ལོ་ཙཱ་བ། ཀླུ་བྱམས།
མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་པཱ་ཞི་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་ཞི་ལིས་ཡ་ནས་གནམ་གྲུར་བསྡད་དེ་ཨ་ལོས་ཀི་ལིས་གྲུ་ཁར་སོང་བ་དང་། དེའི་འཕྲོར་འགྲུལ་བཞུད་རླངས་འཁོར་བསྡད་ནས་དུས་ཚོད་བཞི་ལྷག་ལ་སོང་རྗེས། ཡུལ་དེའི་དུས་ཚོད་སྤྱི་ཟླ1ཚེས28ཉིན་གྱི་ནམ་མ་ལངས་གོང་དུ་མེ་སྐྱོན་ཚབས་ཆེན་བྱུང་སའི་ཧྲིན་མ་ལིས་ཡ་གྲོང་ཁྱེར་དུ་ཐོན། ལམ་བར་དུ། གསར་འགོད་པས་ཡུལ་དེའི་སྐྱེ་བོ་ཡོད་དོ་ཅོག་གིས་ཚེས27ཉིན་གྱི་ནམ་མ་ལངས་གོང་ལ་ལིས་ཨོ་ཀི་ལན་ཏི་ཀྲིག་གི་ལྷོ་ཁུལ་དུ་ལོ་རྒྱུས་ཐོག་ཚབས་ཆེས་ཆེ་ཞིང་། པཱ་ཞི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་བྱུང་ལྟེབས་གཅིག་ལ་ཤི་གྲངས་མང་བའི་དོན་རྐྱེན་ཆེན་པོ་ཨང་གཉིས་པ་ཟིན་པ་དེ་གླེང་བཞིན་ཡོད་ཅིང་། མེ་དགྲ་ཆེན་པོ་དེས་ན་གཞོན233གྱི་ཚེ་སྲོག་ཁྱུར་མིད་བཏང་། པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལོ་སེ་ཧྥུའུ་ཚེས27ཉིན་གྱི་ཕྱིར་དྲོར། ཀྲི་ལིས་རྒྱལ་ཁབ་ནས་མྱུར་བ་མྱུར་དུ་མེ་སྐྱོན་བྱུང་ཡུལ་ཧྲིན་མ་ལིས་ཡ་གྲོང་ཁྱེར་དུ་ལོག་ནས། སྨན་ཁང་ནང་གི་རྨས་མ་རྣམས་ལ་བལྟ་རུ་སོང་། མོས་ད་དུང་ཡོངས་བསྒྲགས་བྱས་དོན། པཱ་ཞི་རྒྱལ་ཁབ་ཀྱིས་རྐྱེན་ངན་འདིའི་ཆེད་དུ་མྱ་ངན་ཉིན་གསུམ་ལ་ཞུ་རྒྱུ་ཡིན་ཞེས་བཤད། ཆག་སྒོ་བྱུང་རྗེས། རོལ་རྩེད་ཁང་དེར་གནས་པའི་བདེ་འཇགས་གནད་དོན་གྱིས་མི་རྣམས་ལ་ཡང་བསྐྱར་ཐེངས་ཤིག་ལ་ཉེན་ཁའི་ཅོང་བརྡ་བརྡུང་དུ་བཅུག
ཚགས་པར་ཁང་འདིའི་གསར་འགོད་པས་མེ་སྐྱོན་ཆེན་པོ་བྱུང་ས་སྟེ། དབྱིན་ཇིའི་སྐད་དུ་མིང་ལ་ཁཱེ་སི་ཟེར་ཞིང་བོད་སྐད་དུ་བསྒྱུར་ན་“འོ་སྐྱེལ་ས།”ཟེར་བའི་མཚན་འཛོམས་སྤྲོ་སྐྱིད་ཁང་གི་ཕྱི་རོལ་ནས། མཚན་འཛོམས་སྤྲོ་སྐྱིད་ཁང་གི་ཕྱི་སྐོར་དུ་ཕལ་ཆེར་མུས་སུམ་ཅུའི་ཞེང་ཚད་ཡོད་ཅིང་། གློ་དམར་གྱི་སྒོ་ཆེན་ལ་མུས་དྲུག་བདུན་གྱི་ཞེང་ཚད་ཡོད་པ། རྩིག་ངོས་ཀྱི་མཚམས་མཚམས་སུ་ཤིང་ལེབ་སྤྲད་ཡོད་པའི་ཕྱི་གྱང་རྣམས་གཏོར་བཤིག་བྱས་ཡོད་པ། དྲ་མ་རྣམས་འཚིག་ནས་ནག་རོག་གེར་ཡོད་པ་བཅས་ཀྱི་ངང་ཚུལ་མཐོང་བས། གཞོབ་དྲི་འཐུལ་བའི་དྲི་མ་མནམས་མི་བཟོད་པས་སྣ་ཁུང་ལ་འཚེར་སྣང་སྟེར། མཚན་འཛོམས་སྤྲོ་སྐྱིད་ཁང་གི་ཕྱོགས་བཞིའི་བགྲོད་ལམ་ཡོངས་སུ་བཀག་སྡོམ་བྱས་ཡོད་པས། སྨྱན་བྱེད་ཚན་པའི་གསར་འགོད་པ་ཚོས་ད་གཟོད་ས་དེ་ནས་ཆེས་གསར་བའི་གནས་ཚུལ་ཅི་འབྱུང་ལ་བསྒུག་བསྡད་ཆོག
སྐྱོ་གདུང་གི“འོ་སྐྱེལ་ས།”དེས་མི་རྣམས་སྡུག་ལ་བཀོད།
ལྭ་བ་གློ་ཁ་ཅན་གོན་ཞིང་། གསེར་མདོག་གི་སྐྲ་སིལ་ཕྲག་ཁར་འཕངས་པའི་སློབ་ཆེན་སློབ་མ་བུ་མོ་ཞིག་ཏག་ཏག་གསར་འགོད་པ་དང་མཉམ་དུ་རླངས་འཁོར་གཅིག་ཐོག་བསྡད་ནས་ཧྲིན་མ་ལིས་ཡ་གྲོང་ཁྱེར་དུ་སོང་། མོ་ནི་སློབ་ཆེན་འཛིན་གྲྭ་གཉིས་པའི་སློབ་མ་ཞིག་ཡིན་པས། དུས་དེར་མོས་ཡུལ་གཞན་དུ་ལྗོངས་རྒྱུ་བྱེད་བཞིན་ཡོད། མོས་གསར་འགོད་པར་བཤད་རྒྱུར། ནངས་མོར་གཉིད་ལས་སད་དུས། ལག་ཁྱེར་ཁ་པར་ནང་སློབ་གྲོགས་ཚོས་བསྐུར་འོངས་པའི་མེ་སྐྱོན་སྐོར་གྱི་འཕྲིན་ཐུང་གིས་གང་ཡོད་པ་མཐོང་འཕྲལ། ཧ་ལས་ཧོན་འཐོར་བར་གྱུར་ཟེར། མོས་མགྲིན་པ་རྣངས་བཞིན་དུ་བཤད་རྒྱུར། ངའི་སློབ་གྲོགས་ཤིག་ཀྱང་རེབ་འདིའི་མེ་སྐྱོན་ནང་རྐྱེན་ལམ་དུ་ཤོར་སོང་བས། སྟབས་ཧ་ཅང་མ་འགྲིགས་ཟེར། མོས་ད་དུང་གསར་འགོད་པར་བཤད་རྒྱུར། སློབ་ཆེན་སློབ་མ་མང་པོ་ཞིག་རང་ཡུལ་དང་ཁད་ཐག་ཆེས་རིང་བའི་སྟབས་ཀྱིས། གཟའ་མཇུག་གམ་ཡང་ན་དུས་ཆེན་གྱི་ཉིན་མོ་ཞིག་ཐོན་ཚེ། ཚང་མས་སྒོར་མོ་མཉམ་བསྡུས་བྱས་ནས་མཚན་འཛོམས་སྤྲོ་སྐྱིད་ཁང་ལ་རྩེད་འཇོ་རོལ་ཏུ་འགྲོ་སྲོལ་ཡོད། ད་ལྟ། སློབ་གྲྭས་དགུན་གནང་བཏང་ཡོད་པས། རང་ཡུལ་དུ་མ་ལོག་པའི་སློབ་མ་རྣམས་དེ་བས་ཀྱང་རྒྱུན་པར་མཉམ་འཛོམས་བྱས་ཏེ་ཉི་མ་ནམ་ཚད་གཏོང་གིན་ཡོད། ཁ་སང་གི་ནམ་མ་ལངས་གོང་དུ། མཚན་འཛོམས་སྤྲོ་སྐྱིད་ཁང་དུ་མཉམ་འཛོམས་བྱེད་པའི་སློབ་མ་མང་ཆེ་ཤོས་རྣམས་ནི་ཞིང་ལས་སློབ་གླིང་གི་སློབ་མ་རྣམས་ཡིན་མོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ། ང་ཚོའི་སློབ་གྲྭས་ཁ་སང་དེར་འགྲོ་བར་རྩ་འཛུགས་ཅང་མ་བྱས་ཟེར།
མཚན་འཛོམས་སྤྲོ་སྐྱིད་ཁང་དེའི་ཉེ་ལོགས་སུ་ཡོད་པའི་འཚིག་ཇ་འཐུང་ཁང་ཞིག་ཏུ། ཇ་ཁང་གི་བདག་མོ་ལིས་སཱ་ཡིས་གསར་འགོད་པར་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་ཁྲོད། མང་ཆེ་ཤོས་ཤིག་ནི་རྒྱུན་པར་ངེད་ཇ་ཁང་ནང་འཚིག་ཇ་འཐུང་དུ་ཡོང་བའི་སློབ་མ་ཏག་ཏག་རེད། ཁོ་ཚོས་འཚིག་ཇ་འཐུང་ཞོར་དང་དགོད་གཏམ་ཤོད་ཞོར་བྱེད་པའི་སྣང་བ་དེ་ད་དུང་ངའི་མིག་ལམ་དུ་འཁོར་འདུག་ཟེར། མོས་ད་དུང་བཤད་རྒྱུར། སློབ་མ་ལུས་ཕུང་ཚོན་པོ་ཅན་ཞིག་ཡོད་པ་དེ། ཁ་སང་མཚན་འཛོམས་སྤྲོ་སྐྱིད་ཁང་ནས་འཚང་ཁ་བརྒྱབ་པའི་ཁྲོད་ཕྱིར་ཡོང་མ་ཐུབ་པར། དུད་བདུགས་ཐེབས་ནས་ཤི་སོང་ལ། ད་དུང་མེ་གསོད་རུ་མི་ཞིག་གིས་མཚན་འཛོམས་སྤྲོ་སྐྱིད་ཁང་ནས་བེམ་པོ་ཞིག་པང་ནས་ཕྱིར་ཡོང་དུས། དེ་ནི་ཏག་ཏག་རང་གི་ནུ་བོ་རེད་ཟེར།
ཧྲིན་མ་ལིས་ཡ་གྲོང་ཁྱེར་ནི་ན་གཞོན་མང་པོ་འདུས་སྡོད་བྱས་པའི་གྲོང་ཁྱེར་ཞིག་རེད། གྲོང་ཁྱེར་དེའི་མི་གྲངས་ལ་འབུམ་གཉིས་དང་ཁྲི་བརྒྱད་ལས་མེད་མོད། འོན་ཀྱང་དེ་ན་སློབ་གཉེར་བྱེད་པའི་སློབ་མ་ཁྲི་བཞི་ལྷག་ཡོད། གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ་བཅུ་བཞིའི་ཕ་རོལ་ཏུ་སློབ་གྲྭ་ཆེན་མོ་འདུས་ཚོགས་བརྒྱབ་སྟེ་གྲོང་ཁྱེར་ལྟ་བུ་ཞིག་ཆགས་ཡོད། གནས་དེ་རུ་མཉམ་འབྲེལ་སློབ་གྲྭ་ཆེན་མོ་ཞིག་དང་། ཀྲིག་བཙུགས་སློབ་གྲྭ་ཆེན་མོ་ཞིག ད་དུང་དམངས་སྒྲུབ་སློབ་ཆེན་བདུན་བརྒྱད་ཙམ་ཞིག་བཅས་ཡོད། གསར་འགོད་པ་རླངས་འཁོར་བསྡད་ནས་སློབ་གྲྭ་ཆེན་མོའི་གྲོང་ཁྱེར་ལྟ་བུ་ཆགས་ཡོད་སར་བགྲོད་པའི་ལམ་བར་དུ། ཡུལ་དེའི་གླ་གཏོང་ཁ་ལོ་བ་ཞིག་གིས་བཤད་པ་ལྟར་ན། ལོ་ངོ་བཅུ་ལྷག་གི་སྔོན་དུ། གནས་འདི་ནི་འབྲོག་ཐང་ལྟ་བུའི་ས་རྒོད་ཅིག་ཡིན། རྗེས་སུ། སློབ་གྲྭ་ཆེན་མོ་རྣམས་རིམ་བཞིན་ཕྱོགས་འདིར་བཙུགས་པ་དང་བསྟུན་ནས། ས་ཆ་གཞན་པའི་སློབ་མ་མང་པོ་ཞིག་འདིར་སློབ་སྦྱོང་བྱེད་དུ་ཡོང་། སློབ་མ་རྣམས་རྩེད་འཇོར་རོལ་བར་ཤིན་ཏུ་དགའ་བས། གཟའ་མཇུག་ཐོན་ཚེ་སྤྱི་སྤྱོད་རླངས་འཁོར་བསྡད་དེ་གྲོང་ཁྱེར་ལྟེ་གནས་ཀྱི་རྩེད་ར་ནས་མཉམ་འཛོམས་སྒོས་སྐྱིད་པོ་གཏོང་གིན་ཡོད་ཟེར།
སྤྱི་སྤྱོད་ར་བའི་བདེ་འཇགས་ཀྱིས་ཉེན་བརྡ་བཏང་།
“འོ་སྐྱེལ་ས།”ཞེས་པའི་མཚན་འཛོམས་སྤྲོ་སྐྱིད་ཁང་དེ་ཧྲིན་མ་ལིས་ཡ་གྲོང་ཁྱེར་གྱི་ལྟེ་གནས་སུ་ཡོད། དེའི་མཐའ་ཁོར་ཚང་མ་ཚོང་གཉེར་སྲང་ལམ་དང་གྲོང་ཁྱེར་སྲིད་འཛིན་ལས་ཁུངས་ཏག་ཏག་ཡིན་སྟབས། ས་དེ་ནི་གྲོང་ཁྱེར་དེའི་འདུ་འཛི་ཟང་ཟིང་ཆེས་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་ཡོད། ཡུལ་དེའི་གཞིས་སྡོད་པ་ཚོས་བཤད་པ་ལྟར་ན། མཚན་འཛོམས་སྤྲོ་སྐྱིད་ཁང་དེའི་ནང་མི་སྟོང་གཉིས་ཤོང་ཐུབ་པས། ས་ཆ་དེ་ནས་ཆེས་ཆེ་བའི་མཚན་འཛོམས་སྤྲོ་སྐྱིད་ཁང་ཞིག་ཡིན། ཡིན་ནའང་དེ་འདྲ་ཆེ་བའི་སྤྲོ་སྐྱིད་ཁང་ཞིག་ལ་སྒོ་ཕྱི་ནང་དུ་འགྲོ་བའི་རྒྱལ་སྒོ་གཅིག་མ་གཏོགས་མེད་སྟབས། བདེ་འཇགས་ཐད་ནས་ཉེན་ཁ་ཚབས་ཆེན་གནས་ཡོད་ཟེར།
ཡུལ་དེའི་ཉེན་དམག་ཏི་སི་ཐཱར་དམག་དཔོན་ཆུང་བ་ཞིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁ་སང་གི་ཆག་སྒོ་དེས་བདེ་འཇགས་ཐད་ནས་ཉེན་ཁ་ཚབས་ཆེན་ཡོད་པ་ལྷང་ལ་འབུད་དུ་བཅུག གར་སྟེགས་སྟེང་འཁྲབ་སྟོན་བྱེད་པའི་རོལ་དཀྲོལ་རུ་ཁག་གིས་འཛེམ་མེད་དུ་ཤོག་བོའུ་མེ་འཕྱུར་འཕངས་པས། མེ་སྟག་གིས་བར་ཆོད་རྩིག་གྱང་ཐོག་གི་སོབ་གདན་ལྟ་བུ་དེར་མེ་བསྒོས་ནས། མཐར་ཐུག་དགྲ་ཐལ་ཁུང་ལས་བྱུང་བའི་སྐྱོ་གར་འབྱུང་རྐྱེན་དུ་གྱུར་པ་རེད། མེ་སྐྱོན་ཐོག་མར་བྱུང་དུས། བདེ་སྲུང་མི་སྣས་ད་དུང་རྒྱལ་སྒོ་གཏན་ནས་སྒོར་མོ་སྡུད་བཞིན་ཡོད་ཟེར་བས། དེ་ནི་ཆེས་མི་འོས་པ་ཞིག་རེད། ཁོས་ནན་དང་བཅག་གིས་བཤད་རྒྱུར། ཐེངས་འདིའི་དོན་རྐྱེན་ནི་རྒྱུ་མང་རྐྱེན་མང་རྐྱ་འཐབ་ནས་གྲུབ་པ་ཞིག་རེད། དཔེར་ན། འབར་སླ་བའི་ཨར་ལས་རྒྱུ་ཆ་སོབ་གདན་ལྟ་བུ་བཀོལ་ཡོད་པ་དང་། སྟེགས་བུའི་ཐོག་གི་རོལ་དཀྲོལ་རུ་ཁག་གིས་ཤོག་བོའུ་མེ་འཕྱུར་འཕངས་པ། མཚན་འཛོམས་སྤྲོ་སྐྱིད་ཁང་དུ་མི་འདུས་ཚད་འཆར་ཅན་གཏན་ཁེལ་གྱི་མི་གྲངས་ལས་བརྒལ་བ། གློ་བུར་གྱི་དོན་རྐྱེན་བྱུང་ཚེ་གློ་བུར་དུ་འབྲོ་ལམ་མེད་པ། དོན་རྐྱེན་བྱུང་སྐབས་བདེ་སྲུང་མི་སྣས་སྒོ་ཆེན་གཏན་ཡོད་པ། མི་རྣམས་རང་རང་སར་བྱང་དགོས་ཚུལ་སྟོན་པའི་ལམ་ཡིག་བྲིས་མེད་པ། བདག་གཉེར་འཁྲོལ་ཡིག་དུས་བརྒལ་བྱས་ཡོད་སོགས་ཚང་མ་བདེ་འཇགས་ཀྱི་གཏན་ཁེལ་དང་འགལ་ཡོད་ཕྱིར། དེ་ནི་ཆག་སྒོ་སློང་བའི་བྱུར་འདྲེན་གཙོ་བོ་རེད།
མེ་གསོད་ཉེན་རྟོག་པ་མཱང་ཆེ་ཡིས་གསར་འགོད་པར་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བ་མང་ཆེ་ཤོས་ནི་དུད་བདུགས་བརྒྱབ་པའམ་དུག་རླངས་གློ་སྦུག་ནང་སོང་སྟེ་ཤི་སོང་བ་ཡིན་པ་ལས། མེས་འཚིགས་ནས་ཤི་སོང་བ་གཅིག་ཀྱང་མེད་ཟེར། ཁོས་ཡང་བཤད་རྒྱུར། ཚེས27ཉིན་གྱི་ནམ་མ་ལངས་གོང་གི་དུས་ཚོད་གསུམ་ཙམ་དུ། མེ་གསོད་རུ་ཁག་ཡུལ་དངོས་སུ་ཐོན་ཡོད། ཡིན་ནའང་སྤྲོ་སྐྱིད་ཁང་གི་དུ་བ་དང་དུག་རླངས་སྒོའི་ཕྱིར་འདེད་མ་ཐུབ་པ་དང་། རྐྱེན་ལམ་དུ་ཤོར་བ་ཚང་མ་སྒོ་ཆེན་ནང་གཅིག་པུ་ནས་འཚང་ཁ་བརྒྱབ་པས། ང་ཚོས་ཕྱི་རོལ་ནས་སྒོ་ཆེན་འབྱེད་ཐབས་མེད་པར། གྱང་སློག་པ་དང་དྲ་མ་གཅོག་དགོས་བྱུང་སྟེ། སྲོག་སྐྱོབ་དུས་ཚོད་ལ་དལ་འགོར་བྱས་ཟེར།
ཚེས28ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུའི་སྟེང་། ད་གཟོད་ནམ་མཁར་སྐྱ་མདའ་ཤར། རྐྱེན་ལམ་དུ་ཤོར་བའི་བེམ་པོ་འཇོག་སྣོད་རྣམས་བཞག་པའི་རྩལ་སྦྱོང་ར་བའི་ནང་། འདས་པོའི་གཉེན་ཉེ་འགའ་རེ་ནས་ཞག་གང་པོར་བེམ་པོ་སྲུང་བསྡད་ཡོད་པ་དང་། ད་དུང་གཉེན་ཉེ་སྐོར་ཞིག་གིས་དེ་ན་རང་གི་ཉེ་མིའི་གནས་ཚུལ་རྩད་འདྲི་བྱེད་ཀྱིན་མཆིས། མདོར་ན་སྨན་བཅོས་བྱེད་མཁན་དང་། མེ་གསོད་མཁན། རང་མོས་རོགས་རེས་པ། དེ་མིན་ད་དུང་གསར་འགོད་པ་བཅས་གྲོག་ཚང་བརྡོལ་བ་ཞིན་དུ་ཁོམ་ལོང་བྱུང་བའི་མི་གཅིག་ཀྱང་མེད།
གསར་འགོད་པ་རྩལ་སྦྱོང་ར་བའི་ནང་པཱ་ཞི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཀྲང་ཕེ་ཏིས་ལིས་ཡར་ཐུག ཁོ་ནི་ཚེས28ཉིན་གྱི་ཕྱི་དྲོར་རྒྱལ་ས་པ་ཞི་ལིས་ཡ་ནས་གནས་དེར་མྱུར་སྐྱོབ་ལ་བཀོད་འདོམས་བྱེད་དུ་ཡོང་བ་རེད། ཁོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་མེ་སྐྱོན་གྱི་བསླབ་བྱ་ནི་ལྗིད་ཏིག་ཏིག་ཅིག་ཡིན། གལ་སྲིད་སྔོན་ཚུད་དུ་སྔོན་འགོག་བྱེད་ཐབས་འགྲིག་ཡོད་རྒྱུ་ན། སྐྱོ་གར་འདི་འདྲ་ཚབས་ཆེན་ཞིག་འབྱུང་དུ་མ་བཅུག་ན་ཆོག རོལ་རྩེད་བྱ་འགུལ་ཆེ་གྲས་སྤེལ་བའི་གཙོ་གཉེར་སྡེ་ཁག་ཕྱོགས་ཀྱིས་སྔོན་ཚུད་དུ་མེ་གསོད་རུ་ཁག་དང་། ཉེན་རྟོག་རུ་ཁག གྲོང་ཁྱེར་སྲིད་འཛིན་སྡེ་ཁག་བཅས་དང་མཉམ་དུ་སྔོན་དཔག་གི་གྲ་སྒྲིག་ཡོད་པ་བྱས་ནས། གློ་བུར་དུ་བྱུང་བའི་གནས་ཚུལ་རིགས་ལ་ཁ་གཏད་འཇལ་འོས་ཟེར། །
|