན་སྐྱབས་དང་། དེའི་སྐུ་མཆེད་མཁན་ཆེན་ཨོ་རྒྱན་རྡོ་རྗེ་དང་ཆེ་མཆོག་ཟུང་། སྦས་པའི་རྣལ་འབྱོར་པ་ཆེན་པོ་བླ་མ་བཀྲ་ཤིས་སྟོབས་རྒྱལ་དང་། ཉག་རོང་ལྕགས་མདུད་དགོན་ནས་ཕེབས་པའི་གྲུབ་པའི་དབང་ཕྱུག་བླ་མ་བློ་བཟང་ཉི་མ་དང་། སྒྲུབ་པའི་རྒྱལ་མཚན་འཛིན་པ་མཁན་ཆེན་འགྱུར་མེད་རྣམ་དག་དང་། དགེ་སློང་རྡོ་རྗེ་འཛིན་པའི་གར་དུ་རོལ་པ་མཁན་ཆེན་ཤེས་རབ་མཐར་ཕྱིན་སོགས་ཀྱིས། གླིང་ཚང་རྫོང་མགོ་དགོན་པའི་བསྟན་པ་ལ་ཐུགས་ཁུར་ཆེར་བཞེས་ཀྱིས་ཕྲིན་ལས་བསམ་ཡུལ་ལས་འདས་པ་མཛད་པའི་མཐར། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་རེ་ཞིག་སྐུ་ཞི་བར་གཟིམས་པའི་ཚུལ་བསྟན་པ་ཡིན་ནོ་ཞེས་པ་ནི་གཤེགས་ཟིན་པའི་དམ་པ་བཀའ་དྲིན་ཅན་རྣམས་རྗེས་སུ་དྲན་པའི་ཕྱིར་དུ་སྨྲས་པའོ། །

            གཉིས་པ། ད་ལྟའི་ཆར་ཞལ་བཞུགས་བཞིན་པ་ནི་གླིང་དཀར་པོའི་ཡུལ་སྡེའི་མཆོད་སྡོང་དང་རྫོང་མགོ་དགོན་གྱི་དྲི་མ་མེད་པའི་བསྟན་པ་རིན་པོ་ཆེའི་སྲོག་ཤིང་དུ་གྱུར་པ་སྤྲུལ་པའི་སྐུ་མཆོག་རྣམས་དང་ལྷ་རིགས་ས་སྐྱོང་ཆེན་པོ་སྟེ། གླིང་གཏེར་པདྨ་གར་དབང་འགྲོ་འདུལ་རྩལ་གྱི་ཡང་སྲིད་ལྔ་པ་གླིང་ཚང་རྫོང་མགོ་དགོན་པའི་བསྟན་པ་ཡོངས་ཀྱི་མངའ་བདག་པ་ཆེན་པོ་མཆོག་སྤྲུལ་ཀརྨ་ཆེ་མཆོག་གམ་བསྟན་འཛིན་རྣམ་རྒྱལ་དབུར་བཞུགས། གླིང་ཚང་ཆོས་རྒྱལ་ཕུན་ཚོགས་དགེ་ལེགས་རབ་བརྟན་ནམ་ཡིད་བཞིན་དབང་གི་རྒྱལ་པོའི་དེ་མ་ཐག་པའི་སྐྱེ་སྲིད་འཛིན་པ་སྤྲུལ་པའི་སྐུ་མཆོག་ཐུབ་བསྟན་ཀུན་བཟང་རྡོ་རྗེ་དང་བསོད་ནམས་བསྟན་འཛིན་ཟུང་དང་། ལྔ་རིག་སྨྲ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་ཐུབ་བསྟན་དགེ་ལེགས་རབ་རྒྱས་ཀྱི་ཡང་སྲིད་དམ་པ་མཁན་སྤྲུལ་ཚུལ་ཁྲིམས་རྣམ་རྒྱལ་དང་། མི་དབང་ལྷ་ཡི་སྲས་མཆོག་དགྲ་ལྷ་རྩེ་རྒྱལ་གྱི་གདུང་བརྒྱུད་འཁྲུལ་བ་མེད་པ་གླིང་གི་རྒྱལ་སྲས་ངག་དབང་ཕུན་ཚོགས་སྟོབས་ལྡན་དབང་གི་རྒྱལ་པོ་མཆོག་དང་།

            ལམ་བསླབ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་ཕྱུག་ཅིང་ལུང་སྡེ་སྣོད་གསུམ་གྱིས་མགྲིན་པ་ལེགས་པར་བརྒྱན་པས། མདོ་རྒྱུད་རབ་འབྱམས་པ་དང་ལུང་རིགས་སྨྲ་བའི་དབང་ཕྱུག་སོགས་མཚན་སྙན་གྱི་ཅོད་པན་སྤྱི་བོར་བཅིངས་པའི་མཁན་རིན་པོ་རྣམ་པ་སྟེ། མཁན་རྒན་ཆོས་ཉིད་རབ་གསལ་དང་། མཁན་ཆེན་ཆོས་དགའ་འམ་བསྟན་འཛིན་འཇིགས་མེད་དང་། མཁན་པོ་དཔལ་བསམ་བཀྲ་ཤིས་དང་། མཁན་པོ་བློ་གྲོས་རབ་གསལ་དང་། མཁན་པོ་འོད་གསལ་རྒྱ་མཚོ་དང་། མཁན་པོ་ཨོ་རྒྱན་ཚེ་དབང་དང་། མཁན་པོ་ཤེས་རབ་འོད་གསལ་རྣམས་དང་།

            གཞན་ཀློག་གྲྭ་དང་། བཤད་གྲྭ་དང་། སྒྲུབ་གྲྭ་སྟེ་གྲྭ་གསུམ་པོ་གང་རུང་ལ་གནས་པའི་དགེ་ཚུལ་སློང་༢༥༠་ནས་༣༠༠་བར་ཏེ། རབ་བྱུང་ངུར་སྨྲིག་གི་སྡེ་ཆེན་པོ་ནི་དངུལ་དཀར་པོའི་མཎྜལ་བང་རིམ་སུམ་བརྩེགས་ཀྱི་སྟེང་དུ་བྱུ་རུ་དམར་སྨུག་གི་ཚོམས་བུ་སྤུངས་པ་བཞིན་དུ། ཐུགས་མཐུན་ཁྲིམས་གཙང་ངང་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་བཤད་སྒྲུབ་ལས་གསུམ་དང་། གཉིས་དོན་དུ་འཛིན་སྐྱོང་སྤེལ་གསུམ་གྱི་དོན་ལ་རྟག་ཏུ་ལྷོད་གཡེང་མེད་པར་བརྩོན་བཞིན་བཞུགས་པ་ལགས་སོ། །

            གསུམ་པ། དེ་ལ་དངོས་སུ་མཆོད་གནས་བྱེད་ཀྱིན་པའི་ལྷ་འབངས་ནི། སྤྱིར་གོང་དུ་སྨྲས་པ་བཞིན་ལྷོའི་འབྲི་ཆུ་དང་བྱང་གི་རྫ་ཆུ་འཕྲེད་ཀྱིས་བརྒལ་བའི་བརྗིད་ཆགས་པའི་རི་བྲག་གི་རྩེ་ཞོལ་དང་། མུ་མཐའ་བྲལ་བའི་རྩྭ་ཐང་སོགས་སུ་གླིང་ཚང་རྫོང་མགོ་དགོན་པའི་ལྷ་འབངས་ཀྱིས་གང་སར་ཁྱབ་ཀྱང་།

            ད་ལྟའང་དགོན་པ་དང་ཡོན་མཆོད་ཀྱི་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད་གྲྭ་རྩ་བན་བརྒྱུད་ཀྱི་འབྲེལ་བའང་མ་ཆད་པའི་འབངས་སྡེ་ནི། འདན་ཀློང་ཆུའི་ཁ་མན་ཆད་ནས་རྫོགས་ཆེན་འབྲོག་རི་བསོད་ནམས་ལྷ་སྡེ་ཡན་ཆད་དུ་ཡོད་ཅིང་། སྔོན་ཆད་ནས་བགྲང་བྱ་བཅུ་ཕྲག་གི་ཡར་སྔོན་གྱི་བར་དུ་དད་གུས་བསོད་ནམས་ཅན་གྱི་འབངས་སྡེ་དག་གིས་དགོན་པའི་དུས་མཆོད་དག་གི་སྤྱི་པའམ་སྦྱིན་བདག་ཀྱང་བྱས་པ་སྟེ།

            དེ་ཡང་ས་ཟླའི་སྒྲུབ་མཆོད་ཆེན་མོ་དང་། སྤྲེལ་ཟླའི་ཚེས་བཅུ་ཆེན་མོ་དང་། ལོ་མཇུག་དགུ་གཏོར་ཆེན་མོ་སྟེ་ཆེན་མོ་རྣམ་གསུམ་གྱིས་གཙོར་བྱས་པའི་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་དང་། དཔལ་རྡོ་རྗེ་སེམས་དཔའི་བུམ་སྒྲུབ་སོགས་བུམ་སྒྲུབ་དག་དང་དུས་མཆོད་རྣམས་ལ་གླིང་ཚང་དང་། རྗེ་དྲུང་བླ་བྲང་དང་། རྫོང་ཉག་གི་སྡེ་པ་དང་། རིན་ཆེན་སྟེང་གི་སྡེ་པ་དང་། ར་མོ་ཆེའི་སྡེ་པ་དང་། ཚེ་ཡག་གི་སྡེ་པ་དང་། མགར་སྐོར་གྱི་སྡེ་པ་དང་། འདན་མ་ཕྱོགས་བཞི་མའི་སྡེ་པ་རྣམས་རེས་མོས་ཀྱིས་སྤྱི་པའམ་སྦྱིན་བདག་བྱས་པ་ཡིན་ནོ། །

            འོན་ཀྱང་ད་སྐབས་བསོད་ནམས་དང་མངའ་ཐང་རྒྱས་ཤིང་གཏོང་ཕོད་དང་ལྷག་བསམ་ཆེ་བ་དགོན་པའི་མཁན་སྤྲུལ་བླ་གྲྭ་དག་གིས་རེ་ཞིག་དགོན་པའི་དུས་མཆོད་ཀྱི་སྦྱིན་བདག་མཛད་ཀྱིན་ཡོད་དོ། །དེ་ལྟར་སྡེ་དགོན་གྱི་འབྲེལ་པ་དང་ཡོན་མཆོད་ཀྱི་འབྲེལ་པ་ནི་ལྟས་དབང་གིས་བྱུང་བ་ཙམ་མ་ཡིན་པར། དགོན་པའི་བླ་གྲྭ་རྒྱ་མཚོའི་ཐུགས་བསྐྱེད་དགེ་བའི་སྨོན་ལམ་དང་། སྡེ་པའི་འབངས་མི་སྤྱི་མཐུན་ནམ་སོ་སོས་བསགས་པའི་བསོད་ནམས་ནང་འཛོམས་པ་ལས་བྱུང་བ་ཡིན་པ་ནི་རྟེན་འབྱུང་གི་ཆོས་ཉིད་ཅིག་སྟེ། ཐུན་མོང་མ་ཡིན་པའི་ནང་འབྲེལ་ཟབ་མོ་ཞིག་ལས་བྱུང་བ་ཡིན་པས། འབྱུང་འགྱུར་ལའང་སྡེ་པས་དགོན་པ་ལ་དད་ཅིང་གུས་པས་བསོད་ནམས་ཀྱི་ཤུགས་རྒྱུན་མི་འཆད་པ་དང་། དགོན་པས་སྡེ་པ་ལ་བརྩེ་བས་རྗེས་སུ་བཟུང་ཤིང་དཀར་པོ་དགེ་བའི་ལམ་སྟོན་གྱིས་ཕན་བདེ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །


གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ལས་དགོན་པའི་བླ་གྲྭ་དང་འབངས་སྡེའི་སྐོར་ཏེ་དགུ་པའོ། །

སླར་སྨྲས་པ།

       ངོ་མཚར་ལོ་རྒྱུས་ཉི་མའི་འོད་མདངས་རྒན་པོའི་ཡིད་མཁར་ཡལ་གྱུར་ཏེ།།

       མི་ཤེས་བག་མེད་མུན་པའི་ཀློང་ནས་གཞོན་ཆུང་འབྱུང་པོའི་བྱ་ཁྱུ་ཡིས།།

      ཕྱོགས་དང་ཕྱོགས་ནས་ཅི་མི་སྙམ་དུ་འཁྱོག་པོའི་ཐན་སྐད་འབྱིན་པའི་ཚེ།།

       བདེན་གཏམ་སྐྱ་རེངས་དང་པོ་ཤར་ཏེ་རྫོང་བྲག་ཕྱི་ནང་གསལ་བར་བྱས།།


      རྣམ་དཔྱོད་མེད་པའི་དམུས་ལོང་དག་ལ་སྒྲོན་མེ་མདུན་དུ་བཞག་པ་མིན།།

       དོན་གཉེར་མེད་པའི་ཁྱི་ཕག་རྣམས་ལ་གླེགས་བམ་ལག་ཏུ་གཏད་པ་མིན།།

      དཔྱོད་ལྡན་དོན་གཉེར་ཅན་ཞིག་ཡོད་ན་དེ་ལ་ཕུལ་བའི་ལེགས་སྐྱེས་དང་།།

      རང་ཡང་ཆུང་ནས་དགོན་པར་ཞུགས་ཏེ་དཀོར་ཟས་ཟོས་པའི་རིན་ཙམ་མོ།།


     ཁ་བའི་རྡུལ་ལྡན་ཞིང་གི་ཆར་གྱུར་མདོ་སྟོད་གླིང་གི་ཡུལ་དབུས་སུ།།

      ལྷ་ཡི་གླང་ཆེན་ཉལ་བའི་རྗེས་འགྲོ་རྫོང་བྲག་རིན་ཆེན་ཆོས་རྫོང་ན།།

      ཡབ་རྗེ་ཐུགས་ཀྱི་རྡོ་རྗེས་སྦར་བ་རྫོང་དགོན་བསྟན་པའི་སྒྲོན་མེ་ཆེ།།

     མི་མཐུན་ཉེས་པའི་རླུང་གིས་མི་གཡོ་ཀུན་ཏུ་བརྟན་ཞིང་རྒྱས་གྱུར་ཅིག།

            གླིང་ཚང་རྫོང་མགོ་དགོན་པའི་ལོ་རྒྱུས་བསྡུས་པ་སྐྱ་རེངས་དང་པོའི་འོད་སྣང་ཞེས་བྱ་བ་འདི་ནི་དགོན་པའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་ཆོས་རྒྱལ་ཆེན་པོ་དང་བཅས་པས་བཀའི་གནང་བ་ཐོབ་ཅིང་བསྐུལ་བ་ལྟར། ལྷག་བསམ་གཙང་མ་ཞིག་གིས་ཐོག་དྲངས་པའི་གཟུར་བོར་གནས་པའི་བློས་ཀུན་ནས་བསླངས་ཏེ། ཡིག་རིགས་ཐོར་བུ་སྣ་ཚོགས་དང་ཡུལ་ཁམས་ཀྱི་རྒན་རབས་པ་དག་གི་ངག་རྒྱུན་ལས་ཞིབ་ཏུ་བཏུས་ཤིང་། དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་ལེགས་པར་དཔྱད་དེ། སྤྱི་ལོ་༢༠༢༠་ལོའི་ཟླ་བ་༩་པའི་ཚེས་༨་དང་། རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བའི་ལོའི་ཟླ་བ་༧་པའི་ཚེས་༢༡་ལེགས་པ་བརྒྱད་འཛོམས་པའི་ཉིན། འཆི༵་མེ༵ད་རྟག་པའི་ལུས་ཅན་མི་མཐུན་གཡུ༵ལ་ལས་རྣམ་པར་རྒྱ༵ལ་བས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་ལྷོ་འདོད་རྒུ་ཀུན་འབྱུང་གླིང་དུ་མཇུག་ཡོངས་སུ་གྲུབ་པར་བགྱིས་པ། དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།



རྩོམ་པ་པོའི་པར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c91f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46474163
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1