ཡབ་ཆེན་དང་བུ་ཡི་གཏམ་རྒྱུད། རྩོམ་པ་པོ། འབའ་སྣང་གྲོལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 22 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག » ཡབ་ཆེན་དང་བུ་ཡི་གཏམ་རྒྱུད། རྩོམ་པ་པོ། འབའ་སྣང་གྲོལ།
ཡབ་ཆེན་དང་བུ་ཡི་གཏམ་རྒྱུད། རྩོམ་པ་པོ། འབའ་སྣང་གྲོལ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2022/5/16ལྟ་ཀློག (38549)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཡབ་ཆེན་དང་བུ་ཡི་གཏམ་རྒྱུད།


རྩོམ་པ་པོ།  འབའ་སྣང་གྲོལ། 

----ཡབ་ལས་ལྷག་པའི་ཡབ་བཀའ་དྲིན་ཅན་ལགས་རྗེས་སུ་དྲན་པ།

   

   ནམ་རྒྱུན་ངས་རང་གི་ཡིད་ལ་བརྗེད་ཐབས་མེདཔའི་གཏམ་རྒྱུད་ཅིག་སྦས་ཡོད།   དེ་ནི་ང་ལ་མཚོན་ན་མཚར་ལ་སྡུག་པའི་གཏམ་རྒྱུད་ཅིག་ཡིན་ལ།  མི་ཚེའི་འདིའི་ཆེས་ང་ལ་བཀའ་དྲིན་ཆེ་བའི་མི་ཞིག་དང་འབྲེལ་ནས་ཡོད།   དེ་བས་ངས་གཏམ་རྒྱུད་འདི་ཐེངས་མང་བོ་འབྲི་རྒྱུ་བྱས་ནས།    འཇམ་ཅག་གེར་གློག་ཀླད་ཀྱི་སྒོ་ཕྱེས་ནས་ཡུན་རིང་ལ་ཅེར་ནས་བསྡད་ཀྱང་།   བསམ་གྱིན་བསམ་གྱིན་སེམས་རབ་ཏུ་སྨྲེང་ནས་མིག་ཆུ་རྡོག་འགའ་ཤེས་མེད་ཚོར་མེད་ངང་འགྲམ་ངོས་སུ་འཐོར་ནས་ཡོང་།   ངའི་ཐ་སྙད་དག་གིས་གཏན་ནས་མཚོན་པར་མི་ནུས་པ་ལྟ་བུའི་སེམས་ཚོར་གྱིས་ད་བར་དུ་གཏམ་རྒྱུད་འདི་ཡིག་ངོར་ཕབ་མ་ཐུབ་པར་ལུས་དགོས་བྱུང་། དེ་རིང་ནམ་གསལ་བ་དང་།  རྒྱུ་མཚན་མེད་པར་ཡང་བསྐྱར་ཁོང་རབ་ཏུ་དྲན་པ་ཞིག་བྱུང་བས།     ངས་གློག་ཀླད་ཀྱི་ངོས་སུ་ཅེར་ནས་གང་ཞིག་འབྲི་བར་ཨུ་ཚུགས་བརྒྱབ་པ་ཡིན།    ཁོ་དང་འབྲེལ་བའི་གཏམ་རྒྱུད་དག་ཡིད་ལ་འཚང་ཁ་བརྒྱབ་ནས་དྲན་ཡོང་བར་མ་ཟད།      ཁོའི་གཟུགས་པོའི་རིང་ཐུང་དང་།  ཚུགས་ཀ  གདོང་དབྱིབས།   གཤིས་ཀ  སྐད་གདངས།    ཐ་ན་ཧ་ཅང་གོ་རིམ་དང་བཟོ་ལྟ་མེད་པའི་གོན་པ་གྱོན་སྟངས་ཚུན་ཆད་ཀྱང་ཡིད་ལ་གཅིག་གཅིག་གཉིས་གཉིས་བྱས་དྲན་ཡོང་བས།  དགུན་སའི་ཕ་གའི་ཉག་ག་དེ་བརྒྱུད་ནས་ག་ཤེད་ཅིག་ན།  ཁོ་ཡོང་བཞིན་ཡོད་ཨང་སྙམ་པ་བྱུང་ནས་སེམས་ཀྱི་གཏིང་ནས་་བྲེལ་འཚུབ་ཚད་མེད་པ་ཞིག་ལངས་ཡོངས་ཤིང་།   དེ་དང་མཉམ་དུ་དྲན་གདུང་གི་མིག་ཆུ་རེ་རེ་བཞིན་འཁུར་འགོར་བརྒྱུད་ནས་གློག་ཀླད་ཀྱི་མཐེབ་གཞུང་ངོས་ལ་ཡང་ཡང་ཟགས།    སྨྲ་མི་ཤེས་པའི་སྨྲེང་བ་ཞིག་གིས།    གློ་བུར་དུ་སེམས་པ་སྟོངས་སངས་སངས་ལ་ཆགས་སོང་།   མིག་ཟུང་བཙུམས་ནས་ཅུང་ཙམ་བསྡད་རྗེས་ལྷིང་འཇགས་སུ་གྱུར་བའི་རང་ཁྱིམ་ནས་སྔར་བཞིན་མཐེབ་གཞོང་གནོན་པའི་ཐག་སྒྲ་དང་མཉམ་དུ་གཏམ་རྒྱུད་ཀྱི་འགོ་བཟུང་བ་ཡིན།    ང་རང་བཙས་ནས་ཟླ་བ་གསུམ་ཙམ་འགོར་བའི་དུས་དེར།   ཨ་མས་ང་རང་གནས་དང་ཡུལ་ནས་མ་བསྐྱུར་བར་བྲང་ལ་སྦྱར་ནས།  མའི་ནུ་འོ་དྲོན་མོ་བསྣུན་ཞོར་ཁྱེར་ནས་ཁོའི་གམ་ལ་ཡོང་།   དེ་དུས་ཁོ་རང་ལོ་ན་བཞི་བཅུ་སོན་ཙམ་གྱི་ཕོ་རྒོད་ཅིག་ཡིན།    དེ་ནས་བཟུང་ངེད་གཉིས་ལས་དབང་གི་ཕ་བུ་རུ་གྱུར། ཁོང་ནི་ནམ་རྒྱུན་སྨྲ་བ་ཉུང་བ་དང་བསམ་བློ་བརྟན་པོ་ཡིན་པ་ཚང་མས་དཔེ་ལེན་ས་ཞིག་ཡིན།   མ་ཟད་ཁོང་གི་ཡིད་ལ་ཅི་ཞིག་ཤར་བ་སུས་ཀྱང་མི་ཤེས་ལ།  ཡིད་ལ་ཤར་དུས་ཟློག་ཏུ་མེད་པའི་ཨུ་ཚུགས་ཅན་ཞིག་ཀྱང་ཡིན།  ཁོའི་ལུས་ན་ཡིད་དབང་རབ་ཏུ་འཕྲོག་པ་ཞིག་ཡོད་པ་ནི་བོད་མིའི་མི་གཤིས་དང་།  བོད་རང་གི་མི་ཆོས་ཀྱི་བསམ་བློ་འཁྲུལ་མེད་མངའ་བ་དེ་ཡིན།  དེ་བས་ཁོ་རང་ལ་གཞན་གྱི་བསམ་བློ་དང་ཀུན་སྤྱོད་ཡ་མ་ཟུང་གི་ཤུགས་རྐྱེན་ཕྲ་མོ་ཙམ་ཡང་མེད་ཅེས་བཤད་ཆོག  ཁོའི་རང་གི་བུ་རྒྱུད་དག་ལའང་རེ་བ་ཕྲ་མོ་འདི་སེམས་ལ་ན་ཟུག་ཅིག་ལྟར་བཟུང་མྱོང་བ་ཡིན།  

   དེ་དུས་ང་ཡང་ད་བར་དང་མི་འདྲ་བར་བྱིས་པ་ཧ་ཅང་སྙིང་གཅེས་པོ་ཡིད་ལ་སིམ་པ་ཞིག་ཡོད་ཟེར།  ད་བར་བཞིན་སྐྲ་མེད་པ་ཞིག་ཀྱང་ག་ལ་ཡིན་ཏེ། རོང་གི་ཤག་པོ་རྣམས་འགྲུལ་བར་ཡོང་ན། ང་ལ་ནོལ་སྐྲ་ཧ་ཅང་མང་བས། ཁྱོད་ཀྱི་ཨོ་མོ་དེ་སྙིང་རྗེ་བ་ལ་ཨང་ཞེས་རོང་སྐད་ཀྱིས་ཁོ་ལ་ཡང་ཡང་བཤད་ཟེར།   གང་ལྟར་ཟློག་ཏུ་མེད་པའི་ལས་འཕྲོ་ཞིག་གིས།   དེ་ནས་བཟུང་ཁོས་ང་རང་ཡ་ཆུང་གི་སྙིང་བཞིན་རབ་ཏུ་གཅེས།     ངས་སྐད་ཆ་རྡབ་རྡིབ་བཤད་དེ་འགྲོ་ཤེས་པ་ཙམ་ནས་བཟུང་།   གསལ་ལ་མི་གསལ་བའི་དོན་དག་རབ་རིབ་རྨི་ལམ་ལྟ་བུ་མང་བོ་ཞིག་ད་བར་ཡིད་ལ་དྲན།   ཁོས་ང་རང་རྒྱུན་དུ་གཉའ་ལ་འཁུར་བའམ།  ཡང་ན་ལག་འགོར་ཁྲིད་ནས་སྦྲ་འདབས་དང་ལྷས་མཐའ་གང་ཞིག་ནས་འགྲོ།   ང་ཡང་ཁོ་མ་གཏོགས་མི་དགོས་པ་ཡིན།  ཁོ་རང་ཉིན་དཀར་ལུག་རྫིར་སོང་ཤུལ་དུ་ངས་ཁོ་རང་གང་ལ་སོང་བར་མ་ཤེས་པར།   སྦྲ་འདབས་དང་དོ་ཕུག ཡང་ན་ལྷས་ར་སོགས་ཡར་མར་ལ་གོམ་པ་འཁྱར་འཁྱོར་སྤོས་ནས་བཙལ་མྱོང་བ་ཡིན།    རིམ་བཞིན་ཁོ་རང་རྫི་བོར་སོང་བ་ཤེས་ནས།  དགོང་ཁར་སླེབས་ལ་ཉེ་དུས་སྦྲ་འདབས་ཀྱི་ཆོན་སྣེ་གང་ཞིག་ནས།  རི་རྒྱུད་ཀྱི་གང་སར་འབའ་སྒྲ་གྱི་ལེར་གཞོང་ལ་འབབ་པའི་ལུག་ཁྱུ་ལ་ལྟ་ཞོར། ཁོ་ལ་ངང་བསྒུག་བྱས།     ཁོས་ཀྱང་ཉིན་གཅིག་ལའང་ང་རང་ཧ་ཅང་དྲན་པ་འདྲ་སྟེ།  ཐོན་མ་ཐག་འོ་བྱས་ནས་པང་ལ་འཛིན་པར་གནངས་ཤིང་།   ང་རང་ཡང་དེ་དུས་ཁོ་ལ་གཡེར་བག་བསྟན་ནས་འོ་བྱེད་པར་རབ་ཏུ་དགའ།   ང་རང་བྱིས་པ་བསམ་མེད་ཡིན་ཡང་།   ཁོས་ང་ལ་འོ་ཞིག་བྱས་རྗེས།  སེམས་ནས་ཅི་ཞིག་གི་མགོན་སྐྱབས་ཡོད་སོང་བའམ།  ཡང་ན་སེམས་ན་ཅི་ཞིག་གི་འཇིག་སྐྲག་མེད་པར།   བརྩེ་བས་ཡོངས་སུ་བརླན་པའི་བདེ་ཚོར་གྱི་སྣང་བ་ཞིག་གིས་ཀུན་ནས་ཁྱབ་འགྲོ། ཁོས་ནམ་རྒྱུན་ཨ་མ་ལགས་ཀྱིས་ཁོ་ལ་ཆེད་དུ་གསར་དུ་བསྐོལ་བའི་འོ་ཇ་རྫ་རྒན་གང་དེ་གོ་ཐོག་ལ་བཞག་ནས་དཀྱིལ་ཀྲུང་གོ་རོ་རོ་ཞིག་བཅས་ནས་གོ་ཁའི་ཡ་རྒྱུད་དུ་སྡོད་ཅིང་། ནམ་རྒྱུན་སྨྲ་བ་ཅི་ཡང་མེད་པར་རྩམ་ལོག་རེ་རེ་བཞིན་ལག་པས་ཡུན་རིང་ལ་རིལ་རིལ་གནང་སྟེ་ཁ་ནང་དུ་འཇོག་བཞིན།   གོ་སྟེང་གི་རྫ་མའི་ནང་གི་འོ་ཇ་ཡོངས་སུ་འཐུང་ཚར་རག་བར་དོན་དག་གང་ཞིག་ལ་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་།  ང་རང་ཡབ་ལགས་ཀྱི་གམ་ནས་བསྡད་དེ་ཁོས་གནང་བའི་རྩམ་སྐལ་ཟ་རྒྱུར་རབ་ཏུ་དགའ་ཞིང་། །  ཁོས་ཡུན་རིང་ལ་ལག་པས་རེག་རེག་བྱས་ནས་རིལ་བུར་བཏང་བའི་རྩལ་སྐལ་དེ་ནི་ཧ་ཅང་ཞིམ།    ངས་ཁོས་ནམ་རྒྱུན་དོན་དག་ཅི་ཞིག་ལ་བསམ་བློ་བཏང་ནས་ཐག་མ་ཆོད་པ་ཡིན་ནམ་སྙམ་སྟེ་སེམས་ཁྲལ་བྱེད་མྱོང་།  དེ་དུས་ང་རང་གི་སེམས་ཧ་ཅང་སྐྱིད་པ་ཡིན་ལ།   ང་རང་ཡིད་རབ་ཏུ་ཚིམས་པའི་དུས་སྐབས་ཀྱང་ཡིན།   དེ་བས་ནམ་རྒྱུན་ཁོང་གིས་ང་རང་གཅེས་པོ་གནང་ནས་འོ་བྱེད་པར་ངང་སྒུག་ཆེ་ཞིང་། དེ་ནི་གཞན་དང་འགྲན་རྒྱུ་མེད་པ་ཞིག་རེད།   ཁོས་ཀྱང་དངོས་སུ་ཤེས་ཡོད་པ་འདྲ་སྟེ།   ཁོ་རང་གང་ཞིག་ལ་འགྲོ་དུས་དང།  གང་ཞིག་ནས་སླེབས་སྐབས།    ཡང་ན་དགོང་མོ་རེ་རེ་བཞིན་ང་རང་མ་གཉིད་པའི་སྔོན་དུ་ཁོས་ང་ལ་གཅེས་པོ་བྱས་ནས་འོ་ཞིག་གནང་བ་རེད་ལ།    དེས་ང་རང་ཡིད་རབ་ཏུ་ཚིམས་ནས་སེམས་བདེ་ལ་འབབ་ཐུབ་ཀྱིན་ཡོད་པ་མ་ཟད།  ལམ་སང་སེམས་ལ་སྐྱིད་སྣང་གི་ཚོར་བ་ཞིག་བཟུང་ནས་གཉིད་འགྲོ་བ་རེད།   དེ་བས་ང་རང་ཨ་མ་ལས་ཀྱང་ཁོ་ལ་ཞེ་དྲག་དགའ་བཞིན་ཡོད་ལ།  ཨ་མ་ལས་ཀྱང་ཁོ་ལ་ཧ་ཅང་སྐྲག་གིན་ཡང་ཡོད།   དགོང་མ་རེ་རེ་བཞིན་ཁོའི་རུམ་ལ་འཛུལ་ནས་ཉལ་བཞིན་ཡོད་པར་མ་ཟད།   ཁོ་རང་ངེས་པར་དུ་ང་སར་འཁོར་ནས་ཉལ་་དགོས་པ་རེད་ལ།    ང་རང་མ་གཉིད་བར་དུ་ཁོ་རང་ཨ་མའི་ཕྱོགས་སུ་ཅུང་ཁ་འཁོར་ནའང་། ངས་དེ་མ་ཐག་གོ་ལ་ཆས་ཞེས་ཁོ་རང་གི་སྐེ་ལ་འཐམ་འཐམ་བྱས་ནས་ང་སར་འཁོར་དུ་འཇུག་ངེས་པ་རེད།     གོ་ལ་ཆས་ནི་ངས་སྐད་ཆ་མ་འཁྱོངས་པའི་བྱིས་དུས་ཀྱི་བརྡ་ཞིག་སྟེ།   ང་སར་འཁོར་ཞེས་པའི་དོན་ཡིན།   དེ་དུས་ངའི་སེམས་ནང་དུ་ཁོ་ནི་ངའི་ཡབ་ཆེན་དངོས་དེ་མ་ཡིན་པ་ཞིག་ཡིད་ལའང་དྲན་མ་མྱོང་ཞིང་།  ཁོའི་སེམས་སུ་དོན་དག་ཐམས་ཅད་གསལ་ནའང་། ཁུ་སེམ་མེར་ངེད་གཉིས་བར་གྱི་དོན་དག་ཐམས་ཅད་ང་ལ་གསང་ནས།   ཁོས་ང་ལ་ཡབ་ཆེན་ལས་ལྷག་པའི་བྱམས་སྐྱོང་གནང་བཞིན་ཡོད་ལ།     ངེད་གཉིས་བར་ལ་ཕ་བུའི་བརྩེ་དུང་ལྷད་མེད་ཀྱང་ཆགས་ཡོད་པ་ཡིན།    ང་རང་ལོ་ན་དྲུག་བདུན་ཙམ་ལ་བུད་དུས།  ད་གཟོད་རུ་ཁ་གཡས་གཡོན་གྱི་རྒད་པོ་དང་བྱིས་པ་མ་རབས་འགའ་རེས།  ཀུ་རེ་རྩེད་ཞོར་གྱིས་ང་ལ་ཁྱོད་རང་ཁོའི་བུ་དང་ཁོ་ཚང་གི་མ་ཡིན་པར།  མའི་གཞུག་ཁྲིད་ཡིན་པའི་གནས་ཚུལ་ཡང་ནས་ཡང་དུ་བཤད་ལ།  ཧ་ཅང་ཆུང་ལ། སྐྱག་དྲེག་དགུ་བརྩེགས་ཆགས་པའི་ངའི་ངོ་གདོང་ལ་བལྟས་ནས།  ངའི་ཉམས་འགྱུར་ཅི་ཞིག་བྱང་སོང་བ་ཅི། སྐབས་རེར་ཧབ་ཆ་དི་རེ་བུད་འགྲོ།  ཧ་ཅང་ལོ་ཆུང་བའི་ངའི་སེམས་ལ་གྲི་གཙག་པ་ལྟ་བུའི་ན་ཟུག་བསླངས་པར་མ་ཟད།   ང་ལ་ཧ་ཅང་བརྩེ་བའི་ཁོ་རང་།  ངའི་ཡབ་ཆེན་དངོས་མིན་པའི་སྐད་ཆ་དེ་གཏན་ནས་ངས་དང་ལེན་ཐུབ་མ་བྱུང་།    ཁོ་ཚོས་ངའི་ཡུལ་མི་དག་གིས་མི་ཐོས་སར་ཡང་དང་ཡང་དུ་ང་ལ་དེ་ལྟར་བཤད་པས།   ལོ་ན་དྲུག་བདུན་ཙམ་ལས་སོན་མེད་པའི་ང་རང་།  མཚམས་རེར་ལྐོག་ནས་ངུས་པ་ཡིན།   ལན་རེར་ཨ་མར་གནས་ཚུལ་འདི་འདྲི་དགོས་བསམ་ཡང་།   སེམས་ན་ཅི་ཞིག་གི་གནོང་ཡོད་པ་བཞིན་གཏན་ནས་འདྲི་མ་ཕོད།   སྣབས་ཁ་ནང་དུ་དྲུད་ནས་རྩེད་རའི་ནང་དུ་བསམ་མེད་ངང་རྩེད་གིན་ཡོད་ནའང་།  སྐབས་དང་སྐབས་སུ་ངའི་སེམས་ཀྱི་གང་སར་སྐྲག་སྣང་ཞིག་གིས་ཁྱབ་འགྲོ།    དེ་ནས་བཟུང་ངས་ཁོ་རང་སྔར་ལས་ལྷག་པའི་གཏོང་ན་མི་འདོད་པའི་ཚོར་སྣང་ཞིག་བྱུང་ཞིང་།    མཚན་མོ་མལ་དུ་ཉལ་དུས་ཀྱང་ང་རང་ཁོ་ལ་དམ་པོར་འབྱར་ནས་གཉིད་དགོས་པ་ཡིན།   དྲོད་ཁོལ་ལྡན་པའི་ཁོའི་བྲང་གཞུང་ལ་ལུས་པོ་གླན་ནས།   ངའི་སེམས་སུ་ཁོ་ཚོས་ང་ལ་བཤད་པ་དེ།  མི་བདེན་པར་ཀུ་རེ་ཡིན་པའི་རེ་བ་བྱས།   ཁོང་ནི་ངའི་ཡབ་ཆེན་དངོས་ཡིན་མིན་བསམས་ནས་མཚན་མོ་རེ་རེ་བཞིན་རེ་དོགས་ཀྱི་འཇིག་སྣང་ངང་གཉིད་པ་ཡིན།      མཚན་མོ་ཞིག་ལ་ངའི་རྨི་ལམ་དུ་མི་ཞིག་ཐོན་བྱུང་།    ཁོ་ནི་ཁྱོད་ཀྱི་ཡབ་ཆེན་ངོ་མ་རེད་ཟེར་བ་རྨིས་པས།   ང་རང་ཧ་ཅང་དགའ་བོ་བྱུང་ནས་གཉིད་ལས་སད།  དོན་དངོས་ཡིན་ན་བསམ་བྱུང་།     དེ་ནས་བཟུང་ངས་རང་ནུས་ཀྱིས།     ཁོ་ཚོས་ནམ་རྒྱུན་ཀུ་རེ་དང་སྦྲགས་ནས་ངའི་གནས་ཚུལ་གླེང་བ་དག་ལ་གཡོལ་ཐབས་བྱས་པ་ཡིན།    དེ་ལྟར་ལན་རེར་ཁོ་ཚོར་ཐུག་ནའང་།  ཨ་ཙི། ཁོ་ཚོས་ཡང་ཅི་ཞིག་བཤད་འགྲོ་སྙམ་སྟེ་སེམས་ལ་འཚེར་སྣང་ཧ་ཅང་ཆེ།    དེ་ནས་བཟུང་བྱིས་སེམས་གཙང་མར་སུས་ཀྱང་ཤེས་མེད་ཚོར་མེད་ངང་།  ཁུ་སིམ་མེར་བརྗེད་ཐབས་བྲལ་བའི་དཀའ་ཁག་ཅིག་འཛིན་དགོས་བྱུང་སོང་།      

   ང་རང་ལོ་ན་བདུན་ཙམ་ལ་སོན་པ་ནས།  ནམ་རྒྱུན་ཁོའི་རྗེས་ལ་དེད་ནས་ཕྱུགས་རྫིར་སོང་།   ཁོ་རང་ནམ་རྒྱུན་རི་མཐོ་སའི་གདོང་ཁ་གང་ཞིག་ལ་བུད་ནས། ཁ་བཏོན་འདོན་བཞིན་རྒྱང་ལྟ་བྱས་ནས་བཞུགས་པར་མོས་ཤིང་། ཕྲེང་རིང་དེའི་ཕྲེང་རྡོག་རེ་རེ་བཞིན་མཐེབ་རྒན་མས་འཕངས་ཏེ། ཡང་སྐོར་བསྐྱར་སྐོར་བྱེད།    ང་རང་ཁོས་མངགས་བཅོལ་བཞིན་རི་ལུང་གང་སར་བརྒྱུགས་ནས་ཟོག་ཁ་བླངས།དེ་དུས་ང་རང་བྱིས་པ་དྲངས་མོ་ཧ་ལས་པ་ཞིག་ཡིན།   ཟོག་ཁ་བླངས་རྗེས་སླར་ཡང་ཁོའི་གམ་ལ་རྩེད་རྒྱུག་བྱས་ནས་འགྲོ་བཞིན་ཡོད་ལ།   ཁོ་རང་སྨྲ་བ་ཅི་ཡང་མེད་པར་ང་ལ་འོ་ཞིག་གནང་། རེབ་དེར་ངས་ཟོག་ཁ་བླངས་པ་ཁོའི་འདོད་ཐོག་ལ་སོང་བ་ངས་ཀྱང་གསལ་བོར་ཤེས་བཞིན་ཡོད།   ཁོའི་རྗེས་ལ་ཆིག་ལབ་རྒྱག་ཞོར་འབྲངས་ནས།  རྩེད་མོའི་ཚུལ་གྱིས་གནམ་ལྡིང་ས་ལྡིང་བྱས་ནས་འགྲོ་བཞིན་ཡོད་པ་རེད།   ཁོ་ནི་རྒྱུན་པར་སྨྲ་བ་མེད་ཅིང་།  དགའ་སྡུག་གང་བྱུང་ན་གསལ་བོར་མི་ཤེས་པའི་མི་ཞིག་ཀྱང་ཡིན།   ཁོས་ང་ལ་གཅར་རྡུང་ལྟ་ཅི།  སྡིགས་མོ་ནན་མོ་ཙམ་ཡང་མི་བྱེད།    ལན་རེར་ངས་བསྟན་བཤིག་ཚ་བོ་རེ་བཟོས་སོང་ན།  ཁ་ངོ་ནག་རོག་གེར་འདུག   དེ་ནི་ཨ་མའི་གཅར་རྡུང་བྱས་པ་ལས་ཀྱང་བརྒྱ་འགྱུར་གྱིས་ཐུ།   ང་རང་གཞི་ནས་གཅུན་པར་བྱས་འགྲོ།  ནམ་རྒྱུན་ཁོ་རང་ངལ་རྩོལ་གནང་རྒྱུར་ཧ་ཅང་དགའ། ཉི་མ་གཅིག་ལའང་རང་དགར་བསྡད་པ་མེད།   ལས་ཀ་ལྕི་མོ་རེའི་འགོ་བཟུང་ན།  ད་གཟོད་ཁོའི་སེམས་ཁམས་དཔེ་མེད་དྭངས།   སྣ་གླུ་རིང་བོ་ཞིག་བླངས་ནས་མཚམས་མི་ཆད་པ་ཡིན།   ང་ལོ་ན་བདུན་ལ་སོན་པའི་སོས་ཀར་གང་སར་ནམ་ངན་ཞིག་ཐོན།  ངེད་ཚང་གི་ནོར་ཕལ་ཆེར་ཤི་ནས་ཚར།  དེ་དུས་ང་རང་ཁོ་དང་མཉམ་དུ་ནོར་རྫི་ཡིན།   ཟླ་བ་འགའ་ལ་རི་ནས་ངེད་གཉིས་མགོ་སྦྲ་ཙམ་ཡང་མེད་པར་བསྡད་པ་ཡིན།   ཁོས་ཧ་ཅང་ངན་ལ་ལྷུང་བའི་ནོར་ནག་རྣམས་ནད་པ་ཞིག་གཉོར་བ་ལྟར་ཧ་ཅང་སེམས་ཆུང་དང་།  གཟབ་ནན་གྱིས་གཡས་ལ་བསྐོར་ཅིང་གཡོན་ལ་བསྐོར་ནས། རྩྭ་ཆུ་གང་ན་འཛོམས་ན་དེ་རུ་བསྐོར་ནས་འཚོས།   ངས་ངེད་གཉིས་ཀྱི་བྲོ་ཁ་དང་ཉལ་ཆས་ཁུར་ནས། ཁོ་གང་ལ་ཐོན་ན་དེ་རུ་སོང་ནས་གྲོག་ཤུར་གྱི་སྐྱིབས་ཤིག་བཙལ་ནས་འདུག་ས་གྲ་སྒྲིག་བྱས།  ཉིན་རྒྱུན་བཞིན་ང་རང་ཁོའི་སྔོན་ལ་རྒྱུག་ནས་དེ་རིང་ནོར་འུ་ཤི་ཐལ་ཞེས་འདྲི་བཞིན་ཡོད།  ཁོས་མ་ཤི་ཐལ་ཟེར་དུས།  ང་རང་དགའ་སྟེ་རྐང་ལག་གི་སྟངས་སྟབས་སྣ་ཚོགས་བཟོ་བཞིན་ཡོད་ལ།  ཁོས་ཀྱང་ངའི་ཚུགས་ཀ་རིག་ནས་གདོང་ནས་ཀྱང་འཛུམ་ཆུང་ཞིག་མངོན་བཞིན་ཡོད་པ་རེད།   ཡིན་ནའང་ས་རུབ་ནས་ངེད་གཉིས་སྐྱིབས་ཡོད་ས་ཞིག་ནས་ཉལ་ཚར་རྗེས།  ང་རང་ཁོའི་བྲང་གཞུང་གི་དྲོད་ཁོལ་ལ་གླན་ནས་ཕྱུགས་ཟོག་རྣམས་ཉིན་རེ་ལས་ཉིན་རེར་ཇེ་ཉུང་དུ་འགྲོ་བ་བསམས་ནས་སེམས་ཚེགས་བྱས་པ་ཡིན།   ཁོས་ཀྱང་སེམས་ཚེགས་ཚད་མེད་བྱེད་ཀྱིན་ཡོད་པ་འདྲ་སྟེ།   ནམ་ཡང་འགྲེ་ལོག་རྒྱག་བཞིན་གཉིད་ཁུག་གིན་མི་འདུག  ལན་རེར་ངེད་གཉིས་ཀས་གནམ་གྱི་སྐར་མ་བརྩིས་པ་ཡིན།   བརྩིས་ཀྱིན་བརྩིས་ཀྱིན་ཁ་གྲངས་མ་ལོན་པར་འདྲེས་འགྲོ་བས།  ངས་འུ་ཚང་ལའང་ནོར་འདི་འདྲ་མང་བོ་ཞིག་ཡོད་ན་བཤད་པ་ཡིན།   ཁོས་ཁོང་དགོད་དལ་མོ་ཞིག་གནང་ནས།  སླར་ཡང་ཅི་ཞིག་ལ་བསམ་བློ་བཏང་འགྲོ།   དོན་ངོ་མ་ཁོ་རང་གད་མོ་གནང་རྒྱུ་ནི་ཧ་ཅང་དཀའ་བ་ཞིག་ཡིན།  སྔོ་བསངས་ཀྱི་མཁའ་དབྱིངས་སུ་བལྟས་ཀྱིན་བལྟས་ཀྱིན།  ང་རང་སྐར་མ་དག་ལ་ཧ་ཅང་མཚར་སྣང་སྐྱེས་པ་ཡིན།  དེ་བས་ཀྱང་གནམ་གྱི་དགུ་ཚུགས་མཐོང་ནས་ཁོ་ལ་དྲིས་པ་ཡིན། ཁོས་དེ་ནི་གནམ་གྱི་སྒལ་བ་རེད་ཟེར་ཞོར། སྐར་མ་འགའ་ཞིག་ཀྱང་ང་ལ་ངོ་སྤྲོད་བྱས་སོང་།  སྐར་མ་སྨིན་དྲུག་དང་།  བྱང་གི་སྐར་མ་ཨ་བརྟན། སྐར་མ་མཛོ་མདོག ཐོ་རེངས་སྐར་ཆེན་སོགས་རེད།  ང་ད་དུང་མཚར་སྣང་གིས་མཁའ་དབྱིངས་ལ་ཅེར་བ་ཡིན།     སྐར་མདའ་མཐོང་བར་མ་ཟད།   སྐར་མ་ལ་ལ་དལ་མོར་འགྲོ་བཞིན་པའང་མཐོང་ལ།  ད་དུང་ཞིབ་ཚགས་ཀྱིས་མཁའ་དབྱིངས་སུ་བལྟས་ན།  སྐར་མའི་ཕ་རོལ་ན་སྐར་མ་གསལ་ལ་མི་གསལ་བ་མང་བོ་ཞིག་ཡོད་པའང་མཐོང་།   ང་རང་ཧ་ཅང་ངོ་མཚར་སྐྱེས།  སྐར་མ་དེ་དག་རང་ཉིད་ཀྱིས་གསར་དུ་རྙེད་པ་ལྟ་བུའི་ཚོར་སྣང་བྱུང་།    ཁོར་དྲིས་ཀྱང་ལན་མི་འདེབས།  ཕལ་ཆེར་གཉིད་སོང་བའམ།  ཡང་ན་མི་ཤེས་པ་འདྲ།  རང་ཉིད་གཅིག་པུ་མཚར་སྣང་ལ་གཡེངས་ནས་ཆིག་ལབ་རེ་བྱས་པ་ཡིན།   ཕྱི་ཉིན་ང་རང་གཉིད་ལས་སད་རྗེས་།   ཁོ་རང་སྔ་མོ་ནས་ལངས་ནས་བུད་སོང་ལ།  དགོང་མོ་དེར་ཡང་ནོར་གཉིས་གསུམ་ཞིག་ཤི་སོང་།  དེ་ལྟར་དཔྱིད་ཟླ་ཙམ་ལ་ནོར་བརྒྱ་ཕྲག་ལྷག་གི་ཤུལ་ནས་ཉི་ཤུ་ལོངས་པ་ཙམ་མ་གཏོགས་ཡོད་ཚད་ཤི་ནས་ཚར།  བར་སྐབས་ཤིག་ལ་ང་རང་དྲོས་འཁྱག་གི་བུད་སོང་བ་ཡིན་ནམ་ཅི།  ཉིན་མཚན་འགའ་ལ་ཚ་བ་རྒྱས་ནས་ཉལ་ནས་འདུག་དགོས་བྱུང་སོང་།    ཁོ་རང་གཅིག་པུ་ལ་དཀའ་ལས་ཚད་མེད་བྱུང་།  དཔྱིད་ཟོག་རྣམས་ཉིན་མཚན་མེད་པར་གཉོར་དགོས་པའི་ཁར་ང་ཡང་གཉོར་དགོས་པ་བྱུང་།    ཁོ་རང་སྔ་མོར་ནོར་རྣམས་རྩྭཁ་བྱེད་དུ་འགྲོ་ཁར།  རྩམ་རྒན་ཞིག་བརྫིས་ནས་ངའི་གམ་ལ་བཞག་ཅིང་། ང་རང་ལ་འོ་ཞིག་བྱས་ནས།  གློ་ཁུག་ཡང་ཡང་ཡང་བསྔོགས་ཏེ། སྒོར་ཟུར་འགའ་རེ་བྱིན་ནས་རྫི་བོར་འགྲོ། ཁོ་རང་དགོང་ཁ་མ་གཏོགས་ཕྱིར་ཡོང་མི་ཐུབ་པ་ངས་ཀྱང་གསལ་བོར་ཤེས་པ་ཡིན།    རྗེས་ནས་ཁོས་བྱིན་པའི་དངུལ་བསགས་ནས་ཁོ་ལ་སྒོར་གསུམ་ཅན་གྱི་བསང་གི་འཇབ་ཙེ་ཞིག་ཉོས།   དེ་ནི་ཁོས་ནམ་རྒྱུན་ཁ་སྤུ་རེ་རེ་བཞིན་སེན་མོས་མ་ཟིན་པར་ཡ་ཁའི་གཡས་གཡོན་དང་།  མ་ནེའི་མགོ་ནས་ལག་པ་རང་བསྡད་ཟིག་མེད་པ་མཐོང་ནས།  ངས་ནམ་ཞིག་ཁོ་ལ་འཇབ་ཙེ་ཞིག་ཉོ་བར་སེམས་ནས་ཐག་བཅད་ཡོད།  ངས་རང་གི་སྒོར་མོ་བཀོལ་ནས་རང་གི་འདོད་མོས་བཞིན་ཚོང་ཞིག་བརྒྱབ་པ་ཐོག་དང་བོའང་ཡིན།   

    ང་རང་ཕྱུགས་ཟོག་ཧ་ལས་པ་ངོ་མི་ཟིན་པ་ཞིག་ཡིན།  ཕྱུགས་ལ་སོང་དུས་རང་ཁྱིམ་གྱི་ཕྱུགས་ཟོག་དག་གཏན་ནས་ངོས་མ་ཟིན་པར་མགོ་འཐོམ་འགྲོ།    ང་ལ་རྟགས་འཇོག་ས་ཞིག་ཡོད་པ་ནི།   ངེད་ཚང་གི་ནོར་ཁྱུ་ན་འབྲི་རྒན་སྟོད་དཀར་མ་ཟེར་བ་ཞིག་ཡོད་པ་དེ་ཡིན།  དེ་ལ་བལྟས་ནས་རང་གི་ནོར་ཁྱུ་ཡིན་པ་ངོས་འཛིན་བཞིན་ཡོད་ལ།   འབྲི་རྒན་དེ་མེད་དུས།  ངས་རང་གི་ཕྱུགས་ཟོག་ཀྱང་ངོས་མ་ཟིན་པར་བསྐྱུར་ནས་འགྲོ་བཞིན་ཡོད་པས།   ལན་རེར་ང་རང་ཡང་།  རང་ཉིད་ལ་ཁོ་ཆད་ཅིང་འུ་ཐུག་ནས།  ལྐོག་ཏུ་འབྲི་གཡག་གཞན་གྱི་རྔ་མའི་ནང་དུ་སྤེན་མ་བཏགས་ནས། རང་གི་ཕྱུགས་ཟོག་གཞན་དང་མི་འཆུག་པའི་ངོས་འཛིན་ཐབས་བྱེད་ཀྱིན་ཡོད་པ་རེད། ཡིན་ནའང་།  རང་གི་ཕྱུགས་ཀྱི་རྔ་མའི་ནང་གི་སྤེན་མ་ལན་རེར་ལྷུང་འགྲོ་བ་དང་།  གཞན་གྱི་སྒོ་ཟོག་དག་གི་རྔ་མའི་ནང་དུ་སྤེན་མ་ཆགས་འགྲོ་བ་དེ་ལྟ་བུ་བྱུང་གིན་ཡོད་པས།    དེ་བས་ཀྱང་ཧ་ལས་པའི་ཞབས་འདྲེན་བཟོ་བཞིན་ཡོད་པ་རེད།  དེ་དུས་སུ་བྱིས་པའི་རྣམ་རིག་དང་འཇོན་ནུས་ནི།  ཕྱུགས་ཟོག་ཤེས་མི་ཤེས་དང་།  དེ་འཚོ་སྐྱོང་ཐུབ་མི་ཐུབ་ཀྱིས་ཐག་གཅོད་བྱེད་ཀྱིན་ཡོད་པ་འདྲ།     གཞན་གྱིས་ཀུ་རེ་དང་དོན་གཏམ་འདྲེས་མའི་ངང་ང་ལ་ཅི་ཞིག་བཤད་ཀྱིན་ཡོད་པའང་ཡིད་ལ་དྲན།    ཡིན་ནའང་། ཁོས་ང་རང་བྱིས་པ་རྟུལ་བོ་ཞིག་ལ་ངོས་འཛིན་གཏན་ནས་གནང་གི་མི་འདུག  ང་ནི་ནམ་ཡང་བགས་ཆགས་དགའ་ཅན་ཞིག་ཡིན་ཟེར་ནས་གཞན་ལ་འགྲེལ་བཤད་ལྟ་བུ་རྒྱག་པ་ཐོས་ལ། དེ་དུས་བག་ཆགས་ཟེར་བ་ངས་གཏན་ནས་མི་གོ་ནའང་། ང་ལ་ཡག་པོ་ཞིག་བཤད་ཀྱིན་ཡོད་པ་དེ་ངས་ཤེས་ཡོད།   ངས་སེམས་ནས་ཀྱང་ཁོ་རང་གཅིག་པུ་ནི་ང་ལ་རེ་བ་འཆང་མཁན་དེ་ཡིན་པ་ཤེས་ཡོད། དེས་ཀྱང་ང་རང་ཁོ་ལ་ཧ་ཅང་དགའ་བ་ཡིན།  ང་ལའང་ངའི་ཚོད་ཀྱི་དགའ་ཕྱོགས་ཤིག་ཡོད།  ཆུང་དུས་ནས་ང་རང་རླངས་འཁོར་སོགས་ལ་ཧ་ཅང་མཚར་སྣང་དང་དགའ་བོ་བྱེད་མཁན་ཞིག་ཡིན།   རྩེད་ཆས་ཀྱི་བཟོ་ལྟ་ཙམ་ལས་ཤེས་པ་ནས་བཟུང་།  རྩེད་ཆས་ཀྱི་རླངས་འཁོར་ལས་རྒྱུར་ཧ་ལས་པ་དགའ།  དེ་དུས་ལག་ཡང་བདེ་བོ་ཞིག་ཡོད།  མུ་ཟིའི་ཤོག་སྒམ་དང་།  སོ་སྨན་གྱི་ཤོག་སྒམ།   དེ་མིན་སྨན་རིགས་སྣ་ཚོགས་ཀྱི་ཤོག་སྒམ་སོགས་བག་ཆུས་ཡར་སྦྱོར་མར་སྦྱོར་བྱས་ཤིང་། སྟེང་དུ་སྒོ་དང་ཤེལ་སྒོ་ལྟ་བུ་སོགས་རི་མོ་སྣ་ཚོགས་བྲིས་པར་མ་ཟད།   ཆིན་མེས་སོའུ་སོགས་དམ་བུ་ཆུང་ཆུང་གི་ཁ་ཏོ་བླངས་ནས་འཁོར་ལོ་བྱས་ནས།   རླངས་འཁོར་ཆུང་བ་དང་།   རེས་འཁོར།  པེ་ཅིན་སྐྱིད་པོ་སོགས་ལས་ཏེ།  བྱིས་པ་གཞན་རྣམས་ཧེབ་ལངས་ནས་འདུག་མི་ཐུབ་པ་བཟོ་བཞིན་ཡོད།   གཞན་ངས་བཅུ་ཟེའུ་འགྱིག་སྣོད་ཅིག་གི་གཞོག་ངོས་ཡག་པོར་གྲིས་གཤགས་ནས་བླངས་རྗེས།   དེ་ལ་འཁོར་ལོ་བཞི་སྤྲད་ནས།  ནང་དུ་བུད་ཤིང་སོགས་ཉུང་ཙམ་བསྡམས་ནས་གང་ལ་འགྲོ་ན་དྲུད་ནས་སོང་ཞིང་།  རྫི་བོར་འགྲོ་དུས་ཀྱང་རི་ཁ་སོགས་སུ་ལམ་བཏོད་ཡོད་པ་ཞིག་བྱས་པས།  ཐམས་ཅད་ཀྱིས་གླེང་བཞིན་འདུག་པ་བྱུང་།   ནམ་རྒྱུན་དེ་འདྲ་ལས་ནས་ཁྱིམ་གྱི་གྲི་དང་འབུག་སོགས་ང་གང་ན་ཡོད་ན་དེར་སྤུངས་ནས་ཡོད་པས།   ཨ་མས་ང་ལ་རྒྱུན་དུ་གཤེ་གཤེ་གཏོང་བ་ཡིན།   ཡབ་ཆེན་ལགས་ཀྱིས། ངས་ལས་པའི་རྩེད་ཆས་དག་ནམ་རྒྱུན་ཕྱག་ལ་བཟུང་ནས་ཞིབ་ལྟ་ཐེངས་ཤིག་བྱེད། ཡིན་ནའང་ལེགས་ཉེས་ཀྱི་སྐད་ཆ་ཅི་ཡང་མི་གསུངས་པར་ཁུ་སིམ་མེར་་བུད་འགྲོ།  ང་རང་མེད་དུས་ངའི་རྩེད་ཆས་དག་ལ་ཁོང་གིས་ཉར་ཚགས་གཅེས་པོ་གནང་སྲོལ་ཡོད།   དེར་ང་རང་ཧ་ཅང་དགའ།   

   ང་རང་ལོ་ན་བདུན་ཙམ་ལ་སོན་པའི་སྟོན་ག་ཞིག་ཡིན་པ་འདྲ་སྟེ།   ཁོས་ང་རང་ཉི་མ་ལྷ་སར་ཁྲིད།   ང་ཚོ་སྡེ་བའི་མི་མང་བོ་ཞིག་དང་མཉམ་དུ་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་ལ་བསྡད་ནས་སོང་།  དེ་དུས་ང་རང་རླངས་འཁོར་ལ་བསྡད་པ་ཐོག་དང་བོ་ཡིན།  ཐེངས་འདིར་དབུས་ལམ་ནས་ང་རང་རླངས་འཁོར་ནང་དུ་སྐྱུག་མཚམས་མ་ཆད་པ་ཞིག་བྱུང་།   ཤར་རླུང་རྟགས་ཅན་གྱི་རླངས་འཁོར་དེ་ཉིད་མཚམས་མེད་པར་འུར་སྒྲ་དང་བཅས་གང་ཞིག་ལ་ཤར་གྱིས་གཏོང་།    ངས་ལམ་རིང་བོར་མགོ་བཏུམས་ནས་སོང་། ཡབ་ཆེན་གྱི་ཁ་འདོན་རླངས་འཁོར་གྱི་བྱང་སྒྲ་དང་འདྲེས་ནས་རྣ་ལམ་དུ་ད་དུང་འཁོར། ལོ་ན་ཆུང་ན་ཡང་།   སྐབས་དེའི་ཚོར་སྣང་དེ་བཤད་མི་ཤེས་པ་ཞིག་རེད།  ལམ་ཐག་རིང་བོར་སོང་བས།  ད་ནི་ཕྱིར་ཡུལ་ལ་མི་ཐོན་སྙམ་པ་ཞིག་ཞེ་ལ་ཡང་ཡང་འཆར། ཤུལ་གྱི་ཡུལ་མི་དག་གི་ངོ་གདོང་རེ་རེ་བཞིན་ཡིད་ལ་དྲན། སྐྱ་རེངས་དང་མཉམ་དུ་ང་ཚོ་ནམ་རྒྱུན་དབུས་ཕྱོགས་སུ་ལམ་ལ་ཆས་བཞིན་ཡོད་ཅིང་།  དབུས་མཇལ་བ་ཚོས་ལམ་ལ་ཆས་པ་དང་བསྟུན། རང་རང་ས་ནས་ཁ་བརྡ་སོགས་མེད་པར་ཉིན་དེའི་ཁ་འདོན་འུར་གྱི་ལེར་འདོན་པ་དང་།  ཉི་རྩ་དྲོས་པ་དང་བསྟུན་རྒད་པོ་ཁ་རྒོད་འགས་བཤད་རེས་ཀྱི་འགོ་བཟུང་ནས། ཚང་མའི་དགོད་སྒྲ་རླངས་འཁོར་བང་གིས་བསྐྱོད་པའི་ས་རྡུལ་དང་འདྲེས་ནས་དབུས་ལམ་དུ་འཁྱར། དེ་དུས་ཀྱི་ང་ཚོའི་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་དེ་ངོ་མ་མགྱོགས།   ལམ་ནས་དབུས་མཇལ་གྱི་རླངས་འཁོར་དག་དང་ཐུག་ན།  ཚང་མས་ཀི་ལྡིར་བྱས་ནས།   ཕུ་ཐུང་དག་གཡུག   མཚམས་རེ་ཞྭ་མོ་དག་ཀྱང་གནམ་ལ་འཕངས་ནས།  བསམ་གཟས་ནས་ཁོག་དཔུང་སློང་རེས་བྱེད།    ཁོ་ཚོ་ནི་གཡག་རྒན་ཞིག་ལྟར་ནམ་ཡང་རྗེས་སུ་ལུས་འགྲོ།ཁག་ཀྱང་མི་འདུག ལམ་བར་ནས་འཕྲད་པའི་རླངས་འཁོར་ཕལ་མོ་ཆེ་བཅིང་འགྲོལ་རྟགས་ཅན་གྱི་རླངས་འཁོར་ཡིན་པས། ང་ཚོའི་རླངས་འཁོར་དང་བསྡུར་ན་འགྲོས་ཧ་ཅང་དལ། ཚང་མས་ཧབ་ཆ་བྱས་ནས་ཡིད་ཚིམས་པའི་བཟོ་ལྟ་སྟོན་པ་དྲན།   བར་སྐབས་ཤིག་ལ།  ད་ནི་ཉི་མ་ལྷ་སའི་གསེར་ཏོག་མཐོང་སོང་ཟེར་ནས་ཚང་མས་གསོལ་འདེབས་གནང་བཞིན་ཞྭ་མོ་ཕུད་སོང་།  ངས་མགོ་བོ་ཡར་ལ་དགྱེས་ནས་ལྟ་ཙམ་བྱས་ཀྱང་།   གང་སར་ལྟ་དགོས་པར་མ་ཤེས་པར་ཅི་ཡང་མཐོང་མ་སོང་།    ཡབ་ཆེན་ལགས་ཀྱིས་ངའི་གམ་ན།  ཐལ་མོ་སྦྱར་ནས་གསོལ་འདེབས་གནང་བཞིན་འདུག  ད་དུང་མིག་ཟུང་ཡང་བཙུམས་ནས་འདུག་པ་བརྗེད་རྒྱུ་ཞིག་མེད།     ཡབ་ཆེན་ལགས་ཀྱི་སྐུ་དྲིན་ལ་དེ་ལྟར་ཉི་མ་ལྷ་སར་ཐོག་དང་བོར་མཇལ།   ངེད་ཅག་ག་ས་གང་དུ་མཇལ།  མཇལ་ས་མང་དྲགས་པས།  ངའི་སྐེ་ཚིགས་ན་སྟེ།  མཇལ་མི་ཚར་པའི་སྡེབས་རིས་དག་གི་གཤམ་དུ་ཐོད་པ་དྲུད་ནས་སོང་བའང་ད་ལྟ་ཡིད་ལ་དྲན།   དགའ་ལྡན་གྱི་དུར་ཁྲོད་དུ་ཡབ་ཆེན་ལགས་ཀྱིས་གཅོད་གསུངས།    དེར་མི་རྐང་གཉིས་མཉམ་པོར་གཤིབ་ནས་བཞག་འདུག  དེ་དུས་ང་རང་ཅུང་ཙམ་སྐྲག་སོང་བ་འདྲ། ད་དུང་ང་ཧ་ཅང་གསལ་བོར་དྲན།   ཕྱིར་ཡུལ་ལ་ལོག་རྗེས་ཡབ་ཆེན་ལགས་ཀྱིས་དབུས་ཀྱི་བུ་རམ་སྒྱེ་མོ་གང་ཉིན་རྒྱུན་དུ་ཉི་མར་ལྡེ། དེ་དུས་ཅི་ཞིག་ལ་ཉི་མར་ལྡེ་བ་མི་ཤེས། མང་བོ་ཞིག་ལ་བསམ་བློ་གཏོང་གིན་མི་འདུག   ངས་ཟ་ན་འདོད་དེ་འགྲམ་ཆུ་ལྡང་།  ཁོ་རང་མི་་བཞུགས་པའི་སྐབས་དང་བསྟུན་ནས་ངས་ལྐོག་ནས་ཧམ་ཟ་འགའ་བྱས་པ་ཡིན།   བྲོ་བ་ངན་པ་ཞིག་བྲོ་ནས་གཏན་ནས་ཟ་མི་ཐུབ་པ་བྱུང་།   ད་ལྟ་བསམ་ན་ཁོང་དགོད་འཆོར་བ་ཞིག་ཡོང་།  ཕལ་ཆེར་ནང་དུ་རྡོ་སྣུམ་བཞུར་ཏེ་ཉི་མར་ལྡེ་བཞིན་ཡོད་པ་འདྲ།      

   ལོ་སར་དང་འགྲོགས་ནས་ནམ་རྒྱུན་ཁྱིམ་ཁ་གཡས་གཡོན་ལ།  ཁོས་ང་རང་ལག་འགོར་ཁྲིད་ནས་འགྲོ།   ཁོང་གིས་རྒྱུན་དུ་ཆང་མི་མཆོད་ཀྱང་།   ལོ་སར་ཚེས་ནས་རྒྱ་ལོའི་བཅོ་ལྔའི་བར་ཆང་མཆོད་པ་ཡིན།    ཏག་ཏག་ཁོང་ལ་ཁྱིམ་འཚེས་ཤིག་ན་ཆང་འཐུང་རོགས་ཤིག་ཡོད།   ལོ་སར་གཡས་གཡོན་དུ་ལན་རེར་ང་རང་གམ་ལ་་ཁྲིད་ནས་ཁྱིམ་ཚང་དེར་ཆང་འཐུང་དུ་འགྲོ།   ཁོང་གཉིས་ཀས་ཆང་འཐུང་བཞིན་མགོ་བོ་ཐོ་གཏུག་ནས་མང་བོ་ཟིག་བཤད།   གཏན་ནས་སྨྲ་བ་མེད་པའི་ཁོང་ཡང་ཆང་གིས་སྨྲ་བ་ཅན་ཞིག་ཏུ་བཏང་འགྲོ།  གཏན་ནས་ཐོས་མ་མྱོང་བའི་ཁོང་གི་གླུ་སྐད་ཀྱང་དེ་དུས་ཐོས།   བྲག་སོ་ལོའི་དབྱངས་རྟ་ངག་ལ་བཀུག་ནས་གུག་གུག་ཅིག་བྱས་ནས་འཁོར་འགྲོ།  གཏམ་དཔེ་འགའ་རེ་ཡང་ངག་ནས་ཡང་དང་བསྐྱར་དུ་བཤད། ཁོང་གཉིས་ཀས་གཏམ་ལན་གཏམ་གྱིས་ཕྱེས་ཏེ་ཅི་ཞིག་ཐག་གིས་མ་ཆོད་པ་ལྟར་དུ་ནམ་ཕྱེད་གཟུར་འགྲོ།  ཁོ་ཆང་གིས་བཟི་དུས་ད་གཟོད་ངའི་རྒྱུ་མཚན་མང་བོ་ཞིག་གཞན་ལ་བཤད།   ང་རང་བྱིས་པ་ཡིན་ཡང་ངའི་སྐོར་ནས་ཅིག་བཤད་དུས།    ངས་གཟབ་ནན་གྱིས་ཁོའི་སྐད་ཆར་ཉན་པ་ཡིན།   ནམ་རྒྱུན་ངའི་ཕྱོགས་ནས་ཅིག་བཤད་དུས།  ངའི་སྟེང་ལ་རེ་བ་ཆེན་པོ་ཞིག་བཞག་ཡོད་པ་ངས་ཚོར།   ཁོང་ཆང་གིས་བཟི་དུས།  ལན་རེར་ངུ་བ་ཡིན།  ཁོ་ངུ་བཞིན་ངའི་བུ་འདི་རང་ག་བ་ཞིག་མིན།  འདི་རྣམ་ཤེས་དགའ་ཟིག་ཡིན་ཟེར། དེ་དུས་རྣམ་ཤེས་དགའ་ཟེར་བ་ངས་གསལ་བོར་གོ་བ་མ་ལོན།  ཁོ་རང་ཅི་ཞིག་ལ་ངུ་བའང་ངས་མ་ཤེས།  ཆང་འཐུང་རྗེས་ང་རང་ལ་བརྩེ་གདུང་ལྷག་ཏུ་ཆེ།  ཁོས་ང་ལ་རེ་བ་དམིགས་བསལ་བ་ཞིག་བཟུང་ཡོད་པ་ངས་ཤེས་ཡོད།      དེ་དུས་གཞན་གྱིས་བལྟས་ན་ང་རང་རྣམ་རིག་མེད་པའི་བྱིས་པ་འབྲེང་རྩོག་ཅིག་ཡིན་ནའང་།   ཁོའི་རེ་བ་ཟབ་མོ་དེ་སེམས་ལ་དམ་པོར་བཟུང་མྱོང་།   ཁོ་རང་ཕྱིར་རང་ཁྱིམ་ལ་ལོག་ནས། ནམ་རྒྱུན་ཆང་གིས་ཕོ་ཁ་ན་སྟེ་ཁྲག་གིས་མང་དུ་སྐྱུག   ན་ཟུག་ལང་སྟེ་འཆི་ལ་ཁད་བྱེད།   ངས་ཁོ་རང་འཆི་རྒྱུ་རེད་སྙམ་ནས་སེམས་ཁུར་བྱས་པ་ཡིན།  ངས་ཚོད་དཔག་བྱས་པ་ནོར་མེད་ན།  ཁོང་གིས་ཆང་འཐུང་ཐེངས་རེར་ང་ལ་བཤད་པའི་སྐད་ཆ་དེ། ཁོས་ང་ལ་གནང་བའི་མན་ངག་ལྟ་བུ་ཞིག་ཡིན་པ་འདྲ།  ཐ་ན་རྩེད་མོ་རྩེད་སྐབས་ཀྱང་། ལན་རེར་ཁོའི་རེ་བ་དང་སྐད་ཆ་དེ་ཡིད་ལ་ཡང་ཡང་འཁོར།  བརྩེ་བའི་ཡབ་ཆེན་གྱི་སྐད་ཆ་གཅིག་པོ་དེས།   ཕྱིའི་འབྱུང་གི་ང་ལ་ཤུགས་རྐྱེན་བློར་མི་ཤོངས་པ་ཐེབས་སོང་།      དུས་གང་ཞིག་ནས་བཟུང་ང་རང་གི་སེམས་ནང་དུ་རང་ལ་ཡིད་རྟོན་ཞིག་ངང་གིས་སླེབས་སོང་།    གཞན་གྱིས་མཐོང་སྣང་དུ་ཇི་ལྟར་ཡང་།   མ་མཐའ་ཡང་རང་ཉིད་ལ་བརྩེ་བའི་ཡབ་ཆེན་གྱིས་རེ་བས་ཁེངས་ནས་ང་ལ་བསྒུག་ཡོད་པ་བསམས་ནས།     ནམ་རྒྱུན་ག་ཤེད་ཅིག་ནས་རྒྱུ་མཚན་དང་གནས་ལུགས་མེད་པར་སེམས་ཀྱི་དཔང་བསྟོད་དགོས་པ་ཞིག་ཀྱང་ངང་གིས་བྱུང་།   

   སྐབས་ཤིག་ལ་ཡུལ་མི་ཚང་མ་འཛོམས་སར།  ངས་སྒོ་ཟོག་ངོས་མི་ཟིན་ཡང་།  ང་རང་གིས་ཡི་གེ་དཔེ་མེད་ཤེས་ཞེས་བཤད་པས། ཚང་མ་ཧབ་ཆ་དིར་རེ་སོང་།    ངས་དེ་མ་ཐག་འཐེན་སྒམ་ནང་དུ་ས་སྨྱུག་ཅིག་བཙལ་ནས་སྒོ་ཤིང་གི་ནང་ངོས་སུ། ཡི་གེ་ཡིན་སྙམ་གྱི་འཁྱར་འཁྱོར་ག་གུག་ཕྲེང་རིང་བོ་ཞིག་བྲིས་ནས་ཁོ་ཚོར་བསྟན།  དོན་ལ་ཅི་ཡང་མིན་ནའང་།  ང་རང་གི་སེམས་སུ་ཡི་གེ་བྲིས་སོང་སྙམ་པའི་ཚོར་སྣང་ཞིག་འདུག      ཡབ་ཆེན་ལགས་ཕེབས་ནས་ཞིབ་ལྟ་ཞིག་བྱས་ནས།  ཅི་ཡང་མི་བཤད་པར་འཛུམ་ཆུང་ཞིག་མངོན་ནས་བུད་སོང་། དེ་ནས་བཟུང་ཁོང་གིས་ང་རང་ཡི་གེ་སློབ་ཏུ་འཇུག་འཆར་གྱི་ཐུགས་དགོངས་གཏོང་བཞིན་ཡོད་པ་འདྲ།   ང་རང་ལོ་བཅུ་གཅིག་ཙམ་ལ་སླེབས་དུས་ངེད་ཚང་གི་ཉག་གའི་ཕ་རོལ་གྱི་དམངས་སྒྲུབ་སློབ་གྲྭ་དེ་རུ་བསྐྱལ་སོང་།   དེ་དུས་ཀྱི་སྤྲོ་དགའ་ནི་བསམ་ལས་འདས་པ་ཞིག་རེད།  སྤྱིར་ང་ནི་བྱིས་དུས་སུ་ཧ་ལས་པའི་ཉལ་སྐྱག་ཅིག་ཡིན་པས།   འདིའི་ཐད་ནས་ཡབ་ཆེན་གྱིས།  ད་དུང་མི་ལངས་པར། ཉི་མ་འཕོང་འགོར་ཤར་འདུག་ཅེས་ང་ལ་ནམ་རྒྱུན་བཀའ་བཀྱོན་གནང་དགོས་པ་ཡིན།  ཡིན་ནའང་།  སློབ་གྲྭར་འགྲོ་ཐེངས་རེ་རེར་ནམ་མི་ཆོད་པ་ཙམ་བྱུང་།  སྐྱ་རེངས་བཀྱག་ནས་ཡོང་དུས་ང་རང་འདུག་མ་བཟོད་པར། ཡར་ལ་ལངས་ནས་སློབ་གྲྭར་སོང་བ་ཡིན།   དེ་དུས་སློབ་ཁང་གཅིག་དང་དགེ་རྒན་གཅིག་མ་གཏོགས་མེད།   ནམ་རྒྱུན་ང་ཐོན་དུས་དགེ་རྒན་ད་དུང་གཟིམས་འདུག    ངས་ནམ་རྒྱུན་དགེ་རྒན་ལ་མེ་ཁ་གསོས་ནས་ནང་ཇ་བསྐོལ་བ་ཡིན།   ལོ་གཅིག་ལ་དེ་ནས་སྦྱོར་ཀློག་བསླབས།   རིག་རྒོད་རེད་ཅེས་དགེ་རྒན་དང་ཡབ་ཆེན་གཉིས་ཀྱིས་ཀྱང་ཐུགས་ཡིད་ཚིམས་པ་བྱུང་།  རང་ཉིད་ལ་སྐུལ་ལྕག་ཐེབས་ནས་སློབ་སྦྱོང་ལ་སྔར་བས་སྤྲོ་བ་བྱུང་།   ཅིག་ཤེས་མདོག་གིས།  ཕ་རྒན་ལ་ཧོར་གླིང་གཡུལ་འགྱེལ་གྱི་སྒྲུང་དཔེ་ཞིག་ཡོད་པ་རང་གི་དཔེ་ཁུག་ནང་དུ་བཅུག   ནམ་རྒྱུན་གཏིང་ཟབ་པོ་ཞིག་གོ་སོང་བ་ལྟར་ལག་ནས་མི་ལོན་པ་ཙམ་བྱུང་།    དེབ་ལ་མགོ་འཁོར་ནས་ཟ་མ་ཡང་མི་ཟ་ཞེས་ཨ་མས་བཀའ་བཀྱོན་རྒྱུན་པར་གནང་དགོས་པ་བྱུང་།

   དགོང་མོ་ཞིག་ལ་ང་རང་གློ་བུར་དུ་ན་བ་བྱུང་ནས་བརྒྱལ་སོང་།   ཕྱི་ཉིན་ཡང་ང་རང་གཉིད་ནས་བསྡད་ཡོད་སྙམ་གྱིས།  ཡུལ་མི་དག་གིས་ཡུན་རིང་ལ་དོ་སྣང་མ་བྱུང་།   དགོང་ཇ་འཐུང་ཟེར་དུས།  ང་རང་གཞི་ནས་ལང་རྒྱུ་མེད་པ་ཤེས།     ལུས་པོ་ཡོངས་རེངས་པོར་ཆགས་ཏེ། རོ་ལྟ་བུར་གྱུར་ནས་དྲན་པ་འཐོར་འདུག    སྣ་སྒོ་རེག་དུས་ད་གཟོད་དབུགས་ཅུང་ཙམ་ཡོད་འདུག་ཟེར།   དེ་དུས་ཡབ་ཆེན་ལགས་གདུང་སེམས་ཀྱིས་དྲན་པ་འཐོར་ལ་ཁད་བྱས་ནས།       གཅིག་པུ་མཆོད་ཁང་ནང་དུ་སོང་ནས་ཁོའི་ཡི་དམ་གྱི་རྟེན་ལ་དབུ་ཡིས་ཐེངས་འགར་བརྒྱབ་ནས།  ངུ་དབྱངས་ཆེན་པོས་ང་རང་ཚེ་གེག་ལས་གྲོལ་བའི་སྐྱབས་འཇུག་དྲག་པོ་ཞུས་པ་དང་།   ངའི་བུ་འདི་ངའི་ལག་ནས་ཤོར་དུས།  ང་རང་ཡང་གསོན་ཐབས་མེད་ཅེས་སྐྱབས་གནས་དཀོན་མཆོག་གསུམ་ལ་དམ་ཚིག་གཙང་མའི་བདེན་པ་བདར་ནས་ཞུ་གསོལ་ཕུལ་རྗེས།  ཉེ་མི་འགའ་ཡིས་སྨན་ཁང་ལ་འཁྱེར་རྒྱུ་མེད་པ་འདྲ་བཤད་ཡང་།     ཁོས་མ་ཉན་པར་མཚན་བརྒྱབ་སྟེ་ང་རང་ཁུར་ནས་ལམ་ཐག་རིང་བོའི་སྨན་ཁང་ལ་སོང་།   སྨན་ཁང་ལ་ཐོན་པའི་ཉིན་གཉིས་པར་ང་རང་གློ་བུར་སད་སོང་། སྐབས་དེར་ཡབ་ཆེན་ལགས་གཉིད་ལྕོག་ག་ཅིག་བརྒྱབ་ནས་རྨི་ལམ་དུ།  བུད་མེད་ཅིག་གློ་བུར་དུ་ནམ་མཁའ་ནས་སླེབས་ཏེ། འོ་མ་ཟེའུ་གང་བཟུང་ནས་ཡབ་ཆེན་ལགས་ལ་བྱིན་ནས། འདི་མགྱོགས་པོར་དཀྲོགས་དང་། མི་འགོར་བར་མར་བུད་ཡོང་ཟེར་བ་དང་མཉམ་དུ་ཡབ་ཆེན་ལགས་ཀྱང་མནལ་ལས་སད།   དེ་དུས་ངས་འབོད་གྱིན་འདུག་ཟེར།    ང་སད་དུས་ངའི་གམ་ན་ཡབ་ཆེན་ལགས་ཙོག་པུར་བཞུགས་ནས་འདུག    ངས་ཡར་ལྟ་མར་ལྟ་ཞིག་བྱས་ནས་རང་ཁྱིམ་མིན་པ་ཤེས་པས།  འདི་གང་ཞིག་རེད་ཅེས་ཡབ་ཆེན་ལ་དྲིས།    ཡབ་ཆེན་ལགས་ཀྱིས་དེ་མ་ཐག     སྐྱབས་གནས་དཀོན་མཆོག་གསུམ་པོ།  ངས་ཞི་ལི་སད་འདུག་ཅེས་ང་ལ་འཐམ་ནས་ངུ་དབྱངས་གྱེར་སོང་།   ང་ཡང་ངུས་པ་ཡིན།   དེ་དུས་ཤི་གསོན་འཕྲད་པ་ལྟ་བུའི་དགའ་བ་ནི་ཡབ་ཆེན་ལགས་གཙོས་པའི་ནང་མི་རྣམས་ལ་བྱུང་།  ཟླ་བ་གཅིག་ལྷག་ལ་སྨན་ཁང་ནས་བསྡད།   ཡུལ་དུ་ལོག་ནས།  ད་དུང་སངས་དྲག་ཏུ་འགྲོ་མ་ཐུབ་པར།  ཉིན་རེ་བཞིན་ཉི་མ་ནུབ་ཁར་མགོ་བོ་གཟེར་ནས་ཚལ་བར་གས་པ་དང་མཚུངས།  ཡབ་ཆེན་ལགས་ལ་སྐད་བརྒྱབ་ནས་ངུ་ངག་བཏོན་པ་ཡིན།   ཡབ་ཆེགས་ལགས་ཀྱིས་ངའི་མགོ་བོ་ཕྱག་ནང་དུ་བཟུང་ནས། འཕུར་འཕུར་བྱེད་བཞིན་ཉིན་མཚན་མེད་པར་ངའི་གམ་ནས་འབྲལ་བ་མེད་པར་བསྡད།  ཁོ་ནི་ཆོས་ལ་དད་པ་ཟློག་མེད་ཡོད་པ་ཞིག་ཡིན་ཁར།  རང་གི་ཆོས་རྒྱུད་དང་བླ་མ་ལ་དམ་ཚིག་ཧ་ལས་པ་གཙང་པ་ཞིག་ཡིན།    ཁོང་འདོན་ཆོས་སྤྱོད་ཀྱི་ཕྱག་ལེན་གང་ལའང་བྱང་ཆ་ཡོད་པ་ཞིག་ཡིན་པས།  ཉིན་རྒྱུན་ངའི་དོན་དུ་སྐུ་རིམ་འདྲ་མིན་སྣ་ཚོགས་བསྒྲུབས།      དེ་དུས་ཡ་མཚར་བ་ཞིག་ལ།  ངས་རང་ཉིད་ཀྱི་རྩེད་ཆས་སྣ་ཚོགས་གང་སར་བཤམས་ནས་རྩེད་མོ་སྣ་ཚོགས་བྱེད་དུས།    གཞན་གྱིས་ང་ལ་བྱིན་ཞིང་།  སྔོན་ང་རང་ངོས་ནས་ཧ་ལས་པའི་རྩེད་ཆས་དགའ་བོ་བྱ་ས་ཞིག་ཡོད་པ་དེ་ནམ་རྒྱུན་མཐོང་ན།    གློ་བུར་དུ་མ་སྐྱིད་པ་ཞིག་ཆགས་འགྲོ་བ་དང་། དེ་ཁོ་ན་ངའི་ཁམས་ལ་ཧ་ཅང་མི་སྡུག་པ་ལྟ་བུ་ཞིག་བྱུང་བས།   ཉིན་ཞིག་ངའི་རྩེད་ཆས་དེ་ཁ་རོག་གེར་ལག་ལ་བཟུང་ནས་སྒོར་བུད་དེ།  འགྲམ་གྱི་གྲོག་ཤུར་གྱི་ཐལ་དོང་ནང་དུ་ཕངས་པ་ཡིན།    ངོ་མ་རྟེན་འབྲེལ་གྱི་བཅོས་ཐབས་ཟེར་བ་དེ་ཡ་མཚན་པ་ལ་ཨང་།  ནུབ་མོ་དེ་ནས་བཟུང་ང་རང་ནད་མེད་ལྟ་བུར་གྱུར་ནས་སངས་དྲག་ཏུ་བུད་སོང་།   ཡབ་ཆེན་ལགས་ཀྱིས་ཉིན་འདི་འགར་ཁོ་རང་གིས་གཏོར་ཟློག་འགའ་བྱས་པ་ཕན་སོང་སྙམ་གྱིན་འདུག་མོད།    གང་ཞིག་གནད་ཐོག་ལ་བུད་སོང་བར་ངའི་སེམས་ན་ཁྲིགས་ཁྲིགས་ཡིན།   ཡིན་ནའང་ཡབ་ཆེན་ལགས་ལ་ངས་གནས་ཚུལ་འདི་གཏན་ནས་ཞུ་མ་མྱོང་།    དེ་ནས་བཟུང་ང་རང་ས་མཐོ་གང་ལ་འགྲོ་བར་ཡང་།  ཁོའི་དབུ་ཞྭ་དང་ཕྲེང་བ་ང་ལ་མ་བསྐོན་པར་འགྲོ་རུ་མི་འཇུག་པ་ཡིན།ཁོས་ཀྱང་ང་རང་ནད་ཙམ་མ་ཡིན་པར་གདོན་བགེག་ཅིག་གི་གནོད་པ་བྱུང་སོང་བ་བསམ་གྱིན་འདུག་ལ།      ངའི་བསམ་ངོར་ཡང་ད་ནི་གནོད་པ་ཟློག་སོང་སྙམ་པ་ཞིག་འདུག   

   ང་རང་ལོ་ན་བཅུ་གཉིས་ཙམ་ལ་སོན་དུས་ཡབ་ཆེན་དང་ངའི་དགེ་རྒན་སོགས་ཀྱིས་གྲོས་བྱས་ནས།  ང་རང་ཡུལ་བ་ནས་ཕལ་ཆེར་སྤྱི་ལེ་སུམ་ཅུའི་མཚམས་ན་ཡོད་པའི་བཅའ་སྡོད་སློབ་ཆུང་ཞིག་ཏུ་བསྐྱལ།  ང་རང་གི་སློབ་སྦྱོང་ནི་སློབ་གྲོགས་རྣམས་ཀྱི་རྩེ་གྲས་སུ་ཆགས།   ཡིན་ནའང་སློབ་མ་མ་རབས་རྣམས་ཀྱི་བརྙས་བཅོས་དང་ཡབ་ཆེན་དྲན་པའི་གདུང་བ་ཡིས་སྡོད་དཀའ་བ་ཞིག་བྱུང་།  ལོ་གཅིག་དང་ཕྱེད་ཙམ་འགོར་རྗེས་སློབ་མ་ཞིག་དང་ངེད་གཉིས་མཐུན་པོ་མ་བྱུང་།   དེ་ཡང་ཟ་མ་ལེན་པའི་སྔ་ཕྱི་བརྩད་པ་རེད། ངོ་མ་བཤད་ན།  དེ་དུས་སློབ་མ་རྣམས་ཀྱི་ཕོ་བ་ལྟོགས་བཞིན་ཡོད་པས། སྔ་གཞུག་ཙམ་ཡང་ཧ་ལས་པ་འཕྲོག་རྩོད་བྱེད།   ཁོ་ངའི་སྔོན་དུ་བཙན་གྱིས་འཚང་ནས་ཟ་མ་བླངས་པར་མ་ཟད།  འགྲོ་ཁར་ཉུང་ཙམ་ངའི་སྟེང་ལ་འཕོ་སོང་།  དེ་ནས་ངས་ཁོ་མནན་ཏེ་མིག་ནང་ལ་ཁུ་ཚུར་འགའ་བཞུས་པ་ཡིན།     རྗེས་ཀྱི་གཟའ་ཉི་མ་ཞིག་ལ་ཁོས་ཕ་ཡུལ་གཅིག་པའི་སློབ་གྲོགས་མང་བོ་ཞིག་་ཁྲིད་ནས་ཡོང་སྟེ།  ངའི་སྟེང་ལ་ལག་རུབ་རྐང་རུབ་བྱས།  ལན་དུ་ང་རང་གསོད་ལ་ཁད་ཅིག་བྱས་སོང་།   གནས་ཚུལ་དེ་རིམ་བཞིན་ཡབ་ཆེན་གྱིས་ཐོས་ནས། ཉིན་ཞིག་ངེད་ཚང་གི་རྟ་རྒན་ནག་ལྡང་ཞོན་ནས་ཆེད་དུ་ང་རང་ལེན་དུ་ཡོང་།   དགེ་རྒན་ལ་ཉིན་འགར་གནང་བ་ཞུ་བ་ལྟར་བྱས་ཀྱང་།    དོན་ལ་ང་རང་གི་ཡོད་ཚད་ཁྱེར་ནས་ཕྱིར་མི་ཡོང་བར་འཆར་གཞི་འཐེན་སོང་།  ཁོས་དེ་ལྟར་མི་བཤད་ཀྱང་།  ཁོའི་ཚུགས་ཀ་ལས་ངས་གསལ་བོར་ཤེས་སོང་།  ལམ་བར་ཞིག་ནས་ཁོས་ཁྱོད་འདི་རུ་བསྡད་ན་ཅིག་གིས་གསོད་རྒྱུ་རེད།  ད་ནི་སློབ་གྲྭར་འགྲོ་མི་དགོས་ཟེར།   དེ་དུས་བསམ་བློར་ཆེར་གཏོང་མི་ཤེས། ཡིན་ནའང་དེ་མ་ཐག་སེམས་ལ་དགེ་རྒན་དག་ཤར་ནས་སྐྱོ་བ་ལྟ་བུ་ཞིག་ལངས་སོང་། དེ་ནི་དགེ་རྒན་འགས་ང་ལ་ཧ་ཅང་གཅེས་པས་ཡིན་པ་འདྲ།    གནས་སྐབས་ཡུལ་ལ་འགྲོ་བའི་སྤྲོ་སྣང་གིས།  མང་བོ་མ་བསམ་པར།  ཡབ་ཆེན་གྱི་རྟའི་འཕོང་ལ་འབྱར་ནས་ཡུལ་དུ་ལོག    དེ་ནས་བཟུང་ཡང་བསྐྱར་ཟོག་རྫི་དཔེ་མེད་ཅིག་བྱེད་པའི་འགོ་བརྩམས་སོང་།    སྟོན་ག་ཞིག་ལ་ང་རང་ལ་བོད་ཡིག་དགེ་རྒན་གྱིས་ཆེད་དུ་འཕྲིན་ཡིག་ཅིག་བསྐུར་ནས་ཐོན།  འཕྲིན་ཡིག་ནང་དུ་ཁྱོད་རང་ངེས་པར་དུ་སློབ་གྲྭར་འགྲོ་དགོས།  ང་རང་ཁྱོད་ལ་རེ་བ་ཡོད།  ཁྱོད་ཀྱི་འཛིན་གྲྭ་ལོ་རིམ་བཞི་བར་འཕར་ཡང་། ཁྱོད་ཀྱིས་རྒྱུགས་ལེན་མི་དགོས་པར་བླངས་ཆོག་ཟེར་བ་ཞིག་བྲིས་པ་ཡོད་པ་གསལ་བོར་ཡིད་ལ་དྲན།     དེ་དུས་ངའི་སེམས་ནང་དུ་ཡབ་ཆེན་ལགས་ཀྱིས་ཅི་ཟེར་ན་དེ་ལྟར་བྱ་བསམ་ཡོད་མོད། ཁོང་གིས་ཅིག་གིས་མི་གསོད་ན་ཡང་།  མྱིག་ཕུད་རྒྱུ་རེད་ཟེར་ནས་ང་རང་སློབ་གྲྭར་མངགས་མ་བྱུང་།

   སྐབས་ཤིག   ལོ་གསར་ལ་ཐོན་ལ་ཉེ་སྐབས།  ཡབ་ཆེན་ལགས་རྫོང་མཁར་དུ་ལོ་སར་གྱི་ཚོང་རྒྱག་ཏུ་སོང་།  ཕ་ཡུལ་ནས་རྫོང་མཁར་བར་སྤྱི་ལེ་སུམ་ཅུ་ལྷག་ཡོད།   ཁོས་རྒྱུན་དུ་ངེད་ཚང་གི་རྟ་རྒན་ནག་ལྡང་ཞོན་ནས་ཚོང་ལ་འགྲོ་བཞིན་ཡོད་ལ།    ངེད་མིང་སྲིང་ཚོ་རང་ཁྱིམ་གྱི་འགྲམ་གྱི་རྔམ་ཁ་དེར་འཚོགས་ནས།  ལུང་མདོ་དེ་རུ་ཁོ་ཕྱིར་ཡོང་བར་ནམ་རྒྱུན་ངང་སྒུག་གནང་བཞིན་ཡོད།     ཁོ་ལུང་མདོ་དེ་ནས་ནག་ཡོར་རེ་བུད་དུས། ད་གཟོད་ངེད་ཚོ་ཁོའི་སྔུན་ལ་སུ་མགྱོགས་འགྲན་ནས་རྒྱུག་གིན་ཡོད་པ་རེད།   ཡབ་ཆེན་ལགས།  རང་ཁྱིམ་དུ་འབྱོར་རྗེས།  ཅི་ཞིག་གིས་ཡོངས་སུ་གང་ནས་གཏོས་པའི་ཏ་ལེན་འགྲམ་ལ་བླངས་ནས།   ང་ཚོར་ཉོས་པའི་ལོ་གསར་གྱི་གོན་པ་རེ་རེ་ནང་ནས་བླངས་ཏེ།  ཡ།  འདི་ཁྱོའི་ཡིན། གན་འདིའི་ཡིན་ཟེར་གྱིན་རེ་རེ་བཞིན་སྟེར་གིན་ཡོད་པ་དང་།    ང་ཚོར་རང་གི་གོན་པ་མ་བྱིན་བར་དུ་སེམས་ནང་དུ་ས་འཕྲུག་ལྟ་བུ་ཞིག་ལངས་ནས་སྡོད་ཚུགས་ཀྱིན་ཡོད་པ་མ་རེད།  ང་ལ་འབུར་གཟན་འཁམ་ནག་ཅིག་བླངས་ནས་འདི་ཁྱོའི་ཡིན་ཟེར་བས།  སྐབས་དེར་ང་རང་ད་དུང་གྲྭ་བའང་མིན་ལ།  མགྱོགས་པོར་གྲྭ་བ་བྱེད་པའི་འཆར་གཞི་ཡང་ཅང་མེད་པས།  ངས་ཁོང་གིས་ང་ལ་ད་ལོའི་ལོ་གསར་སྐབས་སུ་གོན་རྒྱུའི་རྒྱ་ལྭ་དཔེ་མེད་ཡག་པ་ཞིག་ཉོས་ཡོང་བར་བསམ་སྟེ་ངང་སྒུག་བྱས་དྲགས་པས།    ཡིད་མ་ཚིམས་པར་ཉལ་ནས་ངུས་པ་ཡིན།    ཨ་མས་ཀྱང་དེ་ཤེས་ནས།  ཞི་ལི་གྲྭ་བ་མ་བྱས་པར། གཟན་འདི་གོན་ནས་ལོ་སར་དགོས་པ་འུ་རེད་ཅེས།  རེབ་འདིར་ཡབ་ཆེན་ལགས་ལ་ལེ་བདའ་དཔེ་མེད་གནང་སོང་།   ཁོང་གིས་རང་གི་ནོངས་པ་ཅི་ཞིག་ངོས་ཟིན་པ་བཞིན། ཁ་རོག་གེར་ཅི་ཡང་མི་གསུངས།   ཕྱི་ཉིན་སླར་ཡང་ང་ལ་གོན་པ་ཉོ་བར་རྫོང་མཁར་ལ་བུད་སོང་།  སྐབས་དེར་ང་རང་ནོངས་འགྱོད་སྐྱེས།  ང་རང་མ་ངུས་པར་བསྡད་ཡོད་རྒྱུ་ན།  སུས་ཀྱང་ཤེས་ཡོད་པ་མ་རེད་བསམ། ཁོང་ལ་འོ་བརྒྱལ་གཏད་སོང་སྙམ་ནས་ཉིན་གང་བོར་ལུག་རྫི་ནས་སེམས་མ་སྐྱིད།   ཁོང་གིས་ང་ལ་གོང་སྡོམ་དང་བཅས་པའི་ནུབ་ལ་ཆ་ཚང་ཞིག་དང་། ད་དུང་ཞྭ་མོ་དང་ལྷམ་དང་བཅས་ཉོས་ནས་ཐོན།  ང་ལ་འོ་ཞིག་བྱས་ནས་དེ་དག་གོན་དུ་བཅུག    ད་ནི་མིང་སྲིང་དང་བཅས་པའི་ཁྱིམ་འཚེས་གཡས་གཡོན་ཐམས་ཅད་ཀྱི་བྱིས་པའི་ཁྲོད་ན།  ངའི་འཕྱོར་ཞིག་མེད་པས།  ངས་དེ་དག་གོན་ནས་ཉམས་སང་དཔེ་མེད་པ་བརྒྱབ།   གཡག་རྒན་འགའ་དེད་ནས་སྟོན་སའི་ལུང་བར་སོང་བ་དང་།  ངའི་ཉམས་སྣང་མིན་ན།  ལམ་བར་ནས་སྡེ་མི་ཐུག་ཚད་ཀྱིས་ང་ལ་ཅིག་ལྟ་བ་འདྲ།   གཡག་རྒན་ཚོ་དེད་ནས་ཡར་ལྡིང་མར་ལྡིང་བྱས་ནས།  ངའི་རྐང་འོག་ན་ས་ཡང་མེད་པའི་ཚོར་སྣང་བྱུང་།   གོན་པ་གསར་བ་ཆ་ཚང་གོན་པའི་དགའ་སྣང་གིས། ཆད་སྣང་ཟེར་བ་ཞིག་ག་ལ་ཡོད།  ལམ་ཐག་རིང་བོ་དེ་ཡང་ཧ་ཅང་ཐུང་སྙམ་འཆར།   བྱིས་དུས་ཀྱི་སྤྲོ་སྣང་དེ་ནི་ད་ལྟ་དྲན་ན་བསམ་ལས་འདས་པ་ཞིག་རེད་འདུག  

   ནམ་ཞིག་ཡིན་པ་ངས་མི་ཤེས།  ངའི་སྐད་ཆ་གོ་ཙམ་ཞིག་ནས་ཡབ་ཆེན་ལགས་ཀྱིས་ང་རང་གྲྭ་བ་བྱེད་དགོས་ཟེར་གྱིན་འདུག   དེ་དུས་ཅི་ཡང་མི་ཤེས།       གྲྭ་བ་བྱས་ན་སྐྱིད་ཨང་སྙམ་པ་ཞིག་ནམ་རྒྱུན་ཡིད་ལ་འཆར། དེ་བས་བྱིས་དུས་ནས་ཁ་ནང་དུ་སུ་ལ་ཐུག་ན། ང་རང་གྲྭ་བ་བྱེད་རྒྱུ་ཡིན་ཞེས་པ་ཞིག་ལོབས་སོང་། ང་རང་སློབ་བྱོལ་བྱས་པའི་རིང་དུ།  ཡབ་ཆེན་ལགས་ཀྱིས་ང་ལ་འདོན་ཆོག་སྣ་ཚོགས་བསླབས་འགོ་བརྩམས་སོང་།  ངས་ཀྱང་ནམ་རྒྱུན་ལུག་རྫིར་སོང་ནས་འདོན་ཆོག་དག་གཤར་སྦྱོང་བྱས།     ལུག་ཁྱུ་རྣམས་རི་ལ་བཀྲམ་རྗེས། ད་གཟོད་འདོན་ཆོག་གི་དཔེ་ཆ་བླངས་ནས་སྐད་འགག་རག་བར་དུ་གཤར་གྱིན་ཡོད།  སུ་ཚང་གི་ཨ་མཆོད་ཅིག་ལྟར་དབྱངས་རྟ་དང་བཅས་འདོན་གྱིན་ཡོད་པས།  ལན་རེར་རང་ཉིད་ཀྱི་ཚུགས་ཀ་རང་ཉིད་ཀྱིས་མཐོང་ནས། ཁེར་དགོད་བསྲན་མི་ཐུབ་པ་རེ་འབྱུང་།  ལོ་ངོ་གཉིས་གསུམ་ཞིག་ལ་དེ་ལྟར་རྫི་བོ་དང་འདོན་ཆོག་པ་མཉམ་དུ་བྱས་ནས་འདོན་ཆོག་ཕལ་མོ་ཆེ་བསླབས་ནས་ཚར་སོང་།  མང་བོ་ཞིག་བློ་ལའང་ཤར་ཤར་དུ་འགྲོ།  ད་དུང་ལོ་རེ་བཞིན་ཏིང་འཕགས་སྐལ་གསུམ་དང་གཟུངས་བསྡུས་དག་ཚར་རེ་ཁྱིམ་གྱི་རིམ་གྲོར་འདོན་པ་ནི་ངའི་འགན་ལྟ་བུ་ཡིན། དེ་ལྟར་བྱས་པས་ངའི་ཡིག་ཆོད་དང་ཀློག་འདོན་གྱི་ནུས་པ་ཚད་གཞི་ངེས་ཅན་ཞིག་ལ་སླེབས། ཡབ་ཆེན་ལགས་ཀྱང་ཐུགས་ཡིད་རབ་ཏུ་ཚིམས་བཞིན་ཡོད།    ཡབ་ཆེན་ལགས་ནམ་ཡང་བླ་མ་སུའི་མདུན་དུ་དབང་ལུང་མན་ངག་སོགས་བཀའ་ཆོས་གསན་དུ་འགྲོ་དུས།  བྲོ་ཁ་ཞིག་དང་ལྷན་དུ་ང་རང་གཅིག་པུ་ཁུ་སིམ་མེར་རྗེས་ལ་ཁྲིད་ནས་འགྲོ། ཐ་ན་ཡུལ་དུ་ལུག་རྫི་མེད་ནའང་སྣང་དོགས་མི་བྱེད། ངའི་ཆོས་ལ་ཉན་རྒྱུ་དེ་ཁོང་གིསཧ་ཅང་གལ་ཆེན་པོ་དཔེ་མེད་བྱེད། དེ་ལྟར་ང་རང་ཆུང་དུས་ནས་ཡབ་ཀྱི་སྐུ་དྲིན་ལས་ཡོངས་འཛིན་རིན་པོ་ཆེ་དང་གཡེར་གཤོང་ཆོས་པ་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་མང་བོ་ཐོབ།ཁོང་གིས་ང་རང་ལ་རེ་བ་ཆེན་པོ་འཛིན་གྱིན་པ་དྲན། 

   དེ་ལྟར་ལུག་རྫི་བྱེད་ཞོར་དང་འདོན་ཆོག་དག་གཤར་ཞོར་དུ་ཤེས་མེད་ཚོར་མེད་ངང་ང་རང་ལོ་བཅུ་དྲུག་ལ་སོན།   ད་གཟོད་ང་རང་ཕོ་ཉམས་རིམ་པར་ཐོན་གྱིན་ཡོད་པ་འདྲ།    བུད་མེད་རྣམས་ལའང་མིག་ཟུར་གྱིས་ལྟ་ན་འདོད་པ་ཞིག་བྱུང་།   ག་ཤེད་ཅིག་ནས་ན་ཆུང་མ་ཞིག་གིས་ཟུར་མིག་མཐོང་བ་ན།  སྙིང་ཆུང་ཕུག་ནས། ཡུལ་ལ་ལོག་ཀྱང་རང་སེམས་ཕྱི་རུ་འཆོར་བ་ལྟ་བུ་རེའང་འབྱུང་།  ཕོ་མོ་རེ་ཟུང་སྣང་བ་མཐུན་ནས། རི་ཁུལ་གང་ཞིག་ན་གཤིབས་ནས་འགྲོ་དུས།  དེ་གཉིས་སྐྱིད་ཨང་རེ་ཡང་སྙམ།   དེ་ལྟར་ཤེས་མེད་ཚོར་མེད་ངང་ལོ་ཟླའི་འཁོར་འགྲོས་ཀྱི་དབང་གིས། འཇིག་རྟེན་སྣང་བའི་མཐུན་འཇུག་གི་འདོད་པ་དལ་གྱིས་རྒྱས་པའི་གསར་བུ་ཆུང་ཆུང་ཞིག་ཏུ་གྱུར་བས།  ཡབ་ཆེན་ལགས་ཀྱིས་ང་རང་ལ་ལྟ་རྟོགས་ནན་པོ་གནང་བ་དང་།  ནམ་རྒྱུན་ཁྱོད་རང་གྲྭ་བ་བྱེད་དགོས་པ་རེད་ཅེས་ང་ལ་ཁ་ཏ་སློབ་གསོ་དང་། གསལ་འདེབས་ཡང་ཡང་ཞུ། དེ་དུས་སེམས་ཤིག་ནས་ཡབ་ཆེན་ལགས་ཀྱི་སྐད་ཆ་དེ། དང་ལེན་དེ་འདྲ་བྱེད་ཀིན་མེད་པ་འདྲ་མོད། ང་རང་ཡབ་ཆེན་ལགས་ལ་ཧ་ཅང་སྐྲག་པས།  སྦྲ་འདབས་སུ་རས་གུར་ཆུང་ཆུང་ཞིག་ཕུབ་ཡོད་པ་དེའི་ནང་དུ་ནམ་རྒྱུན་གྲྭ་བ་བཞིན་ཉལ་གྱིན་ཡོད་པ་རེད།  

   དེ་དུས་ང་དང་ཕལ་ཆེར་ན་ཚོད་མཉམ་པ་མང་བོ་ཞིག་དགོང་མོར་སླེབས་དུས། མགོ་སྐོར་དང་གློག་རིང་རེ་བཟུང་ནས་བཟོ་ལྟ་དཔེ་མེད་པ་སྟོན། མཚན་གང་བོ་གང་ཞིག་ལ་སོང་ནས་ཁོམ་གིན་མི་འདུག     ཁོ་ཚོ་རེ་གཉིས་ངའི་གམ་ལ་བཅར་ནས་ལབ་ཐུང་ཐུང་རེ་ཡང་རྒྱག   འགྲོ་ཞོར་དུ། གསར་བུ་ཞིག་ལ་མི་རིག་པར་ཅི་བྱུང་སོང་ངམ་ཞེས་ང་ལ་ཚིག་མདོང་གིས་རྒྱག་པར་ཡང་བྱེད།   འགའ་རེར་དོན་ངོ་མ་ཅིག་ཡོད་པའང་འདྲ་སོང་།   དགོང་མོ་ཞིག་ལ་ངས་ཀྱང་མིག་ཟུང་བཙུམས་ནས་ཚོད་ལྟ་ཞིག་བྱ་བསམ་སོང་། ཕ་རྒན་གཉིད་དུ་ཡུར་རྗེས།  དལ་མོར་རྐང་འཇབ་ལག་འཇབ་ཀྱིས་རས་གུར་གྱི་སྒོར་བུད་དེ།  སྔོན་ནས་དུས་ཆད་བྱས་པའི་གསར་བུ་འགའ་དང་མཉམ་དུ་ཁ་རོག་གེར་བྲོས་ནས་སོང་བ་ཡིན།   ཁོ་ཚོས་རི་ལུང་ཞིག་བརྒྱུད་དེ་ཅིག་ལ་ཁྲིད་ཁྲིད་ནས།    ང་རང་བུད་མེད་ཅིག་གི་གམ་ལ་མངགས་སོང་། ཁ་ཕྱོགས་ཅི་ཡང་མེད་པར་མོའི་རུམ་ལ་འཛུལ་ཁུལ་བྱས་ནས་ནམ་ཕྱེད་ལོན་པ་ཙམ་ལ་བསྡད། བུ་མོ་དྲིན་ཅན་མ་ཞིག་རེད།  ང་རང་གྲང་དུ་མ་བཅུག་པར་རུམ་ཡག་པོ་བྱས་ནས་ཅིག་གི་ཚུགས་ཀ་བཏོད་ན་ཡང་།  དེ་དུས་སྟག་ཤར་བ་ཞིག་ལ་དགོས་པའི་སྙིང་སྟོབས་དང་གྲ་སྒྲིག་སོགས་ཅི་ཡང་མི་འདུག་པས།  སྙིང་ཡང་སྒོག་གེ་སྒོག་གེ་འདུག   ཁུ་སིམ་མེར་འགུལ་ཙམ་ཡང་བྱེད་མ་ཐུབ་པར་བསྡད་པ་ཡིན། བར་སྐབས་ཤིག་ལ་ཅུང་གྲང་སྣང་སྐྱེ་བས།    དེ་ལ་ཁག་བཞག་ནས་ཡར་ལངས་ཏེ་ཕྱིར་ལམ་ཐག་རིང་བོའི་ཡུལ་ལ།  སྨག་ནག་བརྒྱུད་ནས་གཅིག་པུ་ཧ་ཅང་སྐྲག་བཞིན་ལོག་པ་ཡིན། དགོང་མོ་དེར་ལག་ན་གློག་ཡང་མེད་པས་སྐྲག་ནས་ཅིག་བྱུང་ལ་ཁད་ཟིག་བྱས་སོང་།  ཕྱི་ཉིན་ཡབ་ཆེན་ལགས་ཀྱིས་ཤེས་ཏེ་ང་ལ་བཀའ་བཀྱོན་དྲག་པོ་གནང་སོང་།     

    ངའི་སེམས་སུ་ང་རང་གྲྭ་བ་བྱེད་མིན་སོམ་ཉི་ཡོད་པའི་སྒང་ཞིག་ལ། བསམ་ལོངས་དྲན་ལོངས་མེད་པར་གློ་བུར་དུ་ཡབ་ཆེན་ལགས་ཀྱིས་ང་རང་དགོན་པར་འགྲོ་ཞེས་ཁྲིད་ནས་དེར་གྲྭ་བ་བྱེད་དུ་བཅུག་སོང་།  ཐོག་མར་སེམས་ལ་འགྱོད་སྣང་ལྟ་བུ་ཞིག་ཀྱང་འོང་། གསར་བུ་ཉན་ལ་ཁད་ཙམ་དུ་གློ་བར་དུ་མདུན་ལམ་བརྗེས་སོང་བས།  དང་བོ་གྲྭ་ཆས་གོན་མ་ཤེས་པར་མི་ལོབས་པ་ཞིག་ཀྱང་བྱུང་། ལྷག་ཏུ་ཆབ་གསང་བྱེད་དུས། གྲྭ་བ་གཞན་དག་བཞིན་ཙོག་ནས་བྱེད་མ་ཤེས་པས།  ནམ་རྒྱུན་གཅིག་པུ་དགོན་པའི་འགྲམ་གྱི་ལུང་ཀྱོག་ནང་ཞིག་ལ་སོང་ནས།  ཤམ་ཐབས་མགོ་བརྫིས་ནས་ཡར་ལངས་སྟེ་ཡིད་ཚིམས་པ་ཞིག་ཆབ་གསང་བྱས་པ་ཡིན།  རིམ་བཞིན་གང་ལའང་ཅུང་ལོབས་ནས་ལུས་སེམས་གཉིས་གྲྭ་བའི་ནང་དུ་ཚུད་ཐུབ་པ་བྱུང་། ཡབ་ཆེན་ལགས་ཀྱིས། མ་འགོར་བར་ང་ལ་གྲྭ་ཤག་ཆུང་ཆུང་ཞིག་ཀྱང་ཉོས་སོང་།   ཆོས་ཐོག་སོགས་ཀྱི་སྐབས་སུ་ལན་རེར་ཁོ་རང་ངའི་གམ་ལ་ཡོང་ནས་འདུག   ང་ལ་བལྟས་ནས་ཁོ་རང་ཡིད་ཧ་ཅང་ཚིམས་བཞིན་འདུག      

   ང་རང་ལོ་ན་ཉི་ཤུ་སོན་ཙམ་ཞིག་ལ། གློ་བུར་དུ་སློབ་སྦྱོང་དུ་ག་ཤེད་ཅིག་ལ་འགྲོ་སྙིང་རབ་ཏུ་འདོད་སོང་།  ཡབ་ཆེན་ལགས།  རང་གི་བུ་ལ་སློབ་གསོ་བརྒྱབ་ནས་མང་བོ་ཞིག་བཤད་པར་མི་དགའ། ཡིན་ནའང་། ཁོའི་ཐུགས་ལ་ཅུང་མ་སོང་ན། ངོ་སྡུག་དཔེ་མེད་པ་འཛིན།  དེས་རྩ་བ་ནས་ང་རང་ཐུབ་པར་བྱས་འགྲོ།   ཐེངས་འདིར་ང་རང་ཆེད་དུ་རང་གི་སློབ་སྦྱོང་གི་ཕྱོགས་ནས།  ཡབ་ཆེན་ལགས་ལ་གྲོས་ཀ་ཞིག་བསྡུར་དུ་སོང་བ་ཡིན། ལམ་རིང་བོར་ཐེ་ཚོམ་གྱིས་ཁེངས་ནས་སོང་།  ཁོའི་མདུན་ལ་ཐོན་རྗེས་རང་གི་ཞེ་འདོད་དག་སྦ་གསང་མེད་པར་ཡོངས་སུ་ཁོང་ལ་ཞུས། ཐོག་མར་ཁོས་ཅི་ཡང་མི་སྨྲ་བར་བསམ་བློ་ཡུན་རིང་ལ་གཏོང་།   དེ་ནས་འདང་ཅི་ཞིག་ཕོག་པ་བཞིན།  གཞི་ནས་ཐུགས་མོས་ཆེན་པོ་གནང་སོང་།  ཡབ་ཆེན་ལགས་ཀྱིས་ཆེད་དུ་མང་བོ་མི་གསུངས་ཀྱང་། ཁོང་གིས་རང་གི་བུ་རྒྱུད་ལ་རེ་བ་ཞིག་སེམས་ལ་འཆང་ཡོད་པ་ངས་ཤེས་ཡོད།    དེ་ནི་གྲོང་ཁྱེར་དང་འཛམ་གླིང་བསྐོར་ནས་ཅིག་ལ་འགྲོ་རྒྱུ་དེ་མ་ཡིན་པར།  རང་གི་འཚོ་བ་ལ་བདག་པོ་རྒྱག་རྒྱུ་དེ་ཡིན།  དེ་བས་ཐེངས་འདིར་ཁོང་གིས་དགོངས་ཁྲོལ་ཐོབ་པས།  ང་རང་ཧ་ཅང་དགའ་དྲགས་ནས་བྱིས་པ་བསམ་མེད་ཅིག་ལྟར་གནམ་ལྡིང་ས་ལྡིང་གིས་ཅི་བྱེད་འདི་བྱེད་བྱ་མི་ཤེས་པ་ཞིག་ཆགས་སོང་།  སྔོན་གྱི་ལས་སྨོན་ཅུང་ཙམ་བཟང་བའི་དབང་གིས། ཉིན་དེ་ནས་བཟུང་ང་རང་སླར་ཡང་སློབ་སྦྱོང་གི་ལམ་དུ་ཆས་ཐུབ་པ་བྱུང་སོང་། ཕྱིས་སུ་ང་རང་རྭ་རྒྱ་དང་བླ་བྲང་།   ལྷ་ས། ལན་ཀྲུའུ་སོགས་སུ་རིམ་པར་སློབ་གཉེར་བྱས།   ཁོ་རང་ལོ་ན་བགྲེས་ནའང་ང་གང་དུ་སོང་ན་དེར་སྐོར་རྒྱག་ཏུ་ཐོན།   རང་གི་ལས་དང་བསོད་ནམས་ཀྱིས་མ་ཐེགས་པར།  བར་སྐབས་ཤིག་ལ་ང་རང་གྲྭ་བ་མ་ཉན་པར། ཡབ་ཆེན་ལགས་ཀྱིས་ངའི་དོན་ལ་ཞེ་གཅོང་ཚད་མེད་པ་མྱངས།   ཉིན་འགའ་ལ་ཟོས་ཀྱང་མ་ཟོས་པར་ངུས་ནས་བསྡད།  ངའི་དོན་ལ་ཁོ་རང་ཡང་བསྐྱར་ཉི་མ་ལྷ་སར་ཐོན།  ལྷ་སའི་མེ་འཁོར་ས་ཚུགས་སུ་སྐྱ་ཆས་གྱོན་པའི་ངའི་ཚུགས་ཀ་མཐོང་ནས། ཁོའི་མིག་ཆུ་རང་དབང་མེད་པར་བཞུར།  ངའི་ཁོང་གི་རེ་བ་ཆེ་ཤོས་ཆུད་སོས་སུ་བཏང་ཡོད་པ་བསམས་ནས།  ཁྲེལ་མེད་པའི་རང་ཉིད་ཤི་སོང་ནའང་བསམ།      རེབ་འདིར་ངས་ཁོ་རང་ཁྲིད་ནས་གང་སར་གནས་མཇལ་ཞིག་བྱས། ཇོ་བོ་ཆེན་པོའི་མདུན་ནས་ངེད་གཉིས་ཀས་མཉམ་དུ་སྨོན་ལམ་བཏབ་ནས་ཐོད་པ་གཏུག    བཙན་པོའི་རྒྱལ་ས་ཕོ་བྲང་པོ་ཏ་ལའི་མདུན་ནས་ཕ་བུ་མཉམ་འཛོམས་ཀྱི་འདྲ་པར་ཞིག་ཀྱང་བླངས།   ཡིན་ནའང་ཐེངས་འདི་ནི་ཡབ་ཆེན་ལགས་ཆེས་མཐའ་མཇུག་གི་ཉི་མ་ལྷ་སའི་མཇལ་སྐོར་དེ་ཡིན་པ་སུ་ཡིས་ཤེས།   

    ལས་དབང་གི་འབྲེལ་བ་ཟེར་བ་འདི་ངོ་མ་ཧ་ལས་པ་ཞིག་རེད།  ཁོ་རང་གི་སྐུ་གཟུགས་མི་བདེ་བ་ཞིག་བྱུང་དུས།  ང་གང་དུ་ཡོད་ཀྱང་ནམ་རྒྱུན་རྨི་ལམ་མཚར་བོ་ཞིག་རྨི།   ཁོའི་ཁ་བཏོན་རླུང་གིས་ཁུར་སོང་བ་དང་། ངའི་སྟེང་ལ་ཞལ་ནག་རོག་གེར་ཧ་ཅང་སྙིང་དགའ་གི་མེད་པ་ཞིག་རྨི།     དེ་དུས་ཁོ་རང་གི་སྐུ་གཟུགས་བདེ་ཐང་མི་ཡོང་བར་ངས་ཐག་བཅད་ཆོག་པ་ཡིན།        ང་རང་འཚོ་ཚིས་ཀྱི་ཆེད་དུ་བརྡ་རྟགས་མེད་པའི་ཡུལ་ཞིག་ནས་ཟླ་བ་གཅིག་ལ་བསྡད།  དགོང་མོ་ཞིག་ལ་ཁོ་རང་ངའི་རྨི་ལམ་ལ་རྨིས་བྱུང་།   ཁོས་རང་གི་ཁ་བཏོན་འདོན་སྐབས་ཤོག་བུ་རེ་རེ་བཞིན་གང་སར་རླུང་གིས་ཁུར་ནས་སོང་བ་ཞིག་རྨིས།    ང་རང་གཉིད་སད་མ་ཐག་ཁོ་རང་ལ་ཅི་ཞིག་བྱུང་སོང་སྙམ་སྟེ་སེམས་གཅོང་གིས་མཚན་གང་བོར་ངུས།   ཕྱི་ཉིན་སྔ་མོ་ནས་ང་རང་ཆེད་དུ་བརྡ་རྟགས་ཡོད་ས་ཞིག་ཏུ་སོང་ནས་ཁ་པར་གཏོང་དུས།  ཡབ་ཆེན་ལགས་ལ་དངོས་གནས་བསྙུང་གཞི་ལྕི་མོ་བྱུང་འདུག   ང་རང་དེ་མ་ཐག་མགྱོགས་པོར་ལམ་ལ་ཆས་པ་ཡིན།   ཁོ་རང་ནད་ཁྲིའི་སྟེང་ན་ཡོད་པ་མཐོང་དུས།  ངའི་མིག་ཆུ་མི་ཁོག་པ་ཞིག་བྱུང་།  རང་དབང་མེད་པར་ཁོ་ལ་འཐམ་ནས་ཁོའི་གང་སར་འཕུར་འཕུར་བྱས་ནས་རེག་པ་ཡིན།  དུས་དེ་ནས་བཟུང་བརྩེ་བའི་ཡབ་ཆེན་དམ་པ་ལགས།  ནད་གཞིའི་མགོ་བཟུང་ནས་ལོ་བཅུ་ཕྲག་ཙམ་ལ་ཉལ་སའི་ནང་དུ་སྡོད་དགོས་པ་བྱུང་སོང་།  ཡབ་ཆེན་ལགས། ལན་རེར་ནད་ཚིགས་ཟོས་ནས་མི་སུའི་ཁ་ལ་ཡང་མི་ཉན་ན་ཡང་།  ནམ་ཡང་ངའི་ཁ་ལ་ཧ་ལས་པ་ཉན།   ང་རང་ཁོའི་གམ་ལ་སླེབས་དུས་ད་གཟོད་སེམས་བདེ་ལ་བབ་ནས་ཞལ་བརྡ་གནང་།  ད་ནི་ཁྱོད་རང་གཞན་ལ་འགྲོ་མི་དགོས་པ་ཟེར་ནས་སྙིང་རྗེ་བའི་ངང་ང་ལ་ཡང་ཡང་འདྲི།   ངེད་གཉིས་ལན་རེར་བྱིས་པ་ཞིག་ལྟར་ཕན་ཚུན་ལ་གཡེར་བག་དང་གཅེས་གཅེས་བྱེད་ཀྱིན་ཡོད།  ཁོའི་རྣ་བ་དེ་འདྲ་གསང་བོ་མིན་པས། ངས་ཁོ་ལ་ནམ་རྒྱུན་སྐད་གསེང་མཐོན་པོས་ཁ་བརྡ་བྱས།  ཁོས་ཀྱང་ངའི་ཁ་བརྡ་ལ་ཧ་ཅང་གཟབ་ནན་གྱིས་ཉན་གི་ཡོད།    རིམ་བཞིན་ཁོའི་ལུས་པོ་ཧ་ཅང་སྐྱོ་བོ་ཆགས་སོང་།   

   ཁོ་རང་ན་ཡུན་རིང་སོང་བས། ང་ལ་ཞེད་སྣང་ཞིག་ཀྱང་འདུག   ངས་ལན་རེར་ལས་འབྲས་ཀྱི་རིམ་པ་རེ་ཤེས་ཚོད་ཀྱིས་ཁོ་ལ་བཤད་ནས། ཁོའི་དད་པའི་སེམས་བརྟན་པོར་ཆགས་པའི་རམ་འདེགས་ཞུས་པ་ཡིན།  ཁོས་ཧ་ཅང་གཟབ་ནན་གྱིས་ཉན་ཏེ་ཅི་ཞིག་གོ་སོང་བ་བཞིན། དབུ་ལྕོག་ལྡེམ་ལྡེམ་གནང་ནས་བསམ་བློ་གཏོང་།   ངས་ཀྱང་ནམ་རྒྱུན་ཁོ་རང་ལ་ཆོས་ཕྱོགས་ཀྱི་བསམ་བློ་གཏོང་སྟངས་དང་སྨོན་ལམ་རྒྱག་སྟངས་རེ་ཡང་ངེད་གཉིས་ཁ་བརྡའི་ཁྲོད་དུ་ཡང་ཡང་གསལ་འདེབས་ཞུས།   ཁོས་ཧ་ཡོངས་སུ་གོ་སོང་བ་འདྲ།  ཁོའོ་མིག་མདངས་ལས་ཡོངས་སུ་ཚིམས་པའི་ཉམས་ཤིག་ནམ་རྒྱུན་མངོན།    སྟོན་མཇུག་ཙམ་ལ་ངས་རྨི་ལམ་འཇིག་པོ་དེ་སླར་ཡང་རྨིས་སོང་།   རྨི་ལམ་ལས་སྔར་ལྟར་ཁོའི་ཁ་བཏོན་གྱི་ཤོག་བུ་རེ་རེ་བཞིན་ནམ་མཁའི་སྟོང་དབྱིངས་སུ་བསྐྱོད་ནས་ཚར།  ཁོ་རང་ཞལ་ནག་རོག་གེར་ང་ལ་སྡང་མིག་ཅིག་བལྟས་ནས་བུད་སོང་།   རྨི་ལམ་སད་དུས་ད་དུང་དངོས་ཡིན་སྙམ་པ་ཞིག་བྱུང་།   ད་ནི་ཅིས་ཀྱང་དོན་དག་ཡག་པོ་རེ་མི་འབྱུང་བར་སྙམ་ནས། སེམས་ནས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས་སྐྱབས་འཇུག་ཞུས།   རང་སེམས་ནས་གྲ་སྒྲིག་བྱེད་དགོས་པ་ཐམས་ཅད་ལའང་བསམ་བློ་རེ་གཏོང་ཁུལ་བྱས།   ཉིན་འདི་འགར་ཡབ་ཆེན་ལགས་གློ་བུར་དུ་ཇེ་སྡུག་ལ་སོང་ནས་ཆུ་དང་ཁ་རེག་ཆད་སོང་།   ང་རང་ཁོ་དང་མཉམ་པོར་གཏན་ནས་ཁ་མ་བྲལ་པར་གམ་ནས་བསྡད།  དགོང་མོ་ཞིག་ལ་ཁོ་རང་ཧ་ལས་པའི་ཇེ་སྡུག་ལ་སོང་།  ངའི་ཆོས་སྒམ་ནང་ནས་རྟེན་འདུས་རུལ་བུ་བྱིན་ཅན་དག་ག་ལེར་བླངས་ནས་ཁོང་གི་ཁ་ལ་བགོས་པ་ཡིན།  ཟུངས་ཡོངས་སུ་ཟད་པའི་ཁོས་ཀྱང་ཤེས་ནས།  ཤུགས་ཀྱིས་ཞལ་གདངས་ནས་རྟེན་འདུས་བྱིན་ཅན་དེ་དག་ཁ་རེག་སོང་།   ངས་ཁོ་ལ་རང་གི་རྩ་བའི་བླ་མར་གདུང་ཤུགས་དྲག་པོས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་རྩེ་གཅིག་ཏུ་ཐོབས་དང་།  ཁོང་གིས་ཁྱོད་བསླུ་ནི་མ་རེད་ཅེས་རྣ་རྩར་གསལ་བཏབ་པ་ཡིན།  གློ་བུར་དུ་ཅི་ཞིག་གོ་སོང་བ་བཞིན་ཙོག་པུར་སློང་དགོས་པའི་ཉམས་བསྟན་པ་དང་།  ལག་པ་ཡ་གཅིག་བྲང་ཁར་སྦྱར་ནས་ཞལ་མུག་མུག་ངང་ཅི་ཞིག་གསུངས་བཞིན་གཏན་དུ་གཟིམས་སོང་།  དེ་ནི་༢༠༡༩ལོའི་སྤྱི་ཟླ་༡༠ཚེས༣༡ཉིན་རེད།  ཉིན་འདི་ནས་བཟུང་ང་རང་ཡབ་ལས་ལྷག་པའི་ཡབ་བཀའ་དྲིན་ཅན་དང་གཏན་དུ་གྱེས་སོང་བས།  མྱ་ངན་གྱི་གདུང་སེམས་དྲག་ཏུ་གཡོས།   ངས་མགྱོགས་པོར་སྐྱབས་མགོན་རིན་པོ་ཆེར་བསྔོ་རྟེན་འཕྲོད་དུ་བཅུག་པ་ཡིན།  དགོངས་ཞག་ལེགས་པར་གྲུབ་རྗེས།    ངས་ཡབ་བཀའ་དྲིན་ཅན་གྱི་རུས་པ་ཁུར་ནས་ལྷ་སར་མཇལ་སྐོར་དུ་སོང་།  ཇོ་བོ་རིན་པོ་ཆེའི་མདུན་ནས་ངས་མིག་ཆུ་དང་བཅས་ཚེ་འབར་ཞིག་སྒྲོན་ནས། གདུང་ཤུགས་དྲག་པོའི་ངང་།  ཕ་བུའི་དམ་ཚིག་གཙང་མའི་བདེན་སྟོབས་དང་།  སྐྱབས་གནས་དཀོན་མཆོག་གསུམ་པོའི་ཐུགས་རྗེ་ཡིས། ཁོང་གི་ས་ལམ་ལ་བར་ཆད་མེད་པར་མགྱོགས་པོར་མི་ལུས་གཙང་མ་ཞིག་ལོན་པར་གསོལ་བ་བཏབ་པ།ཡབ་ཆེན་ལགས་ཀྱིས།  མི་ཚེ་འདིར་ང་རང་གཅེས་པར་བསྐྱངས་ནས་མི་གྲལ་དུ་བཅུག་པས། ཁོང་གི་བླ་ན་མཐོ་བའི་རེ་བ་དང་བཀའ་དྲིན་འཇལ་ཐུབ་པའི་སྨོན་ལམ་སེམས་གཏིང་ནས་བརྒྱབ་པ་ཡིན།    

 

      ༢༠༢༡ལོའི་སྤྱི་ཟླ་༨ཚེས་༡༩ཉིན་ཡབ་ལས་ལྷག་པའི་ཡབ་བཀའ་དྲིན་ཅན་ཁོང་གི་དྲིན་གྱི་ཆ་ཙམ་མཚོན་སླད་དུ་བུ་སྣང་གྲོལ་གྱིས་རང་ཁྱིམ་ནས་ཕ་དྲན་པའི་གདུང་བ་འཕེལ་བཞིན་ཡིད་ལ་གང་ཤར་ཡིག་རིས་སུ་ཕབ་པའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
vsl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འབའ་སྣང་གྲོལ། སྤེལ་དུས:2022/5/17
བཙན་པོ་མགར་གྱི་དྲ་བའི་རྩོམ་སྒྲིག་པར་བཀའ་དྲིན་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
46468642
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1