ཨེ་མ་དཔྱིད་དཔལ་བུ་མོའི་ལང་ཚོ་སྟོང་གིས་མཚར་སྡུག་ངོམ་བྱས་ཤིང་། །
བརྗིད་ཆགས་གསེར་གྱི་ལྷུན་སྟུག་རི་བོ་ཚར་དུ་དངར་བ་འཁྱིལ་བའི་དབུས། །
བདེ་སྐྱིད་དཔལ་ཡོན་གཡང་དུ་འགུགས་ཤིང་དུང་སེམས་འཕྲོག་པའི་མཛའ་ན་མོ། །
དགེ་བཅུའི་མགུལ་རྒྱན་རྨད་དུ་བྱུང་ཞིང་ཁྱེད་མཐོང་དགའ་སྤྲོས་མི་ཁེངས་སུ། །
ལྗང་མདོག་ལ་བ་ལུས་ལ་བཀླུབས་ཤིང་མེ་ཏོག་རྒྱན་དུ་སྤུད་པའི་ཞིང་། །
ཞིང་ཁམས་སྟོང་གི་གཟི་དཔལ་འབར་ཞིང་རིན་ཆེན་བརྩེགས་འདྲའི་གནས་མཆོག་རི། །
རི་དང་རི་ཕྲན་ཁྱད་དུ་འཕགས་ཤིང་དངོས་གནས་མཛེས་པའི་ཁྱད་ཆོས་ཀུན། །
ཀུན་རྟོག་ཡིད་ལ་གསལ་ལེར་འཆར་ཞིང་མིག་གི་དཔྱིད་དུ་མཛེས་པར་ལྷམ། །
བྱིན་རླབས་མ་ཉམས་ཁྲུས་ཀྱི་ཆུ་མཆོག་བསིལ་དྭངས་ཡན་ལག་བརྒྱད་ལྡན་པའི། །
ལྷ་ཡི་བདུད་རྩི་ལྷོད་ཀྱིས་བསྐྱོམས་པའི་རླབས་ཀྱི་ཟེགས་མ་རྩེན་བཞིན་དུ། །
ཐུར་ནས་ཐུར་དུ་བགྲོད་པའི་འབབ་ལྡན་ཆུ་མིག་བརྒྱ་ཁྲི་དྲུག་སྟོང་དེ། །
རྐང་གཉིས་འཛིན་མའི་དཔལ་དུ་ཆེ་ལ་རྣམ་སད་ལོངས་སྤྱོད་བླ་ན་མེད། །
གཡས་རི་སྣ་ཚོགས་གཡོན་དུ་འཁྱིལ་བས་ལུང་བརྒྱད་བཀྲ་ཤིས་རྟགས་བརྒྱད་ཡིན། །
གཡོན་རི་སྣ་ཚོག་གཡས་སུ་འཁྱིལ་བས་ལུང་བདུན་རྒྱལ་སྲིད་སྣ་བདུན་ནི། །
ཕུན་སུམ་དཔལ་འབྱོར་དབྱར་གྱི་མཚོ་མོའི་ངོགས་ན་རིང་དུ་རྩེན་པ་ཡི། །
བདེ་ལྡན་འཚོ་བ་གཤོག་དྲུག་ཟུང་དང་ཡོངས་སུ་མཚུངས་པ་འདི་ཀོ་རྨད། །
གཞན་གསོས་ལ་སོགས་འཕུར་ལྡན་དུ་མས་དཔྱིད་གསུམ་སྨིན་པའི་གཡུ་ལོ་ཡི། །
ལྗོན་པའི་གསེབ་ནས་སྙན་འཇེབས་གླུ་དབྱངས་དལ་གྱིས་སྒྲོག་པའི་གྲེ་འགྱུར་གྱིས། །
འདོད་རྒུའི་བཟའ་ཤིང་གཡང་དུ་འབོད་བཞིན་འདབ་ལྡན་བྱ་རིགས་ཡོད་དོ་ཅོག །
འཕུལ་ལྡིང་གར་ལ་རྣམ་པར་རྩེན་པས་དགའ་སྤྲོའི་ཡོ་ལང་བརྗོད་མཐའ་བྲལ། །
དེ་ལྟར་མཛེས་མཛེས་སྣང་ཚད་མཐའ་དག་ཁོ་བོས་འདི་ནས་བརྗོད་པ་ལ། །
ཡིད་གར་འོང་འོང་དུ་མས་ཕྱུག་པ་རྫོགས་ལྡན་གསར་བའི་འགྲོས་དང་བསྟུན། །
རྔ་ལྗོངས་མཚར་མཚར་ལྷ་ཡི་གྲོང་ཁྱེར་ཞོགས་པར་སྤྲིན་གྱི་རྒྱ་མཚོ་བཞིན། །
མི་རྣམས་འཇུག་ལ་ཕན་བདེའི་རླབས་ཀྱིས་རྩེ་དགའ་དམ་ལ་འདོགས་པར་དོགས། །
དེ་ལྟར་གནས་ཀྱི་བཀོད་པ་མ་ལུས་རང་བྱུང་ལྷུན་གྱིས་གྲུབ་པ་ཡིས། །
ཀློག་པ་ཁྱོད་ཀྱིས་མཐོང་བྱེད་ལམ་དུ་བི་ཤྭའི་པུར་གྱིས་རྩེད་འཇོ་བཞིན། །
མདོ་སྨད་རྔ་ལྗོངས་ཕྱུག་མོ་མངོན་ཚེ་དགེ་ལེགས་དཔྱིད་ཀྱི་སྦྲང་ཆར་དེས། །
དལ་བུར་བསླན་ཚེ་དགའ་སྤྲོའི་དཔལ་གྱིས་སྤུ་ལོང་རྒྱས་ནས་མི་བཟི་འམ། །