ལེའུ་དང་པོ། སྤྱིའི་རྣམ་བཞག་བཤད་པ།
གང་ལ་བརྟེན་ན་ནམ་ཡང་མི་བསླུ་བའི། །སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་རིན་ཆེན་གསུམ། །གཅིག་ཏུ་བསྡུས་པའི་རང་གཟུགས་སྤྲུལ་བའི་སྐུ། །བསྟན་པའི་རྒྱལ་མཚན་ཕྱོགས་ཀྱི་འཁོར་ལོར་རྒྱལ། །ལེགས་བྱས་གནོད་སྦྱིན་མཛོད་ལས་བྱོན་པ་ཡི། །རིགས་བཟང་ནོར་བུའི་དོ་ཤལ་འཛིན་ནའང་། །རང་གི་ངང་ཚུལ་མ་མཐོང་ན་གའི་བུ། ། ཕལ་ཆེར་མུན་པའི་ཁྱིམ་ན་གདུང་བས་མནར། །ཚུལ་འདི་གཟིགས་པ་མི་དམན་སྙིང་རྗེའི་ཐུགས། །དམིགས་མེད་ཉེར་སྐྱོད་དྲིན་ལྡན་བླ་མ་ཡིས། །སྔོན་བྱུང་རུས་མཛོད་རྩོམ་པར་བསྐུལ་བའི་བཀའ། །ལྡོག་ཏུ་མ་བཟོད་འདི་ལ་འབད་པས་འཇུག །
བོད་མི་བུ་གདོང་དྲུག་གི་རུས་མཛོད་རྒྱས་པར་བཀོད་པ་མེ་ཏོག་པདྨ་དཀར་བའི་སྐྱེད་ཚལ་ལ་ལྔ།
ཕྱི་སྣོད་འཇིག་རྟེན་གྱི་ཆགས་ཚུལ།
ནང་བཅུད་འགྲོ་བ་གྲུབ་ཚུལ།
ཐུབ་པའི་བསྟན་པ་དར་ཚུལ།
བོད་ཀྱི་རྒྱལ་རབས་བྱུང་ཚུལ།
མི་བུ་གདོང་དྲུག་གི་གྲོལ་ཚུལ་བཅས་སོ། །
དུམ་བུ་ཕྱི་མ་ལ། ལྔ་བ་བོད་མི་བུ་རིགས་བཞིའམ། རིགས་ལྔའམ། རིགས་དྲུག་པོ་དེ་བྱུང་ཚུལ་དང་ངོས་འཛིན་སོགས་བརྗོད་པ་ལ། དེ་དག་གི་རིགས་ཐོག་མར་བྱུང་ཚུལ་དང་། བར་སྐབས་ཤིག་ནས་བཟུང་སྟེ་རིགས་དེ་རྣམས་ཀྱི་གྱེས་ཚུལ་དང་། དེ་དག་ངོས་བཟུང་ནས་ད་ལྟའི་བར་དུ་དར་ཚུལ་བཤད་པ་དང་གསུམ།
དང་པོ་ནི། དེ་ལ་བོན་ལུགས་ལྟར་ན་སྲིད་པ་བོན་བུ་ལུམ་བུམ་དང་། ཡུམ་ཆུའི་རྒྱལ་མོ་འབུམ་གཉིས་ཀྱི་བརྒྱུད་པར། ཕྱྭ་དམུ་གཙུག་གསུམ་རྒོས་དང་བཞི་ནས་རིམ་པར་བརྒྱུད་ནས་སྲིད་པའི་རྒྱལ་བུ་མཐིང་གི་བར་མཆེད་ཚུལ་ལྟར་བྱུང་ལ། གོང་དུ་བཤད་པ་ལྟར་གྱི་སྔར་བོད་མི་བྱུང་ཚུལ། སྤྲེའུ་བྱང་ཆུབ་སེམས་དཔའ་རང་ཉིད་ཀྱིས་རང་གི་བུ་དང་ཚ་རིགས་རྣམས་ལ་ཟང་ཟིང་གི་སྦྱིན་པའི་སྐབས་སུ་བཞི་བརྒྱ་བོ་རྣམས་ཚན་བཞིར་བཅད་དེ་སོ་སོར། བསེ་དང་། དམུ་དང་། ལྡོང་དང་། སྟོང་སྟེ་མིང་བཞི་བཏགས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ལུང་བསྟན་པ་ལྟར་རིགས་བཟང་ངན་གཉིས་སུ་དབྱེ་བ་ཕྱེ་ནས་བཟུང་སྟེ་རང་ཚན་རང་ཚན་དེ་རྣམས་རང་ཚན་རང་ཚན་བྱས་ནས་ཕན་ཚུན་མ་འདྲེས་པར་ཡུན་དུ་གནས་པ་ལ། ཆོས་ཀྱི་སྦྱིན་པའི་སྐབས་སུ་རིགས་བཟང་ངན་ཡང་ཤེས་ཆེ་བར་མངོན་ལ། དེ་ནས་རིགས་བཟང་བོ་རྣམས་ཀྱི་རང་ཤུགས་ཀྱིས་ལས་རྣམས་བསྒྲུབ་ལ་དེའི་བོད་ཀྱི་ཡུལ་ལྷ་རྣམས་དྭངས་པ་ཆེན་པོས་མཆོད་པས། དེ་དག་རྣམས་ལ་ཞིང་བོ་ཞེས་ཟེར་ལ། ཕྱིས་དེ་རྣམས་ཀྱི་རིགས་ལ་ཞིང་བོ་ལྷ་རིགས་རྒོ་ཡང་ཟེར་བར་མངོན་པས་ལྷ་རིགས་སྒོ་དང་། བསེ་ཡི་ནང་གི་བཟང་བོ་གཙོ་བོ་རྣམས་ལ་བསེ་ཁྱུང་སྦྲ། དེ་བཞིན་དུ་དམུ་ཡི་ནང་གི་རིགས་བཟང་བོ་གཙོ་བོ་རྣམས་ལ་དམུ་ཚ་སྒ། ལྡོང་གི་ནང་གི་རིགས་གཙོ་བོ་རྣམས་ལ་ཨ་སྤོ་ལྡོང་། སྟོང་གི་ནང་གི་རིགས་བཟང་བོ་རྣམས་ལ་ཨ་ཐང་འབྲུ་ཞེས་བརྗོད་པ་འདིའོ། །
དཔེ་རྙིང་ལ་དངོས་སུ་ཅི་བཞིན་གསལ་ཆ་མི་སྣང་ཡང་། རྗེ་འཇམ་དབྱངས་བཞད་པའི་རྣམ་ཐར་བསེ་ཁྲི་རྒན་གྱིས་མཛད་པ་དེ་ལ་དཔག་ན་དང་། མ་ཎི་བཀའ་འབུམ། རྡོལ་བོན་གྱི་དཔེ་རྙིང་རྣམས་ལ་དཔག་ན་ཤུགས་ཀྱིས་དེ་ལྟར་ཡིན་ནམ་སྙམ་པའི་དེའི་རིགས་རྒྱུད་རྣམས་ལ་ནི་རིགས་རྒྱུད་ལྔའམ། རུས་ཆེན་ལྔ་ཞེས་བརྗོད་པ་ཤུགས་ལ་བསྟན་པ་ཁོ་བོས་སེམས་ཀྱང་། སླར་ཡང་ཡིག་ཚང་ཁུངས་མ་རྣམས་ལས་ཞིབ་ཏུ་རྟོགས་པར་བྱ་དགོས་སོ། །
རུས་ཆེན་འདི་དག་ལ་དོན་གྱི་མིང་ཡང་འདི་ལྟར་ཡོད་ལ། ལྡོང་ཆེ་གཉན་ཅན་ཞེས་རྒྱལ་ཆེན་མི་བཞི་སོགས་བྱུང་བ་ཆེས་གཉན་ཆེ་ལ། འབྲུ་བྱས་པ་ཅན་ཞེས་དགྲ་ལ་རྒོད་པ་དང་། སྒ་ཡིག་ཚང་ཅན་ཞེས་སློབ་གཉེར་ལ་མཁས་པ་དང་། སྦྲ་མིང་རྣ་ཅན་ཞེས་ཕྱུག་དཔལ་ཆེ་བ། ཞིང་བོ་སྒོ་ཞེས་པ་ལྷ་ཡི་རིགས་དང་ལྔ་ལ་རུས་ཆེན་སྡེ་ལྔ་ཟེར། རིགས་བཟང་བོ་རྣམས་འདི་ལྟར་ཡར་ཕུད་པའི་ལྷག་མ་རིགས་ངན་པ་ཐམས་ཅད་ཕྱིས་སུ་ཚན་པ་གཉིས་སུ་བཅད་དེ། དེ་གཉིས་ལ་ནི། དབའ་ཡི་ཚན་དང་། ཟླ་ཡི་ཚན་དང་། ཞེས་དམངས་སམ་ཚ་ཞིང་གི་གཉིས་སུ་གྱེས་པ་སྟེ། སྔར་གྱི་མི་རིགས་བཟང་བོ་བཞི་དང་། དེའི་ཁར་འདི་གཉིས་བརྩིས་ཏེ། བོད་མི་བུ་རུས་དྲུག་ཡིན་ཞེས་གཡུང་དྲུང་བོན་གྱི་དཔེ་རྙིང་དང་། གནའ་མིའི་ངག་རྒྱུན་ལ་སྣང་ཡང་འདི་རྣམས་མཐུན་པར་འདུག་གོ། གནའ་སྒྲུང་ལས་ཀྱང་། མི་བུ་རུས་དྲུག་ཞིང་བོ་སྒོ་དང་བདུན་ཞེས་པ་ཡང་འདི་དང་འགྲིགས་སོ། །
དཔེ་རྙིང་ལྟར་ནའང་སྔར་བོད་ལ་རྗེ་རྒྱལ་བོ་ཇི་བཞིན་མེད་པའི་སྐབས་སུ་རང་ཅག་རྣམས་ཀྱིས་རྗེ་རྒྱལ་བོ་ཞིག་འཚོལ་དགོས་པར་འདུག་ཅེས་གྲོས་བསྡུར་བའི་གཙོ་བོ་ནི། བློན་པོ་ཐང་ཡིག་ལས། ཞིང་གསུམ་བློན་བཞི་ཡབ་འབངས་རུས་དྲུག་གིས། ཤེས་པ་མཁན་མི་བཅུ་གཉིས་ཀྱིས་རྗེ་བཙལ་བར། ཞེས་གསུངས་པ་ལྟར་གྱི་ཞིང་ནི་ལྷ་རིགས་སྒོ་དང་། དེ་མིན་རིགས་ཚན་བཞི་ཡི་ནང་གི་རིགས་བཟང་བོ་གཙོ་བོ་བཞི་བློན་བཞི་དང་། དེའི་ཡབ་མེས་གོང་མའི་འབངས་དང་བཅས་པ་བརྩིས་ན་རུས་དྲུག་དང་། ཤེས་པ་མཁན་མི་བཅུ་གཉིས་ཟེར་བ་ནི་དྭངས་པ་ཆེན་པོས་བོད་ཀྱི་ཡུལ་ལྷ་རྣམས་ལ་རྒྱུན་དུ་གསོལ་མཆོད་བྱས་པས་དེ་རྣམས་དགྱེས་ཏེ། དངོས་སམ་རྨི་ལམ་དུ་ལུང་སྟོན་པ་དང་། རྒྱུད་བྱིན་གྱིས་བརླབས་ཏེ་ཟག་བཅས་ཀྱི་མངོན་ཤེས་དག་ཡོད་པ་ལ་ཟེར་ནའང་འདི་དང་འགྲིགས་པར་སྣང་ངོ་། །
བོད་ཀྱི་མི་རྣམས་ཀྱི་མཆེད་ཁུངས་ནི་སྤྲེའུ་ཚ་ལས་མཆེད་པའི་ལུགས་ལྟར་འཆད་པ་ལས་འོས་མེད་དོ། །
གོང་དུ་བཤད་པ་ལྟར་བོད་ཡུལ་འདིར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་སྒྲོལ་མའི་སྤྲུལ་བ་རྒྱ་བཟའ་འུན་ཤིང་ཀོང་ཇོ་བྱོན་དུས་སོགས་དང་། དེ་རྗེས་ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོ་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བྱོན་དུས་སོགས་ནས་བཟུང་། རྒྱ་ནག་གཙུག་ལག་རྩིས་ཀྱི་གཞུང་བོད་འདིར་འགྱུར་བ། རྩིས་གཞི་མ་ཧ་གསེར་གྱི་རུས་སྦལ་གྱི་ལུས་ལ་སྣོད་བཅུད་ཀྱི་རྟེན་འབྲེལ་སྣ་ཚོགས་དང་། ཕྱི་ནང་གསང་གསུམ་གྱི་འབྱུང་བ་ལྔ་སོགས་ཚང་ལ། གསང་བའི་འབྱུང་བ་ལྔ་ནི་རུས་སྦལ་དེའི་དོན་ལྔ་ལ། ཤིང་ཁམས་མཆིན་པ། མེ་ཁམས་སྙིང་། ས་ཁམས་མཚེར་བ། ལྕགས་ཁམས་གློ་བ། ཆུ་ཁམས་མཁལ་མ་སྟེ། དེ་རྣམས་ཀྱི་སྒྲ་བརྡ་མིང་ལྔ་ནི། ཀེག་དང་། ཇི་དང་། གུང་དང་། ཤིང་དང་། འུ་དང་ལྔ་ལ་རུས་ཁམས་ལྔར་གཙུག་ལག་རྩིས་ཀྱི་སྟོན་པ་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་ཏེ། ཀེག་ཤིང་། ཇི་མེ། གུང་ས། ཤིང་ལྕགས། འུ་ཆུ་ཁམས་ཡིན་ལ། རྩིས་གཞུང་རང་ལས། རུས་ཁམས་ལྔ་ཡི་ངོས་འཛིན་ནི། སྐད་འགགས་གྲེ་ཁ་འདར་ཀེག་ཤིང་། །སོ་བར་སྒྲ་འདོན་ཇི་མེ་ཡིན། །ལྟེ་ཁུང་དབུགས་སྡུད་གུང་ས་དང་། ། ཁ་གདངས་ལྕེ་ཕྱར་སྣ་དབུགས་ནས། །འོང་བ་དེ་ནི་ཤིང་ལྕགས་ཡིན། །མཆུ་སྐུང་མཆུ་འཇིབས་འུ་ཆུ་ཡིན། །ཞེས་གསུངས་པ་འདི་རྣམས་ལུས་ངག་དབུགས་སོགས་ཀྱི་རྣམ་འགྱུར་ལ་དཔགས་ནས་ངོས་འཛིན་དགོས་པ་ཞིག་སྟེ་འདི་ནང་ལ་དཔག་ན་རྒྱ་རྩིས་ཀྱི་གཞུང་དེ་དག་བྱུང་ཚུན་ཆད་དུ་གང་ལྟར་ཡང་བོད་ཀྱི་རུས་ཆེན་ལྔ་བོ་རེ། སྒ་ཤིང་ཁམས། སྒོ་མེ་ཁམས། ལྡོང་ས་ཁམས། སྦྲ་ལྕགས་ཁམས། འབྲི་ཆུ་ཁམས་རྣམས་སུ་བརྩི་བ་དེ་བྱུང་ལ། སྔོན་བོད་འདིར་རུས་ཆེན་ལྔ་འདི་བྱུང་བ་ནས་བཟུང་རང་རང་གི་བླ་ཟོག་དེ་ནི། ལྡོང་གི་ཤ་བ། འབྲིའི་གཡག སྦྲའི་རྐྱང་། སྒའི་ལུག སྒོ་ཡི་བླ་ཟོག་ར་ཡིན་པར་བཞེད་སྲོལ་དེ་བཞིན། རྩིས་གཞུང་དེ་འགྱུར་བ་ནས་བཟུང་སྟེ། སྒ་ནི་ཤིང་ཁམས་ལུག་ལ་བླ། སྒོ་ནི་མེ་ཁམས་ར་ལ་བླ། །ལྡོང་ནི་ས་ཁམས་ཤ་བར་བླ། །སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། །འབྲི་ནི་ཆུ་ཁམས་གཡག་ལ་བླ། །རུས་པ་གཙང་མར་མ་ཤེས་ན། །དེ་ཡང་ལྡོང་ལ་བསྡུ་ཞེས་ཟེར། ། ཞེས་པ་དེའི་རྩིས་བྱ་དེའི་རང་གི་རིགས་གང་ལ་ངོས་འཛིན་དང་བླ་ཟོག་སོགས་དག་པར་མ་ཤེས་ན། ལྡོང་ས་ཁམས་ཡིན་པས་ས་ཁམས་སུ་བརྩིས་ནས་རུས་ཁམས་ཀྱི་ལྡེའུ་དེ་ལྟར་འཇོག་དགོས་པའི་དོན་དང་། ཡང་ན། བྱི་བ་ལ་སོགས་ལོ་སྐོར་བཅུ་གཉིས། དེ་ལའང་བརྡ་མིང་འདི་ལྟ་སྟེ། ཤིང་དང་སྟག་ཡོས་སྟོང་སུམ་ཞེས། །མེ་དང་རྟ་སྦྲུལ་སེང་འ་ཞ། །ལྕགས་དང་བྱ་སྤྲེལ་སྦྲ་ཞང་ཞུང་། །ས་དང་གཤེས་བཞི་རྒྱལ་དྲང་རྗེ། །ཆུ་དང་བྱི་ཕག་ལྡོང་མི་ཉག །ཞེས་འབྱུང་ལ། ཕྱི་ནས་འགྱུར་བའི་གཏོ་ཕུག་ལས། མི་ནི་མི་ཉག་ལྡོང་། མི་ནི་སོ་སྟོང་སུམ་པ། མི་ནི་སྦྲ་རྒྱལ་ཞང་ཞུང་། མི་ནི་སེང་རྒ་འ་ཞ། མི་ནི་རྒྱལ་རྗེ་དྲང་དཀར་ཞེས་ཡུལ་དེ་དག་གི་རྒྱལ་པོའམ། ཡུལ་མི་བོད་ཡུལ་འདིར་བྱུང་བ་ལྟར་ལས་རུས་ཆེན་ལྔ་འདི་བཞེད་པ་ལྟ་བུ་དང་། ཡང་གཏོ་ཕུག་ལས། སུམ་བྷ་འབྲི་ཡི་རྒྱལ་བོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ། ཞེས་པ་ལ་དཔག་ན། སྔར་བོད་ཀྱི་སྤུ་རྒྱལ་བཙན་པོའི་རིགས་མ་བྱོན་གོང་གི་རྒྱལ་ཕྲན་བཅུ་གཉིས་ཟེར་བ་དེ་སུམ་བྷའི་ཡུལ་ནས་བྱུང་བ་འདྲ་བ་དང་། དཔེ་རྙིང་ལས། ལྡོང་ལ་རུས་ཆེན་བཅོ་བརྒྱད་གྲོལ། སེང་རྒྱལ་འ་ཞ་བུ་དགུ་གྲོལ། ཞེས་པ་དེ་དག་རྣམས་ལ་གཞིགས་ཚེ། བོད་མི་བུ་གདོང་དྲུག་འདི་མཐའ་གཅིག་ཏུ་བྱུང་ཚུལ་དང་ངོས་འཛིན་དཀའ་ལ། ཡང་གནའ་མིའི་ངག་རྒྱུན་བྲིས་པའི་དཔེ་རྙིང་ཞིག་ལས། རྒྱལ་བུ་མཐིང་གི་སྲས་ནི་ཨ་མྱེས་ཁྲི་སྡེ་ཆེན་པོ། དེའི་སྲས་ཁྲི་དམ་རྒྱལ་བོའི་སྲས། དེའི་སྲས་ཆེ་བ་ཨ་སྤོ་ལྡོང་། དེ་ནས་ཨ་ལྕགས་འབྲི། བསེ་ཁྱུང་སྦྲ། དམུ་ཚ་སྒ་སོགས་དང་། རྒོ་ལྷ་རིགས། དམངས་དབའ་ཟླ་གཉིས་དང་། བོད་མི་བུ་གདུང་དྲུག་ཡིན་ཏེ། དེ་རྣམས་ཀྱི་རིགས་མཆེད་པ་ཡིན་ཞེས་ཟེར་བ་སོགས་བཞེད་ཚུལ་མི་མཐུན་པ་མང་ཙམ་འདུག་པ་དང་། ཡང་གོང་གི་གཏོ་ཕུག་ལྟར། གནའ་བོའི་རྗེ་གཉའ་ཁྲི་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་སུམ་བྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ། འ་ཞ་ནས་སྒ་བྱུང་སྟེ་བོད་ཀྱི་རྒྱལ་བོ་རེ་མཛད་པའི་མི་རྒྱུད་མཆེད་པ་ལྟར་འདུག་པ་སོགས་མི་མཚུངས་པ་ཆེར་སྣང་བར་འདུག་པ་དང་། ད་རུང་རུས་མཛོད་ཀྱི་དཔེ་རྙིང་ཁུངས་བཙུན་པ་དག་ལ་གཏུག་དགོས་ཀྱང་། གང་ལྟར་ཡང་བོད་ཀྱི་མི་རྣམས་ཀྱི་ཆད་ཁུངས་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། བྲག་སྲིན་མོ་གཉིས་སུ་འདོད་ཕྱིན་བདག་གིས་བཤད་པ་འདི་ལྟར་ལས་གྱེས་ས་དང་འགྲོ་ས་མེད་པ་ཞིག་ལ། དེ་ལྟར་བོད་མི་བུ་གདོང་དྲུག་བྱུང་ཚུལ་སྣ་ཚོགས་ཤིག་ཙམ་སོང་ནས། གཉིས་པ་དེ་དག་སོགས་ཀྱི་ངོས་འཛིན་ཚུལ་ནི།
ལེའུ་གཉིས་པར་གཟིགས།
|