ཧྥུ་ཁི་རྫ་ཝ་ཡོ་ཁི་ཆིས བརྩམས། ཉི་གཞོན་གྱིས་བསྒྱུར།
【ཀླད་ཀྱི་གཏམ】 རང་རེ་སྒང་པ་བོད་མིས“བཅོ་ལྔ་ཨ་ཕོས་བློ་ཕ་ལ་མི་འདྲི་ཞིང་བྲོ་མ་ལ་མི་སློང”ཞེས་ཟེར་བ་རེད།
དེ་ནི་དོན་ལ་མི་བུ་ཞིག་གིས་སྒེར་ཚུགས་ཐུབ་པའི་མཚོན་རྟགས་སུ་ངེས།
མི་བུ་རེ་རེས་ཤེས་འཇོན་གཉིས་ཆ་ནས་སྒེར་ཚུགས་ཐུབ་སོང་ན་ད་གཟོད་མི་རིགས་དེ་འཛམ་གླིང་སྒང་འདིར་ཡར་འགྲེང་ཐུབ་པ་འབྱུང་ངེས།
རང་ཚུགས་དང་། རང་སྐྱོང་། སྒེར་ཚུགས་སོགས་ནི་ཐོག་མར་མི་བུ་བྱེ་བྲག་པ་རེ་རེའི་སྟེང་ནས་མངོན་པར་བྱ་དགོས་པ་ཞིག་རེད།
དེ་ནི་ཧྥུ་ཁི་རྫ་ཝ་ཡོ་ཁི་ཆིའི་རྩོམ་ཐུང་འདིའི་དགོངས་པའི་གནད་ཀ་རེད།
ཧྥུ་ཁི་རྫ་ཝ་ཡོ་ཁི་ཆིའི་རྩོམ་ཐུང་འདི་ལས་མི་བུ་རེ་རེས་སྒེར་ཚུགས་མ་ཐུབ་ན་རྒྱལ་ཁབ་ཀྱིས་སྒེར་ཚུགས་ཐུབ་པར་རེ་བ་མེད་ཚུལ་བསྟན།
མི་བུ་རེ་རེས་སྒེར་ཚུགས་མི་ཐུབ་པའི་རྒྱུ་རྐྱེན་ནི་གཉུག་མར་གནས་པའི་གཞན་བརྟེན་སྒྱིད་ལུག་གི་སེམས་བྱུང་དེ་དབང་བཙན་སོང་བ་ལས་གཞན།
རིག་གནས་བག་ཆགས་དང་། སྤྱི་ཚོགས་ཀུན་སྤྱོད། ཆབ་སྲིད་ལམ་ལུགས་སོགས་ཀྱིས་མི་བུའི་ནང་སེམས་ཀྱི་གཉུག་མར་གནས་པའི་སེམས་བྱུང་གཞན་ཞིག་སྟེ་སྒེར་ཚུགས་འཐོབ་རེའི་ས་བོན་དེ་རྨེག་མེད་དུ་གཏོང་བཞིན་ཡོད་ཚུལ་བསྟན།
འཇར་པན་མི་རིགས་ཕྱི་ནང་གཉིས་ཆ་ནས་ཉེན་ཁའི་འགག་རྩར་ཐུག་འདུག་པའི་སྐབས་སུ། ཧྥུ་ཁི་རྫ་ཝ་ཡོ་ཁི་ཆི་སོགས་ཀྱིས་ལམ་གཅིག་མ་གཏོགས་མེད་པ་མཐོང་།
དེ་ནི་འཇར་པན་གོང་འོག་བར་གསུམ་ཕྱི་གླིང་ནུབ་ཕྱོགས་པའི་བློ་འབྱེད་ཀྱི་ལམ་དུ་འཇུག་རྒྱུ་དང་།
དེ་ཡང་འཇར་པན་ལ་མཚོན་ན་ཐོག་མའི་འཇུག་སྒོ་ཡིན་པ་བསྟན། དེ་དོན་རྩོམ་ཐུང་འདི་འདུས་པའི་ཁོང་གི་བརྩམས་ཆོས《སློབ་སྐུལ་གྱི་རབ་བྱེད》 དང《ཤེས་རིག་སྨྲ་བའི་བསྡུས་དོན》 2སོགས་ལས་གསལ་པོར་མངོན།
རྩོམ་ཐུང་འདི་རྒྱ་ཡིག་གི་དེབ་ཕྲེང་བཅུ་བཞི་ཅན་གྱི་དཔེ་ཚོགས《གཞོན་ནུའི་དཔེ་ཀློག་ལེ་ཚན》 ཞེས་པར་བདམས་བཀོད་བྱས་འདུག དཔེ་ཚོགས་དེའི་གཙོ་སྒྲིག་པ་ཡན་ལིང་ཅུན་གྱིས་འདི་ལྟར་བཤད་འདུག་སྟེ།
“བསྒྱུར་རྩོམ་འདི་དཔེ་ཚོགས་ནང་དུ་འདེམ་དུས་ངའི་སེམས་ཁམས་འཁྱག་སིབ་སིབ་བྱུང་། རྒྱུ་མཚན་ནི།
དུས་རབས་བཅུ་དགུ་པའི་ནང་དུ་འཇར་པན་དང་ཀྲུང་གོ་རུ་མཁས་པ་ཆེན་པོ་རེ་བྱོན། སོ་སོར་ཧྥུ་ཁི་རྫ་ཝ་ཡོ་ཁི་ཆི་དང་ཀྲང་ཀྲི་ཏུང
གཉིས་རེད་འདུག ཁོང་གཉིས་ཀྱིས་ཕལ་ཆེར་དུས་མཉམ་དུ་དེབ་མིང་ལ《སློབ་སྐུལ་གྱི་རབ་བྱེད》ཟེར་བའི་དཔེ་ཆ་རེ་བརྩམས། ཧྥུ་ཁི་རྫ་ཝ་ཡོ་ཁི་ཆིས་འདྲ་མཉམ་དང་རང་དབང་ནི་མི་བུ་རེ་རེའི་ལྷན་སྐྱེས་ཀྱི་ཁེ་དབང་ཡིན་པའི་ལྟ་གྲུབ་གཞིར་བྱས།
རིག་གནས་མ་ལག་གི་ཆ་ནས་ནུབ་ཕྱོགས་ཀྱི་ཤེས་རིག་ལ་སློབ་སྦྱོང་བྱེད་དགོས་ཚུལ་གདམས་པ་དང་།
མཁས་པ་དང་མི་སེར་དཀྱུས་མ་སུ་ཡིན་ཡང་རྒྱལ་ཁབ་ཀྱི་བདག་པོའི་ཆ་ནས་འགན་བབས་ཕྲག་ཏུ་ལེན་པར་བསྐུལ།
ཁོང་གི་དཔེ་ཆ་དེ་མེ་རྗི་གསར་སྒྱུར སྐབས་སུ་འཇར་པན་གྱི་ཤེས་འཇོན་གཉིས་ལྡན་གྱི་རྒྱལ་དམངས་གསོ་སྐྱོང་བྱེད་པའི་བསླབ་དེབ་ཏུ་གྱུར།
ཕལ་ཆེར་ཆེ་ཆུང་རབ་འབྲིང་ཐམས་ཅད་ཀྱིས་མ་བཀླགས་ཚད་མེད་དུ་བརྩིས་མྱོང་འདུག མཐའ་མ་འཇར་པན་གྱི་རིག་གནས་དང་།
རྒྱལ་ཁབ་དང་། རྒྱལ་པོའི་ལམ་ལུགས་སོགས་ཀྱི་རྒྱུན་སྐྱོང་ཐུབ་སོང་བར་མ་ཟད། ལོ་རྒྱུས་འཕེལ་རྒྱས་ཁྲོད་མི་རྣམས་ཧ་ལས་དགོས་པའི་ལམ་ལྷོང་བྱུང་།
ཀྲུང་གོའི་མཁས་པ་ཀྲང་ཀྲི་ཏུང་གིས་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཀྱི་མ་ལག་གཞིར་བྱས་ཏེ་ནུབ་ཕྱོགས་པའི་ལག་རྩལ་གྱི་ཆ་ཚུར་ལེན་བྱེད་དགོས་ཚུལ་གདམས།
‘སློབ་སྐུལ’བྱ་ཡུལ་ནི་མི་སེར་དཀྱུས་མ་དག་ཕུད་པའི་དཔོན་རིགས་དང་མཁས་པ་ཚོ་ཡིན་འདུག མཐའ་མ་ཁོང་གི‘སློབ་སྐུལ’གྱིས་ཀྲུང་གོའི་སྤྱི་ཚོགས་ལ་རྩ་བའི་འགྱུར་ལྡོག་འབྱུང་བར་ཕན་ཐོགས་མ་སོང་།
མན་ཆིང་བཙན་རྒྱལ་ཡང་དེ་མུར་མགོ་རྟིང་བསློགས་ཏེ་ལོ་རྒྱུས་འཕེལ་རྒྱས་ཀྱི་ལམ་ཆེན་དང་གཏན་དུ་ཁ་གྱེས་སོང”ཞེས་བཤད།
ད་དུང་ཡན་ལིང་ཅུན་གྱིས་འདི་ལྟར་བཤད་འདུག་སྟེ། “ཧྥུ་ཁི་རྫ་ཝ་ཡོ་ཁི་ཆིའི་དཔེ་ཆ《སློབ་སྐུལ་གྱི་རབ་བྱེད》ལས་ཚན་པ་འདི་གཅིག་པུ་བཀླགས་པས་ཀྱང་ང་ཚོས་ལོ་རྒྱུས་མངོན་མཐོང་ཐུབ་པར་མ་ཟད།
ད་ལྟའི་གནས་བབ་ཀྱང་ངོས་ཟིན་པར་འགྱུར”ཞེས་པ་ཇི་བཞིན་ནོ། ། སྒྱུར་པ་པོས།
གལ་ཏེ་བྱེ་བྲག་གི་མི་བུ་རེ་རེས་བསམ་བློའི་སྟེང་གི་སྒེར་ཚུགས་མ་ཐུབ་ན།
དེ་དག་གི་རྒྱལ་ཁབ་ཀྱིས་ཀྱང་སྒེར་ཚུགས་ཀྱི་ཁེ་དབང་རྩོད་ཐུབ་པ་མ་ཡིན། ཅིའི་ཕྱིར་ཟེར་ན།
འདི་འདྲའི་རྒྱུ་མཚན་རིགས་གསུམ་གྱི་སྟེང་ནས་བཤད་ཆོག
གཅིག བསམ་བློའི་སྟེང་ནས་སྒེར་ཚུགས་ཐོབ་མེད་པ་གང་དེས། རྒྱལ་ཁབ་ཀྱི་དོན་ལ་ངེས་པ་དོན་གྱིས་བསམ་བློ་གཏོང་མི་སྲིད།
ཅི་ཞིག་ལ་སྒེར་ཚུགས་ཟེར་བ་རེད་ཅེ་ན། གཞན་ལ་བརྟེན་པའི་སེམས་ཚུལ་སྤངས་ཏེ་རང་ཐག་རང་གཅོད་བྱེད་པ་ཞིག་ལ་གོ
དཔེར་ན། རང་གི་བློ་གྲོས་ལ་བརྟེན་ནས་གནས་ལུགས་གང་ཞིག་ལ་བརྡར་ཤ་གཅོད་པའམ། དོན་བྱ་གང་ཞིག་སྒྲུབ་པར་རྩོམ་པ་ནི་གཞན་གྱི་ཤེས་རབ་ལ་བརྟེན་མ་དགོས་པའི་སྒེར་ཚུགས་རེད།
ཡང་རང་གི་ལུས་སེམས་ཀྱི་རྩོལ་བ་ལ་བརྟེན་ནས་རང་གི་འཚོ་བའི་ཆ་རྐྱེན་རང་ཉིད་ཀྱིས་སྒྲུབ་པ་ནི་གཞན་གྱི་རྒྱུ་ནོར་ལ་བརྟེན་མ་དགོས་པའི་སྒེར་ཚུགས་རེད།
གལ་ཏེ་མི་བུ་རེ་རེར་སྒེར་ཚུགས་ཀྱི་འདུ་ཤེས་མེད་པར་གཞན་ལ་བརྟེན་པ་ཡིན་ན། རྒྱལ་ཁབ་གང་དེའི་རྒྱལ་དམངས་ཡོད་ཚད་གཞན་ལ་བརྟེན་པའི་རིག་གནས་གོམས་སྲོལ་ཅིག་ཆགས་འགྲོ་བས་མི་བུ་འགན་འཁྲི་ཅན་འབྱུང་དཀའ་བ་ཡིན།
མི་བུ་འགན་འཁྲི་ཅན་མེད་ན་ནི་ལོང་བའི་ཁྱུ་ལ་ལམ་ཁྲིད་མེད་པ་ཇི་བཞིན་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་པ་རེད།
ཡིན་ནའང་། མི་ལ་ལས“འབངས་རྣམས་རང་དགར་བཞག་པས་འཐུས། །ཟབ་མོའི་དོན་ནི་སྟོན་མི་འཚལ”ཟེར།
དེའི་ནང་དོན་ཅི་རེད་ཟེར་ན། གལ་ཏེ་སྤྱི་ཚོགས་གང་ཞིག་ལ་མིག་ལྡན་སྟོང་དང་ལོང་བ་སྟོང་ཡོད་པའི་དབང་དུ་བཏང་ན།
དེ་དག་ལ་མཁས་པ་ཞིག་གམ་དམ་པ་ཞིག་གམ། ཡང་ན་མཁས་པའམ་དམ་པ་དུ་མས་དབང་བསྒྱུར་དགོས་པ་ཡིན་ལ།
མི་མང་གིས་དབང་སྒྱུར་པའི་དགོངས་དོན་ལ་ཉན་འཇོག་བྱས་པས་འཐུས་པ་ཡིན། ཁོ་ཚོས་ཤེས་བྱ་དང་གནས་ལུགས་ཟབ་མོའི་དོན་རྟོགས་པའི་དགོས་པ་མེད་ཟེར་བ་རེད།
བཤད་ཚུལ་འདི་སྐྱེས་ཆེན་ཁུང་ཙིའི གསུང་སྒྲོས་ཡིན་ནའང་དེ་ནི་དངོས་གནས་ཕྱིན་ཅི་ལོག་པའི་ལྟ་གྲུབ་ཅིག་ཡིན་པར་ངེས།
ཅིའི་ཕྱིར་ཟེར་ན། རྒྱལ་ཁབ་ཅིག་གི་ནང་དུ་བློ་གྲོས་དང་འཇོན་ནུས་ལ་བརྟེན་ནས་དབང་བསྒྱུར་ཐུབ་མཁན་ནི་མི་སྟོང་གི་ནང་དུ་གཅིག་ཡོད་མེད་ཙམ་རེད།
གལ་ཏེ་མི་འབོར་ཁྲི་ཚོ་བརྒྱ་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན། དེ་འདྲའི་མཁས་པ་དང་དམ་པ་ནི་སྟོང་ཕྲག་གཅིག་ལོང་མི་ལོང་ཙམ་རེད་ལ།
གཞན་ཁྲི་ཚོ་དགུ་ཅུ་གོ་དགུ་དང་གྲངས་ཆུང་དགུ་ནི་མི་སེར་བླུན་རྨོངས་རྐྱང་རྐྱང་ཡིན་པ་རེད།
དེས་ན་མཁས་པ་དང་དམ་པ་དེ་ཚོས་རང་གི་བློ་གྲོས་དང་འཇོན་ནུས་ལ་བརྟེན་ནས་མི་སེར་དཀྱུས་མ་མང་ཆེ་ཤོས་ལ་དབང་སྒྱུར་བྱེད་པར་ངེས་ཏེ།
ཁོ་ཚོས་མི་སེར་དག་རང་གི་བུ་བཞིན་སྐྱོང་བ་ཡིན་ཟེར་ངེས། ཁོ་ཚོས་རྫི་བོ་ལྟ་བུའི་སེམས་བསྐྱེད་ཀྱིན་ཡོད་ཟེར་ངེས།
ཁོ་ཚོས་དྲིན་འཕྱར་དང་འཇིགས་ཟིལ་སྦྲགས་མ་སྤྱོད་ངེས། ཁོ་ཚོས་ཁྱོད་ཀྱི་ཁ་གང་ལ་ཕྱོགས་དགོས་པར་མཛུབ་སྟོན་གནང་ངེས་པ་རེད།
མི་མང་གིས་ཀྱང་ཤེས་མེད་ཚོར་མེད་ངང་ཁོ་ཚོའི་མཛུབ་སྟོན་ལ་ཉན་རྐྱང་བྱེད་དགོས་པ་ཞིག་ཆགས་འགྲོ་བ་རེད།
དེ་ལྟར་སོང་བས་རྒྱལ་ཁབ་ནང་དུ་རྐུན་འཕྲོག་གསོད་བཅོམ་གྱི་མིང་ཙམ་གོ་རྒྱུ་མེད་པར་ཧ་ཅང་ཞི་འཇགས་ཡིན་པའི་སྣང་བ་ཞིག་འཆར་ངེས་ཀྱང་སྲིད།
ཡིན་ནའང་། དུས་མཚུངས་སུ་ང་ཚོས་རྒྱལ་ཁབ་དེའི་མི་རྣམས་ཀྱི་ནང་དུ་བདག་པོ་དང་མགྲོན་པོ་ལྟ་བུའི་ཁྱད་པར་རང་ཤུགས་ཀྱིས་ཆགས་འགྲོ་བ་དེ་མཐོང་ཡོང་།
བདག་པོ་ནི་རིག་སྟོབས་དང་དབང་སྟོབས་ཀྱིས་མི་མང་ལ་དབང་བསྒྱུར་མཁན་གྱི་མཁས་པ་དང་དམ་པ་སྟོང་ཆའི་གཅིག་ཙམ་པོ་དེ་རེད་ལ།
གཞན་ཐམས་ཅད་ནི་འགན་བབས་ཅི་ཡང་མེད་པའི་མགྲོན་པོ་ལྟ་བུའི་མི་མང་རེད། གལ་ཏེ་མི་རྣམས་མགྲོན་པོ་ལྟ་བུ་ཡིན་སོང་ན་ལུས་སེམས་གཉིས་ཀས་ཚེགས་ལས་བསྟེན་པའི་དགོས་པ་ཅི་ཡང་མ་མཆིས་ཏེ།
བདག་པོས་མཛུབ་མོ་གར་སྟོན་ལ་རེ་བསྡད་པས་འཐུས་པ་མ་ཡིན་ནམ། དེ་ལྟ་བས་ན་མི་མང་གིས་རྒྱལ་ཁབ་ཀྱི་དོན་ལ་སེམས་ཁུར་ཅི་ཡང་བྱེད་མི་འགྱུར་བས་མཐའ་མ་རྒྱལ་ཁབ་ལ་དགའ་ཞིང་གཅེས་པ་ནི་བདག་པོ་ཁོ་ན་ཡིན་པ་ལྟ་བུ་ཆགས་འགྲོ།
དེ་འདྲའི་གནས་བབ་ཀྱི་འོག་ཏུ། རྒྱལ་ཁབ་ནང་གི་གནད་དོན་ལ་ཐུག་ན་ཐག་ཆོད་པ་ཙམ་དུ་འདུག་ཀྱང་།
གལ་ཏེ་ཁ་ཕྱི་ལ་བསྐོར་ན། དཔེར་ན་ཕས་ཀྱི་རྒོལ་བར་གདོང་གཏུག་དགོས་བྱུང་ཚེ། རྨོངས་འཐོམས་ཀྱི་མི་མང་ཕན་ཚུན་ནང་དམེ་བྱེད་པའི་ཚད་དུ་མི་འགྲོ་ནའང་།
རང་ཉིད་མགྲོན་པོ་ལྟ་བུ་ཡིན་པའི་སེམས་ཁམས་ཀྱིས་ཀུན་ནས་བསླངས་ཏེ་རྒྱལ་ཁབ་ཆག་འཇིག་གི་དོན་དུ་རང་སྲོག་བློས་གཏོང་བའི་རིན་ཐང་མེད་པར་འདོད་ངེས་ཡིན།
དེ་ལྟར་འདོད་ནས་ཀྱང་ཐམས་ཅད་ཞེད་བྲོས་རྒྱག་ངེས། ཡང་ན་ཐམས་ཅད་ཀྱི་མགོ་སྨད་ཅིང་གཉའ་ཞུམ་པ་ཆགས་ངེས།
དེ་འདྲ་ཡིན་པའི་དབང་གིས་རྒྱལ་ཁབ་དེ་ལ་མི་འབོར་ཁྲི་ཚོ་བརྒྱ་ཕྲག་ཡོད་ཀྱང་གལ་ལ་ཐུག་ཚེ་ཐམས་ཅད་རྩྭ་མི་ཤིང་མི་ཤ་སྟག་ཡིན་སོང་བས།
མི་རེ་གཉིས་མ་གཏོགས་སྲོག་སྡོ་མཁན་མི་འབྱུང་། དེ་འདྲ་ཡིན་ན་རྒྱལ་ཁབ་དེས་སྒེར་ཚུགས་ཅི་ལྟར་ཐུབ།
གཏན་ནས་ཐུབ་པ་མ་ཡིན་ནོ། ། དེ་ལས་ང་ཚོས་ཤེས་རྟོགས་ཐུབ་པ་ནི། ཕ་རོལ་པའི་བཙན་བརྙས་བཟློག་དགོས་ན་ཐོག་མར་ཚུ་རོལ་པའི་ནང་དུ་མི་བུ་རེ་རེས་རང་དབང་སྒེར་ཚུགས་ཐུབ་པའི་སྲོལ་ལུགས་བཟང་པོ་ངེས་པར་དུ་ཆགས་དགོས་ལ།
དེ་ཡང་རྒྱལ་ཁབ་ཆག་འཇིག་གི་དོན་དུ་མཆོག་དམན་དང་། ཐོབ་ཐང་དང་། མཁས་བླུན་དང་། དྲག་ཞན་གྱི་དབྱེ་བ་མེད་པར་བྱེ་བྲག་གི་མི་བུ་རེ་རེས་རང་བབས་ཀྱི་འགན་འཁྲི་ངེས་པར་དུ་ཕྲག་ཏུ་ལེན་དགོས་པ་རེད།
བལྟས་ཚོད་ཀྱིས་རྒྱལ་ཁབ་གང་དེའི་སྲིད་དོན་སྒྲུབ་མཁན་ནི་སྲིད་གཞུང་རེད་ལ། མི་མང་ནི་སྲིད་གཞུང་གང་དེའི་དབང་བསྒྱུར་མྱོང་མཁན་ཡིན་པ་ལྟར་སྣང་།
དོན་ལ་བྱ་གཞག་སྟབས་བདེ་ཡོང་བའི་ཆེད་དུ་ལས་རིགས་ཀྱི་ཁྱད་པར་དེ་ལྟར་དབྱེ་བ་མ་གཏོགས། རྒྱལ་ཁབ་གང་དེའི་དོན་གནད་ཆེ་རིགས་ཐག་གཅོད་དགོས་བྱུང་དུས།
མི་མང་ཚོས་འགན་འཁྲི་ཡོད་ཚད་སྲིད་གཞུང་ལ་སྤྲད་དེ་རང་ཉིད་མགྲོན་པོ་ཇི་བཞིན་ལོགས་སུ་བལྟས་བསྡད་པ་ཡིན་ན།
གཞུང་སྒེར་ཚང་མ་མཉམ་དུ་འཕུང་འགྲོ་བ་སྨོས་ཀྱང་ཅི་དགོས། ང་ཚོས་ཤེས་དགོས་པ་ནི་རྒྱལ་ཁབ་གང་ལ་གཏོགས་པའི་མི་དེར་རྒྱལ་ཁབ་དེ་རུ་འགྲོ་འདུག་འཆག་ཉལ་ནས་བརྩམས་པའི་ཁེ་དབང་སྣ་ཚོགས་ཡོད་ཆོག་པའི་དུས་མཚུངས་སུ།
དེ་ལ་དེ་བཞིན་གྱི་བཤོལ་མེད་ཀྱི་འགན་འཁྲིའང་ཅི་ནས་ཀྱང་ཡོད་དགོས་པ་ཡིན། འགན་འཁྲིའི་འདུ་ཤེས་མེད་པ་གང་དེ་ལ་བསམ་བློའི་སྟེང་སྒེར་ཚུགས་ཐོབ་ཐུབ་པ་མ་ཡིན་ལ།
བསམ་བློའི་སྟེང་སྒེར་ཚུགས་ཐོབ་ཐུབ་མེད་པ་གང་དེས། རྒྱལ་ཁབ་ཀྱི་དོན་ལ་ངེས་པ་དོན་གྱིས་བསམ་བློ་གཏོང་མི་སྲིད།
གཉིས། རྒྱལ་ཁབ་ནང་དུ་སྒེར་ཚུགས་ཀྱི་ཐོབ་ཐང་སྐྱོང་མི་ནུས་པ་གང་དེས། ཁ་ཕྱི་ལ་བསྐོར་ནའང་སྒེར་ཚུགས་ཀྱི་ཁེ་དབང་རྩོད་ཐུབ་པ་མ་ཡིན།
སྒེར་ཚུགས་ཀྱི་བསམ་བློ་མེད་པའི་མི་དེ། ངེས་པར་གཞན་ལ་བརྟེན་པ་ཡིན། གཞན་ལ་བརྟེན་པའི་མི་དེ་ངེས་པར་གཞན་ལ་སྐྲག་པ་ཡིན།
གཞན་ལ་སྐྲག་པའི་མི་དེས་དུས་རྣམ་ཀུན་ཏུ་གཞན་གྱི་ངོ་སོ་བསྟོད་པ་ཡིན། ནམ་ཞིག་གཞན་ལ་སྐྲག་པ་དང་གཞན་གྱི་ངོ་སོ་བསྟོད་པ་ནི་གང་དེའི་གཤིས་ལུགས་སུ་གྲུབ་ཚར་བ་མཐོང་།
དེ་ལྟའི་མི་རྣམས་ཀྱི་ངོ་ཤ་གླང་ཀོ་ཇི་བཞིན་མཐུག་པས་ངོ་ཚའི་ལས་ལ་འཇུག་པར་ཡང་བག་མི་ཚ།
གཞན་གྱི་ངོ་མདངས་ལ་བལྟས་དེ་སྐད་ཆ་ལབ་པ་གོམས་ལོབས་སུ་སོང་བས་གནས་ལུགས་བཤད་དགོས་ཐུག་ཀྱང་བཤད་མི་ཕོད།
ངན་གཤིས་ཟེར་བ་ནི་ཏག་ཏག་དེ་ལ་བཤད་པ་རེད། གལ་ཏེ་གང་ཞིག་ལ་ངན་གཤིས་དེ་ཆགས་ཟིན་ཚེ། བསྒྱུར་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་ཡིན་པ་རེད།
དཔེར་ན། འཇར་པན་ལ་མཚོན་ན་དེང་སང་མི་སེར་ཚོས་ཀྱང་རང་གི་མིང་སྔོན་དུ་རུས་སྦྱར་ཆོག་པ་དང་།
རྟ་ལའང་ཞོག་ཆོག་པ་རེད། ཁྲིམས་ཁང་གི་སྤྱོད་ལམ་ཡང་ཇེ་ལེགས་སུ་སོང་འདུག ང་ཚོས་བལྟས་ཚོད་ཀྱིས་མི་སེར་དང་སྐུ་དྲག་གི་ཐོབ་ཐང་འདྲ་མཉམ་ཡིན་པ་ལྟར་སྣང་།
ཡིན་ནའང་། མི་སེར་གྱི་རང་གཤིས་ནི་སྔོན་ཆད་དང་ཁྱད་པར་ཡེ་ནས་མི་འདུག་སྟེ། ཕན་ཚུན་ལབ་གླེང་ཁྲོད་ཀྱི་སྐད་བརྡ་ཙམ་ལས་ཀྱང་མཆོག་དམན་གྱི་རྟགས་མཚན་མངོན་གསལ་མཐོང་རྒྱུ་འདུག
མི་སེར་ཚོས་གོང་རིམ་གྱི་མི་ལ་གནས་ལུགས་འདྲ་བཤད་དགོས་བྱུང་ཚེ་ཁ་ནང་དུ་ལྕེ་མེད་པ་དང་འདྲ།
སྐུ་དྲག་དང་དཔོན་རིགས་ཀྱི་མདུན་དུ་ཁོ་ཚོས་ཁ་འཕྲེད་འཕྲེད་དང་སྒྱིད་ཞ་ཞ་བྱེད། ཁོ་ཚོས་དེ་ལྟར་ཁ་ལེན་ཚིག་བརྩི་བྱེད་པའི་རྣམ་འགྱུར་ལ་བལྟས་ན།
དངོས་གནས་སྒོ་ཁའི་གསོ་ཁྱི་དང་ཁྱད་པར་མི་འདུག དེ་ནི་འཇར་པན་ལ་མཚོན་ན་ངོ་ཚའི་མཐར་ཐུག་ཡིན་པ་རེད།
དེ་འདྲ་ཞིག་ཡིན་པའི་དབང་གིས་མི་བུའི་རང་ཚུགས་དང་མི་བུའི་ལ་རྒྱ་ནི་མིང་གི་ལྷག་མ་ཙམ་དུ་ཟད་ཅེས་བཤད་ཆོག
སྔོན་ཆད་ཕྱི་སྒོ་བསྡམས་པའི དུས་རབས་ཏེ། དམག་དཔོན་སྒར་པས མི་མང་གི་བསམ་སྦྱོར་ལ་སྡོམ་གཅུན་ཚ་ནན་གཏོང་བའི་དབང་བསྒྱུར་སྐབས་སུ།
མི་མང་ལ་རང་ཚུགས་མེད་པ་དེས་སྲིད་བྱུས་ལ་འགལ་ཆ་མི་འབྱུང་བར་མ་ཟད། དེ་ལས་ལྡོག་སྟེ་དབང་སྒྱུར་པའི་ལས་སྟབས་བདེ་ཡོང་བ་རེད།
དེ་བས་དཔོན་རིགས་ཚོས་བསམ་བཞིན་དུ་མི་མང་རྨོངས་ཤིང་འཐོམས་པ་དེ་མུར་བཞག་སྟེ། མཐའ་གཅིག་ཏུ་ཁོ་ཚོར་གོང་བཀུར་གྱི་བེད་ཆོད་པར་བྱེད་པ་རེད།
ཡིན་ནའང་། དེང་སང་ཕྱི་ཕྱོགས་ལ་སྒོ་ཕྱེ་ཡོད་པ་དང་དུས་མིན་དུ་ཕྱི་རྒྱལ་པར་འབྲེལ་ཐུག་བྱེད་པའི་སྐལ་པ་ལྡན་ཡོད་པས།
ད་དུང་སྔར་བཞིན་གྱི་སྲོལ་རྒྱུན་བསྐྱངས་ན་གྱོང་དང་ཕམ་ཁ་ཚབས་ཆེན་ཉོ་བར་གདོན་མི་ཟ། དཔེ་བཞག་སྟེ་བཤད་ན།
གྲོང་གསེབ་ཀྱི་ཚོང་པ་རྣམས་ཚོང་དོན་དུ་གྲོང་ཁྱེར་ཡོ་ཁོ་ཧ་མཱ ལ་ཆས་དུས་ཁོ་ཚོ་ཞེད་སྣང་དང་བཅས་ཏེ་འགྲོ་གི་ཡོད་པ་རེད།
ས་དེར་སླེབས་ནས་ཀྱང་ཐོག་མར་མཐོང་བ་ནི་གཟུགས་སྟོབས་ཆེ་ཞིང་མ་རྩ་མཐུག་པའི་ཕྱི་རྒྱལ་པ་རེད།
ཕྱི་རྒྱལ་པའི་དངུལ་ཁང་ཆེན་པོ་དང་གྲུ་གཟིངས་མགྱོགས་མོ་མཐོང་བས་ཁོ་ཚོ་རང་དབང་མེད་པར་སྤ་བཀོང་བར་བྱས་འགྲོ།
དེ་ནས་དངོས་སུ་ཕྱི་རྒྱལ་པར་ཐུག་སྟེ་ཚོང་གཏམ་དུས། ཕ་རོལ་པོས་བཙན་གཏམ་ལུགས་ལྡོག་གི་བརྙས་དམོད་ཇི་ལྟར་བཏང་ནའང་།
ཧད་ཅིང་ཧང་སང་སྟེ་སྡོད་པ་ལས་གནས་ལུགས་བཤད་པའི་སྤོབས་པ་ནི་ཡོངས་སུ་ཉམས། མཐའ་མ་གྱོང་དང་བརྙས་དམོད་ཟད་མི་ཤེས་པ་ཁུར་ཏེ་ཕྱིར་ལོག་རྒྱུ་ལས་ཐབས་གཞན་མི་འདུག
དེ་ནི་མི་གཅིག་ལ་ཐེབས་པའི་གྱོང་དང་བརྙས་དམོད་ནི་ག་ལ་ཡིན། དེ་ནི་རྒྱལ་ཁབ་ཅིག་ལ་ཐེབས་པའི་གྱོང་དང་བརྙས་དམོད་རེད།
འོ་ན་གྲོང་གསེབ་ཀྱི་ཚོང་པ་ཚོ་དེ་འདྲའི་བླུན་རྨོངས་ནུས་མེད་ཅིག་ཅི་ལ་ཡིན་སོང་བ་རེད་ཟེར་ན།
དེ་ནི་ཁོ་ཚོ་མི་རབས་དེའི་སྟེང་དུ་གློ་བུར་དུ་ཅི་ཡིན་འདི་ཡིན་མེད་པར་བྱུང་བ་ཞིག་མ་རེད།
དེ་ནི་ཁོ་ཚོའི་ཨ་མྱེས་ཡང་མྱེས་རིང་ནས་བརྒྱུད་འོངས་པའི་བག་ཆགས་ངན་པར་རྟེན་ཅིང་འབྲེལ་ཡོད་པ་ཞིག་རེད།
ཁོ་ཚོའི་ཨ་མྱེས་ཚོའི་སྟེང་དུ་བག་ཆགས་ངན་པ་དེ་ཅི་ལྟར་ཆགས་པ་རེད་ཟེར་ན། གནའ་ནས་བཟུང་ཚོང་པ་རྣམས་ལ་དཔའ་རྟུལ་ཚོས་བཙན་བརྙས་གཏོང་བ་ད་ང།
ཁྲིམས་ཁ་ནས་ཀྱང་སྡིགས་དམོད་དང་གྱོང་ཕམ་མྱོང་དགོས་འདུག ཐ་ན་དམག་མི་རིམ་མཐའ་པ་ཞིག་ལ་ཐུག་ནའང་ཁོ་ཚོས་མགོ་བོ་སྒུར་སྒུར་དང་སྒྱིད་པ་ལྷེམ་ལྷེམ་བྱེད་དགོས་འདུག
དེ་ལྟར་ཁོ་ཚོ་རང་ཉིད་དམན་སའི་མཐའ་ལ་འཁོད་དེ་རང་གི་བླ་སྲོག་རང་གིས་རྡོག་ཞབས་སུ་འཕེན་པའི་གཤིས་ལུགས་དེ་ཆགས་པ་རེད།
དེས་ན་ད་ལྟའི་ཁོ་ཚོའི་བུ་རབས་ཚ་རྒྱུད་རྣམས་ལ་མཚོན་ན་བག་ཆགས་ངན་པའི་རྒྱུན་དེ་ནང་སེམས་ཀྱི་གཏིང་རིམ་ན་རང་ཆས་སུ་ཡོད་པས་ཉིན་གཅིག་ཞག་གཅིག་ལ་གཙང་སེལ་བྱ་རྒྱུ་ཟེར་ན་ཧ་ཅང་དཀའ་མོ་རེད།
དེ་འདྲ་ཡིན་པའི་དབང་གིས་སྙིང་ཆུང་ནུས་མེད་དེ་ཚོས་སྙིང་ཆེན་སྟོབས་ཆེན་གྱི་ཕྱི་རྒྱལ་པ་མཐོང་ན་རང་བཞིན་གྱིས་མི་འཁུམ་རང་འཁུམ་ཡིན་པ་རེད།
དེ་བས་རྒྱལ་ཁབ་ནང་དུ་སྒེར་ཚུགས་ཀྱི་ཐོབ་ཐང་སྐྱོང་མི་ནུས་པ་གང་དེས། ཁ་ཕྱི་ལ་བསྐོར་ནའང་སྒེར་ཚུགས་ཀྱི་ཁེ་དབང་རྩོད་ཐུབ་པ་མ་ཡིན་ནོ།
།
གསུམ། བསམ་བློ་སྒེར་ཚུགས་ཐོབ་མེད་པ་གང་དེས། དབང་ཤེད་ཅན་ལ་རྒྱབ་བརྟེན་ནས་མི་རྣམས་འཕུང་ལ་སྦྱོར་ངེས།
སྔོན་ཆད་དམག་དཔོན་སྒར་པས་དབང་བསྒྱུར་སྐབས་སུ། མི་རྣམས་ཀྱི་རང་ཚུགས་དང་རང་སྟོབས་ཀྱི་ཚད་ཞན་དྲགས་པས་བྱ་བ་གང་ཞིག་སྒྲུབ་ཀྱང་ངེས་པར་དབང་ཤེད་ཅན་ལ་རྒྱབ་རྟེན་བཅོལ་ཏེ་གཞན་རྣམས་ལ་བཙིར་གཅུན་གཏོང་བ་དང་གཞན་གྱི་འོས་མཐུན་ཁེ་ཕན་འཕྲོག་པའི་སྲོལ་ཆགས་ཡོད་པ་རེད།
དཔེར་ན། དབང་སྟོབས་ཅན་གྱི་བློན་ཆེན་དང་སྐུ་དྲག་གི་མིང་སྟེང་ནས་སྐྱེད་ཀ་མཐོན་པོའི་དངུལ་བུན་གཏོང་ལུགས་ཡོད་པ་ལྟ་བུ།
དེ་རིགས་ཀྱི་བསམ་སྦྱོར་ནི་རྒྱུ་འབྲས་གནས་ལུགས་དང་འགལ་ཡང་རྒྱབ་དཔུང་དུ་དབང་གྲགས་མི་སྣའི་མིང་ཐོབ་ཀྱི་ཟུལ་ཤུགས་སྦྲན་ཡོད་པས་བྱ་ཐབས་ཟད།
དེང་སང་ཕྱི་ངོས་ནས་བལྟས་ན་དེ་འདྲའི་སྐྱེད་མཐོའི་བུན་གཏོང་སྲོལ་ལུགས་ལེགས་སྒྱུར་བྱས་འདུག་ཀྱང་།
དབང་ཤེད་ཅན་ལ་རྒྱབ་རྟེན་བཅོལ་ཏེ་གཞན་རྣམས་བཙིར་གཅུན་གཏོང་བའི་ནང་གི་བག་ཆགས་ངན་རུལ་དག་ཀྱང་དེ་དང་མཉམ་དུ་བསལ་སོང་ཟེར་ན་དོགས་པ་ཆེ།
དེ་བས་མ་འོངས་པ་ན་ཕྱི་རྒྱལ་པ་མང་པོ་དང་འདྲེས་སྡོད་བྱེད་དགོས་བྱུང་ཚེ། སྔོན་ཆད་གཞན་ལ་བརྟེན་ཅིང་གཞན་ལ་ཟིལ་ཤུགས་ངོམ་པར་གོམས་པའི་བག་ཆགས་དེ་མ་ཉིད་དུ་སད་ཅིང།
ཕྱི་མི་དབང་ཤེད་ཅན་ལ་རྒྱབ་རྟེན་བཅོལ་ཏེ་ནང་མི་དག་འཕུང་ལ་མི་སྦྱོར་བའི་ངེས་པ་གཏན་ནས་མ་མཆིས།
དེ་བས་རྒྱལ་དམངས་བྱེ་བྲག་པའི་བསམ་བློ་སྒེར་ཚུགས་ཀྱི་ཚད་ཇི་ལྟར་དམའ་ན། དེ་ལྟར་དུ་སྤྱི་སྒེར་གཉིས་ཀ་འཕུང་ལ་སྦྱོར་བའི་ཉེན་ཁ་ཆེ་བ་ཡིན་ནོ།
།
གོང་སྨོས་དོན་ཚན་གསུམ་གྱི་སྟེང་ནས་ཇི་ལྟར་མི་མང་ལ་སྒེར་ཚུགས་ཀྱི་བསམ་བློ་མེད་ན་དེ་ལྟར་དུ་རྒྱལ་ཁབ་ལ་ཆག་སྒོ་ཆེ་བ་རྟོགས་ངེས།
དེང་གི་དུས་འདིར། དཔོན་དམངས་སུ་ཡིན་ཡང་རང་ཉིད་རྒྱལ་ཁབ་ལ་དགའ་ཞིང་གཅེས་པ་ཡིན་ན་ཐོག་མར་སོ་སོ་རང་སྟེང་གི་སྒེར་ཚུགས་བརྩོན་ལེན་བྱ།
རང་ཉིད་ལ་སྒེར་ཚུགས་ཀྱི་སྟོབས་དང་ལྡན་ཚེ། ད་གཟོད་གཞན་དེ་སྒེར་ཚུགས་ཀྱི་ལམ་དུ་འགོད་པར་རོགས་རམ་བྱ།
དཔེར་ན། ཕུ་བོ་དག་གིས་ནུ་བོ་ཚོ་སྒེར་ཚུགས་ཀྱི་ལམ་དུ་འཁྲིད། དགེ་རྒན་དག་གིས་སློབ་མ་དག་ལ་སྒེར་ཚུགས་ཀྱི་ཐབས་ལམ་སྟོན།
དེ་ལྟར་བཟོ་ཚོང་ཞིང་པ་ཡོད་ཚད་ཀྱིས་ཐོག་མར་རང་ཉིད་སྒེར་ཚུགས་ཡོང་ཐབས་བྱས། དེ་ནས་རྒྱལ་ཁབ་སྒེར་ཚུགས་ཡོང་བར་བརྩོན་པར་རིགས།
མདོར་ན། སྲིད་གཞུང་གིས་མི་མང་གི་བསམ་སྦྱོར་བཅིངས་ཤིང་བསྡམས་ཏེ་རྒྱལ་དོན་གྱི་ཚེགས་ལས་རང་གཅིག་པུས་བསམ་ཞིང་འཁུར་བ་ལས།
མི་མང་བཅིངས་པ་ལས་བཀྲོལ་ཏེ་སྐྱིད་ཀྱི་རྟ་བོར་མཉམ་ཞོན་དང་སྡུག་གི་ཁུར་པོ་མཉམ་འཁུར་བྱས་ན་ཧ་ཅང་ལེགས་པར་སེམས།
——
ཧྥུ་ཁི་རྫ་ཝ་ཡོ་ཁི་ཆི། (福泽谕吉1834-1901)འཇར་པན་གྱི་ཉེ་རབས་ལོ་རྒྱུས་སྟེང་སྐད་གྲགས་ཆེ་བའི་བློ་འབྱེད་བསམ་བློ་མཁན།
——
《སློབ་སྐུལ་གྱི་རབ་བྱེད》《劝学篇》ཆུན་ལིས་རྒྱ་ཡིག་ཏུ་བསྒྱུར། ཀྲུང་གོ་ཚོང་དོན་དཔེ་སྐྲུན་ཁང་གིས1996ལོར་པར་དུ་བསྐྲུན།
《ཤེས་རིག་སྨྲ་བའི་བསྡུས་དོན》《文明论概略》པེ་ཅིང་སྒྲིག་སྒྱུར་ཁང་གིས་རྒྱ་ཡིག་ཏུ་བསྒྱུར། ཀྲུང་གོ་ཚོང་དོན་དཔེ་སྐྲུན་ཁང་གིས1995ལོར་པར་དུ་བསྐྲུན།
《གཞོན་ནུའི་དཔེ་ཀློག་ལེ་ཚན》《青春读书课》ཀྲུང་གོ་ཚོང་དོན་དཔེ་སྐྲུན་ཁང་གིས2003ལོར་པར་དུ་བསྐྲུན།
——
ཀྲང་ཀྲི་ཏུང་། (张之洞,1837-1909)མན་ཆིང་རྒྱལ་རབས་དུས་མཇུག་གི་བློན་ཆེན་ཞིག རྒྱ་ནག་ཉེ་རབས་ཀྱི་མཁས་པ།
མེ་རྗི་གསར་སྒྱུར། འཇར་པན་གྱི་གནམ་བསྐོས་གོང་མ་མེ་རྗིའི་རིང་ལ་བྱུང་བའི་སྔ་ན་མེད་པའི་བཅོས་བསྒྱུར་ཆེན་པོའི་ལས་འགུལ་དེ་ལ་གོ
རྒྱ་ནག་སྐད་ཀྱིས明治维新ཟེར།
——
ཁུང་ཙི། (སྤྱི་ལོ་སྔོན551—སྤྱི་ལོ་སྔོན479) རྒྱའི་གནའ་རབས་ཀྱི་བསམ་བློ་མཁན་དང་རུའུ་ལུགས་སྲོལ་འབྱེད་པ།
——
1639ལོར་དམག་དཔོན་སྒར་པས་རྒྱ་ནག་དང་ཧོ་ལན་ཕུད་པའི་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ཚོང་ལས་དང་རིག་གནས་ཆོས་ལུགས་སོགས་ཀྱི་འབྲེལ་འདྲིས་བྱས་མི་ཆོག་པའི་སྐོར་གྱི《སྒོ་སྡོམ་བཀའ་རྒྱ》བསྒྲགས་པ་ནས་བཟུང་།
འཇར་པན་རྒྱལ་ཁབ་ཀྱིས་ཕྱི་འབྲེལ་གྱི་སྒོ་བསྡམས་ཤིང་ནང་རོལ་ཏུ་གཏུམ་དྲག་སྒེར་གཅོད་ཀྱི་སྲིད་ཇུས་ལག་ལེན་བསྟར།
དུས་རབས་བཅུ་དགུ་པའི་དཀྱིལ་ཙམ་ནས་བཟུང་རིམ་བཞིན་སྲིད་ཇུས་དེ་ལ་འགྱུར་ལྡོག་བྱུང་།
གོང་མ་ཟུར་བཞག་གིས་རྒྱལ་ཁབ་ཀྱི་དབང་ཆ་མཐའ་དག་དམག་དཔོན་ཆེན་པོས་འཛིན་པའི་འཇར་པན་གྱི་ཐུན་མོང་མ་ཡིན་པའི་ཆབ་སྲིད་ལམ་ལུགས་ཤིག
ཆབ་སྲིད་ལམ་ལུགས་དེ1185ལོར་འགོ་བཙུགས་ཤིང1867ལོར་མཇུག་བསྒྲིལ་པ་རེད།
——
འཇར་པན་གྱི་གྲོང་ཁྱེར་ཆེན་པོ་ཞིག རྒྱ་སྐད་དུ横滨市ཟེར་བ་དེའོ། །
|