དཔལ་དཀྱིལ་མེས་པོའི་ཁྱིམ་ཆེན་ལས་སྒང་པ་བོད་ཀྱི་ཡུལ་གྲུར་གྲགས་པ་དེ་ནི་འོད་དུ་འཚེར་བའི་མུ་ཏིག་རྡོག་པོ་ཇི་བཞིན་འཛམ་གླིང་འཛིན་མའི་ཏོག་ཏུ་མངོན་པར་མཛེས་ཤིང༌། དེ་ཡང་བོད་མིའི་རིགས་ཐོག་མའི་གྲོལ་ཁུངས་མི་བུ་གདོང་དྲུག་ལས་མདོ་དབུས་ཁམས་གསུམ་གྱི་བོད་མི་བྱངས་འཕེལ་རྒྱས་སུ་བྱུང་བར་མངོན་ལ། དེ་བཞིན་མགོ་ལོག་པའང་ཕལ་ཆེར་བོད་མི་གདོང་དྲུག་ལས་སྨུག་པོ་གདོང་གི་རྒྱུད་དང༌། ཨ་ལྕགས་འབྲུ་ཡི་རྒྱུད་ལས་ཆད་པ་མགོ་ལོག་པ་གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེ་སྐུ་མཆེད་ཀྱིས་མཛད་པའི《བོད་མི་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ》ལས་བསྟན། ལོ་རྒྱུས་ཤིན་ཏུ་སྔ་བའི་དུས་ཙམ་ན་ད་ལྟའི་མགོ་ལོག་གི་ས་ཆ་དག་ལ་གླིང་གི་ཡུལ་ཞེས་འབོད་སྲོལ་མཆིས་པ་མངོན་ལ། ཇི་སྐད་དུ་གོང་གསལ་རུས་མཛོད་ལས“བར་ཁམས་འདིར་ལྷོ་རོང་ཆེན་བཅོ་བརྒྱད་ཀྱི་ནང་ཚན་མགོ་ལོག་ཁོག་ཟེར་བ་ལའང་འབྲི་རིགས་ཀྱི་་རྗེ་དཔོན་མང་དུ་ཡོད་ཅིང༌། བར་སྐབས་ཤིག་ཏུ་དེ་ནས་གླིང་གི་ཡུལ་དུ་མི་རྗེ་བྲན་ཁོལ་ཁྱིམ་བཅུ་དང་བཅས་ཏེ་འོང་ནས། འབྲི་ཀླུང་གི་ཉིན་ཕྱོགས་འཛི་འགུ་ཁོ་ལུང་བ་ཞེས་བྱ་བར་ཆགས་ནས་རིང་ཞིག་ལོན་པའི་ཚེ་འབྲི་ལྷ་རྒྱལ་ཞེས་བྱ་བའི་ཁྱིམ་སྔགས་པ་བོན་ལུགས་དང་ཆོས་ལུགས་རྙིང་མ་གཉིས་ཆར་སྤྱོད་པ་ཞིག་བྱུང༌།”གསུངས་པ་ལྟར། མགོ་ལོག་མིང་དུ་ཐོགས་རྐྱེ་གྱི་མེས་པོ་འབྲི་ལྷ་རྒྱལ་མི་རྗེ་བྲན་ཁོལ་མ་འོང་སྔོན་ད་ལྟའི་མགོ་ལོག་གི་ས་ཆ་འདི་ལ“གླིང་གི་ཡུལ”ཞེས་འབོད་ཀྱིན་ཡོད་པ་གསལ་ལ། ཡང་དེ་རུ“སྔར་མགོ་ལོག་གི་ཡུལ་ནས་འོང་པ་དང༌། དེ་སྟེང་གཉན་མཁར་བ་གསུམ་གྱི་མགོར་ལོག་པས་མགོ་ལོག་ཟེར་བ་བྱུང་ངོ༌།”ཞེས་པས་ཀྱང་ཤིན་ཏུ་གསལ་ལོ།
གང་ལྟར་ཡང་ད་ལྟ་མགོ་ལོག་ཏུ་འབོད་པའི་ཡུལ་གྲུ་འདི་སྤྱིར་སྒང་པ་བོད་ཁམས་སྤྱི་དང༌། བྱེ་བྲག་ཏུ་བོད་བྱང་འབྲོག་པ་ཀུན་གྱི་ཡུལ་སྲོལ་གོམས་གཤིས་སྤྱི་ལས་འགོངས་ཚུལ་མི་མངའ་ནའང༌། ལོ་རྒྱུས་ཀྱི་འཕོ་འགྱུར་རིང་མོའི་ཁྲོད་ཕྱི་དང་ནང་གི་རྒྱུ་རྐྱེན་སྣ་ཚོགས་པར་བརྟེན་ས་ཆ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་གྲུབ་ཡོད་པའང་སྤྱིའི་ཆོས་ཉིད་ཅིག་རེད།
དེ་བཞིན་ང་ཚོ་མགོ་ལོག་ལ་མཚོན་ན་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་བརྩི་རུང་བ་ནི་མཁས་དབང་ནམ་མཁའ་ནོར་བུའི《བྱང་འབྲོག་ལམ་ཡིག》ཏུ“འབྲོག་མའི་སྤྱོད་ཚུལ་དག་ནི་གླིང་གི་སྒྲུང་དཔེ་རྣམས་སུ་གསལ་བར་བསྟན་པའི་མི་སྡེ་སྲོལ་ལུགས་དང་སྤྱོད་ཚུལ་སོགས་དངོས་སུ་མིག་སྔར་སྟོན་པའི་མཚོན་དཔེ་བཟང་པོ་ལྟ་བུ་སྔར་གྱི་ལོ་རྒྱུས་དག་ལ་ཡིད་ཆེས་འདྲེན་བྱེད་ཅིག་ཏུ་སྣང་ངོ༌། གལ་ཏེ་སུ་ཞིག་གིས་འབྲོག་ཡུལ་དེ་ལ་ཞིབ་པར་ཉམས་ཚོར་བྱེད་ཐུབ་པ་ཡིན་ན་གླིང་གེ་སར་གྱི་སྒྲུང་《འཁྲུངས་གླིང་》ཞེས་པ་དང༌། 《རྟ་རྒྱུགས》ཞེས་པའི་དཔེ་ཆ་དག་ནི་འབྲོག་ཡུལ་དེ་དག་གི་གནས་ཡིག་བཟང་པོ་ཞིག་ལྟར་བེད་སྤྱོད་ཆོག་པར་སེམས་སོ།”ཞེས་བཀོད་པ་ལྟར། མགོ་ལོག་ཀྱང་ས་བབས་དེ་དག་ཏུ་ཟིན་ཡོད་གཤིས། སྔོན་ཚེ་རྨ་ཡུལ་གླིང་གི་ས་ཆ་ཞེས་འབོད་ལ། རྨ་ཆུ་དང༌། རྨ་ཆེན། ད་དུང་རྨ་སྟོད་རྩེ་ལྷ་བཅུ་གསུམ་རྨ་སྨད་མཐོན་པོ་དགུ་བསྒྲིག་ཅེས་གླིང་སྒྲུང་དུ་གསལ་བའི་ས་མིང་དུ་མ་ཞིག་ད་ལྟའང་གཞན་དུ་མ་འགྱུར་བར་དངོས་སུ་མཆིས། དེར་འཚོ་བའི་མི་སྡེ་དག་ཀྱང་དེ་རུ་བཀོད་པའི“དེང་དུས་ཀྱི་འབྲོག་མིའི་སྤྱོད་ཚུལ་ཕལ་ཆེ་བ་དག་གནའ་བོའི་སྒྲུང་གི་ཡིག་ཆར་འཁོད་པའི་སྤྱོད་ཚུལ་དང་གཅིག་པར་སྣང་བས་ཡིད་ཆེས་ཀྱི་བདེན་དཔང་བྱེད་ཐུབ་པ་ཡིན།”ཞེས་པ་ལྟ་བུ་འབའ་ཞིག་ལགས་ཏེ། དེ་ཡང་མདོར་བསྟན་ན། 《མགོ་ལོག་རིག་གནས་ལོ་རྒྱུས》སུ།“ཡུལ་འདིའི་སྐྱེ་བོ་རྣམས་རང་བཞིན་བཟང་ཞིང་གཤིས་རྒྱུད་དྲང་བ། དགྲ་ལ་གནག་ཅིང་མཚོན་ཆར་དགའ་བ། ཨ་གསར་ཆུང་ཞིང་ཕྱི་ཐག་རིང་བ། གཡོ་སྒྱུ་མེད་ཅིང་མངོན་ལྐོག་ཐུབ་པ། སྤྱི་སེམས་ཆེ་ཞིང་ཆོག་ཤེས་ལྡན་པ། འཐབ་ན་རྒོད་ཅིང་བཏུད་ན་བཟང་བ། མནའ་ལ་བརྩི་ཞིང་ཚིག་ལ་དམ་པ། སྨྲ་བདེ་ཞིང་གཏན་ཚིག་རྣོ་བ། ཆོས་ལ་མོས་ཤིང་རྒན་ལ་བཀུར་བ། ངོ་ཚར་འཛེམས་ཤིང་མགྲོན་ལ་སྤྲོ་བ་ཞིག་ཡིན་ཏེ།”ཞེས་བཀོད་པ་དག་ནི་མགོ་ལོག་མིའི་མི་ཚེ་འཇིག་རྟེན་མཐུན་འཇུག་གི་རྩ་བའི་ཚད་ཐིག་ཏུ་གྲུབ་ཡོད་པ་རེད།
དེ་ལ་གནའ་མིའི་ཁ་སྐད་དུ་འབྲོག་སྦྲ་སྒོ་ཅན་དང་རོང་ཤིང་སྒོ་ཅན་ཞེས་པ་ལྟར་མགོ་ལོག་པ་ཡང་བྱང་འབྲོག་སྤྱི་དང་འདྲ་བར་སྔོན་ནས་ད་བར་སྡོད་གནས་ཀྱི་གཙོ་བོ་སྦྲ་གུར་ལ་བྱེད་ཅིང༌། སྦྲ་ནི་ཁུལ་རྩིད་ལས་བཟོས་པ་དང༌། གུར་ནི་རས་ལས་བཟོས་པ་ལ་གོ་བར་འདུག སྤྱིར་སྦྲ་ནི་སྤྱི་མིང་ཙམ་ཡིན་ལ་དེའི་དབྱིབས་ཀྱང་ཕལ་ཆེར་ས་དགྲ་ཐུབ་པའི་རུས་སྦལ་ལ་དཔེ་བྱས་སྟབས་གྲུ་བཞི་གཙོ་ཆེ་བ་ཡིན། དེ་ཡང་དབྱེ་ན་ནག་ཚང་དང་སྦྲ་ཞེས་རིགས་གཉིས་སུ་འབྱེད་ཅིང༌། རེ་ལྡེབ་ཤར་མོ་འཕྲེད་དུ་འཕང་སྟེ་བཟོས་པ་ལ་ནག་ཚང་དང༌། རེ་ལྡེབ་གྱེན་དུ་འཕང་སྟེ་བཟོས་པར་སྦྲ་ཞེས་ངོས་འཛིན་སྲོལ་ཡོད། རེ་ཞིང་ཆེ་ཆུང་དང་རེ་ལྡེབ་མང་ཉུང་གིས་སྦྲ་ལ་ཡང་ཆེ་ཆུང་ཅི་རིགས་འབྱུང༌། སྦྲ་སྒོ་ལ་བཀྱག་སྒོ་དང་ཕབ་སྒོ། ཁང་སྒོ་སོགས་སྦྲའི་བཟོ་ཚད་ལ་ལྟོས་ནས་འཇོག དེ་ནས་སྦྲ་ཤིན་ཏུ་ཆུང་བ་ལ་སྦྲེའུ་ཚེ་དང༌། ཆུང་ཆུང་སྒལ་ཟོར་ལ་ནག་ར་རྡོ་སྟ་མའམ་ནག་སྒུ་སྟར་སོ་མ་སོགས་སུ་འབོད། སྦྲ་ཁྱིམ་དུ་ཡར་འཛུལ་བའི་གཡས་ཕྱོགས་སུ་ཕོ་ཁྱིམ་དང༌། གཡོན་ཕྱོགས་སུ་མོ་ཁྱིམ་ཞེས་བརྗོད།
གུར་གྱི་རིགས་ལ་སྤྱི་གུར་ཞེས་པ་དབྱིབས་རེ་སྦྲ་དང་ཕྱོགས་མཚུངས་པའི་གྲྭ་བ་བརྒྱ་ཕྲག་མང་པོ་ནང་དུ་ཤོང་བའི་ཚོ་བའི་སྤྱི་སྲུང་འཚོགས་ས་ཤིག་དང༌། བླ་ཆེན་དཔོན་ཆེན་རྣམས་ཀྱིས་ཕུབ་པའི་སེང་ཐོད་མ་ཞེས་པ་ཕྱི་རས་དཀར་པོ་ལ་ནག་པོས་པ་ཏྲ་བཞགལ་ཡོད་པ་ནང་མ་དམར་པོ་ཡོད་པའི་དབྱིབས་ནག་ཚང་དང་འདྲ་བ་ཞིག་དང་བླ་ཆེན་འགའ་ལ་དར་ར་ཞེས་པ་ལྕགས་རིས་བསྐོར་ཡོད་པ་དང༌། གུར་ཆ་ལང༌། རྒྱ་གར་རྡོ་སྟ་མ་སོགས་ཡོད་དོ། ཀླད་ནག་ཅེས་པ་ཀླད་རེ་སྲབ་ཀྱིས་བྱས་པ་དང་མཐའ་རས་གྱིས་བྱས་པའི་གྲུ་བཞི་མ་དང་རྡོ་སྟ་མ་སོགས་ཀྱང་ཡོད། སྦྲ་དབྱར་དགུན་ཀུན་ཏུ་སྡོད་ས་དང་གུར་ཕྱོགས་གཞན་དུ་འགྲོ་སྐབས་དང་མགྲོན་པོ་གལ་ཆེན་སྣེ་ལེན་བྱེད་སྐབས་སྡོད་ས་ཡིན་མོད་ད་ལྟ་སྦྲ་རེ་འཁལ་འཐག་གི་ལག་ཚགས་དང་རུ་ སྐྱེལ་བཀལ་འགེལ་གྱི་སྟབས་བདེ་ལ་དམིགས་སྦྲ་ཚབ་དུ་གུར་ཕུབ་པ་མང་ཤོས་ཡིན་པ་དེ་ལགས་སོ། མགོ་ལོག་གི་རོང་ཁོག་དག་སྡོད་གནས་ནི་ཁང་བ་ཡིན་ལ། དེ་ཡང་རྡོ་ཁང་གཉིས་ཐོག་ནས་སུམ་ཐོག་བར་ཡོད་པའི་ཆེ་ཆུང་གང་ཡང་ཡོད། ཁང་བའི་སྐས་རྣམས་ནི་ཤིང་སྐས་བག་ཤེད་མ་ཡིན་པའི་བསྒྲོད་དཀའ་བ་དང་ཇག་རྐུན་སོགས་འགོག་དགོས་ཚེ་ལེན་ཀྱང་རུང་བར་འདུག སྤྱིར་བཏང་ཏུ་རྩེགས་འོག་མ་ནི་རྟ་ཕྱུགས་སོགས་འདོགས་ས་དང་བར་མ་མི་འདུག་ས། ཐོག་མ་མཆོད་ཁང་དང་ཁང་ཐོག་ཏུ་དགྲ་བླའི་དཔའ་མཁར་རེ་མེད་ས་མེད།
བཟའ་བཏུང་གི་སྐོར་ལ། སྤྱིར་ཟས་སྣེ་གསུམ་ཞེས། ཇ་དང་རྩམ་པ་མར་ཆུར་བ་བཅས་གསུམ་ནི་གཙོ་བོ་ཡིན་ལ། རྒྱུན་ཟས་ཀྱང་ཡིན། བྱེ་བྲག་ཏུ་དབྱར་དུས་སུ་ཕལ་ཆེར་ཞོ་དང་འོ་མ། མར་དང་ཆུར་ར། ཤ་ལ་སོགས་པ་ལས་འབྲུ་རིགས་མང་པོ་ཟ་སྲོལ་མེད། དགུན་གྱི་དུས་སུ་སླེབས་ཚེ་དགུན་ཤ་ཞེས་སྐམ་ལུག་མང་པོ་བཤས་ནས་འོས་ཚུ་བྱེད་པ་དང༌། ཤ་དང་འབྲུ་རིགས་ཟ་རྒྱུ་མེད་ས་མེད། སྟོན་དཔྱིད་གཉིས་སུ་གྲོ་མའང་བརྐོས་ནས་ཟ། སྤྱིར་བཏང་སྟོན་མོ་དང་ལོ་གསར། མགྲོན་པོ་སོགས་ལ་གྲོ་མ་མར་ཁུ། འབྲས་མར་ཁུ། གོ་མིན་མར་ཁུ། ཕྱེ་གཡོམ། མཛོ་སྣ། གྲོ་འབྲས་མར་ཁུ། ཤ་འབྲས་སོགས་དང༌། གོ་མིན་འོ་ཐང༌། འབྲས་འོ་ཐང༌། སྐྱ་སྲེག་འོ་ཤན། པི་ཏ་ཤ་ཁུ་སོགས་དང་ཚོད་མ། སྲེག་ལེབ། ཤ་པ་ལི་སོགས་དང་ཁྱད་པར་དུ་ཤ་ཆང་གཉིས་གཙིགས་ཆེན་དུ་བྱེད།
གྱོན་ཆས་ཀྱི་སྐོར་ལ། སྤྱིར་སེར་གོས་དང་སྐྱ་གོས། མོ་གོས་གསུམ་ལ་འདུས་ཤིང༌། སེར་གོས་ལ་གཟན་དང་ཤམ་ཐབས། འགག་རིང༌། སྟོད་འབོག་སོགས་ཡོད། དེ་དག་གི་རྒྱུ་ཆ་གཙོ་བོ་ནི་ཕལ་ཆེར་རས་ཡིན། བླ་གྲྭ་རྣམས་ཀྱི་ཞྭ་ཡི་ཕྱོགས་ནས་བླ་མ་རྣམས་ལ་ཨོ་རྒྱན་པད་ཞུ། པདྨ་ཁ་འབུས། ཞྭ་མོན། གསེར་ཞྭ་སོགས་དང་སྔགས་པ་འགའ་ལ་ཞྭ་ནག་དང་ཕོ་རོག་མཐུ་ཞྭ། གྲྭ་བ་རྣམས་ལ་རྩེ་ཞྭ་དང་སྒར་ཞྭ་སོགས་ཡོད། འཕྱོར་གོས་ལ་གོས་དང་ཐེར་མ། ཐོད་རྣམ། འཕྲུག རྒྱ་རྩི་སོགས་ཀྱིས་བཟོས་པའི་གྲྭ་ཆས་དང༌། སྟོད་འབོག་སོགས་ཡོད།
སྐྱ་གོས་དང་མོ་གོས་ཀྱི་གཙོ་བོ་ནི་པགས་རིགས་ལས་གྲུབ་པའི་སློག་པ་དང་བལ་རིགས་ལས་བཟོས་པའི་ཕྱིང་བ་གཉིས་ཡིན། དེའི་སྐྱ་གོས་ཀྱི་གཙོ་བོ་པགས་རྩག་ཟེར་བ་དེ་ཡིན་ལ་གོས་སྟོད་ཆེ་ཞིང་རུ་སྟོད་གོར་གོར་ཅན། མཐའ་ལ་རས་ནག་པོ་ཁ་ཞེང་ལ་ཚོན་ལྔ་ཅན་གྱི་ཁེར་ཆོན་རེ་ཡོད་པའི་གོས་དེ་མགོ་ལོག་གི་སྲོལ་རྒྱུན་སྐྱ་གོས་ཀྱི་དཔེ་གཞིར་རྩི་བ་ཡིན།
མོ་གོས་ནི་སྨད་ཅུང་རིང་བ་ལས་གཞན་བཟོ་དབྱིབས་གོང་ལྟར་ཡིན་པར་མཐའ་ལ་རས་དམར་ནག་ལྗང་གསུམ་དང་ཡང་ན་དམར་ནག་གཉིས་ཀྱིས་ཆོན་བྱས་ཡོད་པའི་རྩག་པ་རེ་དབྱར་དགུན་སྟོན་དཔྱིད་ཀུན་ཏུ་རྒྱུན་གོས་བྱེད་སྲོལ་ཡོད། གཞན་ཡང་བལ་གྱིས་བཟོས་པའི་ཕྱིང་གོས་དང་ཕྱིང་འགོམ། ཕྱིང་གདན། གཡང་སི་སོགས་དང༌། འཕྲུག་ལྭ་དང་རས་ལྭ་སོགས་ཀྱིས་ཆུ་གོས་དང་ཉལ་གོས་བྱེད་སྲོལ་ཡོད། གཞན་ཡང་འབྲོག་པ་ཕྱུགས་པོ་འགའ་ལ་གོས་ཆེན་དང་རྒྱ་ཐེར། ཧ་སག ཐོད་སྣམ། འཕྲུག རྒྱ་རྩི། གོ་རྩི། ཡུ་མོའི་གདན་སོགས་ཀྱིས་བཟོས་པའི་ལྭ་བའམ་ཕྱི་གཡོག་བྱས་པའི་ཚར་རྩག ཝ་རྩག གཡི་རྩག སྤྱང་རྩག་སོགས་ཀྱི་མཐའ་ལ་སྲམ་བུབ་མང་པོས་བརྒྱན་པའི་འཕྱོར་གོས་འགའ་ཡང་ཡོད། དེང་སང་དེ་དག་ཐམས་ཅད་ཀྱང་ཟི་ཚར་གཡོག་སྣ་ཚོགས་བྱས་པ་དག་གིས་ཚབ་བྱས་པ་དེའོ།
ཞྭ་ཡི་ཕྱོགས་ནས་ཝ་ཞྭ་དང་ཚར་ཞྭ་སོགས་ཀྱི་ཀླད་དཀྱིལ་དུ་ཐོད་སྣམ་མམ་གོས་ཆེན་བཟང་པོ་ཁ་དོག་ལྔ་རིམ་པ་ལྟར་བརྩེགསཔའི་མགོ་ལོག་གིས་ཐེ་མིག་ཞེས་ས་ཕྱོགས་གཞན་ན་མཐོང་རྒྱུ་མེད་པ་ཡང་ཡོད།
ལྷམ་ལ་ཧོར་ལྷམ་བརྒྱན་དྲུག་མ་དང༌། ཧོར་ལྷམ། སྐྱ་ལྷམ། སྣ་ཕྱེས། འབོས་རིས། རྭ་རྒྱའི་རྒྱ་ལྷམ་མཐིལ་དགུ་མ་དང་གཞན་གོ་ལྷམ་མཐིལ་མང་སོགས་ཕོ་མོ་ཁྱད་མེད་དུ་གྱོན་སྲོལ་ཡོད།
ལྷམ་ལ་ཧོར་ལྷམ་བརྒྱན་དྲུག་མ་དང༌། ཧོར་ལྷམ། སྐྱ་ལྷམ། སྣ་ཕྱེས། འབོས་རིས། རྭ་རྒྱའི་རྒྱ་ལྷམ་མཐིལ་དགུ་མ་དང་གཞན་གོ་ལྷམ་མཐིལ་མང་སོགས་ཕོ་མོ་ཁྱད་མེད་དུ་གྱོན་སྲོལ་ཡོད།ལུས་བརྒྱན་གྱི་སྐོར་ལ་བུ་མོ་རྣམས་ཀྱིས་གཡུ་བྱུར་གྱི་མགུལ་རྒྱན་དང༌། བྱུ་རུའི་རྣ་ཚལ་འདོག་སྲོལ་ཡོད་ལ། སྤོས་ཤེལ་གྱི་རལ་བ་དང་གསེར་དངུལ་གྱི་རྣ་ལུང༌། མཛུབ་དཀྲིས་སོགས་ཀྱང་འདོག གཞན་གོ་དམར་གྱི་བཟོས་པའི་སྟེང་དུ་དངུལ་དཀར་ཕོག་གུ་བསྒྲིག་པའི་དངུལ་ཆབ་དང༌། རག་ཆབ་ལྕགས་ཆབ་སོགས་ཀྱིས་སྐེག་འཆིང་བྱེད་ལ། ཀོ་བའི་གཞི་གདན་བྱས་པའི་འཕྲུག་དང་ཐོན་ནམ་མདོག་སྣ་ཚོགས་ཀྱིས་པ་ཊ་ཕབ་པའི་ཆབ་མའང་ཡོད། གློ་བཟུང་ཞེས་གསེར་དངུལ་བཀྲ་མ་གཡུ་བྱུར་གྱིས་བརྒྱན་པ། ཐ་ན་སྟོང་རག་སོགས་ཀྱིས་བཟོས་པ་ཞིག་འདོག་སྲོལ་ཡོད་ལ་དེ་བཞིན་དུ་གློ་སྡེབ་ཟེར་བ་དང་ཁབ་ཤུབས་ཀྱང་འདོག་སྲོལ་ཡོད། གཞན་ཡང་ཆབ་མ་དང་གློ་ལྡེབ། བཞོན་མཆར་སོགས་ལ་ཤིང་ལོའི་རི་མོ་ཕབས་ནས་མཛེས་ཆོས་སྣ་ཚོགས་སྤྲས་པའི་བརྒྱན་ཆ་འདོག་སྲོལ་ཡོད།