རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས།
༄༅། །རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་ནི་བོད་རབ་བྱུང་དྲུག་པའི་མེ་བྱ(༡༣༥༨ )ལོར་མདོ་སྨད་ཀྱི་སའི་ཆར་ཤར་ཙོང་ཁའི་ཡུལ(དེང་སང་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་སྐུ་འབུམ་དགོན་པ་ཆགས་ཡུལ་དེར་ཡིན་འདུག)དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་།ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་གསུམ་གྱི་སྟེང་ཆོས་རྗེ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་།མཚན་ཀུན་དགའ་སྙིང་པོ་ཞེས་གསོལ། དགུང་ལོ་བདུན་གྱི་སྟེང་ཆོས་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་མཛད་པ་དང་། ཏ་དབེན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་བྱང་ཆུབ་པས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་ཙོང་ཁ་པ་སྐུ་བྱིས་པའི་དུས་ནས་བདག་སྐྱོང་གིས་ཤིན་ཏུ་གཅེས་པར་མཛད་དེ་བསྐྱངས། རབ་ཏུ་བྱུང་ཞིང་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ལ་རྩེ་གཅིག་ཏུ་བརྩོན་པ་དགོས་པའི་ཞལ་ཏ་བསྩལ་བ་དང་། དབུས་སུ་བྱོན་པའི་ཆ་རྐྱེན་ཡང་བསྐྲུན་པར་མཛད། དགུང་ལོ་བཅུ་དྲུག་ལ་སོན་པའི་སྐབས་འབྲི་གུང་པའི་འབུལ་དཔོན་ལྡན་རིན་ཆེན་དཔལ་གྱིས་གདན་འདྲེན་པའི་གྲོགས་དན་དང་བཅས་བོད་དུ་བྱོན་སྐབས་དམ་ཆོས་འཚོལ་བའི་ཐུགས་འདུན་ཁོ་ནའི་དབང་དུ་གྱུར་པས་སྐུ་ངལ་ཕྲ་མོ་ཙམ་གྱིས་མ་གོས་པར་ཆབ་མདོ་བརྒྱུད་དབུས་སུ་བྱོན་ཏེ་ཆུ་གླང(༡༣༧༣)ལོའི་སྟོན་དུས་འབྲི་གུང་མཐིལ་དུ་ཕེབས་ནས་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་མཇལ་ཞིང་།ཐེག་ཆེན་སེམས་བསྐྱེད་སོགས་ཞུ་གནང་མཛད། དེ་རྗེས་ཚལ་པའི་སྨན་པ་མཁས་པ་དཀོན་མཆོག་སྐྱབས་ཞེས་པའི་གམ་དུ་བྱོན་ནས<<སྨན་དཔྱད་ཡན་ལག་བརྒྱད་པ>>སོགས་ཐུགས་འཛིན་དང་ཕྱག་ལེན་སློབ་སྦྱོང་མཛད་ནས་རིང་མིན་ཉིད་དུ་གསོ་རིག་ལ་ཤིན་ཏུ་མཁས་པར་གྱུར། དེ་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན(དེང་སང་རྭ་སྟོད་དགོན་པ)དུ་བྱོན་ནས་སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་། གདན་ས་པ་དགེ་བསྐོང་གཉིས་ལས་ཆོས་འབྲེལ་གསན། བདེ་བ་ཅན་གྱི་བླ་མ་འཇམ་རིན་པར་བྱམས་ཆོས་གསན་ཞིང་ཐུགས་སུ་ཆུད་པར་མཛད། སྙེ་ཐང་ཆོས་རྫོང་དུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དྲུང་ནས་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་སོགས་ཞུ་བར་མཛད། ལོ་གཉིས་ཙམ་ནས་ཕར་ཕྱིན་གྱི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་ནས་དགུང་ལོ་བཅུ་དགུའི་སྟེང་གསང་ཕུ་དང་། བདེ་བ་ཅན་སོགས་སུ་གྲྭ་སྐོར་ལ་བྱོན། གཞན་ཡང་སྔ་ཕྱིར་ས་བཟང་པཎ་ཆེན་མ་ཏི་པ་ལས་ཆོས་བཀའ་ཅི་རིགས་དང་སྒྲ། ཇོ་ནང་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་དྲུང་ནས་སྦྱོར་བ་ཡན་ལག་དྲུག་པ། སྣར་ཐང་ལོ་ཙཱ་བ་དོན་བཟང་པ་ལས་མཛོད་དང་ཚད་མའི་ཊིཀྐ། རྗེ་བཙུན་རེད་མདའ་བ་ལས་མཛོད་རང་འགྲེལ། དབུ་མ། ཚད་མ། མངོན་པ་ཀུན་བཏུས་དང་། སྐྱོར་མོ་ལུང་གི་མཁན་པོ་བློ་གསལ་བ་ལས་འདུལ་བ་དང་མཛོད། མལ་གྲོ་ལྷ་ལུང་བླ་མ་བསོད་གྲགས་ལས་ཆོས་ལུང་མང་པོ། བོ་དོང་ལོ་ཙཱ་བ་ནམ་མཁའ་བཟང་བོ་ལས་སྙན་དངགས་མེ་ལོང་བཤད་རྒྱུགས། གདན་ས་མཐིལ་དུ་སྤྱན་སྔ་ཆོས་གྲགས་པ་ལས་ནཱ་རོ་ཆོས་དྲུག་དང་སྒྲ་སོགས། བླ་མ་ཡེ་ཤེས་རྒྱལ་མཚན་ལས་དུས་འཁོར་གྱི་འགྲེལ་ཆེན་སོགས། བུ་སྟོན་གྱི་དངོས་སློབ་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་ལས་དུས་འཁོར་དང་རྡོ་འཕྲེང་། གསང་འདུས་ལུགས་གཉིས། བུ་སྟོན་གྱི་ཡིག་ཆ་སོགས། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ལས་ཡོ་གའི་སྐོར་སོགས། བླ་མ་དབུ་མ་བ་དང་དཔའ་བོ་རྡོ་རྗེ་ལས་དབུ་མ་འཇུག་པའི་རང་འགྲེལ་སོགས་གསན་པ་དང་། དབུ་མ་བས་ལོ་ཙཱ་མཛད་དེ་རྗེ་བཙུན་འཇམ་དབྱངས་ལས་དབུ་མའི་ལྟ་བ། སྔགས་མཚན་ཉིད་ཀྱི་ཁྱད་པར། སྔགས་བླ་མེད་ཀྱི་ལམ་གྱི་གནད་དང་། རིམ་ལྔའི་གོ་རིམ་དྲང་ངེས་སོགས་དྲི་དོགས་ལེགས་པར་བཅད་པ་གནང་། ལྷོ་བྲག་གྲུབ་ཆེན་ལས་སྙན་རྒྱུད་དང་བཀའ་གདམས་ལམ་རིམ་པ་དང་། གདམས་ངག་པའི་རྒྱུད་པ། གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་བོ་ལས་བཀའ་གདམས་གཞུང་པ་བའི་རྒྱུད་པའི་ལམ་རིམ་སོགས་གསན་ཞིང་མདོར་ན་དབུས་གཙང་དུ་བྱོན་ཚུན་བཤེས་གཉེན་བཅུ་ཕྲག་བཞི་ཙམ་བསྟེན། གསང་ཕུ་དང་བདེ་བ་ཅན་སོགས་གདན་ས་ཆེན་པོ་རྣམས་སུ་མདོ་སྔགས་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་པ་རྒྱ་ཆེར་གནང་ནས་བཤད་སྒྲུབ་ཀྱི་བྱ་བས་དུས་གདའ་བར་མཛད། དགུང་ལོ་ཉི་ཤུ་ལྷག་ཙམ་དུ་སོན་སྐབས་ཡར་ལུང་རྣམ་རྒྱལ་དུ་ཕེབས་ཏེ་ཁ་ཆེ་པཎྟི་ཏ་ཤཱཀྱ་ཤྲི་བྷ་དྲའི་མཁན་རྒྱུད་ཚོགས་ཆེན་པའི་མཁན་པོ་བཀའ་བཞི་ཚུལ་རིམ་པས་མཁན་པོ་དང་། ཚོགས་པ་བྱེ་རྫིང་མཁན་པོ། འདུལ་འཛིན་ཤེར་དཀོན་གྱིས་ལས་སློབ། སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། དགུང་གྲངས་སོ་དྲུག་པ་ཆུ་སྤྲེལ(༡༣༩༢)ལོའི་ཟླ་བཅུ་པར་འཇམ་དཀར་དཔལ་ལྡན་བཟང་བོ་དང་། གནས་བརྟན་རིན་ཆེན་རྒྱལ་མཚན། གནས་བརྟན་བཟང་བོ་སྐྱོང་། གནས་བརྟན་བྱང་སེང་བཅས་དབུས་པ་བཞི་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང་། དགེ་བཤེས་ཤེས་རབ་གྲགས་པ། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་བཅས་འཁོར་དག་པ་རྣམ་བརྒྱད་དང་ལྷན་དུ་དཔོན་སློབ་དགུ་སྐྱོར་མོ་ལུང་ནས་འོལ་དགའ་ཆོས་ལུང་དུ་ཕེབས་ཏེ་བསགས་སྦྱང་དང་སྒྲུབ་པ་གཙོ་བོར་མཛད་ཅིང་། དབེན་གནས་ལྷ་སྡིངས་སུ་ཐུགས་དམ་ཉམས་བཞེས་སྐབས་ཟབ་མོ་དབུ་མའི་ལྟ་བ་ཐུགས་སུ་འཁྲུངས། མདོར་ན་དབུས་གཙང་གི་གདན་ས་ཆེན་པོ་རྣམས་སུ་མཁས་པར་སྦྱངས་ཤིང་དབེན་པའི་གནས་རྣམས་སུ་སྒྲུབ་པ་སྙིང་བོར་མཛད། མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་བཀྲལ་བར་མ་ཟད། དོན་ཉམས་སུ་བཞེས་ཏེ་ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བ་དང་། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བའི་ལྟ་སྤྱོད་གཙང་མའི་ལུགས་བཟང་སྤེལ་ཏེ་གངས་ཅན་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཐམས་ཅད་ཀྱིས་གུས་ཤིང་བཏུད། ཁོང་གི་བླ་མ་རེད་མདའ་བས་ཀྱང་གངས་ཅན་མཁས་པའི་གཙུག་རྒྱན་ཞེས་བསྔགས་པར་མཛད་པ་མ་ཟད། མཁས་དབང་འགོས་ལོ་གཞོན་ནུ་དཔལ་གྱིས་ཀྱང་དེ་ཡི་དུས་སུ་ས་ཆེན་པོ་འདི་རྗེ་ཙོང་པའི་གདུགས་དཀར་གཅིག་གིས་ཁྱབ་ནས་ཡོད་པ་ཡིན་ཞེས་གསུངས་ཡོད། མེ་བྱི(༡༣༩༦)ལོར་གཉལ་སྟོད་རྭ་གྲོང་དུ་དཀའ་བཅུ་དར་མ་རིན་ཆེན་དང་མཇལ་ཞིང་སྲས་ཀྱི་ཐུ་བོ་གྱུར། དགུང་ལོ་ཞེ་དྲུག་པ་རབ་བྱུང་བདུན་པའི་ཆུ་རྟ(༡༤༠༢)ལོར་གནམ་རྩེ་སྡིང་དུ་དབྱར་གནས་མཛད་དེ་འདུལ་བའི་ཕྱག་ལེན་ལ་དག་ཐེར་དང་། ལོ་དེར་རྭ་སྒྲེང་ཡང་དགོན་དུ་བྱང་ཆུབ་ལམ་རིམ་ཆེ་མོ་གསར་རྩོམ་མཛད། ཙོང་ཁ་པ་ཆེན་པོ་དགུང་གྲངས་ང་གཅིག་པ་མེ་ཕག(༡༤༠༧)ལོར་སེ་ར་ཆོས་སྡིངས་སུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཇལ་བར་ཕེབས་ཏེ་ཞབས་ལ་གཏུགས་པས་སྲས་ཀྱི་ཐུ་བོར་གྱུར། ལོ་དེར་གོང་མ་ཏཱ་མིང་ཡུང་ལོ་རྒྱལ་པོ་ཐུགས་དད་ལྷག་པར་འཕེལ་ཏེ་མི་སྣ་ཆེད་དུ་མངགས་ནས་རྒྱལ་སར་སྤྱན་འདྲེན་པའི་འཇའ་ས་དང་། གསེར་ཡིག ཕྱག་རྟེན་དངོས་པོ་དང་བཅས་ནན་ཏན་ཆེན་པོས་སྔ་ཕྱི་ལན་གསུམ་ཙམ་གདན་ཞུ་གནང་རུང་ཞལ་བཞེས་མ་མཛད། མཐར་གང་གི་སྐུ་ཚབ་ཏུ་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གོང་མའི་མཆོད་གནས་སུ་གཏོང་གནང་མཛད་པ་དེས་ཙོང་ཁ་པའི་བཀའ་སློབ་ལྟར་ནན་ཅིན་དུ་ཕེབས་ཏེ་དགོན་པ་འདེབས་པ་དང་། དགེ་འདུན་གྱི་སྡེ་འཛུགས་པ་སོགས་གོང་མའི་ཐུགས་བཞེད་དང་མཐུན་པའི་མཛད་པ་རྒྱ་ཆེར་སྤེལ། གཞན་ཡང་ཙོང་ཁ་པ་ཆེན་པོ་དགུང་ལོ་སོ་དྲུག་པར་འོལ་དགའ་རྫིང་ཕྱིའི་བྱམས་པའི་སྐུ་ཤིན་ཏུ་འོ་བརྒྱལ་བར་གཟིགས་ནས་རྟེན་དང་བརྟེན་པར་བཅས་ལ་ཞིག་གསོ་བླ་ན་མ་མཆིས་པ་མཛད་པ་དང་། དགུང་ལོ་སོ་དགུ་ལ་གཉལ་གྱི་གསེར་ཕྱེ་འབུམ་པར་མཆོད་འབུལ་སོགས་ཆོས་ཕྱོགས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་བ། དགུང་ལོ་ང་གསུམ་པ་ས་བྱི(༡༤༠༨ )ལོར་ལྷ་ལྡན་གཙུག་ལག་ཁང་དང་། གཙུག་ལག་ཁང་གི་ཁྱམས་ར་དང་ལྡེབས་བྲིས་སོགས་ཕྱི་ནང་རྟེན་དང་བརྟེན་པར་ཉམས་གསོ་རྒྱས་པར་གནང་། དེའི་ཕྱི་ལོ་ས་གླང(༡༤༠༩ )ལོའི་བོད་ཟླ་དང་པོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེ་མོའི་དུས་མཆོད་གསར་འཛུགས་ཐོག་སྔོན་དུས་རྒྱ་གར་རྡོ་རྗེ་གདན་དུ་དབུ་རྒྱན་བསྒྲོན་ཡོད་པ་དང་མཐུན་པར་ཇོ་ཤཱཀ་རྣམ་གཉིས་སོགས་ལ་རིན་པོ་ཆེའི་དབུ་རྒྱན་དང་། ན་བཟའ་མཆོད་རྫས་སོགས་བཟང་ཞིང་ཕུལ་དུ་ཕྱིན་པ་འབུལ་བར་མཛད། ཚེས་གཅིག་ནས་བཅོ་ལྔའི་བར་རྟེན་རྣམས་ལ་མཆོད་པ་རྒྱ་ཆེན་པོ་དང་། དགེ་འདུན་འདུས་པའི་སྡེ་ལ་བསྙེན་བཀུར། སྐྱེ་བོ་ཕོངས་པའི་ཚོགས་ལ་སྦྱིན་གཏོང་སོགས་རྣམ་དཀར་རྒྱ་ཆེར་སྤེལ་བའི་ལྷ་ལྡན་སྨོན་ལམ་ཆེ་མོ་ཞེས་གྲགས་པ་འཛུགས་པར་མཛད། དེ་སྔོན་ཙོང་ཁ་པ་ཆེན་པོ་དཔོན་སློབ་རྣམས་བཞུགས་གནས་ངེས་མེད་ཀྱི་ཕེབས་བཞུད་གནང་བ་ལས་གཏན་བཞུགས་ཀྱི་གནས་གཞི་འདི་ཡིན་མེད་སྟབས་ཙོང་ཁ་པ་ཆེན་པོའི་བུ་སློབ་རྣམས་དང་སྦྱིན་བདག་དག་གིས་ཙོང་ཁ་པ་སྐུ་ན་མཐོ་བས་གནས་གཞི་ངེས་མེད་ལ་ཕེབས་བཞུད་སྐུ་ངལ་གྱི་གཞིར་བརྟེན་གཏན་བཞུགས་གནང་ཡུལ་གདན་ས་ཞིག་འདེབས་དགོས་ཞུ་ནན་ཆེ་བ་དང་། འབྱོར་ལྡན་ཁག་ནས་གནས་གཞི་རྙིང་བ་དང་ས་ཡུལ་འབུལ་མཁན་མང་དུ་བྱུང་།ལྷ་སའི་སྨོན་ལམ་ཆེ་མོ་གྲོལ་འཕྲལ་ཙོང་ཁ་པ་སྐུ་ངོ་མ་དང་། འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན། དཀའ་བཅུ་བ་དར་མ་རིན་ཆེན(རྒྱལ་ཚབ་རྗེ)སོགས་དཔོན་སློབ་དགུ་འབྲོག་རིར་བྱོན་ཏེ་གདན་ས་འདེབས་ཡུལ་ལ་གཟིགས་སྐོར་ཞིབ་བརྟག་མཛད་པར་བཙུན་མོ་སྡིངས་ཞེས་པའི་ས་འདི་ཉིད་ལེགས་པར་དགོངས་ནས་དགོན་པ་ཇི་ལྟར་འདེབས་དགོས་པའི་བཀའ་སློབ་ཀྱང་ཞིབ་པར་གནང་། སྐབས་དེར་དགོན་པ་གཞི་འདེབས་པའི་སྦྱིན་བདག་གཙོ་བོ་ཕག་མོ་གྲུ་པའི་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་དང་། སི་ཏུའི་བློན་རྒྱུད་བྲག་དཀར་ནང་སོ་རིན་ཆེན་ལྷུན་པོ། ནང་སོ་རྒྱ་བོ་སྤུན་མཆེད། རྒྱ་མ་ཁྲི་དཔོན་ཟླ་བ་བཅས་ཡིན་ཞིང་། གཞན་ཡང་ཉེ་སྐོར་གྱི་སེར་སྐྱ་རྣམས་ཀྱིས་རྒྱུ་དངོས་ཕུལ་བའམ་ལུས་ཀྱི་ངལ་རྩོལ་བར་ཞུགས་པ་སོགས་མཐུན་རྐྱེན་བསྒྲུབས་ཏེ་རྗེ་ཙོང་ཁ་པའི་གཟིམས་ཁང་དང་། དགེ་འདུན་སྤྱིའི་འདུ་ཁང(ཚོགས་ཆེན)གཙང་ཁང་། བྲང་ཁང(གྲྭ་ཤག)བདུན་ཅུ་སྐོར་བཅས་ལོ་དེ་རང་ལ་གྲུབ་པ་དང་དུས་མཚུངས་བྲང་ཁང་བརྒྱ་ཕྲག་བརྒལ་བའི་རྨང་བཏིང་། ཙོང་ཁ་པ་དང་རྒྱུན་དུ་ལྷན་ཕེབས་གནང་མཁན་དགེ་འདུན་ལྔ་བརྒྱ་སྐོར་ཡོད་པ་རྣམས་ལོ་དེར་འབྲོག་རིར་ཕེབས། དེ་ནས་བཟུང་གདན་སའི་གཙུག་ལག་ཁང་ལེ་ལག་རྣམས་དང་འདུས་ཚོགས་དགེ་འདུན་གྱི་གྲངས་བཅས་རིམ་བཞིན་འཕེལ་རྒྱས་བྱུང་། དེའི་ཕྱི་ལོ་ལྕགས་སྟག(༡༤༡༠)ལོའི་ཟླ་གཉིས་པའི་ཚེས་ལྔ་ལ་རྗེ་ཙོང་ཁ་པ་དགའ་ལྡན་དུ་གདན་ཞུས་ཐོག་རབ་གནས་ཀྱི་རིམ་པ་རྒྱས་པར་མཛད། དུས་དེ་ནས་བཟུང་རྗེ་ཙོང་ཁ་པ་དངོས་སློབ་དང་བཅས་པ་དགའ་ལྡན་རང་དུ་གཏན་བཞུགས་ཀྱིས་གསང་ཆེན་ཐེག་པ་ཆེན་པོའི་ཆོས་གསུངས་པ་སོགས་གདན་ས་ཉིད་དུ་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པའི་རྨང་འཛུགས་པར་མཛད། ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་གྱིས་ལུང་བསྟན་པ་ལྟར་གདན་སའི་མིང་ལ་དགེ་ལྡན་ཞེས་བཏགས་པར་བརྟེན་གདན་ས་དེའི་རིང་ལུགས་འཛིན་པ་མཐའ་དག་ལའང་དེ་ནས་བཟུང་དགེ་ལྡན་རིང་ལུགས་འཛིན་པ་ཞེས་པའི་མིང་ཆགས། ཤིང་ལུག(༡༤༡༥)ལོར་རྒྱལ་བ་དགེ་འདུན་གྲུབ་འོན་བཀྲ་ཤིས་རྡོ་ཁ(དུ་ཁ)རུ་རྗེ་ཙོང་ཁ་པ་མཇལ་བར་ཕེབས་པར་རྗེ་ཙོང་ཁ་པས་ཐང་གཤམ་ཞིག་གནང་ནས་མ་འོངས་པར་བསྟན་པ་རྒྱ་ཆེར་སྤེལ་བའི་རྟེན་འབྲེལ་འགྲིག རྗེ་ཙོང་ཁ་པ་ཆེན་པོས་གསང་སྔགས་ཀྱི་སྒྲུབ་མཆོད་ཁང་ཞིག་ལོགས་སུ་སྐྲུན་བཞེད་ལྟར་དགུང་གྲངས་ང་དགུ་པ་ཤིང་ལུག་ལོ་དེའི་དབྱར་དུས་སུ་ཡངས་པ་ཅན་གཙུག་ལག་ཀ་བ་བདུན་ཅུ་དོན་གཉིས་དང་། གཙང་ཁང་ཁྱམས་དང་བཅས་པའི་རྨང་བཏིང་ནས་དེའི་ཕྱི་ལོ་མེ་སྤྲུལ(༡༤༡༦)ལོར་ལེགས་པར་གྲུབ། མེ་བྱ(༡༤༡༧)ལོའི་ཟླ་གསུམ་པའི་ནང་བཟོ་རིག་ལ་མཁས་པ་སྤྲུལ་སྐུ་སླེའུ་ཆུང་བ་སོགས་དུ་མ་བསྐོངས་ནས་ཡངས་པ་ཅན་གཙུག་ལག་ཁང་གི་རྟེན་གཙོ་གསེར་ཟངས་ཀྱི་སྐུ་ཆེ་བ་རྣམས་དང་། བློས་བསླངས་ཀྱི་དཀྱིལ་འཁོར་གསུམ་སོགས་ཡངས་ཅན་གཙུག་ལག་ཁང་གི་རྟེན་རྣམས་གསར་བསྐྲུན་དང་འབྲེལ་རྒྱུད་སྡེའི་དགོངས་པ་བཞིན་ཕྱག་ལེན་རྣམ་པར་དག་པས་བརྒྱན་པ་དགའ་ལྡན་སྒྲུབ་མཆོད་ཆེ་མོར་གྲགས་པ་འཛུགས་གནང་མཛད། ས་ཁྱི(༡༤༡༨)ལོར་ཡངས་ཅན་ཆོས་རྒྱལ་ལྷ་ཁང་གི་མགོན་ཁང་དུ་རྟེན་གཙོ་རྡོ་རྗེ་འཇིགས་བྱེད་ཀྱི་འཇིམ་བརྙན་ཆེ་བ་དང་། སྲུང་མའི་གཙོ་བོ་དམ་ཅན་ཆོས་རྒྱལ་ཡབ་ཡུམ། མགོན་པོ་གཙོ་འཁོར་རྣམས་སོ་སོའི་རྒྱུད་ནས་བཤད་པ་ལྟར་ཆ་ཚད་ལྡན་པ་གསར་བསྐྲུན་ཐོག་སྐུ་རྟེན་རྣམས་ལ་རབ་གནས་དང་རྟེན་བཞེངས་ལེགས་སྒྲུབ་ཀྱི་དགའ་སྟོན་རྒྱ་ཆེར་མཛད། རྗེ་ཙོང་ཁ་པ་ཆེན་པོ་དགུང་གྲངས་རེ་གསུམ་དུ་ཕེབས་པ་ས་ཕག(༡༤༡༩)ལོའི་སྟོན་དུས་སྟོད་ལུང་དང་། འབྲས་སྤུངས། ལྷ་ས། སེ་ར། གསང་སྔགས་མཁར། གྲུ་བཞི་རྣམས་སུ་ཕེབས་ནས་ཆོས་མང་དུ་གསུངས། སླར་ཡང་དགའ་ལྡན་དུ་ཕེབས་ནས་ཐུབ་དབང་ཚུལ་ཁྲིམས་མའི་མདུན་དུ་མཆོད་འབུལ་དང་སྨོན་ལམ་རྒྱས་པར་མཛད་རྗེས་གཟིམ་ཁང(ཁྲི་ཐོག་ཁང)དུ་ཕེབས་ཏེ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་སྐུ་བེར་དང་དབུ་ཞྭ་གནང་སྟེ་རང་ཀྱི་རྒྱལ་ཚབ་ཏུ་དོན་གྱིས་གོ་བར་མཛད། རབ་བྱུང་བདུན་པའི་ས་ཕག(༡༤༡༩)ལོའི་ཟླ་བཅུ་བའི་ཚེས་ཉི་ཤུ་ལྔ་ཉིན་སྔ་དྲོ་ཉི་དྲོད་ཙམ་ལ་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་བཤེགས། གསུང་འབུམ་པོད་བཅོ་བརྒྱད་ཡོད་པ་སྐུ་བཤེགས་རྗེས་རྒྱལ་ཚབ་རྗེས་བསྐུལ་བ་ལྟར་གཞིས་ཀ་བྲག་དཀར་ནང་སོས་དཔར་སྐྲུན་བྱས་ཏེ་དགའ་ལྡན་དུ་ཕུལ་བ་དགའ་ལྡན་པར་རྙིང་ཞེས་དེ་སྔོན་ཟུང་ཆུ་ཁང་ཚན་དུ་བཞུགས་ཡོད། རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་དངོས་སློབ་གྲགས་ཆེ་བ་བརྒྱ་དང་བཞི་བཅུ་ཞེ་བདུན་བྱུང་། སྐབས་དེར་རྒྱལ་ཚབ་དར་མ་རིན་ཆེན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་རྣམ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་ཙོང་ཁའི་དངོས་སློབ་གཞན་རྣམས་དང་མོས་བསྡུར་ཐོག་དངུལ་བྲེ་ཆེན(དངུལ་སྲང་ལྔ་བཅུ་ལ་བྲེ་ཆེན་གཅིག)བཅོ་བརྒྱད་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཕྲ་རྒྱན་ཕུན་སུམ་ཚོགས་པས་སྤྲས་པ་བསྐྲུན་ཏེ་བུམ་ནང་དུ་སྐུ་གདུང་རིལ་པོ་མ་ཉམས་པར་སྣམ་སྦྱར་སྒྲོན་པ་ཙན་ཏན་གྱི་སྒྲོམ་དང་བཅས་བཞུགས་སུ་གསོལ། དེ་རྗེས་སྣེ་གདོང་དང་། འབྲི་གུང་། སྣེའུ་སོགས་ནས་གདུང་འབུལ་གསེར་དངུལ་མང་དུ་བྱུང་། སློབ་དཔོན་རྣམ་གཉིས་ཀྱིས་དངུལ་གདུང་མཆོད་རྟེན་བཞུགས་ཡུལ་གཙུག་ལག་ཁང་བཟོ་བཀོད་ཕུན་སུམ་ཚོགས་པར་བསྐྲུན་ཏེ་དངུལ་གདུང་དེར་གདན་དྲངས་ནས་རབ་གནས་རྒྱས་པ་མཛད། རྗེ་བདག་ཉིད་ཆེན་པོ་སྐུ་བཤེགས་པའི་ཕྱི་ལོ་ལྕགས་བྱི(༡༤༢༠)ལོའི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདུན་ཕྲག་མང་པོའི་རིང་བསྒྲུབས་པ་དང་། ཁོང་གི་དགོངས་རྫོགས་ཀྱི་རིམ་པ་རྒྱ་ཆེར་མཛད། དེ་ནས་བཟུང་གླིང་མེ་སྤར་ཞིང་དགའ་ལྡན་ལྔ་མཆོད་ཆེན་མོར་གྲགས་པའི་སྲོལ་བྱུང་སྟེ་བོད་ཡུལ་མདོ་དབུས་ཁམས་གསུམ་དུ་ལོ་རྒྱུན་བོད་ཟླ་བཅུ་བའི་ཚེས་ཉེར་ལྔའི་དགོང་མོ་ཁང་བའི་ཕྱི་ནང་ཀུན་ཏུ་མཆོད་མེ་མང་པོ་འབུལ་སྲོལ་དེ་དར་བའོ། །
རྒྱལ་བ་ཙོང་ཁ་བ་ཆེན་པོའི་རྣམ་ཐར།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།
།དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།
།བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག
།གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།
།ཞེས་བསྔགས་པ་སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པ་སྤེལ་བ་ལ་མཁྱེན་བརྩེ་ནུས་གསུམ་གང་གི་ཐད་ནས་ཀྱང་འགྲན་པའི་ཟླ་དང་བྲལ་བ་རིགས་གསུམ་མགོན་པོ་དང་མཚུངས་ཤིང་།
རྒྱལ་བསྟན་ཡོངས་རྫོགས་འཛིན་ཅིང་སྤེལ་བ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟ་བུར་གྱུར་པ་རྗེ་བཙུན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་ནི།
སྔོན་བསྐལ་བ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་དུས་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་རྒྱལ་བ་གྲངས་མེད་པ་མཆོད་ཅིང་བསྙེན་བཀུར།
ཚོགས་གཉིས་ཡོངས་སུ་རྫོགས་ཏེ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་།
མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ནས་ནམ་མཁའི་མཐས་ཀླས་པའི་ཞིང་ཁམས་རབ་འབྱམས་ཐམས་ཅད་དུ་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་མཐུན་པར་སངས་རྒྱས་ཀྱི་མཛད་པས་འདུལ་བར་འོས་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་སྟོན།
བྱང་ཆུབ་སེམས་དཔའི་གཟུགས་ཀྱིས་འདུལ་བར་འོས་པ་རྣམས་ལ་བྱང་ཆུབ་སེམས་དཔའི་གཟུགས་སྟོན།
ཉན་རང་གི་འདུལ་བར་འོས་པ་རྣམས་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཟུགས་སུ་སྟོན།
རྒྱལ་བོས་འདུལ་བར་འོས་པ་རྣམས་ལ་གདུལ་བྱ་རང་རང་དང་སྐལ་བ་མཉམ་པའི་ཐ་མལ་བའི་གཟུགས་བསྟན་ཅིང་།
གང་ལ་གང་འཚམས་ཀྱི་སྤྲུལ་བས་འགྲོ་བ་རྣམས་སྨིན་ཅིང་གྲོལ་བར་མཛད་པ་ལ་འབད་རྩོལ་དང་རྣམ་རྟོག་མི་མངའ་བར་ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཀྱིས་ཁྱབ་པར་མཛད་ཅིང་བཞུགས་པ་ལས་མི་མཇེད་འཇིག་རྟེན་གྱི་ཞིང་འདིར་སྟོན་པ་ཐུབ་པའི་དབང་བོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་འདི་ཉིད་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱི་ནང་ནས་རབ་དང་ཕུལ་དང་མཆོག་དང་གོང་ན་མེད་པར་གཟིགས་ནས་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་འདི་ཉིད་བྱང་ཕྱོགས་གངས་རིའི་ལྗོངས་འདིར་ཆེས་ཆེར་གསལ་བར་མཛད་ཕྱིར་བསམ་བཞིན་དུ་བྱོན་པ་ཞིག་གོ
།
རྗེ་བཙུན་ཙོང་ཁ་བ་ཆེན་པོ་འདི་ཉིད་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་སྤེལ་བའི་ཕྱིར་བསམ་བཞིན་བྱོན་པ་གང་གིས་ཤེས་སྙམ་ན།
དེ་ནི་རྒྱལ་བའི་བཀའ་ལུང་ཚད་མ་དཔང་བོར་གྱུར་པ་ལས་ཤེས་ཏེ།
སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། །འབྲས་མེད་ཕྱིར་ན་རྫུན་མི་གསུང་།
།ཞེས་གསུངས་པ་ལྟར་སྟོན་པ་ཐུབ་པའི་དབང་བོ་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མངོན་སུམ་དུ་གཟིགས་ཤིང་།
རང་གི་ཡེ་ཤེས་སྒྲིབ་པ་མེད་པས་ཇི་ལྟར་གཟིགས་པ་དེ་ཁོ་ན་ལྟར་གསུང་བ་ལས་རྫུན་གསུང་བ་རྣམ་པ་ཀུན་ཏུ་མི་སྲིད་པར་བདེན་པ་གསུང་བའི་བཀའ་མདོ་དང་སྔགས་ཀྱི་ལུང་མང་བོ་དང་སྔོན་གྱི་སྐྱེས་བུ་དམ་པ་མང་བོའི་གསུང་ཚད་མ་དག་ལས་ཤེས་ཏེ།
དེ་ཡང་རྗེ་བླ་མ་འདི་ཉིད་གངས་རིའི་ལྗོངས་འདིར་རྒྱལ་བསྟན་སྤེལ་བའི་ཕྱིར་དུ་འབྱོན་པར་མདོ་ལས་ལུང་བསྟན་ཚུལ་ནི།
མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་བོའི་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ལས།
ཀུན་དགའ་བོ། ད་ལྟ་ང་ལ་ཤེལ་དཀར་གྱི། །ཕྲེང་བ་སྟེར་བའི་ཁྱེའུ་འདི།
།ང་ཡི་བསྟན་པའི་གསོ་བྱེད་ལ། །མ་འོངས་སྙིགས་མའི་དུས་སུ་ནི།
།འབྲི་དང་ལྡན་གྱི་ས་མཚམས་སུ། །དགེ་ཞེས་བྱ་བའི་དགོན་པ་འདེབས།
།བློ་བཟང་ཞེས་བྱའི་མིང་ཅན་འབྱུང་། །འཁོར་ནི་རྣམ་མང་བསྡུ་བར་བྱེད།
།ཆོས་སྤྱོད་བཅུ་ཡི་རྒྱུན་འཛུགས་ཤིང་། །ལྷ་ཁང་ཀ་བ་ཤིང་ལོ་ཅན།
།ང་ཡི་གཟུགས་སྐུ་རྣམ་གཉིས་ལ། །དབུ་རྒྱན་འབུལ་ཞིང་མཆོད་པ་བྱེད།
།སྟོན་པའི་མདོ་བཞིན་གསུང་སྒྲོག་ཅིང་། །སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས།
།དེ་ལ་གསོལ་བ་རབ་འདེབས་ན། །བསྟན་པ་ལོ་སྟོང་བར་དུ་གནས།
།དེ་ནས་འཕོས་ནས་ཤར་ཕྱོགས་ཀྱི། །རྨད་བྱུང་བཀོད་པའི་འཇིག་རྟེན་དུ།
།སེང་གེའི་ང་རོ་ཞེས་བྱར་འགྱུར། །དེ་ལ་དད་བྱེད་ཞིང་དེར་སྐྱེ།
།ཞིང་མཆོག་དེ་ནི་ཁྱད་པར་འཕགས།
།ཞེས་རྗེས་བླ་མ་ཙོང་ཁ་བ་ཆེན་པོ་མཛད་པ་རྣམ་ཐར་དང་བཅས་པ་གསལ་བར་ལུང་བསྟན་ཏོ། །
རྗེ་བླ་མ་འདི་སྔོན་སངས་རྒྱས་ཞལ་བཞུགས་པའི་དུས་སུ་བྲམ་ཟེའི་ཁྱེའུར་འཁྲུངས་པ་བྱང་ཆུབ་སེམས་དཔའ་མོས་པའི་བློ་གྲོས་ཞེས་བྱ་བས་ཁྲིད་ནས་སྟོན་པ་ཐུབ་པའི་དབང་བོ་རྡོ་རྗེ་གདན་དུ་བཞུགས་པ་དང་མཇལ་ཏེ།
ཤེལ་དཀར་བོའི་འཕྲེང་བ་དྲི་མ་མེད་པ་བརྒྱ་རྩ་གཅིག་ཕུལ་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་།
རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་ཉམས་པ་ལ་ཕྱོགས་པའི་ཚེ་བྱང་ཕྱོགས་གངས་རིའི་ཁྲོད་དུ་སྤྱིར་ཐུབ་པའི་བསྟན་པ་ཡོངས་སུ་རྫོགས་པ་གསལ་བར་བྱེད་པ་དང་།
ལྷག་པར་བསྟན་པའི་སྙིང་བོ་ཟབ་མོ་དབུ་མའི་ལྟ་བ་རྣམ་པར་དག་པ་རྒྱལ་བ་རང་ཉིད་ཀྱི་དགོངས་པ་བཞིན་དུ་ཆེས་ཆེར་རྒྱས་པར་བྱེད་ནུས་པའི་སྨོན་ལམ་བཏབ་པ་ན་དེ་ཁོ་ན་ལྟར་འགྲུབ་བོ་ཞེས་ལུང་སྟོན་པ་ལ་ཀུན་དགའ་བོ།
ད་ལྟ་ང་ལ་ཤེལ་དཀར་གྱི། །ཕྲེང་བ་སྟེར་བའི་ཁྱེའུ་འདི།
།ང་ཡི་བསྟན་པའི་གསོ་བྱེད་ལ། །ཞེས་སོགས་གསུངས།
དེ་ལྟར་ལུང་བསྟན་པ་དེ་ཡང་རྗེ་བཙུན་བླ་མ་ཙོང་ཁ་བ་ཆེན་པོ་འདི་ཉིད་ཁོ་ན་ལ་གོ་བའི་ཕྱིར་བཞུགས་གནས་དང་མཚན་གསལ་བར་ལུང་བསྟན་པ་ནི།
མ་འོངས་སྙིགས་མའི་དུས་སུ་ནི། །འབྲི་དང་ལྡན་གྱི་ས་མཚམས་སུ།
།དགེ་ཞེས་བྱ་བའི་དགོན་པ་འདེབས། །བློབ་ཟང་ཞེས་བྱའི་མིང་ཅན་འབྱུང་།
།ཞེས་འབྲི་ཁུང་དང་སྐྱིད་ཤོད་ལྡན་གྱི་མཚམས་སུ་དགེ་ལྡན་ཞེས་བྱ་བའི་དགོན་པ་འདེབས་པ་དང་།
དེའི་རྗེས་འཇུག་རྣམས་ལའང་དགེ་ལུགས་པ་ཞེས་ཟེར་བ་འབྱུང་བ་དང་།
མཚན་བློ་བཟང་གྲགས་པ་ཞེས་བརྗོད་པ་འབྱུང་བར་གསལ་བར་ལུང་བསྟན།
རྗེ་འདིའི་མཛད་པ་རྣམ་ཐར་ལུང་སྟོན་པ་ལ། འཁོར་ནི་རྣམ་མང་བསྡུ་བར་བྱེད།
།ཆོས་སྤྱོད་བཅུ་ཡི་རྒྱུན་འཛུགས་ཤིང་། །ལྷ་ཁང་ཀ་བ་ཤིང་ལོ་ཅན།
།ང་ཡི་གཟུགས་སྐུ་རྣམ་གཉིས་ལ། །དབུ་རྒྱན་འབུལ་ཞིང་མཆོད་པ་བྱེད།
།སྟོན་པའི་མདོ་བཞིན་གསུང་སྒྲོག་ཅིང་། །སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས།
།ཞེས་གསུངས་ཏེ།
རྗེ་བདག་ཉིད་ཆེན་པོ་ཁ་བ་ཅན་གྱི་ལྗོངས་འདིར་བྱོན་ནས་གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན།
རྗེ་བཙུན་སྤྱན་རས་གཟིགས་དང་རྗེ་བཙུན་གསང་བའི་བདག་པོ་ལ་སོགས་པ་ཕྱོགས་བཅུའི་ཞིང་ནས་རྒྱལ་སྲས་མཐུ་ཆེན་མང་བོ་ཞིག་རྗེ་འདིའི་བསྟན་པ་སྤེལ་བའི་གྲོགས་སུ་བྱོན་ཏེ།
དབང་ཕྱུག་དང་། སྟོབས་དང་།
ལོངས་སྤྱོད་ཀྱིས་འཁོར་དབང་མེད་དུ་བསྡུས་པ་མ་ཡིན་པར་སྐད་ཅིག་ཉིད་ལ་ནུབ་ཕྱོགས་ཛ་ལནྡྷ་ར་ནས་ཤར་ཕྱོགས་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་རྗེ་བླ་མའི་འཁོར་ཐུབ་བསྟན་ཡོངས་རྫོགས་འཛིན་པའི་བཤེས་གཉེན་ཆེན་པོ་དག་གིས་ཁྱབ་སྟེ་རྣམ་པར་དཀར་བའི་ཆོས་ཀྱི་འཕྲིན་ལས་ཀྱིས་ས་ཆེན་པོའི་ཁྱོན་འདི་ཡོངས་སུ་གང་བ་མཆོག་དམན་བར་མ་ཀུན་གྱི་མིག་ལ་སྣང་བ་འདི་རྒྱལ་བས་ལུང་བསྟན་པ་ལྟར་མངོན་སུམ་དུ་གྲུབ་པ་ཡིན་ལ།
གངས་རིའི་ཁྲོད་འདིར་ཐུབ་པའི་བསྟན་པ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་བསྒྲིག་ཕྱིར་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྤྲུལ་བའི་བཟོ་བོ་མཐའ་ཡས་པ་སྤྲུལ་ཏེ་བཞེངས་པ་ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་།
གང་དུ་བཀའ་ཆེམས་གཏེར་དུ་སྦས་པའི་ཀ་བ་ཤིང་ལོ་ཅན་ཞེས་བྱ་བ་ཡོད་པའི་ལྷ་ཁང་གི་རྟེན་གྱི་གཙོ་བོ་སྟོན་པའི་སྐུ་གཟུགས་བསྟན་པ་འདི་ལ་སྟོན་པ་རང་ཉིད་དངོས་སུ་བཞུགས་པ་དང་མཚུངས་པར་བྱིན་རླབས་དུ་གྲགས་པ་ཇོ་བོ་ཤཱཀྱ་མུ་ནེ་དང་།
མི་བསྐྱོད་རྡོ་རྗེ་གཉིས་ལ་དབུ་རྒྱན་འབུལ་ཞིང་ཆོ་འཕྲུལ་གྱི་མཆོད་པ་རྒྱ་ཆེན་པོ་བླ་ན་མེད་པ་བྱེད་པ་དང་།
དེའི་དུས་སུ་དགེ་འདུན་ཁྲི་ཁྲག་བརྒལ་བ་འཚོགས་ཏེ་གསོལ་བ་འདེབས་པ་རྣམས་གསལ་བར་ལུང་བསྟན།
དེ་ལྟར་མཛད་པའི་མཐུས་ཐུབ་པའི་བསྟན་པ་ཉམས་པ་གསོས་ཏེ་ལོ་སྟོང་གི་བར་དུ་འཕེལ་ཞིང་གནས་པ་དང་།
རྗེ་འདི་ཉིད་མ་འོངས་པ་ན་ངོ་མཚར་རྨད་བྱུང་བཀོད་པའི་འཇིག་རྟེན་དུ་རྒྱལ་བ་སེང་གེའི་ང་རོ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་བ་དང་།
རྗེ་བླ་མ་འདི་ལ་དད་པ་བྱེད་པ་རྣམས་ཀྱང་ཞིང་དེར་སྐྱེ་བར་འགྱུར་རོ།
།ཞེས་སྟོན་པ་ལ། དེ་ལ་གསོལ་བ་རབ་འདེབས་ན། །བསྟན་པ་ལོ་སྟོང་བར་དུ་གནས།
།དེ་ནས་འཕོས་ནས་ཤར་ཕྱོགས་ཀྱི། །རྨད་བྱུང་བཀོད་པའི་འཇིག་རྟེན་དུ།
།སེང་གེའི་ང་རོ་ཞེས་བྱར་འགྱུར། །དེ་ལ་དད་བྱེད་ཞིང་དེར་སྐྱེ།
།ཞིང་མཆོག་དེ་ནི་ཁྱད་པར་འཕགས། །ཞེས་གསལ་བར་གསུངས་སོ། །
ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས།
བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་སར། །དགེ་བ་ལྡན་པའི་ས་ཕྱོགས་སུ།
།དམ་པའི་ཆོས་ནི་རྒྱས་པར་འགྱུར།
།ཞེས་རྗེ་བླ་མ་འདི་ཉིད་གང་དུ་འབྱོན་པའི་དགོན་གནས་གསལ་བར་ལུང་བསྟན་ཏོ།
།ལང་ཀར་གཤེགས་པའི་མདོ་ལས་ལུང་བསྟན་པ་ནི། །མདོ་དེ་ཉིད་རྒྱ་ནག་ཏུ་འགྱུར་བ་ལས།
།བཅོམ་ལྡན་འདས་ལ་ཀླུའི་རྒྱལ་བོ་མ་དྲོས་པས་དུང་དཀར་བོ་ཞིག་ཕུལ་བ་མཽང་འགལ་གྱི་བུ་ལ་གནང་ནས་འདི་ཁྱོད་ཀྱིས་འགོག་པའི་རིར་སྦོས་ཤིག
།མ་འོངས་པ་ན་དགེ་སློང་པདྨའི་ངང་ལྡན་འདིས་གཏེར་ནས་འདོན་པས་དེའི་ཚོགས་དུང་དུ་འགྱུར་གྱི་གཏེར་བདག་སྤྲེའུའི་གནས་བྱེད་དོ།
།ཞེས་རྗེ་བདག་ཉིད་ཆེན་པོ་འདིས།
།འགོག་པ་རི་ཞེས་བྱ་བ་འབྲོག་རི་བོ་ཆེ་དགའ་ལྡན་གྱི་བྱང་ངོས་ནས་དུང་གཏེར་ནས་བཞེས་ཏེ་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་དུང་མཛད།
དེ་ནས་འཇམ་དབྱངས་ཆོས་རྗེ་ལ་གནང་སྟེ་འབྲས་སྤུངས་སུ་རྗེའི་བསྟན་པ་ཆེས་ཆེར་འཕེལ་བའི་རྟེན་འབྲེལ་བསྒྲིག་པར་མཛད།
ཐུགས་སྨོན་མཛད་པ་ལྟར་གྲུབ་སྟེ་ད་ལྟ་ཡང་འཛམ་བུའི་གླིང་ན་མདོ་སྔགས་ཀྱི་བཤད་སྒྲུབ་འཕེལ་བ་དང་།
དགེ་འདུན་གྲངས་མང་བར་བཞུགས་ཤིང་།
གཏེར་དུང་ཡང་ཀུན་གྱི་མིག་ལ་བལྟར་ཡོད་པ་འདི་ལྟར་རོ། །
རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཀྱང་རྗེ་རིན་པོ་ཆེ་ཉིད་ལ་སྤྲུལ་བའི་གླེགས་བམ་ཆེན་མོ་གནང་དུས་གཏེར་དུང་འདིའི་ལོ་རྒྱུས་གསལ་བར་གསུངས་པ་གྲུབ་ཆེན་དབེན་ས་བས་ལུང་བསྟན་གསལ་བའི་མེ་ལོང་ཡི་གེར་བཀོད་པ་དབེན་ས་བཀའ་འབུམ་ན་བཞུགས་པ་ལྟར་རོ།
།
རྗེ་བླ་མ་འདི་ཉིད་རྒྱུད་ནས་ལུང་བསྟན་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས།
འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོང་གྱུར་ན།
།ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར།
།དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ནང་ཡོད་པ་ཡིན། །ཞེས་གསལ་བར་ལུང་བསྟན་ཏེ།
དེ་ཡང་རྒྱལ་བ་མྱ་ངན་ལས་འདས་ནས་འགྲོ་བ་མགོན་སྐྱབས་དང་བྲལ་བར་གྱུར་པ་ན་རྗེ་བཙུན་འཇམ་པའི་དབྱངས་བྱིས་པ་སྟེ་ཐ་མལ་བའི་ཚུལ་བཟུང་ནས་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་པ་དང་།
ལྷག་པར་བྱང་ཕྱོགས་ཁ་བ་ཅན་དུ་དགའ་ལྡན་ཞེས་བྱ་བའི་དགོན་པར་སངས་རྒྱས་ཀྱི་མཛད་པ་བྱེད་པ་དང་།
མཚན་ཡང་བློ་བཟང་གྲགས་པ་ཞེས་འབྱུང་བར་ལུང་བསྟན། ཡང་འཇམ་དཔལ་རྩ་རྒྱུད་ལས།
།བློ་ལྡན་དང་བོར་ཡི་གེ་མ། །དེ་བཞིན་སྡོམ་བརྩོན་དད་པ་འབྱུང་།
།རྣམ་པ་དུ་མར་སྡོམ་བརྩོན་གསུངས། །དེ་ཚེ་མཐའ་ཡས་འབྱུང་བར་འགྱུར།
།སྡོམ་བརྩོན་ཐམས་ཅད་བསྒྲགས་པ་ཡང་། །སྟོན་པའི་བསྟན་པ་གསལ་བར་བྱེད།
།བསྟན་པ་དེ་ཚེ་ས་སྟེང་དུ། །རྣམ་པར་ཉམས་ཤིང་སྣང་མེད་ལ།
།སྟོན་པའི་གཟུགས་བརྙན་ཡིད་དུ་འོང་། །བྱེད་པར་འགྱུར་བར་ཐེ་ཚོམ་མེད།
།ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ། །ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར།
།དེར་ནི་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐར་ཡང་བྱེད།
།སྔགས་དང་རྒྱུད་ལ་མངོན་བརྩོན་པའི། །གྲགས་པ་འཛིན་པར་ཤེས་པར་བྱ།
།ཞེས་ཤིན་ཏུ་གསལ་བར་ལུང་བསྟན་ཏེ། །ཡི་གེ་མ་ཞེས་པ་ནི།
བློ་བཟང་གྲགས་པ་ཞེས་པའི་སཾ་སྐྲི་ཏའི་སྐད་ཀྱི་མིང་ཡིག་དང་བོ་སྟེ།
བློ་བཟང་གྲགས་པ་ཞེས་པའི་སྐད་དོད་ལ། མ་ཏི་བྷ་དྲ་ཀིརྟི་ཞེས་འབྱུང་ངོ་། །
དེ་ཡང་མ་ཏི་ཞེས་པ་གཞན་དང་འཁྲུལ་གཞི་མི་འདྲ་བའི་ཕྱིར་རྗེ་འདིའི་མཛད་ཆེན་བཞིའི་ཡ་གྱལ་ཆོ་འཕྲུལ་མཆོད་པའི་མཛད་པ་ཇོ་བོ་ལ་དབུ་རྒྱན་ཕུལ་ཏེ་ཡིད་འོང་དུ་བྱེད་པ་དང་།
དེའི་ཚེ་གདུལ་བྱ་བགྲང་བ་ལས་འདས་པ་ལ་དགེ་བའི་རྩ་བ་བསྐྱེད་དེ་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་འགྱུར་བ་དང་།
དེ་ལྟ་བུའི་བསྟན་པ་འཛིན་པའི་བདག་ཉིད་ཆེན་པོ་དེ་གྲགས་པའི་མཚན་ཅན་ཞིག་འབྱུང་ངོ་།
།ཞེས་གཞན་སུ་དང་ཡང་མི་ནོར་བར་བྱ་བའི་ཕྱིར་གསེར་བརྟག་པའི་རྡོ་ཀ་ཞི་བ་ལྟར་ལུང་བསྟན་མཛད་དོ།
།
དེ་ལྟར་མདོ་རྒྱུད་དུ་མ་ནས་ལུང་བསྟན་ཅིང་སྔོན་གྱི་སྐྱེས་བུ་དམ་པ་དུ་མས་ཀྱང་བསྟན་པའི་བདག་པོ་རྗེ་བླ་མ་འདི་ལྟར་འབྱོན་པ་ལུང་བསྟན་ཏེ།
ཆོས་རྒྱལ་སྲོང་བཙན་སྒམ་པོས། དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པ།
།དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་པ།
།གསང་སྔགས་འཆང་ཞིང་སྐྱེས་ཆེན་དམ་པ་ནི།
།སྙིང་བོའི་མཐའ་རྟེན་རྣལ་འབྱོར་ཆེན་པོ་དེས།
།ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་ཆེན་པོ་མཛད།
།དེ་ལ་བསྙེན་བཀུར་ཆེར་བྱེད་དེ་དག་ནི། །འཕགས་པའི་གང་ཅག་དགེ་སྦྱོང་ཤ་སྟག་གོ
།དེ་ཕྱིར་དེ་དག་ཀུན་ལ་གུས་པ་བསྐྱེད། །དེ་དག་ཅི་ཕྱིར་འཕགས་པ་ཡིན་ཞེ་ན།
སངས་རྒྱས་རྣམས་ལ་མཛད་པ་ཆེན་པོ་མཛད། །དེ་ཕྱིར་དེ་དག་འཕགས་པའི་གང་ཟག་གོ
།དེ་ལྟར་འཕགས་པའི་གང་ཟག་རྣམས་འབྱུང་ཞིང་།
།འཁོར་ནི་ལེགས་གནས་སྟོན་པའི་གསུང་རབ་དང་།
།སྟོན་པའི་སྐུ་གཟུགས་དངོས་སུ་བཞུགས་པ་དང་། །རི་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །
ཅེས་བདག་ཉིད་ཆེན་པོ་་འདི་འཁྲུངས་ཡུལ་དང་།
དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་དང་།
ཇོ་བོ་རྣམ་གཉིས་ལ་དབུ་རྒྱན་འབུལ་བ་དང་།
མཆོད་པ་རྒྱ་ཆེན་པོ་མཛད་དེ་བསྟན་པ་རྒྱས་པར་མཛད་པ་དང་།
གསུང་ལས་སྐྱེས་པའི་འཕགས་པའི་གང་ཟག་མཐའ་ཡས་པ་འབྱུང་ཞིང་སྟོན་པའི་བསྟན་པ་ཆེས་ཆེར་གསལ་བར་མཛད་པ་རྣམས་གསལ་བར་ལུང་བསྟན་ཏོ།
།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་འབྲོམ་རིན་པོ་ཆེ་གཉིས་ཀྱིས་ཡེར་བ་ལྷ་རི་སྙིང་བོར་ལོ་གསུམ་གྱི་བར་དུ་བགྲོ་བ་མཛད་པའི་གསང་ཆོས་བཀའ་གདམས་གླེགས་བམ་ལས།
བླ་མ་དྲི་མ་མེད་པས། བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ།
།ཞེས་སློབ་དཔོན་པདྨ་དང་། སྤྲུལ་བ་གཅིག་ནི་རྒྱ་གར་གནས་སུ་འགྲོ།
།ཞེས་ཇོ་བོ་ཆེན་པོ་དང་། སྤྲུལ་བ་གཅིག་ནི་བལ་བོའི་མཐིལ་དུ་འགྲོ།
།ཞེས་པཎྜི་ཏ་པདྨ་བཛྲ་དང་། སྤྲུལ་བ་གཅིག་ནི་མདོ་ཁམས་སྨད་ལ་འགྲོ།
།ཞེས་མདོ་སྨད་དུ་འཁྲུངས་པ་འཇམ་མགོན་བླ་མ་དང་། མར་མེ་མཛད་ཀྱང་གནས་མཆོག་འདིར།
།སྒྲོལ་མར་བཅས་ཏེ་སྤྲུལ་སྟོང་འགྱེད། །ལྷག་པར་ཆགས་མེད་བསོད་སྙོམས་པས།
།སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས། །ཕྱོགས་བཞིའི་ལས་ཅན་དབང་དུ་སྡུད།
།ང་ཡི་མཆོད་ཚོགས་རྒྱས་པར་བྱེད། །མར་མེ་མཛད་དང་བྱམས་པ་ཡང་།
།ཁྱོད་ཀྱི་གྲོགས་བཟང་སྤེལ་བར་བྱེད། །རིང་བོར་མི་ཐོགས་གནས་མཆོག་འདིར།
།མཆོད་ཚོགས་རྒྱ་མཚོ་འདུ་བར་འགྱུར། །སྤྱན་རས་གཟིགས་དབང་བཟང་བོར་སྤྲུལ།
།ཞེས་དང་། གླེགས་བམ་ཕ་ཆོས་ལས། གྲགས་དང་ཡང་གྲགས་རིན་ཆེན་གྱི།
།གྲགས་པའི་མཐའ་བཟང་དཔལ་དུ་གྲགས། །བློ་གྲོས་ཤེས་རབ་གཞན་དུ་གསོལ།
།གཞན་ཡང་གྲགས་པའི་མཚན་རབ་ཅན། །མང་བོས་འགྲོ་བའི་བདེ་སྐྱིད་བསྐྲུན། །ཞེས་དང་།
དེ་ཉིད་ལས། བདག་གི་སྤྲུལ་པ་དམ་བ་ཞིག །རེས་འགའ་དགེ་སློང་ཉིད་དུ་སྤྲུལ།
།དེས་ནི་གནས་དེ་སྐྱོང་བར་བྱེད། །རེས་འགའ་བྱིས་པའི་གཟུགས་སུ་འོང་།
།རེས་འགའ་དབུལ་ཕོངས་སྤྲང་བོའི་གཟུགས། །རེས་འགའ་བྱོལ་སོང་བྱ་ཁྱིའི་གཟུགས།
།རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས། །རེས་འགའ་ཡིག་འབྲུ་གཟུངས་ཀྱི་གཟུགས།
།གྲགས་པ་ཅན་ནི་དགེ་སློང་ངོ་། །བསྟན་གནས་བར་དུ་ཡང་ཡང་འོང་།
།དེ་ནི་རྒྱུད་པ་ཉིད་དང་མཚུངས། །ཁྲིམས་ལྡན་དེ་ཡིས་བྱིན་བརླབས་ཤིང་།
།སྐྱེས་བུ་གསུམ་ནི་དོན་གཉེར་བའི། །བྱ་བ་མྱོང་བ་བརྒྱ་ཕྲག་ཙམ།
།གནས་དེར་བསམ་གཏན་སྒོམ་པར་བྱེད། །ཅེས་དང་། ལྷ་དང་བཅས་པའི་མཆོད་པའི་གནས།
།བཀུར་འོས་ཉིད་དུ་ངེས་པར་འགྱུར། །མདོར་ན་གནས་མཆོག་དེ་དག་ཏུ།
།དང་བོ་བཞི་གྲྭ་གནས་བཟུང་སྟེ། །ཐ་མར་སྟོང་ཕྲག་ཕྱེད་དང་གསུམ།
།བསླབ་པ་གསུམ་ལྡན་ཤཱཀྱའི་སྲས། །འགྲོ་བ་ཀུན་གྱི་མགོན་དུ་གྱུར།
།གནས་དེར་ཕྱོགས་དང་ཕྱོགས་མཚམས་ནས། །དགེ་འདུན་དཔག་མེད་འདུ་བར་འགྱུར།
།སྤྱིར་ཡང་ལས་ཅན་ཕྱོགས་བཅུར་འཕྲོ། །ཕྱི་ཡི་རྒྱ་མཚོ་དག་དང་མཚུངས།
།ཆུ་བོ་བརྒྱ་ཡིས་གང་མི་ནུས། །ཅི་ཙམ་ཞིག་གིས་དམའ་མི་ནུས། །ཞེས་དང་། ཡང་།
ཐ་མར་བསྟན་པའི་མེ་རོ་དག །གྲགས་པའི་མཚན་གྱིས་གསོ་བར་བྱེད།
།དུ་མའི་ཕན་བདེ་སྒྲུབ་བྱེད་པའི། །དེ་ཡང་གནས་མཆོག་དམ་པ་ཡིན།
།ཞེས་རྗེ་བདག་ཉིད་ཆེན་པོ་འཁོར་དང་བཅས་པ་གསལ་བར་ལུང་བསྟན་ཏོ།
།རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གྲུབ་ཆེན་འཇམ་དཔལ་རྒྱ་མཚོ་ལ་གསུངས་པའི་ལུང་བསྟན་ལས་ཀྱང་།
སྔོན་བསྐལ་བ་གྲངས་མེད་དཔག་ཏུ་མེད་པའི་སྔ་རོལ་ཏུ།
དེ་བཞིན་གཤེགས་པ་དབང་བོའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ།
འཁོར་ཚོགས་རྒྱ་མཚོའི་དབུས་སུ་ཐེག་པ་མཆོག་ཏུ་གྱུར་པ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ།
།དེའི་ཚེ་རྗེ་བདག་ཉིད་ཆེན་པོ་འདི་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྲས་ཀྱི་ཐུ་བོ།
གཟུངས་དང་། སྤོབས་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་།
བདེན་གཉིས་མངོན་སུམ་དུ་གཟིགས་པ་དག་པའི་ཡེ་ཤེས་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏོ།
།དེ་ནས་རྗེ་བཙུན་འཇམ་དཔལ་དབྱངས་འཁོར་དང་བཅས་པ་དེ་བཞིན་གཤེགས་པ་དབང་བོའི་ཏོག་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་བའི་མདུན་སར་གཤེགས་ཤིང་བཞུགས་པ་ན།
བཅོམ་ལྡན་འདས་རྒྱལ་བ་དབང་བོའི་ཏོག་གིས་ཚངས་པའི་དབྱངས་ཀྱིས།
བྱང་ཆུབ་སེམས་དཔའ་གང་དག་མ་དག་པའི་ཞིང་ཁམས་གྲངས་མེད་པ་རྣམས་སུ་ཟབ་མོ་དབུ་མའི་ལམ་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་ལམ་བཟང་ལུས་དང་སྲོག་ལ་མི་ལྟ་བར་རྒྱས་པར་བྱེད་པ་དེ་ནི།
རྒྱལ་སྲས་རྣམས་ཀྱི་རླབས་ཆེན་སྤྱོད་པ་རྒྱ་མཚོའི་རབ་དང་། ཕུལ་དང་།
མཆོག་ཏུ་གྱུར་པའོ། །ཞེས་སེང་གེའི་སྒྲ་བསྒྲགས་པ་ན།
བདག་ཉིད་ཆེན་པོ་འདི་སྙིང་སྟོབས་ཆེས་ཆེར་རྒྱས་པར་འཁོར་ཚོགས་རྒྱ་མཚོའི་དབུས་སུ་བཞེངས་ཏེ་ཞུམ་པ་མེད་པའི་སྒྲ་དབྱངས་ཀྱིས།
དེང་ནས་བརྩམས་ཏེ་ལུས་དང་སྲོག་ལ་མི་ལྟ་བར་མ་དག་པའི་ཞིང་གྲངས་མེད་པར་ཟབ་མོ་དབུ་མའི་ལྟ་བ་དང་འབྲེལ་བའི་རྡོ་རྗེ་ཐེག་པའི་ལམ་བཟང་རྒྱས་པར་བྱའོ་ཞེས་དེ་བཞིན་གཤེགས་པ་དབང་བོའི་ཏོག་སོགས་ཕྱོགས་བཅུའི་རྒྱལ་བ་རྒྱས་བཅས་དཔང་དུ་བཞག་སྟེ་དམ་བཅས་ཤིང་བདེན་པའི་ཚིག་གི་སྒྲ་དབྱངས་བསྒྲགས་སོ།
།དེའི་ཚེ་དེ་བཞིན་གཤེགས་པ་དབང་བོའི་ཏོག་སོགས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ལེགས་སོ།
།ཁྱོད་ནི་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོའོ། །ཞེས་དབུགས་དབྱུང་ཞིང་།
དེ་ནས་བཟུང་སྟེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུའང་བདག་ཉིད་ཆེན་པོ་འདིའི་མཚན་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོར་གྲགས་སོ།
།དེ་ནས་རྒྱལ་བ་དབང་བོའི་ཏོག་སྐུ་ལས་འོད་ཟེར་གྱི་ཚོགས་བྱེ་བ་དཔག་ཏུ་མེད་པ་འགྱེད་ཅིང་ཞལ་འཛུམ་པ་དང་ལྡན་པས།
ཁྱོད་ཀྱིས་ཇི་ལྟར་དམ་བཅས་པ་བཞིན་དུ་དེང་ནས་བཟུང་སྟེ་མ་དག་པའི་ཞིང་གྲངས་མེད་པ་རྣམས་སུ་མདོ་སྔགས་ཀྱི་དམ་ཆོས་རྒྱས་པར་བྱས་ཏེ།
མཐར་གྱིས་ངོ་མཚར་རྨད་བྱུང་བཀོད་པའི་ཞིང་དུ་དེ་བཞིན་གཤེགས་པ་སེང་གེའི་ང་རོ་ཞེས་བྱ་བའི་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པར་མཛད་དོ།
།ཡེ་ཤེས་ཀྱི་མཁའ་འགྲོ་མ་མ་ཅིག་ལམ་གྱི་སྒྲོན་མས་གཅོད་གཞུང་ཆེན་མོར་བསྟན་པའི་འཕེལ་འགྲིབ་ལུང་བསྟན་པ་ལས།
ཡུམ་གྱིས་དེ་ལྟ་བུའི་རྒྱལ་ཁྲིམས་དང་ཆོས་ཁྲིམས་འཕྱུགས་པའི་དུས་སངས་རྒྱས་ཀྱི་བསྟན་པ་མུན་ནག་ཏུ་གློག་འཁྱུག་པ་ལྟ་བུ་ཞིག་འབྱུང་ཞེས་གསུངས་པ་ལ།
བསོད་ནམས་རྒྱན་ལ་སོགས་པ་བུ་མོ་བཞིས། དེ་ལྟ་བུའི་བཀའ་དྲིན་ཅན་དེ་སུ་ལགས།
ཞེས་སོགས་མང་དུ་ཞུས་པའི་ལན་དུ། བུ་མོ་ཁྱོད་ཀྱིས་དྲིས་པའི་བྱང་སེམས་དེ།
མ་འོངས་བསྐལ་བཟང་སངས་རྒྱས་བདུན་པ་ཡིན།
།ད་ལྟ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེ།
།སྙིགས་དུས་ལོག་སྤྱོད་བོད་ཡུལ་བྱུང་བའི་ཚེ།
།དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ།
།གང་གི་ཞིང་དུ་སེང་གེའི་ང་རོར་གྲགས།
།ཁྲིམས་འཆལ་ལོག་སྤྱོད་སྤོབས་པ་ཟིལ་གནོན་པས།
།ཁྲིམས་འཆལ་བག་མེད་ཡང་དག་ཁྲིམས་ལ་སྦྱོར།
།ཐུབ་ཉིད་སྲོལ་བཏོད་བསྟན་པའི་ཕྱག་རྟགས་འཛིན།
།བསྟན་པ་གསལ་བར་བྱེད་པའི་དགེ་སློང་ངོ་།
།མཐའ་ཡས་རྒྱུད་སྡེའི་ཚོགས་ལ་དབང་བསྒྱུར་ཞིང་།
།རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད་ཕྱུང་ནས།
།གདུལ་བྱར་གྱུར་པའི་སྐལ་ལྡན་ཚིམ་པར་མཛད།
།ཅེས་བདག་ཉིད་ཆེན་པོ་འདི་སྙིགས་མའི་དུས་འདིར་བསམ་བཞིན་དུ་བྱོན་ཏེ་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཆེས་ཆེར་སྤེལ་བར་མཛད་པ་གསལ་བར་ལུང་བསྟན་ཏོ།
།དེ་ལྟར་མདོ་རྒྱུད་བསྟན་བཅོས་མང་བོ་ནས་ལུང་བསྟན་ཚུལ་བརྗོད་པ་དེ་དག་ནི།
རྗེ་འདི་འབྱོན་པའི་དུས་ཚོད་དང་། འཁྲུངས་ཡུལ་དང་། དགོན་གནས་དང་། མཚན་དང་།
མཛད་པ་རྣམ་ཐར་རྣམས་འདི་དང་འདི་ལྟར་འབྱུང་ངོ་།
།ཞེས་གསལ་བར་ལུང་བསྟན་པ་འགའ་ཞིག་བརྗོད་པ་ཡིན་གྱི།
དོན་གྱིས་ལུང་བསྟན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱད་པ་ལས།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྒྱལ་བ་རང་ཉིད་མྱ་ངན་ལས་འདས་པའི་འོག་ཏུ་རྒྱ་གར་ལྷོ་ཕྱོགས་སུ་དར་བར་འགྱུར་བ་དང་།
དེ་ནས་རྒྱ་གར་གྱི་བྱང་ཕྱོགས་ཁ་བ་ཅན་འདིར་དར་བར་འགྱུར་བ་ལུང་བསྟན་ཏེ།
རྒྱ་གར་ལྷོ་ཕྱོགས་སུ་དར་བ་ནི་རྒྱལ་བ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་སོང་བ་ན་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་དུ་བྱོན་ཏེ་ཤེར་ཕྱིན་གྱི་དོན་ཟབ་མོ་དབུ་མའི་ལྟ་བ་ཆེས་ཆེར་དར་བར་མཛད་པའོ།
།
འཕགས་པ་ཀླུ་སྒྲུབ་ཅེས་བྱ་བ་དེ་ཡང་རྗེ་བདག་ཉིད་ཆེན་པོ་འདི་ཡིན་ཏེ།
རྗེ་འདི་ཉིད་འཕགས་པ་ཀླུ་སྒྲུབ་དང་ཐུགས་རྒྱུད་གཅིག་པར་སྔོན་བྱོན་པའི་དམ་པ་མང་བོས་གསུངས་ཤིང་།
དོན་དེ་ལ་འཇམ་དབྱངས་ཁ་ཆེས་ཀྱང་། ནཱ་ག་ཛུ་ནའི་རྣམ་འཕྲུལ་ཙོང་ཁ་བ།
།ཞེས་གསུངས་སོ། །བྱང་ཕྱོགས་སུ་དར་བར་འགྱུར་ཞེས་གསུངས་པ་དེ་ལ།
འདི་ལྟ་བུའི་ཤེར་ཕྱིན་ཟབ་མོ་འདི་དུས་ཀྱི་ཐ་མ་ལ་བྱང་ཕྱོགས་སུ་ཇི་ལྟར་དར་བར་འགྱུར་ཤེར་ཕྱིན་ཟབ་མོ་འདི་འཛིན་པ་མང་བོའམ་ཉུང་ངུ་ཇི་ལྟ་བུ་ཞིག་འབྱུང་ཞེས་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།
ཤཱ་རིའི་བུ་བྱང་གི་ཡུལ་དང་བྱང་གི་ཕྱོགས་ཀྱི་ཆར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་ཞིང་ཤིན་ཏུ་མང་དུ་འབྱུང་བར་འགྱུར་རོ།
།ཤཱ་རིའི་བུ་དེ་དག་མང་མོད་ཀྱི་མང་བོ་དེ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དང་འདྲི་བ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་རབ་ཏུ་འདོན་པ་དང་སྟོན་པ་དང་ཉེ་བར་སྟོན་པ་དང་ལུང་འབོགས་པ་དང་ཁ་ཏོན་བྱེད་པར་འགྱུར་བ་དང་དེ་བཞིན་ཉིད་དུ་སློབ་པ་དང་དེ་བཞིན་ཉིད་དུ་སྒྲུབ་པ་དང་དེ་བཞིན་ཉིད་དུ་རྣལ་འབྱོར་དུ་བྱེད་པར་འགྱུར་བ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ན་འགོང་བར་མི་འགྱུར་ཀུན་ཏུ་ཞུམ་པར་མི་འགྱུར་བག་ཚ་བར་མི་འགྱུར་བག་འཁུམས་པར་མི་འགྱུར་ཡིད་ཕྱིར་ཕྱོགས་པར་མི་འགྱུར་དངངས་པར་མི་འགྱུར་ཀུན་ཏུ་སྐྲག་པར་མི་འགྱུར་ཀུན་ཏུ་སྐྲག་པ་དང་ལྡན་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཆེས་ཉུང་བར་འགྱུར་ཏེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཡུན་རིང་བོ་ནས་ཐེག་པ་ལ་ཡང་དག་པར་ཞུགས་པར་རིག་པར་བྱའོ།
།དེ་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྗེས་སུ་འབྲང་ཞིང་ཡོངས་སུ་དྲིས་པ་དང་ཡོངས་སུ་ཞུས་པ་དང་ཡོངས་སུ་དྲི་བ་བྱས་ཤིང་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་པ་ཡིན་ནོ།
།དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ།
།དེ་དག་ནི་འདི་ལྟ་སྟེ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་ལས་བརྩམས་ཏེ་སྐྱེ་བོ་མང་བོའི་དོན་བྱེད་པར་འགྱུར་རོ།
།དེ་ཅིའི་ཕྱིར་ཞེ་ན།
དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ང་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བྱས་སོ།
།དེ་དག་ནི་ཚེ་རབས་འཕོས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་འདི་ཉིད་ལ་ཡང་དག་པར་སྤྱོད་པར་འགྱུར་རོ།
།འདི་ལྟ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ནས་དེ་ཉིད་ཀྱི་གཏམ་བྱེད་པར་འགྱུར་དེ་ཉིད་ཀྱི་གཏམ་ལ་མངོན་པར་དགའ་བར་འགྱུར་རོ།
།དེ་དག་ལ་ལེགས་པར་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཉམ་པར་བཞག་པར་འགྱུར་ཏེ་བདུད་ཀྱིས་ཀྱང་དབྱེ་བར་བྱེད་མི་ནུས་ན་འདི་ལྟ་སྟེ་སེམས་ཅན་གཞན་དག་གིས་འདུན་པའམ་སྔགས་ཀྱི་སྒོ་ནས་དབྱེ་བ་ལྟ་ཅི་སྨོས།
དེ་ཅིའི་ཕྱིར་ཞེ་ན།
དེ་ནི་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མཐུ་བརྟན་པའི་ཕྱིར་རོ།
།རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་གིས་དེ་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དགའ་བ་དང་དང་བ་དང་རབ་ཏུ་དང་བ་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ།
།དེ་དག་གིས་ནི་འདི་ལྟ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྐྱེ་བོ་མང་བོ་དག་གིས་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ།
།དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ནི་ངའི་མངོན་སུམ་དུ་ཚིག་འདི་སྐད་དུ།
བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་གིས་སྲོག་ཆགས་བརྒྱ་ཕྲག་མང་བོ་དང་སྲོག་ཆགས་སྟོང་ཕྲག་མང་བོ་དང་སྲོག་ཆགས་བརྒྱ་སྟོང་ཕྲག་མང་བོ་དང་སྲོག་ཆགས་བྱེ་བ་བརྒྱ་ཕྲག་མང་བོ་དང་སྲོག་ཆགས་བྱེ་བ་སྟོང་ཕྲག་མང་བོ་དང་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཕྲག་མང་བོ་དང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་བོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བཞག་པར་བྱའོ།
།ཡང་དག་པར་བསྟན་པར་བྱའོ། །ཡང་དག་པར་འགོད་པར་བྱའོ།
།ཡང་དག་པར་གཟེངས་བསྟོད་པར་བྱའོ། །ཡང་དག་པར་དགའ་བ་བསྐྱེད་པར་བྱའོ།
།ཡང་དག་པར་རབ་ཏུ་དབྱེ་བར་བྱའོ། །རྫོགས་པའི་བྱང་ཆུབ་ལ་གནས་པར་བྱའོ།
།སླར་མི་ལྡོག་པར་བྱའོ། །ཞེས་སྨྲས་སོ། །ཞེས་ལུང་བསྟན་ཏོ། །
འདིས་རྗེ་བདག་ཉིད་ཆེན་པོ་ཇི་ལྟར་ལུང་བསྟན་སྙམ་ན།
བྱང་ཕྱོགས་གངས་རིའི་ལྗོངས་འདིར་ཤེར་ཕྱིན་ཟབ་མོ་འདི་འཛིན་ཅིང་ཀློག་པ་མང་བོ་ཞིག་འབྱུང་ནའང་དོན་ཕྱིན་ཅི་མ་ལོག་པར་རྟོགས་ནས་རྒྱ་ཆེར་སྤེལ་བར་བྱེད་ནུས་པ་ནི་ཉུང་ངུ་ལས་མི་འབྱུང་བ་དང་།
དེ་ལྟར་སྟོན་ནུས་པའི་སེམས་དཔའ་ཆེན་པོ་དེ་ནི་སྔོན་ཡུན་རིང་བོ་ནས་ལམ་ལ་སྦྱངས་པ་བྱས་པ་ཚོགས་གཉིས་མཐར་ཕྱིན་པ་གདུལ་བྱའི་དོན་དུ་བསམ་བཞིན་དུ་བྱོན་པ་ཞིག་འབྱུང་བ་དང་།
དེ་འདྲ་བའི་སེམས་དཔའ་ཆེན་པོ་དེ་རྒྱལ་བ་རང་ཉིད་ཀྱི་སྤྱན་སྔར་སེམས་བསྐྱེད་ཅིང་ཤེར་ཕྱིན་ཟབ་མོ་འདིའི་དོན་རྒྱ་ཆེར་སྤེལ་བར་བྱའོ་ཞེས་དམ་བཅས་ཤིང་སྨོན་ལམ་བཏབ་པ་ཡིན་པར་གསུངས་པ་འདིས་རྗེ་བླ་མ་འདི་ཉིད་ལུང་བསྟན་པ་ཡིན་པར་ཤེས་ཏེ།
ཤེར་ཕྱིན་ཟབ་མོ་འདིའི་དོན་ལ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དང་།
དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཉིས་ཡོད་ཅིང་།
སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཤེས་གཉེན་དམ་པ་ཚུལ་བཞིན་དུ་བསྟེན་ནས་དང་བོར་ཐར་པ་ཆ་མཐུན་གྱི་དགེ་རྩ་བསྐྱེད།
དེ་ནས་ས་ལམ་རིམ་གྱིས་བགྲོད་ཚུལ་དང་།
མཐར་འབྲས་བུ་ཐོབ་ནས་འཕྲིན་ལས་ཉི་ཤུ་རྩ་བདུན་གྱི་སྒོ་ནས་གདུལ་བྱའི་དོན་བྱེད་ཚུལ་གྱི་བར་ལམ་གྱི་གྲངས་དང་གོ་རིམ་དང་ངོ་བོ་རྣམས་རྒྱལ་བའི་དགོངས་པ་ཤིང་རྟ་ཆེན་པོས་བཀྲལ་བ་ཇི་བཞིན་དུ་མཐའ་དག་པར་གཏན་ལ་འབེབས་ནུས་པ་དང་།
ཇི་ལྟར་གཏན་ལ་ཕབ་པའི་དོན་རྣམས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ཏེ་སྐལ་བ་དང་ལྡན་པའི་གདུལ་བྱ་ལས་དང་བོ་བའི་ས་ནས་སངས་རྒྱས་ཀྱི་སའི་བར་ལ་མཐར་གྱིས་ཁྲིད་པར་མཛད་པ་རྗེ་བླ་མ་འདི་དང་མཚུངས་པ་གངས་རིའི་ཁྲོད་འདིར་སུ་ཡང་མ་བྱུང་བ་དང་།
དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ལའང་ཤེར་ཕྱིན་གྱི་མདོའི་དོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཇི་ལྟར་བཀྲལ་བ་ལྟར་ཟབ་མོ་དབུ་མའི་ལྟ་བ་འཁྲུལ་པའི་དྲི་མ་ཐམས་ཅད་དང་བྲལ་བ་རིགས་པའི་ལམ་ནས་གཏན་ལ་ཕབ་སྟེ་ཇི་ལྟར་སྒོམ་པའི་ཚུལ་དང་།
བསྒོམས་ནས་ས་ལམ་རིམ་གྱིས་བགྲོད་དེ་འབྲས་བུ་ཆོས་སྐུ་འགྲུབ་ཚུལ་རྣམས་མཐའ་དག་པར་སྟོན་ནུས་པ་རྗེ་བླ་མ་འདི་དང་མཚུངས་པ་བྱང་ཕྱོགས་འདིར་སུ་ཡང་མ་བྱུང་བས་ན་རྒྱལ་བས་བྱང་ཕྱོགས་སུ་ཤེར་ཕྱིན་གྱི་མདོ་སྡེ་ཟབ་མོའི་དོན་རྒྱལ་བ་རང་ཉིད་ཀྱི་དགོངས་པ་ལྟར་སྟོན་ནུས་པའི་སེམས་དཔའ་ཆེན་པོ་འབྱུང་ངོ་ཞེས་ལུང་བསྟན་པ་དེ་རྗེ་འདི་ཉིད་ལུང་བསྟན་པར་འོས་མེད་ཀྱིས་འགྲུབ་བོ།
།
གཞན་ཡང་དེ་ལྟར་ཤེར་ཕྱིན་ཟབ་མོ་སྟོན་ནུས་པའི་སེམས་དཔའ་ཆེན་པོ་དེས་རྒྱལ་བ་རང་ཉིད་ཀྱི་སྤྱན་སྔར་སེམས་བསྐྱེད་ཅིང་ཤེར་ཕྱིན་ཟབ་མོ་འདིའི་དོན་རྒྱ་ཆེར་སྤེལ་བར་བྱའོ་ཞེས་དམ་བཅས་པ་ཡིན་པར་གསུངས་པ་དེས་ཀྱང་རྗེ་བླ་མ་འདི་ཉིད་ལུང་བསྟན་པ་ཡིན་པར་གསལ་བར་གྲུབ་སྟེ་རྗེ་འདིས་སྔོན་སྟོན་པ་ཐུབ་པའི་དབང་བོ་དང་ཐུགས་རྒྱུད་གཅིག་པའི་རྒྱལ་བ་དབང་བོའི་ཏོག་གི་སྤྱན་སྔར་སྙིགས་མའི་དུས་སུ་ཟབ་མོ་དབུ་མའི་ལྟ་བ་རྒྱ་ཆེར་སྤེལ་བར་དམ་བཅས་པ་དང་།
སྟོན་པ་རྡོ་རྗེ་གདན་དུ་བཞུགས་པའི་ཚེ་ཤེལ་དཀར་བོའི་ཕྲེང་བ་ཕུལ་ཏེ་ཟབ་མོ་དབུ་མའི་ལྟ་བ་སྤེལ་བར་ཐུགས་བསྐྱེད་ཅིང་དམ་བཅས་པ་སྔར་དྲངས་ཟིན་པ་ལྟར་རོ།
།བདག་ཅག་གིས་རྗེ་བླ་མ་འདི་ལྟར་ལུང་བསྟན་ཏོ་ཞེས་བརྗོད་པ་འདི་ཡང་རྗེའི་རྗེས་འཇུག་ཡིན་པ་རྒྱུ་མཚན་དུ་བྱས་པའི་རྨོངས་ཞེན་དང་འདུ་ཤེས་བསྒྱུར་ཏེ་རབ་བརྟགས་དང་ཟོལ་བསྟོད་བྱས་པ་མིན་གྱི་རྒྱལ་བའི་དགོངས་པ་འགྲེལ་བ་ལ་རྗེ་འདི་ཉིད་དང་མཚུངས་པ་གཞན་མེད་དོ་ཞེས་སྨྲས་པ་དེ་ཉིད་སྣང་རུང་མ་དམིགས་པ་རྟགས་ཡང་དག་པས་གྲུབ་པ་ཡིན་ནོ།
།གཞན་ཡང་ལྷོ་བྲག་གྲུབ་ཆེན་ལ་གསང་བདག་ཕྱག་ན་རྡོ་རྗེས་ལུང་བསྟན་བྱུང་བ་དང་།
བླ་མ་དབུ་མ་བ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་བྱུང་བ་སོགས་ལྷག་པའི་ལྷ་རྣམས་ཀྱིས་ལུང་བསྟན་པའི་ཚུལ་མང་དུ་ཡོད་དེ་འོག་ཏུ་རིམ་བཞིན་འཆད་དོ།
།
དེ་ལྟར་མདོ་རྒྱུད་བསྟན་བཅོས་རྣམས་ནས་ལུང་བསྟན་པ་ལྟར།
རྗེ་བླ་མ་འདི་ཉིད་གང་དུ་འཁྲུངས་པའི་ཡུལ་ནི་མདོ་ཁམས་སྨད་ཀྱི་སའི་ཆ་ཤར་ཙོང་ཁ་ཞེས་གྲགས་པ་དེ་ཡིན་ལ།
དེར་ཇི་ལྟར་འཁྲུངས་པའི་ཚུལ་ནི།
མེ་ཕོ་སྤྲེའུའི་ལོ་དགུན་གྱི་དུས་རྗེ་འདིའི་ཡབ་ཀྱི་མནལ་ལམ་དུ།
རྒྱ་ནག་རི་བོ་རྩེ་ལྔ་ནས་འོངས་ཟེར་བའི་བཙུན་པ་མེ་ཏོག་གི་ཕྲེང་བ་དུ་མ་སྦྲེལ་བའི་ཆོས་གོས་དང་།
སུམ་ཅུ་རྩ་གསུམ་གྱི་ཤིང་ལོ་ཡིན་ཟེར་བ་དར་སེར་བོ་འདྲ་བའི་ཤམ་ཐབས་ཅན་པོ་ཏི་ཁྱེར་བ་ཞིག་བྱུང་ནས།
ང་ཁྱེད་ལ་གནས་ཤིག་གཡོར་བ་ཡིན་ཟེར་ནས་མཆོད་ཁང་ཞིག་ཡོད་པའི་ནང་དུ་སོང་བའི་སྣང་བ་བྱུང་།
ཡུམ་གྱི་མནལ་ལམ་དུ་ཡང་མེ་ཏོག་གི་ཐང་ཆེན་པོ་ཞིག་ཏུ་བུད་མེད་སྟོང་ཕྲག་ཙམ་གྲལ་བྱས་པའི་ནང་ན་ཡུམ་རང་ཡང་བསྡད་པར།
ཤར་ནས་ཁྱེའུ་དཀར་བོ་བུམ་པ་འཛིན་པ་ཞིག་དང་།
ནུབ་ནས་བུ་མོ་དམར་མོ་རྨ་བྱའི་སྒྲོ་མདོངས་སྡེར་མ་ཙམ་ཡོད་པ་ཅིག་ལག་པ་གཡས་ན་བཟུང་།
མེ་ལོང་ཆེན་པོ་ཞིག་གཡོན་ན་བཟུང་ནས་བྱུང་བས།
དེ་གཉིས་གྲོས་བྱས་ཏེ་བུད་མེད་ཐམས་ཅད་ལ་འདིས་རུང་ངམ་འདིས་རུང་ངམ་ཞེས་ཁྱེའུ་དེས་བུ་མོ་དེ་ལ་འདྲི་ཞིང་བུ་མོ་དེས་གཞན་རྣམས་རེ་རེ་ལ་སྐྱོན་རེ་བཏགས།
ཁྱེའུ་དེས་ཡུམ་ལ་མཛུབ་མོ་བཙུགས་ནས་འདིས་རུང་ངམ་ཞེས་འདྲི་བ་ལ།
བུ་མོ་དེས་འཛུམ་བྱས་ནས་རུང་ཟེར། འོ་ན་འདི་ལ་ཁྲུས་གྱིས་ཟེར་ནས།
ཇི་ལྟར་བལྟམས་པ་ཞེས་སོགས་དབྱངས་དང་བཅས་ཁྲུས་བྱས་པས་ལུས་ཀྱི་དྲི་མ་དག་ནས་བདེ་སངས་སངས་པའི་སྣང་བ་ཞིག་བྱུང་བ་དང་།
གཉིད་སད་ནས་ལུས་ཡང་བ་ད་སེམས་བདེ་བ་ལ་སོགས་པའི་དགེ་མཚན་དུ་མ་བྱུང་ངོ་།
།དུས་དེ་ནས་བཟུང་སྟེ་ཁྱིམ་མཚེས་དང་ཡུལ་མི་རྣམས་ཀྱི་རྨི་ལམ་དུའང་དགེ་འདུན་མང་བོས་ཇོ་བོ་རིན་པོ་ཆེ་དབུས་ནས་གདན་དྲངས་བྱུང་བ་སོགས་རྨི་ལྟས་ངོ་མཚར་བ་མང་དུ་བྱུང་བ་དང་།
ཉི་ཟླ་སྐར་གསུམ་དུས་གཅིག་ལ་ཤར་བ་དང་།
མེ་ཏོག་གི་ཆར་ཡང་ཡང་འབབ་པ་དང་སྤོས་ཀྱི་དྲི་བཟང་བོ་བྲོ་བ་དང་།
ནམ་མཁའ་ལ་རོལ་མོའི་སྒྲ་གྲག་པ་དང་།
ས་གཡོ་བ་ལ་སོགས་པའི་ངོ་མཚར་བའི་ལྟས་ཡུལ་དེར་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དུ་མ་བྱུང་ངོ་།
།
དེ་ནས་བྱ་ལོ་ཟླ་བ་དང་བོའི་ཚེས་བཅུའི་ནུབ་མོ་ཡུམ་གྱི་མནལ་ལམ་དུ་དགེ་འདུན་བསམ་གྱིས་མི་ཁྱབ་པས་གདུགས་དང་རྒྱལ་མཚན་དང་རྔ་བོ་ཆེ་ལ་སོགས་པ་མཆོད་པའི་བྱེ་བྲག་མཐའ་ཡས་པ་བཟུང་སྟེ།
སྤྱན་རས་གཟིགས་འབྱོན་པ་ལ་བསུ་བ་བྱེད་ཟེར་ཀྱིན་འདུག་པས་ཕྱོགས་ཀུན་ཏུ་བལྟས་ཀྱང་མ་མཐོང་།
རྗེས་ལ་བལྟས་པས་སྤྲིན་གྱི་ཐད་ཙམ་དུ་གསེར་སྐུ་རི་བོ་ཙམ་པ་འོད་ཟེར་ཉི་མ་ལྟར་ཕྱོགས་ཐམས་ཅད་དུ་འཕྲོ་བ་དང་ཆོས་ཀྱི་སྒྲ་དབྱངས་དང་བཅས་པ་ཅིག་ལྷའི་བུ་དང་བུ་མོ་ཡིན་ཟེར་བའི་ཆ་ལུགས་ཕུན་སུམ་ཚོགས་པ་དང་ལྡན་པ་དུ་མས་བསྐོར་བཞིག་མར་མར་བབས་བྱུང་བས་གསེར་སྐུ་དེ་ཇེ་ཆུང་ཇེ་ཆུང་ལ་སོང་།
སྤྱི་གཙུག་གི་ཐད་ཙམ་དུ་སླེབས་པའི་ཚེ་མཐོ་གང་ཙམ་པ་ཤིན་ཏུ་མཛེས་པ་ཞིག་ཏུ་གྱུར་ནས་རང་ལ་ཐིམ།
དེའི་འཁོར་རྣམས་དང་བསུ་མི་རྣམས་ཀྱང་རང་ལ་ཐིམ་པར་མཐོང་བས་རང་ལ་ཕྱག་དང་བསྐོར་བ་དང་མཆོད་པ་བྱེད་ཅིང་བཀྲ་ཤིས་བརྗོད་པ་སོགས་རྨིས་པས་ཕྱི་དེའི་ཉིན་པར་ནས་རིག་པ་གསལ་བ་སྐྱིད་སྣང་ཆེ་བ་བྱུང་།
དེ་ཕྱིན་མ་བརྟགས་མ་དཔྱད་པའི་དུས་ནའང་ངའི་ལུས་འདི་ལ་བརྙས་མི་རུང་སྙམ་ནས་གཅེས་སྤྲས་དང་གཙང་སྦྲ་ལ་བརྩོན་པ་སོགས་རང་ཤུགས་ཀྱིས་བྱུང་།
ཡབ་ཀྱི་མནལ་ལམ་དུ་ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེས་འཕངས་སམ་སྙམ་པའི་གསེར་གྱི་རྡོ་རྗེ་འབར་བ་གཅིག་ཡུམ་ལ་ཐིམ་པ་རྨིས་པས་བུ་སྟོབས་ལྡན་ཅིག་སྐྱེས་པ་ཡིན་ནམ་ཞེས་གླེང་བ་བྱུང་ངོ་།
།སྐུ་བལྟམས་པའི་དུས་ལ་བབ་པའི་ཚེ་ཡུམ་གྱི་མནལ་ལམ་དུ།
དགེ་འདུན་མང་བོ་དང་སྐྱེ་བོའི་ཁྲོམ་ཆེན་པོས་མཆོད་པ་རྣམ་ལྔ་ཁྱེར་ནས་མཆོད་ཁང་མཇལ་ཟེར།
དེ་གང་ན་ཡོད་དྲིས་པས་སྔར་གྱི་ཁྱེའུ་དཀར་བོ་དེས་ཆུ་ཤེལ་གྱི་ལྡེ་མིག་གཅིག་བཟུང་ནས་འདི་ན་ཡོད་ཟེར་ཞིང་ཡུམ་རང་གི་བྲང་ན་སྒོ་ཆུང་སེར་བོ་ཞིག་འདུག་པ་ཕྱེ་བའི་ནང་ནས་སྔར་ལུས་ལ་ཐིམ་པའི་གསེར་སྐུ་དེ་བཏོན་ནས་དྲི་མས་ཅུང་ཟད་ནོགས་པ་ལ་སྔར་གྱི་བུ་མོ་དེ་བྱུང་ནས་དེ་ལ་བུམ་ཆུས་ཁྲུས་བྱས།
རྨ་བྱའི་སྒྲོས་བྱབས་རྒྱ་གར་གྱི་སྐད་ཡིན་ནམ་སྙམ་པའི་དར་དིར་མང་བོ་དབྱངས་སུ་ལེན་ཞིང་ལྷ་དེ་ལ་མཆོད་པ་འབུལ་ཀྱིན་འདུག་པའི་སྣང་བ་བྱུང་།
གཉིད་སད་ནས་ཐོ་རངས་སྐར་ཆེན་ཤར་བ་དང་སྟབས་ཅིག་པར་རབ་བྱུང་དྲུག་པའི་མེ་མོ་བྱའི་ལོ་ངོ་མཚར་བའི་ལྟས་མང་བོ་དང་བཅས་བདེ་བར་འཁྲུངས་སོ།
།དེའི་ཚེ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ད་ནི་འགྲོ་བ་མགོན་དང་བཅས་སོ།
།ཐུབ་པའི་བསྟན་པ་ཉམས་པ་གསོས་པར་འགྱུར་རོ། །བདུད་ཀྱི་སྡེ་ཕམ་མོ།
།དཀར་ཕྱོགས་ཀྱི་ལྷ་རྣམས་རྒྱལ་ལོ་ཞེས་ཤིས་པ་བརྗོད་པའི་ཚིག་འཛམ་བུའི་གླིང་ནས་འོག་མིན་གྱི་བར་དུ་བསྒྲགས་ཅིང་།
ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བདག་ཉིད་ཆེན་པོ་འདིའི་དོན་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་མཛད་ཅིང་མེ་ཏོག་གཏོར།
གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང་།
རྒྱལ་བོ་ཆེན་པོ་རྣམ་ཐོས་སྲས་ལ་སོགས་པ་གཡེལ་བ་མེད་པར་རྗེས་སུ་འབྲངས་ཏེ་བར་ཆད་བསྲུང་བ་ལ་བརྩོན་པར་གྱུར་ཏོ།
།
རྒྱལ་བ་ཐམས་ཅད་ཀྱི་གདུང་འཚོབ་རྒྱལ་བའི་མྱུ་གུ་གངས་ཅན་གསེར་གྱི་ས་གཞིར་གསར་དུ་འཁྲུངས་པ་གཞོན་ནུའི་གཟུགས་ཅན་དེའི་དབུ་ནི་གདུགས་ལྟ་བུ་དང་།
དཔྲལ་བ་དབྱེས་ཆེ་ཞིང་སྨིན་མ་འབྱར་ལ་ཤངས་ཀྱི་གཟེངས་མཐོ་བ་དང་།
སྙན་ཤལ་རིང་དུ་འཕྱང་ཞིང་ཡན་ལག་དང་ཉིང་ལག་རྒྱས་ལ་དཀུ་སྐབས་བྱེད་པ་དང་།
དབང་བོ་ཡོངས་སུ་གསལ་ཞིང་པགས་པའི་མདོག་ནི་མེ་ཏོག་ཀུནྡ་ལྟར་དཀར་བ།
ལྗགས་པདྨའི་འདབ་མ་ལྟར་འཇམ་ཞིང་མཉེན་ལ་རིང་བ།
མཆུས་སྒྲོས་བིམ་པ་ལྟར་དམར་བ་སོགས་མཚན་བཟང་གིས་མཛེས་པ་འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞིག་བྱུང་བར་གྱུར་ཏོ།
།ཡབ་ཡུམ་དེ་གཉིས་ཀྱང་ཐ་མལ་བ་མིན་པར་སྔོན་ཡུན་རིང་བོ་ནས་བདག་ཉིད་ཆེན་པོ་འདིས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པའི་ཚེ་མཐུན་པའི་རྐྱེན་སྒྲུབ་པར་སྨོན་ལམ་བཏབ་ནས་བསམ་བཞིན་དུ་བྱོན་པ་ཞིག་སྟེ།
ཡབ་དེ་ནི་དཔའ་མཛངས་བརྟུལ་ཕོད་ཅན་འབྱོར་པ་དང་ལྡན་ཞིང་གཏོང་བ་ལ་དགའ་བ་རིགས་མཐོ་བ་མལ་གྱི་རིགས།
རིགས་རུས་འབྱོར་པ་ཕུན་ཚོགས་དང་ལྡན་ཡང་ཁེངས་པ་མེད་པར་སློང་བ་རྣམས་ལ་བྱམས་པ།
རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣལ་འབྱོར་དང་ལྡན་པ།
རྒྱུན་དུ་འཇམ་དཔལ་མཚན་བརྗོད་ཁ་ཏོན་དུ་མཛད་པ་ཞིག་གོ
།ཡུམ་དེ་ནི་གཟུགས་བཟང་ཞིང་མཛེས་ལ་གཡོ་སྒྱུ་ཆུང་བ།
ཉམ་ཆུང་རྣམས་ལ་སྙིང་རྗེ་ཆེ་རྒྱལ་བ་བསྐྱེད་པའི་ཡུམ་དུ་འོས་པ་ཞིག་གོ
།རྒྱལ་སྲས་གཞོན་ནུ་དེ་འཁྲུངས་པའི་སང་ཉིན་ཡུལ་དེའི་ཕུ་ན་རྡོ་རྗེ་འཇིགས་བྱེད་ཀྱི་གྲུབ་ཐོབ་ཏུ་གྲགས་པའི་བདག་ཉིད་ཆེན་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་ཞེས་བྱ་བ་བཞུགས་ཡོད་པ་དེས་ཡབ་ཡུམ་གཉིས་ལ་ལེགས་སོའི་བསྔགས་པ་དང་གནང་སྦྱིན།
རྒྱལ་སྲས་གཞོན་ནུ་དེ་ལ་བཞེས་རྒྱུའི་བདུད་རྩི་རིལ་བུ་སྐུ་ལ་བཅང་རྒྱུའི་སྲུང་མདུད།
རྟེན་འབྲེལ་བསྒྲིག་པར་དགོངས་ཏེ་རྡོ་རྗེ་འཇིགས་བྱེད་ཀྱི་བྲིས་སྐུ་བྱིན་རླབས་ཅན་གཅིག་དང་།
བུ་ཆུང་སྐྱོང་ལུགས་ཀྱི་ཡི་གེ་ལ་སོགས་པ་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་ལ་བསྐུར་ནས་བྱུང་སྟེ་བླ་མ་དེས་ཐུགས་མཁྱེན་གྱིས་མཁྱེན་པར་འདུག
ཕྱིས་རྒྱུ་མཚན་ཞུས་པས།
ངས་རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་དང་མཇལ་བས་གསོལ་བ་བཏབ།
ཁྱད་པར་དུ་ཞལ་ཡང་ཡང་བསྟན་དུ་གསོལ་ཞེས་ཞུས་པས།
སང་ཕོད་ད་ཙམ་ལུང་བ་འདིའི་མདའ་རུ་ཡོང་། དེ་བར་དུ་བདེ་བར་གྱིས་གསུང་བས།
དེ་གང་ཡིན་དཔྱད་པའི་ཕྱིར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཁྱེད་ཀྱི་བུར་འདུག་པ་ཐིགས་པ་ཡིན་གསུང་བ་ལ་སོགས་པའི་གསང་བའི་གནས་དུ་མ་གསུངས་ནས།
ཕྱིས་ཀྱང་བུ་ཆུང་བསྐྱེད་བསྲིང་བ་དང་།
འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མའང་མཛད་དོ།
།
རྒྱལ་སྲས་གཞོན་ནུ་དེ་ཡུམ་གྱི་མངལ་ནས་འཁྲུངས་མ་ཐག་ལྟེ་བ་བཅད་པའི་མཚལ་ཁྲག་ས་ལ་ལྷུང་བ་ལས་ཙནྡན་དཀར་བོའི་སྡོང་བོ་ཞིག་གསར་དུ་སྐྱེས་པ་དེ་ལ་ཡལ་ག་མང་དུ་གྱེས་ཤིང་ལོ་མ་འབུམ་ཡོད་པ།
ལོ་མ་རེ་རེ་ལ་དེ་བཞིན་གཤེགས་པ་སེང་གེའི་ང་རོའི་སྐུ་རེ་རེ་ཡོད་པ་ཞིག་བྱུང་བས་སྐུ་འབུམ་ཞེས་གྲགས།
དུས་ཕྱིས་རྒྱལ་བ་བསོད་ནམས་རྒྱ་མཚོ་གནས་དེར་བྱོན་ནས་གུས་པ་ཆེན་པོས་མཆོད་པ་རྒྱ་ཆེན་པོ་མཛད་ཅིང་།
ཤིང་འདི་དྲ་ལས་ལྷག་པའི་བྱིན་རླབས་ཅན་དཀོན་ཞེས་ཤིང་དེའི་ཕྱི་དངུལ་གྱིས་བསྟུམས་ཏེ་བྱང་ཆུབ་མཆོད་རྟེན་གྱི་རྣམ་པར་བྱས།
གནས་དེར་རྗེ་བླ་མའི་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ལ་བཤད་སྒྲུབ་བྱེད་པའི་དགེ་འདུན་གྱི་སྡེ་ཞིག་གསར་དུ་འཛུགས་པར་བཞེད་དེ་ཞལ་བཀོད་གནང་བ་ཐུགས་བཞེད་ལྟར་གྲུབ་ནས་སྐུ་འབུམ་བྱམས་པ་གླིང་ཞེས་བཏགས།
མཆོད་སྡོང་དེའི་ཕྱི་རོལ་ཏུ་ཙན་དན་གྱི་སྡོང་བོ་གསར་བ་ཞིག་ཐོན་པ་དེ་ལ་ཡང་ཡལ་ག་དང་ལོ་མ་རྣམས་ལ་ཨ་ར་པ་ཙ་ན་དང་།
དྷཱིཿདང་ཧཱུཾ་ལ་སོགས་པ་ཡི་གེའི་གཟུགས་རང་བྱོན་དུ་འབྱུང་བ་དང་།
དེའི་ཡལ་ག་དང་ལོ་མ་ཟོས་ན་ཤེས་རབ་སྐྱེ་ཞིང་རིམས་ནད་སོགས་ཞི་བ་ཀུན་གྱི་མཐུན་སྣང་དུ་ཡོད་དོ།
།
དེ་ལྟ་བུའི་རྒྱལ་སྲས་གཞོན་ནུ་དེ་ཉིད་སྙིགས་མའི་དུས་འདིར་བྱོན་ཡང་འདམ་གྱི་དབུས་སུ་སྐྱེས་པའི་པདྨ་འདམ་གྱིས་མི་གོས་པ་ལྟར་སྙིགས་མའི་སྐྱོན་གང་གིས་ཀྱང་མ་གོས་ཤིང་བྱིས་པའི་ཚུལ་བཟུང་ཡང་བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས།
བག་མེད་པར་རྩེ་བ་མཐའ་དག་ལས་ནི་ངང་གིས་ལོག
ཉེས་པར་སྤྱོད་པ་རྣམས་ནི་རང་བཞིན་གྱིས་བསྡམས།
ཀུན་ལ་སྙན་པར་སྨྲ་ཞིང་ཁྲོ་བ་སྤངས་པ་དང་།
འགྲོགས་ན་བདེ་ཞིང་སློང་བའི་སྐྱེ་བོ་དག་ལ་གཏོང་བའི་ལག་བརྐྱངས་པ་དང་།
མགོན་མེད་པ་དག་ལ་སྙིང་བརྩེ་ཞིང་བདེན་པར་སྨྲ་བ་དང་།
བློ་གྲོས་དཔག་པར་དཀའ་ཞིང་ཆོས་འཚོལ་བ་ལ་ངང་གིས་ཞུགས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་དག་ནི་བྱིས་པ་གཞན་དག་སྐྱེས་ཙམ་ཉིད་ནས་ནུ་ཞོ་ལེན་པའི་ཀུན་ཏུ་སྤྱོད་པ་དག་ཆེད་དུ་བསླབ་པར་བྱ་མི་དགོས་པ་ཇི་ལྟ་བ་དེ་བཞིན་དུ་གྱུར་ཏོ།
།
རྒྱལ་སྲས་གཞོན་ནུ་དེ་དགུང་ལོ་གསུམ་པ་ལ་བབ་པ་ན་ཆོས་རྗེ་ཀརྨ་བ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་ཡོངས་སུ་རྫོགས་པར་མནོས་ཏེ།
མཚན་ཡང་ཀུན་དགའ་སྙིང་བོ་ཞེས་བཏགས་སོ།
།ལོ་དེ་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་པ་དེ་ཉིད་རྗེ་འདིའི་ཡབ་ཀྱིས་གདན་དྲངས་པ་ཞིག་གི་དུས་ན་ཆོས་རྗེ་དོན་གྲུབ་རིན་ཆེན་པས་ཡབ་ཡུམ་གཉིས་ལ་རྟ་དང་ལུག་ལ་སོགས་པ་ཟང་ཟིང་གི་གནང་སྦྱིན་དཔག་ཏུ་མེད་པ་མཛད་ནས་ཁྱེད་ཀྱི་བུ་འདི་ང་ལ་ཕུལ་ཞིག་ཅེས་བཀའ་གནང་བ་ཡབ་ཡུམ་གཉིས་ཀྱིས་ཀྱང་དང་དུ་བླངས་ཏེ་སྤྲོ་དགའ་དང་བཅས་པས་ཕུལ།
དེ་ནས་དགུང་ལོ་བདུན་པ་ལ་ཉེ་བར་བབ་པ་ན་རྗེ་འདིས་ཆོས་རྗེ་དེའི་ཞབས་དྲུང་དུ་ཕེབས་པར་མཛད་དེ།
རབ་ཏུ་མ་བྱུང་བའི་སྔ་རོལ་ཉིད་དུ་ཆོས་རྗེ་དེས་རྗེ་འདི་བ་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཏེ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་ཅིང་།
དེ་ནས་བཅོམ་ལྡན་འཁོར་ལོ་བདེ་མཆོག་དྲིལ་བུ་བ་དང་།
ཀྱཻ་རྡོ་རྗེ་དང་ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར།
གསང་མཚན་དོན་ཡོད་རྡོ་རྗེ་ཞེས་བཏགས།
རྗེ་འདི་བས་རིག་པ་འཛིན་པའི་སྡོམ་པ་དང་དམ་ཚིག་ཡོངས་སུ་རྫོགས་ར་མནོས་ཏེ་དབང་དུས་སུ་ཇི་ལྟར་ཞལ་གྱིས་བཞེས་པ་ལྟར་མིག་གི་འབྲས་བུ་ལྟར་གཅེས་པར་སྲུང་བར་མཛད་དོ།
།ཆོས་རྗེ་དེའི་དྲུང་དུ་ཐོག་མར་ཕེབས་མ་ཁད་ནས་གསུང་རབ་ཀློག་པ་པོ་མང་དུ་འདུག་པ་རྣམས་ལ་གཟིགས་ཤིང་ཐུགས་ཀྱིས་དཔྱད་པས་དེ་ཙམ་གྱིས་ཀློག་རང་ཉིད་ཀྱིས་ཐོགས་མེད་དུ་འདོན་པར་ནུས་པ་བྱུང་ཞིང་ཆེད་དུ་གཏད་ནས་བསླབ་དགོས་པ་མ་བྱུང་།
དབང་ཐོབ་ནས་རབ་ཏུ་མ་བྱུང་བའི་གོང་དགུང་ལོ་བདུན་དུ་ཉེ་བ་ཙམ་གྱི་དུས་ཉིད་དུའང་།
བདེ་མཆོག་དགྱེས་རྡོར་ཀུན་རིག་གཤིན་རྗེ་གཤེད་ལ་སོགས་པའི་མངོན་རྟོགས་དང་དཀྱིལ་ཆོག་མང་བོ་ཐུགས་ལ་བཟུང་།
གཤིན་རྗེའི་གཤེད་དང་བདེ་མཆོག་གི་བསྙེན་པ་ཡང་མཛད་ནས་བདེ་མཆོག་དྲིལ་བུ་བའི་བདག་འཇུག་ཀྱང་ལན་མང་དུ་མཛད་ཅིང་།
ལྷའི་རྣལ་འབྱོར་དང་བཟླས་པའི་རིམ་པ་ལ་སོགས་པ་གཅིག་ཏུ་གཞོལ་བར་མཛད་དོ། །
དེའི་ཚེ་ན་རྗེ་འདི་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོ་ཕྱག་གཉིས་པའི་རྣམ་པ་ཞིག་ཡུན་རིང་བོའི་བར་དུ་ནུབ་རེ་བཞིན་མནལ་ལམ་དུ་གསལ་བར་འཆར་བ་དང་།
གཞན་ཡང་སངས་རྒྱས་དང་བྱང་སེམས་མང་བོའི་སྣང་བ་ཤར་ཞིང་།
ཁྱད་པར་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་མནལ་ལམ་དུ་ནར་མར་འོང་བ་ཞིག་བྱུང་།
ཕྱིས་དབུས་སུ་ཕེབས་དུས་སྐུ་འདྲ་གཟིགས་པ་ན།
སྔར་མནལ་ལམ་དུ་གཟིགས་པ་དེའི་རྣམ་པ་ཇི་ལྟ་བར་འདུག་ཅེས་གསུང་སྟེ།
དེ་ནི་ཇོ་བོ་ཉིད་ཁ་བ་ཅན་འདིར་བསྟན་པ་ཉམས་པ་གསོ་བའི་སླད་དུ་བྱོན་པ་ལྟར།
མདོ་སྔགས་ཀྱི་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པས་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད་དེ་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུར་འགྱུར་བ་འདི་ཉིད་ཀྱི་སྔ་ལྟས་སོ།
།དེ་ལྟར་རྗེ་འདི་བ་དེའི་ཚེ་རྒྱལ་སྲས་གཞོན་ནུའི་ཚུལ་བཟུང་བ་དེ་དགུང་ལོ་བདུན་ལ་བབ་པའི་ཚེ།
ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་མཛད་དེ།
ངུར་སྨྲིག་གི་རྒྱལ་མཚན་ཡང་དག་པར་བཞེས་སོ། །
དེ་ཡང་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཞིང་ལུང་དང་རྟོགས་པའི་ཡོན་ཏན་གྱི་ཚོགས་ཀྱིས་མངོནཔ་ར་མཐོ་བའི་བླ་མ་དོན་གྲུབ་རིན་ཆེན་པས་མཁན་པོ་མཛད་དབུས་གཙང་དང་བལ་པོ་སོགས་སུ་མཁས་གྲུབ་དང་པཎྜི་ཏ་དུ་མ་ལ་གཏུགས་ནས་མདོ་སྔགས་མང་བོ་ལ་སྦྱངས་པའི་བཤེས་གཉེན་ཆེན་པོ་ཏ་དབེན་གཞོན་ནུ་སེང་གེ་ཞེས་གྲགས་པའི་སློབ་མ་གཞོན་ནུ་བྱང་ཆུབ་ཅེས་བྱ་བས་སློབ་དཔོན་མཛད་དེ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཤིང་།
མཚན་ཡང་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བར་གསོལ་ཏོ།
།རྗེ་འདི་ཆོས་རྗེ་དོན་གྲུབ་རིན་ཆེན་པ་འདིས་བྱིས་པ་ཉིད་ནས་བདག་གིར་མཛད་དེ་བསྟན་པ་རིན་པོ་ཆེའི་བདག་པོ་ཆོས་ཀྱི་རྒྱལ་བོར་འགྱུར་བར་དགོངས་ནས་ཐུགས་ཀྱི་ཡུལ་དུ་ཤིན་ཏུ་གཅེས་པར་བཟུང་སྟེ།
སྨན་གྱི་ཤིང་ལྗོན་པ་ཆེན་པོའི་མྱུ་གུ་ལྟར་ལེགས་པར་བསྐྱངས།
རབ་ཏུ་བྱུང་ཞིང་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད་དེ་དབུས་གཙང་དུ་འབྱོན་པའི་ཆ་རྐྱེན་དང་བསྐུལ་མ་ཡང་དག་མཛད་པས་བཀའ་དྲིན་ཟླ་མེད་དུ་འཛིན་པར་མཛད་དེ།
རྗེ་འདིས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་མཚན་ཐོས་པ་ན་ཕྱག་ཐལ་མོ་སྦྱོར་ཞིང་ཆོས་རྗེ་དེ་ཉིད་ཀྱི་དུས་མཆོད་ཀྱང་འཆག་མེད་མཛད་དོ།
།དེ་ནས་དེའི་ཚེ་རྗེ་འདིའི་ཐུགས་ལ་འདི་ལྟ་བུ་དག་འཁྲུངས་པར་ངེས་ཏེ།
རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ཀྱི་བྱ་བ་ནི་གཉིས་ཏེ།
ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ནོ།
།དེ་ལ་བདག་གིས་ཀྱང་འདི་གཉིས་ཀ་བྱ་སྟེ་རྒྱལ་བའི་དགོངས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་བའི་གཞུང་ལུགས་ཆེན་མོ་རྣམས་ལ་ཐོས་བསམ་ཕུ་ཐག་ཆོད་པ་ཞིག་བྱས་ལ་གཞུང་དོན་གདམས་པར་འཆར་བའི་ཉམས་ལེན་ལ་འབད་དེ་རྒྱལ་བསྟན་ཡོངས་སུ་རྫོགས་པ་རང་གི་རྒྱུད་ལ་འཛིན་ཅིང་སྐལ་བ་དང་ལྡན་པ་གཞན་དག་ལའང་རྒྱ་ཆེར་སྤེལ་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་འདིར་དར་ཞིང་རྒྱས་པ་ཞིག་ཅི་ནས་བྱའོ་སྙམ་དུ་ཐུགས་བསམ་རླབས་པོ་ཆེ་དེ་ལྟ་བུ་འཁྲུངས་པར་གྱུར་ཏོ།
།
དེ་ནས་དགུང་ལོ་བཅུ་དྲུག་ལ་བབ་པའི་ཚེ་ཆོས་རྗེ་དོན་གྲུབ་རིན་ཆེན་པས་ཀྱང་བསྐུལ་ཞིང་བདག་ཉིད་ཀྱང་སྤྲོ་བ་ཤུག་དྲག་པོས་སྔོན་གྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་རྒྱལ་བསྟན་ཡོངས་སུ་རྫོགས་པ་གང་དུ་དར་བའི་ས་དབུས་གཙང་གི་ལྗོངས་སུ་འབྱོན་པར་བཞེད་པ་ན།
ཆོས་རྗེ་དོན་གྲུབ་རིན་ཆེན་པད་དབུས་གཙང་གི་ལྗོངས་སུ་བྱོན་ནས་ཐོས་བསམ་སྒོམ་གསུམ་འདི་ལྟར་བྱ་དགོས་སོ་ཞེས་ཞལ་གདམས་རྒྱས་པར་གནང་ནས་དོན་དེ་ཉིད་ཐུགས་ལ་གཟུང་བདེ་བའི་ཕྱིར་ཚིགས་སུ་བཅད་པའི་སྒོ་ནས་ཀྱང་གདམས་པ་ནི།
གཞོན་ནུ་ཟློ་བཟང་གྲགས་པ་ཁྱོད། །སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན།
།སྔོན་ཚེ་དམ་ཆོས་བདུད་རྩིའི་རོ། །འཐུངས་པའི་བདག་ཆགས་ཡོད་པར་ངེས།
།ཞེས་པ་དང་། ཡུམ་ཆེན་རྒྱས་འབྲིང་སྡུས་གསུམ་གྱི།
།རྒྱན་དུ་གྱུར་པའི་མངོན་རྟོགས་རྒྱན། །ཐོག་མར་བསླབ་ཅིང་ནན་ཏན་བྱ།
།དེ་ལ་མཁས་པར་གྱུར་པ་ན། །ལུང་ཆོས་ཀུན་ལ་འཕྲིག་ཚུད་འགྱུར།
།དེ་ཡང་སེམས་ཀྱི་ཟུར་ལ་ཞོག །དེ་ནས་བྱང་ཆུབ་སེམས་དཔའ་ཡི།
།ལམ་དང་སྤྱོད་པའི་རྣམ་གཞག་དག །སྟོན་པར་བྱེད་པའི་མདོ་སྡེ་རྒྱན།
།མཁས་པའི་ཡན་ལག་དག་ཏུ་བསླབ། །འཁོར་བ་མྱ་ངན་འདས་པ་ཡི།
།རྟེན་དུ་སྟོན་པའི་ཆོས་དང་ནི། །ཆོས་ཉིད་རྣམ་འབྱེད་བསྟན་བཅོས་དང་།
ཐོག་མ་མཐའ་མ་རྣམས་སྤངས་པའི། །དབུ་མའི་ལམ་ནི་སྟོན་པས་ན།
།དབུས་དང་མཐའ་ནི་རྣམ་འབྱེད་དང་། །སེམས་ཀྱི་ཆོས་ཉིད་དག་པ་ནི།
།སེམས་ཅན་ཀུན་ལ་ཡོད་པ་སྟེ། །དེ་ཉིད་བདེ་གཤེགས་སྙིང་བོར་ནི།
།སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ། །བྱམས་ཆོས་ལྔ་པོ་དེ་དག་ལ།
།མཁས་པར་བྱེད་པའི་གོ་ཆ་གྱིས། །རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་།
།འབྲིང་དུ་སྟོན་པའི་རྣམ་ངེས་དང་། །ཤིན་ཏུ་བསྡུས་པ་རིགས་ཐིགས་ཏེ།
།ལུས་དང་འདྲ་བའི་བསྟན་བཅོས་གསུམ། །གཏན་ཚིགས་ཐིགས་པ་འབྲེལ་བརྟག་དང་།
།རྒྱུད་གཞན་སྒྲུབ་པ་རྩོད་རིག་སྟེ། །འཕྲོས་པ་ཡན་ལག་ལྟ་བུ་ཟེར།
།ཆོས་ཀྱི་གྲགས་པ་ལས་བྱུང་བའི། །ཚད་མ་སྡེ་བདུན་འཛམ་གླིང་ན།
།སངས་རྒྱས་བསྟན་པ་གསལ་བྱེད་པ། །ཉི་མ་ཟླ་བ་ལྟ་བུར་གྲགས།
།འདི་ཡི་འོག་ཏུ་དེ་རྣམས་སློབས། །ཞེས་སོགས་དང་།
བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི། །མཐའ་བྲལ་ཆེན་པོའི་ལྟ་བ་ལ།
།གལ་ཏེ་མོས་པ་ཡོད་གྱུར་ན། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི།
།དབུ་མ་རིགས་པའི་ཚོགས་རྣམས་དང་། །ཞེས་སོགས།
ཤིང་རྟ་ཆེན་པོ་གཉིས་རྗེས་འབྲང་དང་བཅས་པའི་གཞུང་རྣམས་ལ་ཐོས་པ་ཕུ་ཐག་ཆོད་པ་ཞིག་བྱ་དགོས་པ་དང་།
རང་གིས་ཇི་ལྟར་དགོངས་པ་ལྟར་སྐལ་བ་དང་ལྡན་པ་གཞན་དག་ལའང་སྤེལ་ཏེ་རྒྱལ་བསྟན་ཡོངས་སུ་རྫོགས་པ་འཛིན་ཅིང་སྤེལ་ཐུབ་པ་ཞིག་ཅི་ནས་ཀྱང་བྱ་དགོས་སོ་ཞེས་ནན་ཏན་དུ་གདམས་ཤིང་།
ཚེ་རབས་གཏན་གྱི་ལྷག་པའི་ལྷ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་།
།བར་ཆད་སྲུང་བའི་ལྷ་ཕྱག་རྡོར་འཁོར་ཆེན་དང་།
ཤེས་རབ་བསྐྱེད་པའི་ལྷ་འཇམ་དཔལ་ཨ་ར་པ་ཙ་ན་དང་།
ཚེ་བསྲིང་བའི་ལྷ་ཚེ་དཔག་མེད་དང་། མཐུན་རྐྱེན་སྒྲུབ་པའི་ལྷ་རྣམ་ཐོས་སྲས་དང་།
འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པའི་ལྷ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་དམ་ཅན་ཆོས་རྒྱལ་རྣམས་ངེད་ཀྱིས་བྱིན་པ་ལྟར་བསྟེན་ལ་བསྙེན་སྒྲུབ་དང་མཆོད་གཏོར་མ་འཆག་པར་གྱིས་ཞེས་གདམས་སོ།
།
དེ་ནས་རྗེ་འདི་བས་ཆོས་རྗེ་དོན་གྲུབ་རིན་ཆན་ལ་བཀའ་བཞིན་བགྱིའོ་ཞེས་ཞུས་ཤིང་ཕྱག་བཙལ་ཏེ་བྱིན་རླབས་ཞུས་ནས་འབྲི་ཁུང་ཐེལ་བའི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་གྱིས་གདན་དྲངས་ནས་འཕྲིན་ལས་པ་དང་འགྲོགས་ཏེ་བྱོན།
གླང་ལོའི་སྟོན་གྱི་དུས་སུ་འབྲི་ཁུང་དཔལ་གྱི་ནགས་ཁྲོད་དུ་ཕེབས།
དེའི་ཚེ་འབྲི་ཁུང་གི་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་རྒྱལ་བོ་བཞུགས་པས་ཁོང་གི་སྤྱན་སྔར་མཇལ།
ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་དང་ཕྱག་ཆེན་ལྔ་ལྡན་ལ་སོགས་པ་ཟབ་ཁྲིད་མང་དུ་གསན།
དེ་ནས་སློབ་གཉེར་ཞིག་ལ་འབྱོན་པར་བཞེད་པ་ལ་གྲོགས་འགའ་ཞིག་གིས་དབང་གིས་ཚལ་པའི་སྨན་པ་མཁས་པ་དཔོན་དཀོན་མཆོག་སྐྱབས་ཞེས་པའི་གམ་དུ་བྱོན་ནས་གསོ་དཔྱད་ཀྱི་གཞུང་ལ་སྦྱངས་ཤིང་།
ཡན་ལག་བརྒྱད་པ་ཐུགས་ལ་བཟུང་སྟེ་གསོ་དཔྱད་ཀྱི་གཞུང་ལ་སྦྱངས་ཤིང་།
ཡན་ལག་བརྒྱད་པ་ཐུགས་ལ་བཟུང་སྟེ་གསོ་དཔྱད་ཀྱི་སྐོར་རྣམས་བསླབས་པས་གཞུང་མན་ངག་ལག་ལེན་དང་བཅས་པ་ལ་ཤིན་ཏུ་མཁས་པར་གྱུར་ཏེ།
ཕྱིས་བསྙུང་དུས་སུ་སྨན་པ་བཅུ་བདུན་བཅོ་བརྒྱད་ཙམ་འཚོགས་པའི་དུས་སུའང་ནད་གང་ལ་སྨན་གང་འཇུག་པ་དང་།
སྨན་གྱི་སྦྱོར་སྡེ།
བསིལ་དྲོད་ལ་སོགས་པའི་ཁྱད་པར་ཐམས་ཅད་དྲུང་དུ་ཞུས་ནས་ལག་ལེན་བདག་ཅག་རྣམས་ཀྱིས་བྱེད་པ་ཡིན་ཟེར་བ་དང་།
སྨན་པ་མཁས་པར་གྲགས་པ་ཐམས་ཅད་ཀྱང་ད་ལྟ་ཁ་བ་ཅན་ན་ཆོས་རྗེ་རིན་པོ་ཆེ་ལས་སྨན་པ་མཁས་པ་མི་འདུག་པའི་གནད་ཀྱིས་བདག་ཅག་རྣམས་ཀྱང་དྲུང་དུ་སྨན་སྦྱོར་ལ་ཕྱིན་པས་སྨན་གྱི་རྣམ་དབྱེ་མང་དུ་གསུང་བ་ཐོས་པ་ལ་བརྟེན་ནས།
སྔར་ལོ་མང་དུ་བསླབས་པ་བས་བློ་བསྐྱེད་ཆེ་བར་བྱུང་ཞེས་གླེང་ངོ་།
།དེར་ཡུན་ཧ་ཅང་མི་རིང་བ་ཞིག་བཞུགས་ནས། ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན།
བདེ་བ་ཅན་པའི་རིན་པོ་ཆེ་སྙེ་ཐང་བ་བཀྲ་ཤིས་སེང་གེ་དང་།
གདན་ས་བ་དགེ་བསྐོས་པ་གཉིས་ལ་ཆོས་འབྲེལ་གསན།
ཀློག་པའི་སློབ་དཔོན་ཡོན་ཏན་རྒྱ་མཚོ་དང་།
ཞར་ཆོས་པ་སློབ་དཔོན་ཨུ་རྒྱན་པས་མཛད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་ལ་ལེགས་པར་ཐུགས་སྦྱོང་མཛད།
ཞག་བཅོ་བརྒྱད་ཙམ་གྱིས་གཞུང་གི་ཚིག་མཐའ་དག་ཤིན་ཏུ་བྱང་བར་ཐུགས་སུ་ཆུད་དེ།
འཇམ་སྐྱའི་ཊིཀྐའི་སྟེང་ནས་ཆོས་གསན་ཞིང་དོན་ཀུན་ཆུབ་པར་མཛད་དེ།
སྦྱོར་བ་བརྩི་བ་སོགས་ཀྱི་ཐུགས་བརྩོན་ཆེར་མ་མཛད་ཀྱང་རིང་བོ་མ་ལོན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་ནས།
སློབ་དཔོན་དང་གྲོགས་མཆེད་ཐམས་ཅད་ཀྱང་རྗེ་འདིའི་བློ་གྲོས་ཀྱི་རྩལ་དཔག་པར་དཀའ་བ་ལ་ཆེས་ཆེར་ངོ་མཚར་བའི་གནས་སུ་འཛིན་ལ།
ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ནི།
སྔར་མདོ་སྨད་དུ་བཞུགས་པའི་དུས་ནས་ཐུགས་ལ་ཆུད་ཅིང་།
བཤད་གསར་དང་འཆད་པ་སོགས་མཛད་ཀྱང་བདེ་བ་ཅན་པའི་བླ་མ་འཇམ་རིན་པ་ཞེས་གྲགས་པའི་དགེ་བཤེས་ཆེན་པོ་དེ་བྱམས་ཆོས་ལ་ཤིན་ཏུ་མཁས་པར་བྱེད་ཀྱིན་འདུག་པས།
མདོ་སྡེ་རྒྱན་ལ་སོགས་པའི་བྱམས་ཆོས་རྣམས་ལེགས་པར་གསན་ཞིང་ཐུགས་སུ་ཆུད་པར་མཛད།
བདེ་བ་ཅན་དུ་ཐུགས་སྦྱོངས་ལ་བཞུགས་པའི་ཚེ་སྐབས་ཤིན་ཏུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ས་སྐྱོང་མིའི་དབང་བོའི་ཅོད་པན་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་དབེན་གནས་ཆོས་རྫོང་དུ་ཕྱགས་ཕེབས་པའི་སྤྱན་སྔར་མཇལ།
འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་།
བདེ་མཆོག་དྲིལ་བུ་བའི་ལུས་དཀྱིལ་གྱི་དབང་།
གུར་གྱི་མགོན་པོའི་རྗེས་གནང་རྣམས་གསན་ནོ། །
དེ་ལྟར་ལོ་གཉིས་ཙམ་ལ་ཕར་ཕྱིན་གྱི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་ནས་དགུང་ལོ་བཅུ་དགུའི་སྟེང་དུ་གསང་ཕུ་དང་བདེ་བ་ཅན་ལ་སོགས་པ་རྣམས་སུ་གྲྭ་སྐོར་ལ་བྱོན།
བློ་གྲོས་དང་ཆོས་སྐད་ཕུན་སུམ་ཚོགས་པའི་སྙན་པ་རིང་དུ་སོང་ཞིང་།
བཤེས་གཉེན་མཁས་པ་དག་གི་ཡིད་ཀྱི་དབང་བོ་རྣམ་པར་དཔྱོད་པའི་ལྕགས་ཀྱུས་དྲངས་པར་གྱུར་ཏོ།
།དེ་ནས་གཙང་ཕྱོགས་ལ་འབྱོན་པར་བཞེད་དེ།
རིན་སྤུངས་ཀྱི་ཕུའི་ལ་ལ་བྱོན་མྱང་སྟོད་མཁར་ཁ་བརྒྱུད་ནས་ཞ་ལུར་ཕེབས།
བུ་སྟོན་རིན་པོ་ཆེའི་དམ་པའི་ཆོས་ཀྱི་རྒྱལ་སྲིད་འཛིན་པའི་གདན་ས་བ་ལོ་ཙཱ་བ་མཁན་ཆེན་རིན་ཆེན་རྣམ་རྒྱལ་པའི་དྲུང་དུ་མཇལ།
བདེ་མཆོག་མཻ་ཏྲི་བཅུ་གསུམ་མའི་དབང་ཞིག་གསན། དེ་ནས་སྣར་ཐང་ལ་བྱོན།
དེ་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས།
ས་སྐྱའི་དུས་ཆོས་མ་ཚུགས་ཀྱི་རིང་ལ་ས་བཟང་དུ་བྱོན་ནས་ས་བཟང་པཎ་ཆེན་མ་ཏི་བའི་དྲུང་དུ་ཆོས་བཀའ་ཅི་རིགས་པ་གསན།
དུས་ཆོས་ཚུགས་ནས་ས་སྐྱར་ཕར་ཕྱིན་གྱི་གྲྭ་སྐོར་མཛད།
དེ་ནས་ལ་སྟོད་བྱང་ལ་བྱོན།
འདར་བཟང་ལྡན་ངམ་རིང་འགའ་རོང་ཆོས་སྡེ་རྣམས་སུའང་གྲྭ་སྐོར་མཛད་ནས་ཇོ་མོ་ནང་དུ་ཕེབས།
ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་པའི་དྲུང་དུ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ལ་སོགས་པ་གསན།
དེ་ནས་བོ་དོང་ལ་བྱོན། མར་རེས་སྤྱི་བོ་ལྷས་སུ་ཕེབས།
དེའི་མཁན་ཆེན་པ་ལ་བཀའ་གདམས་ལམ་རིམ་གྱི་ལུང་ཐོབ་ཅིག་མཛད།
དེ་ནས་ཆོས་གྲྭ་ཆེན་པོ་ཨེར་གྲྭ་སྐོར་མཛད་ནས་སྣར་ཐང་དུ་ཕེབས།
སྣར་ཐང་གི་མཁས་པ་བླ་མ་ལོ་ཙཱ་བ་དོན་བཟང་བ་ལ་མཛོད་ཀྱི་བཤད་པ་ཚར་གཅིག་གསན་ནོ།
།དེ་ནས་མྱང་སྟོད་དུ་ཕེབས་ཏེ་གསན་རྙིང་པའི་གཟུངས་སྒྲུབ་ཀྱི་སྟེང་དུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད།
དབྱར་ཆོས་ལ་རྩེ་ཆེན་དུ་ཕེབས་པར་མཛད་ནས་མཁས་པའི་དབང་བོ་ཉ་དབོན་ཀུན་དགའ་དཔལ་བའི་སྤྱན་སྔར་ཕར་ཕྱིན་གྱི་གཟབ་བཤད་ཚར་གཅིག་གསན།
ཐུགས་རབ་གསལ་ཞིང་རྣམ་དཔྱོད་ཡོངས་སུ་རྣོ་བ་དང་།
བཤད་པར་བྱ་བའི་གནས་རྣམས་བརྡ་སྤྲོད་པ་ཕུལ་དུ་བྱུང་བས་གདུལ་བྱའི་རྣ་བར་འབབ་ཅིང་།
མཁས་པའི་རྣམ་འགྱུར་གྱིས་ཤིན་ཏུ་ཐུགས་རངས་པར་གྱུར།
དེའི་ཚེ་ཁོང་བ་ལ་མངོན་པ་མཛོད་ཅིག་གསུང་བར་ཞུས་པས།
ངས་ལེགས་པོ་ཤོད་པར་ཡོད་དེ་དོན་གཉེར་བྱེད་མཁན་མ་བྱུང་བས་ལྟ་རྟོག་ཀྱང་འགའ་རེ་དགོས།
ཁམས་ཀྱང་མ་བདེ་ཞིང་ཕར་ཚད་འཆད་དགོས་པ་འདིས་འཕྲལ་ལ་འཆད་པ་མི་འགྲུབ་པ་འདུག
ངེད་ཀྱི་སློབ་མ་རེད་མདའ་བ་འདི་བློ་གྲོས་ཅན་མངོན་པ་ལ་ཤིན་ཏུ་མཁས་པ་ཞིག་ཡོད་པས་ཁྱོད་རང་ཡང་འདི་ལ་ཉན་ན་འཐད་ཅིང་།
ཉན་པར་མི་སྤྲོ་ན་མཛུབ་ཁྲིད་ཅིག་བཅོལ་བ་དྲག་ཅེས་ཡང་ཡང་གསུང་གིན་འདུག་པ་དང་།
ཁོང་གི་སློབ་མ་སྔར་ནས་ཞལ་འཚོ་བ་ཡོད་པས་ཀྱང་འཚམས་སྦྱར་ནས།
རྗེ་བཙུན་རེད་མདའ་པ་དབྱར་དེ་ས་སྐྱ་ནས་རྩེ་ཆེན་ན་ཕེབས་འདུག་པ་ལ་མངོན་པ་མཛོད་ཀྱི་རང་འགྲེལ་གྱི་སྟེང་ནས་མཛུབ་ཁྲིད་དུ་མཛད་དེ་གསན་པས།
གཞུང་གི་ཚིག་རིགས་ཙམ་ལ་བརྟེན་པ་མ་ཡིན་པར་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའི་དོན་གྱི་ཁོག་ལེགས་པར་བསྒྲིགས་ནས་འགངས་ཆུན་པའི་གོ་བ་བོགས་ཆོད་དུ་སྟེར་ནུས་པ་ཞིག་འདུག་པས་དང་བ་ཆེན་པོ་འཁྲུངས།
གང་གསུངས་ཐམས་ཅད་ལན་རེ་ཁོ་ནས་ཚིག་དོན་ལྷག་མ་མེད་པར་ཐུགས་སུ་ཆུད་ཅིང་།
དཀའ་བའི་གནས་རྣམས་ལ་དྲི་གཏུགས་ལེགས་པར་མཛད་པས་རྗེ་བཙུན་རེད་མདའ་བ་ཡང་ཤིན་ཏུ་ཐུགས་ཕྲོགས་པར་གྱུར་ཏེ་ཁྱེད་ལ་མཛུབ་ཁྲིད་བྱེད་པ་ལ་ལེགས་པར་སྒྲིམ་དགོས་པར་འདུག་ཅེས་གསུངས་སོ།
།
རྗེ་རིན་པོ་ཆེ་འདི་ཉིད་ཀྱིས་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་རྣམ་པར་འབྱེད་པའི་ཤིང་རྟ་ཆེན་པོ་དག་གི་ལམ་སྲོལ།
དབུ་ཚད་ཀྱི་རིགས་པའི་སྒོ་དང་བོ་རྗེ་བཙུན་འདི་ཉིད་ལས་རྙེད་པས་དེའི་ཕྱིར་རྗེ་རེད་མདའ་པ་འདི་འགྲན་ཟླ་མེད་པའི་བླ་མའི་གཙོ་བོར་མཛད་པ་ཡིན་ནོ།
།དེ་ལྟ་བུའི་བླ་མ་དེ་ཉིད་ལ་མཛོད་ཀྱི་ཆོས་ཐུན་འགའ་ཞིག་མཛུབ་ཁྲིད་ཀྱི་ལུགས་སུ་མཛད།
དེ་ལྷག་དོན་ལ་ཁྱད་པར་མི་འདུག་ཀྱང་ད་ལྟའི་མཚན་ཉིད་པ་རྣམས་ལ་གྲགས་པ་དང་བསྟུན་ནས་ཆོས་ཉན་བཤད་ཀྱི་ལུགས་སུ་བྱས་ནས་གསན་གསུང་།
རྩེ་ཆེན་དབྱར་ཆོས་དེ་གྲོལ་ནས་སྟོན་བླ་མ་རྗེ་བཙུན་པ་དང་དཔོན་སློབ་གཉིས་ཀས་མྱང་སྟོད་བསམ་གླིང་དུ་ཆོས་བར་ལ་བྱོན་ནས་རྗེ་བཙུན་རེད་མདའ་པ་ལ་དབུ་མ་ལ་འཇུག་པ་ཚར་གཅིག་གསན།
རྗེ་བཙུན་རེད་མདའ་བས་ཀྱང་དབུ་མ་གསུང་བའི་སྔ་ཤོས་དེར་འདུག
དེའི་དུས་སུ་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གནས་ལྔ་རིག་པའི་མཁས་པ་མཁན་ཆེན་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་དབུས་སུ་བྱོན།
དགུན་ཆོས་ལ་སྐྱིད་ཤོད་ཀྱི་པོ་ཏ་ལར་མངོན་པ་ཀུན་ལས་བཏུས་གསུང་བ་འདུག་ཅེས་གསན་ནས།
དེ་དུས་ཁོང་མངོན་པའི་བདག་པོར་བྱེད་ཀྱིན་འདུག་པས་ཅི་ནས་ཀྱང་ཀུན་ལས་བཏུས་ཚར་གཅིག་གསན་པར་བཞེད་དེ།
སྟོན་གྱི་མཇུག་ལ་མྱང་སྟོད་ནས་ཕྱགས་བཏེགས་ནས་དབུས་སུ་ཕེབས་པར་མཛད།
པོ་ཏ་ལར་བྱོན་ནས་ལོ་ཆེན་བྱང་རྩེ་ལ་མངོན་པ་གསུང་བར་ཞུས་པས་ཁོང་བ་རང་ཤིན་ཏུ་གསུང་བར་བཞེད་པ་འདུག་པ་ལ།
འོན་ཀྱང་དགུང་ལོ་མང་དུ་བཞེས་པ་སོགས་ཀྱི་དབང་གིས་མྱུར་དུ་ཁོང་རང་གི་གདན་སར་ཕེབས་པ་འཐད་སྙམ་པ་ཡིད་ལ་བཞག་ནས།
མྱུར་བར་གཙང་ཕྱོགས་སུ་ཐེགས་པར་འདུན་པའི་ཞུ་བ་རྫོང་ཇི་བས་ཕུལ་བ་ལ་བརྟེན་ནས།
དེ་འཕྲལ་དབུས་ནས་གཙང་ཕྱོགས་སུ་ཕྱགས་བཏེགས་པས་མངོན་པའི་ཐུགས་བཞེད་མ་གྲུབ་ཀྱང་ཆོས་འབྲེལ་ཞིག་གསན།
དེའི་དགུན་ཆོས་བདེ་བ་ཅན་དུ་བྱོན་ནས་བཞུགས།
དེ་རྗེས་སྐྱོར་མོ་ལུང་བའི་མཁན་པོ་དཀའ་བཞི་པ་བློ་གསལ་བ་ཞེས་གྲགས་པ་འདུལ་མཛོད་ལ་ཤིན་ཏུ་མཁས་པར་བྱེད་པ་དེའི་དྲུང་དུ་སྐྱོར་མོ་ལུང་དུ་བྱོན།
ཁོང་སྔོན་དུས་ཀྱི་འདུལ་བ་འཛིན་པ་རྒྱ་མཚོའི་ཁྲོད་ན་ཉི་མ་ལྟར་གྲགས་པའི་འདུལ་འཛིན་ཆེན་པོ་དགེ་བའི་བཤེས་གཉེན་ཐག་མ་བའི་བུ་ཆེན་སྦས་ཏི་དགྲ་བཅོམ་པའི་བཤད་རྒྱུན་འཛིན་པའི་གདན་ས་བ་འདུལ་བ་ལ་ཤིན་ཏུ་མཁས་པར་འདུག་པས།
དེའི་ལེགས་པར་བཤད་པའི་བགོ་སྐལ་བླངས་པར་བཞེད་དེ་ཁོང་ལ་འདུལ་བ་མདོ་རྩ་བ་འགྲེལ་བ་ཆ་ལག་དང་བཅས་པ་རྫོགས་པར་གསན་ཏེ།
ཁོང་གི་ཐུགས་ལ་མངའ་བའི་འདུལ་བའི་བཤད་སྲོལ་ལྷག་མ་མེད་པར་ཐུགས་སུ་ཆུད་ཅིང་ཁྱད་པར་ལྷག་པོར་རྟོགས།
དེའི་ཚེ་ཆོས་གསན་པའི་ཞར་ལ་མདོ་རྩ་བའི་རྒྱ་ཆེར་འགྲེལ་གྱི་དབུ་ནས་ཉིན་རེ་བཞིན་ཤོག་བུ་མདའ་ཚད་བཅུ་བདུན་རེ་ཙམ་མ་ཆག་པར་ཐུགས་ལ་བཟུང་།
དུས་དེ་དག་གི་ཚེ་ན་ཚོགས་སུ་མང་ཇ་ལ་བྱོན་པ་སོགས་ཀྱི་སྐབས་སུ་དགེ་འདུན་རྣམས་ཡུམ་གྱི་མདོ་འདོན་པའི་རིང་ལ་ཤེར་ཕྱིན་གྱི་དོན་བསམས་པ་ན་ཆོས་ཐམས་ཅད་སྣང་ལ་ངོས་བཟུང་མེད་པའི་དོན་ལ་མཉམ་པར་བཞག་པས།
དགེ་འདུན་གྱི་ཆོས་སྤྱོད་དང་བདུད་བཟློག་སོགས་ཀྱི་ཚིག་འབྲུ་ཙམ་ཡང་ཐུགས་ཀྱིས་མ་ངེས་པར་རྣམ་རྟོག་གི་རྒྱུ་བ་རགས་པ་ཐམས་ཅད་ལོག་ནས་གསལ་སྟོང་འཛིན་མེད་ཀྱི་ངང་ལ་ཐུགས་རྩེ་གཅིག་ཏུ་གནས་པ་མང་ཇའི་འགོ་མཇུག་འཁྱོངས་པ་འབད་རྩོལ་མེད་པར་གནས་པ་བྱུང་།
བོད་ཀྱི་གྲུབ་ཐོབ་ཏུ་བྱེད་པའི་རྟོགས་པ་བཟང་ཤོས་མཐར་ཐུག་པ་དེ་ཐུགས་ལ་འཁྲུངས་འདུག་ནའང་།
གསུང་རབ་ཀྱི་གནད་མ་ལུས་པ་ཐུགས་སུ་ཆུད་པའི་བདག་ཉིད་ཆེན་པོ་འདི་ནི་དེ་འདྲ་བ་ལའང་སེམས་གནས་ཀྱི་ཉམས་བཟང་བོ་ཐུགས་ལ་འཁྲུངས་པའི་ཏིང་ངེ་འཛིན་ཐུན་མོང་བའི་ཁྱད་པར་ཙམ་མ་གཏོགས།
དེ་ཁོ་ན་ཉིད་རྟོགས་པའི་ཏིང་ངེ་འཛིན་ཐུན་མོང་མ་ཡིན་པར་འཁྲུལ་བའི་དྲི་ཙམ་ཡང་མི་བྲོ་བ་འདི་ལྟ་བུ་ནི་མཁས་པ་མགུ་བའི་ཡོན་ཏན་དཔག་པར་དཀའ་བ་ཡིན་ནོ།
།དེའི་ཚེ་རྒྱ་ཆེར་འགྲེལ་གྱི་བམ་པོ་བཞི་བཅུ་ལྷག་ཙམ་ཐུགས་ལ་ཆུད་པར་མཛད།
དེའི་ཚེ་སྐུ་སྟོད་ལ་བསྙུན་གཞི་དྲག་པོ་ཞིག་རྒྱུན་རིང་ཙམ་བྱུང་ཡང་རྒྱལ་སྲས་རྟག་ཏུ་ངུ་ཤེར་ཕྱིན་འཚོལ་བའི་ཚེ་ལུས་དང་སྲོག་ལའང་མི་ལྟ་བར་ཤེར་ཕྱིན་བཙལ་བ་ཇི་ལྟ་བ་བཞིན་དུ་བསྙུན་གཞི་དེ་ལ་ཇི་མི་སྙམ་པར་སློབ་མ་འགའ་ཞིག་དང་བཅས་གཙང་ཕྱོགས་ལ་བྱོན།
ས་སྐྱར་འབྱོན་བཞེད་པ་ལ་ལམ་དུ་ཧ་ཅང་གྲང་བའི་རེག་པས་འོ་བརྒྱལ་བར་འདུག་པ་དང་བཤུལ་ཐག་རིང་བས་ངུར་སྨྲིག་གི་ཕུ་ལ་ལམ་མཛད་དེ་གནས་རྙིང་དུ་བྱོན།
དེའི་དགུན་གནས་རྙིང་དུ་བཞུགས།
གནས་རྙིང་བའི་དོན་གཉེར་བ་དང་ཕྱག་ཕྱི་ལ་བྱོན་པ་འགའ་ཞིག་གིས་ནན་ཆེར་གསོལ་བ་བཏབ་པ་ལ་བརྟེན་ནས།
དེ་གོང་མངོན་པ་ཀུན་ལས་བཏུས་ལ་ཆེད་དུ་གཏད་པའི་གཟིགས་རྟོག་མ་མཛད་ཀྱང་།
དེ་དུས་ཚིག་ལ་གཟིགས་པའི་རིམ་པ་བཞིན་གཞན་ལ་ཡང་འདོམས་པའི་སྒོ་ནས།
མངོན་པ་ཀུན་ལས་བཏུས་ཚར་གཅིག་རྩལ་བཤད་མཛད་དོ། །
དེ་ནས་ས་སྐྱར་བྱོན།
དེའི་ཚེ་ས་སྐྱ་ན་བླ་མ་རྗེ་བཙུན་རེད་མདའ་བ་ཆེན་པོ་ལམ་འབྲས་གསན་གྱིན་འདུག་པ་དང་མཇལ་དེ་ནས་བཟུང་སྟེ་ཟླ་བ་བཅུ་གཅིག་ཙམ་གྱི་རིང་ལ་ས་སྐྱར་རྗེ་རེད་མདའ་བའི་སྤྱན་སྔར་བཞུགས།
རྗེ་བཙུན་པ་ཁོང་རང་ལམ་འབྲས་སོགས་གསན་པའི་ངང་ནས།
རྗེ་འདི་ལ་མངོན་པ་ཀུན་ལས་བཏུས་གཟབས་བཤད་ཚར་གཅིག་མཛད།
གཞན་ཡང་དེའི་ཚེ་ཚད་མ་རྣམ་འགྲེལ་ལ་གཙོ་བོར་སྦྱངས་ཤིང་གསན་པ་དང་།
དབུ་མ་འཇུག་པ་སོགས་ཀྱི་བཤད་པ་དང་།
འདུལ་བ་ལུང་ལ་སོགས་པ་བཀའ་བསྟན་བཅོས་མང་བོའི་ལུང་ཡང་གསན།
བླ་མ་རྡོ་རྗེ་རིན་ཆེན་པའི་དྲུང་དུ་བརྟག་གཉིས་ས་ལུགས་ཀྱི་བཤད་པ་ཚར་གཅིག་ཀྱང་གསན་ཞིང་།
ས་སྐྱར་བླ་མ་རྗེ་བཙུན་པས་འཚམས་སྦྱོར་མཛད་ནས་བླ་བྲང་ཤར་པ་ཚང་གི་སྔགས་ཀྱི་དགེ་བཤེས་བགྲེས་པོ་མན་ངག་ལ་མཁས་པར་བྱེད་པ་ཞིག་འདུག་པ་ལས་མན་ངག་བླངས་ཏེ་བླ་བྲང་རིན་ཆེན་སྒང་གི་རྒྱབ་ཕྱོགས་དེ་ལ་བྱོན་གྱིན་མ་ནིང་གི་ཧ་འདོན་པ་སོགས་ལན་འགའ་ཡར་མཛད་པས་སྔར་གྱི་སྐུ་སྟོད་ཀྱི་བསྙུན་གཞི་དེ་ལྷག་མ་མེད་པར་འཐོན།
ས་སྐྱ་ནས་དཔོན་སློབ་རྣམས་ཀྱིས་ལ་སྟོད་བྱང་གི་སའི་ཆ་ངམ་རིང་དུ་ཆོས་བར་ལ་བྱོན་ནས།
དཔྱིད་དང་དབྱར་གཉིས་ཀ་ངམ་རིང་དུ་བཞུགས།
བླ་མ་རྗེ་བཙུན་པས་དེར་མངོན་པ་ཀུན་ལས་བཏུས་ཀྱི་ཊཱིཀྐ་ཆེན་མོ་དེའི་རྩོམ་པ་མཛད།
བརྩམས་ཚར་རིམ་བཞིན་རྗེ་འདི་བས་ཀྱང་ཐུགས་ལ་ཆུད་པར་མཛད་ཅིང་།
རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་དེ་ཞིབ་ཏུ་གསུང་བར་ཞུས་ནས་ཚར་གཅིག་གསན་ནོ།
།
དེའི་སྟོན་འཁྲུངས་ཡུལ་ནས་རྐྱེན་དུ་བབ་པའི་འཚོག་བཅས་ཅི་རིགས་པ་ཕྲིན་ལས་པའི་ནང་དུ་འབུལ་བ་སྐུར་ཡོད་པ་འོད་ཟེར་ནས་དེ་བཞེས་པ་ལ་སོགས་པའི་སླད་དུ་ངམ་རིང་ནས་ས་སྐྱ་ལ་ལམ་མཛད་དེ་དབུས་སུ་བྱོན།
དབུས་སུ་ཕེབས་ནས་གྲོགས་དང་སློབ་འབྲེལ་མང་བོས་བསྐུལ་ཞིང་མདོ་སྨད་ནས་ཡུམ་གྱིས་ཀྱང་ཞུ་བ་ནན་ཆེར་བྱུང་བས་རྐྱེན་བྱས་ནས།
ལན་ཅིག་མདོ་སྨད་ལ་འབྱོན་པར་བཞེད་པ་འཁྲུངས་ཏེ། མལ་གྲོ་ལྷ་ལུང་དུ་བྱོན།
ལག་ལེན་འགའ་ཞིག་ལ་ཐུགས་སྦྱོང་ཡང་མཛད་པར་བརྩམས་པ་ལ་མཚམས་ཤིག་ནས།
ཅི་བྱེད་དེ་འདྲ་ལ་དགོས་པ་མི་འདུག
ད་ནི་མདོ་ཁམས་རང་ཡུལ་གྱི་ཕྱོགས་ལ་གཏན་ནས་མི་འགྲོ་བའི་ཡིད་དམ་བཅའ་བར་བྱའོ་སྙམ་དུ་དགོངས་པ་ཤུགས་དྲག་པོ་སྐྱོ་ཤས་དང་བཅས་པ་ཞིག་འཁྲུངས་ནས་དེ་འཕྲལ་དུ་མདོ་སྨད་ལ་མི་འབྱོན་པའི་ཐུགས་ཐག་བཅད་དོ།
།དེ་ཡང་བདག་ཉིད་ཆེན་པོ་འདི་ལ་ཆེད་དུ་བསམ་པའི་སྒོ་ནས་རྙེད་བཀུར་དང་།
སྙན་གྲགས་དང་། འཁོར་བའི་ཕུན་ཚོགས་གཞན་གང་ཡང་རུང་བ།
ཐ་ན་ཚངས་པ་དང་བརྒྱ་བྱིན་གྱི་དཔལ་ལའང་མངོན་པར་འདོད་པའི་སྲེད་པ་སྐྱེ་མ་མྱོང་བ་ལྟ་ཞོག་གི
ཕུན་སུམ་ཚོགས་པའི་དཔལ་ཇི་ཙམ་འབྱོར་པ་དེ་ཙམ་གྱིས་སླར་ཞིང་སྲེད་པ་ཟད་པའི་སྟོབས་ཆེས་ཆེར་རྒྱས་པར་འགྱུར་བའི་གྲོགས་བྱེད་པ་ནི་དམ་པ་རྣམས་ཀྱི་དྲན་ཤེས་ཀྱི་ལྕགས་ཀྱུས་ཡིད་ཀྱི་གཉིས་འཐུང་ཡོངས་སུ་བཟུང་བའི་འབད་པ་ལ་བལྟོས་ནས་ཉམས་སུ་བླང་བ་ཡང་ཤིན་ཏུ་བྱ་དཀའ་བའི་གནས་ཡིན་ན།
འདི་ནི་བློ་སྔོན་དུ་གཏོང་བ་ལ་ཅུང་ཟད་ཀྱང་བལྟོས་པ་མེད་པར་གཞན་དག་གིས་བསྙེན་བཀུར་བ་དང་།
སྙན་པར་སྨྲ་ཞིང་ལེགས་པར་བསྔགས་པ་དང་།
འབྱོར་པའི་ཁྱད་པར་མཆོག་ཏུ་གྱུར་པ་རྒྱ་ཆེན་པོས་མངོན་པར་མཆོད་པ་སོགས་ཕུན་སུམ་ཚོགས་པ་ཇིོ་ཙམ་ཞིག་བྱུང་བ་དེ་ཙམ་གྱིས་ཀྱང་སླར་ཞིང་འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་།
མགོན་མེད་པ་ཐམས་ཅད་ལ་བསྐྱབ་པར་འདོད་པའི་བརྩེ་བ་དང་།
རྒྱལ་བ་སྲས་བཅས་ཐམས་ཅད་བསྙེན་བཀུར་བར་བཞེད་པའི་དད་པ་རྣམས་ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་འགྱུར་གྱི།
གཞན་དུ་ན་སྲེད་པ་འཕེལ་བ་དང་རྗེས་སུ་མཐུན་པ་ནི་གནས་མེད་ཅིང་གོ་སྐབས་མེད་དོ།
།འདི་ནི་རྗེ་འདིའི་སྐྱེ་བས་ཐོབ་པ་ལྷན་སྐྱེས་ཀྱི་ཡོན་ཏན་ཡིན་གྱི།
སྐུ་ཚེ་འདི་ཉིད་དུ་གཉེན་པོས་གསར་དུ་བསྐྱེད་པའི་སྦྱོར་བྱུང་ནི་མ་ཡིན་ནོ།
།དེ་ཡང་རྗེ་ཉིད་ཀྱི་ཞལ་ནས་ཁོ་བོ་ལ་གཞན་གྱིས་སྟན་བཟང་བོ་བཤམས་པ་དང་།
གུས་པའི་བསྙེན་བཀུར་སོགས་ཅི་ཙམ་བྱས་པ་ཙམ་གྱིས་ཆེད་དུ་བསམ་མི་དགོས་པར་དུས་དེའི་སྐབས་རང་དུ་འདི་ཐམས་ཅད་མི་རྟག་ཅིང་ཡིད་བརྟན་དུ་མི་རུང་བ་སྒྱུ་མའི་བློ་བྲིད་དང་འདྲ་བ་ཡིན་སྙམ་པའི་སྐྱོ་བ་ཤུགས་དྲག་པོ་སྣང་བ་བུན་ལོང་དུ་ཐོངས་པ་ཡིད་གཏིང་ནས་འགྱུར་བ་རྒྱུན་རིང་བོ་རེ་སྐྱེ་བ་ཞིག་དང་བོ་ཉིད་ནས་རང་ཆས་སུ་ཡོད་པ་ཡིན་ཞེས་གསུང་ངོ་།
།འདི་ནི་ཤིན་ཏུ་མཐོ་བའི་རྟོགས་པ་ཁྱད་པར་ཅན་དུ་བོད་ལ་གྲགས་པ་མང་བོ་ཞིག་གིས་ཆ་ཙམ་དུ་ཡང་བསྐྲུན་པར་མི་ནུས་པའི་མངོན་པར་རྟོགས་པའི་ཡོན་ཏན་ཡིན་ལ།
ཟག་བཅས་ཀྱི་ཕུན་ཚོགས་ལ་སྲེད་པ་འགོག་པ་མེད་དུ་མི་རུང་བའི་དགོས་པ་ཉེ་བར་གཟིགས་ནས་ཆོས་ཀྱི་རྗེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་།
དེའི་གཉེན་པོ་ཡིད་ལ་བྱེད་པ་ཐེག་པ་ཆེ་ཆུང་གི་མདོ་སྡེ་རྣམས་སུ་ལན་ཅིག་མ་ཡིན་པར་བཀའ་བསྩལ་པ་ལྟ་ཞོག་གི
ཐ་ན་དགེ་སློང་རྣམས་ལ་རིན་པོ་ཆེའི་ཁྲི་ལ་འདུག་པ་སོགས་བྱ་དགོས་པ་བྱུང་ནའང་མི་རྟག་པས་ཉེན་པའི་འདུ་ཤེས་ཉེ་བར་བཞག་པར་བྱ་བ་སོགས་ཀྱི་བསླབ་པ་བཅས་པའི་སྒོ་ནས་ཀྱང་དོན་དེ་སྒྲུབ་པར་མཛད་པ་ཡིན་ནོ།
།དེ་བས་ན་ཚུལ་འདི་ནི་མཁས་པ་མགུ་བ་སྐྱེད་པའི་རྣམ་པར་ཐར་པ་ཆེས་ངོ་མཚར་རྨད་དུ་བྱུང་བ་ཞིག་གོ
།
དེ་ནས་སྟོན་དེ་ལ་མལ་གྲོ་ལྷ་ལུང་བའི་བླ་མ་བསོད་ནམས་གྲགས་པ་ལ་ཆོས་ལུང་ཡང་མང་རབ་གསན་ཞིང་།
བར་ཞིག་ཏུ་སྐུ་མཚམས་བཅད་ནས་ཐུགས་དམ་མཛད།
རྣམ་འགྲེལ་གྱི་རྣམ་བཤད་རིགས་མཛོད་ལ་གཟིགས་རྟོག་མཛད་ཅིང་།
ལེའུ་གཉིས་པའི་སྐབས་ཀྱི་ལམ་གྱི་རྣམ་གཞག་སྟོན་པའི་སྐབས་ལ་ལེགས་པར་གཟིགས་པས་རྐྱེན་བྱས་ནས།
ཆོས་ཀྱི་གྲགས་པའི་གཞུང་ལུགས་དང་རིགས་པའི་སྲོལ་ལ་ལྡོག་ཏུ་མེད་པའི་དད་པ་ཤུགས་དྲག་པོ་མནན་པས་མི་ནོན་པ་འཁྲུངས་ཤིང་།
སྟོན་དེར་བཞུགས་ཀྱི་རིང་ལ་རྣམ་འགྲེལ་གྱི་གཞུང་ལ་གཟིགས་ཙམ་ནས་དད་པའི་སྤུ་ལོང་གཡོས་ཏེ་སྤྱན་ཆབ་ཀྱི་རྒྱུན་བཅད་པར་མི་ནུས་པ་རྟག་ཏུ་འོང་བ་ཞིག་བྱུང་གསུང་ངོ་།
།དེའི་དགུན་ཆོས་བདེ་བ་ཅན་དུ་བཞུགས། དཔྱིད་ཆོས་སྔོན་མ་ལ།
གྲྭ་སྐོར་མཛད་བཞེད་པའི་པོ་ཏི་འགའ་ཡར་གྱི་གཟསིགས་རྟོག་མཛད་ནས་གཙང་ལ་བྱོན།
སྣར་ཐང་དུ་ཕེབས།
བླ་མ་ལོ་ཙཱ་བ་དོན་བཟང་བས་ཚད་མའི་ཊཱིཀྐ་ཞིག་མཛད་འདུག་པ་དེ་ཚར་གཅིག་ཅིས་ཀྱང་ཉན།
ཞེས་བཀའ་གནང་ནས་གསན།
དབྱར་ཆོས་དེ་སྣར་ཐང་དུ་རྣམ་འགྲེལ་མངོན་པ་གོང་འོག་མདོ་རྩ་དང་བཅས་པའི་གྲྭ་སྐོར་མཛད།
སྣར་ཐང་དུ་གཞུང་བསྒྱུར་བཙུགས་པའི་ཐོག་མ་དེ་ཡིན་པར་འདུག
དེ་ནས་སྟོན་བཅོས་ལ་བླ་མ་རྗེ་བཙུན་རེད་མདའ་བ་ཆེན་པོ་བོ་དོང་དུ་ཆོས་བར་ལ་ཕེབས་པ་གསན་ནས་ཨེར་བྱོན།
བླ་མ་ལོ་ཙཱ་བ་ནམ་མཁའ་བཟང་བོ་ལ་སྙན་དངགས་མེ་ལོང་གི་བཤད་པ་ལ་སོགས་པ་གསན།
གཙོ་བོར་རྗེ་བཙུན་རེད་མདའ་བ་ལ་དབུ་ཚད་མངོན་པ་སོགས་གསན་ཞིང་ཕར་ཕྱིན་དང་འདུལ་བ་ཡང་རྗེ་བཙུན་ཉིད་ཀྱི་དྲུང་དུ་ཚར་རེ་ཉན་ན་རྟེན་འབྲེལ་གྱི་ཁྱད་པར་ཞིག་འོང་ཏུ་རེ་བས་གསུང་འཚལ་ཞུས་ནས་ཚར་རེ་གསན།
དབུ་མ་འཇུག་པའི་བཤད་པ་ཞིབ་ཏུ་གསན་ཞིང་།
རྩ་ཤེ་ལ་སོགས་པའི་རིགས་ཚོགས་ཀྱི་བཤད་པ་གསན་པ་མ་བྱུང་ཞིང་།
དབུ་མ་རིགས་ཚོགས་རྣམས་ཀྱི་ལུང་ཞིག་སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན་པ་ལ་གསན།
ཁོང་གིས་ནི་ཁོང་རང་གི་ཟུར་ཆེན་གྱི་གོ་ས་དེ་སྔར་དབུ་མའི་ཟུར་ཆོས་པ་ཞིག་གི་གོ་སར་འདུག་པས་དེ་ནས་བརྒྱུད་པར་འདུག་གསུང་ཞིང་།
བདེ་བ་ཅན་པའི་བླ་མ་འཇམ་རིན་པ་ལའང་ལུང་གསན་ཁོང་གིས་ཆོས་རྗེ་བླ་མ་ལ་གསན་པར་འདུག
བླ་མ་རྗེ་བཙུན་གྱིས་དབུ་མ་རིགས་ཚོགས་རྣམས་ཀྱི་ལུང་བྲང་མོ་ཆེའི་གདན་ས་ལ་པ་བླ་མ་ཆོས་ཤེས་པ་ལ་གསན།
ཁོང་གིས་སྣར་ཐང་པ་ཤེར་སེང་གི་དྲུང་དུ་གསན་པར་འདུག་གསུང་སྟེ།
མདོར་ན་དེའི་ཚེ་རྗེ་རིན་པོ་ཆེ་དཔོན་སློབ་ལ་རིགས་ཚོགས་རྣམས་ཀྱི་བཤད་པ་ལྟ་ཞོག
ལུང་ཙམ་ཞུ་བའི་ཡུལ་ཡང་དཀའ་བར་བྱུང་འདུག་གོ །
དེ་ནས་དཔོན་སློབ་གཉིས་ཀ་ཐབས་ཅིག་ཏུ་ས་སྐྱར་བྱོན།
རྗེ་རིན་པོ་ཆེ་འདིས་དེའི་ཚེ་ས་སྐྱར་གོང་དུ་སྨོས་པའི་དཀའ་ཆེན་རྣམས་ཀྱི་གྲྭ་སྐོར་མཛད།
དེ་དུས་པོ་ཏི་གཞན་བཅུ་ལྷག་ཙམ་གྱི་གྲྭ་སྐོར་ཡང་མཛད་པས་ཆོག་པ་ཡོད་ཀྱང་།
དེ་དུས་ཀྱི་གྲྭ་ས་རྣམས་ན་པོ་ཏི་གཞན་རྣམས་ཀྱི་གྲྭ་སྐོར་བྱེད་པའི་ལུགས་མ་དར་འདུག་པས་མ་བྱས་གསུངས་སོ།
།དེ་ནས་དེ་འཕྲལ་དབུས་ལ་བྱོན་ནས་སོས་ཚལ་གུང་ཐང་ནས་བརྩམས་ཏེ་རིམ་པ་བཞིན་དུ་གསང་ཕུ་དང་རྩེས་དང་ལ་སོགས་པའི་གྲྭ་ས་ཆེན་པོ་རྣམས་སུ་ཕར་ཕྱིན་སྔར་ནས་མཛད་ཚར་བས་དེ་མ་གཏོགས་པ་དཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་མཛད་ཅིང་།
དེའི་ཚེ་དབུས་གཙང་གི་གྲྭ་ས་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་རྒྱ་མཚོ་ལྟ་བུ་མཐའ་དག་ཀྱང་རྗེ་བླ་མ་འདིའི་སྐུ་གསུང་ཐུགས་ཀྱི་རྣམ་ཐར་ལ་སྙིང་ནས་དད་པ་ཐོབ་ཅིང་བདག་ཉིད་ཆེན་པོ་འདི་ནི་སྔོན་ཡུན་རིང་བོ་ནས་ལམ་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་ཞིང་འདིར་གདུལ་བྱའི་དོན་དུ་བསམ་བཞིན་དུ་བྱོན་པ་ཞིག་ཡིན་པ་ནི་གོར་མ་ཆག་གོ
།ཞེས་མཐུན་པར་བརྗོད་ཅིང་དམ་པའི་མགོན་འདི་ལྟ་བུ་ལ་བརྟེན་པ་ལས་ལྷག་པ་གང་ནའང་མེད་དོ་ཞེས་རྗེ་འདིའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་བཀའ་བཞིན་དུ་སྒྲུབ་པ་ལ་འབད་པར་གྱུར་ཏོ།
།
དེའི་ཚེ་ཆོས་གྲྭ་ཆེན་པོ་རྣམས་སུ་གྲྭ་སྐོར་ལ་བྱོན་པའི་སྐབས་དག་ཏུའང་དད་པའི་ཤུགས་ཀྱིས་གསོལ་བ་འདེབས་ཤིང་དམ་པའི་ཆོས་ཀྱི་བཀའ་བསྩལ་མཉན་ནས་རྗེ་ཉིད་ཀྱི་སློབ་མར་ཁས་ལེན་པའི་སྡེ་སྣོད་འཛིན་པའང་དུ་མ་ཞིག་བྱུང་ལ།
བདག་ལེགས་སུ་འདོད་པ་དག་ནི་འདི་འདྲ་བའི་དམ་པའི་མགོན་ལ་བརྟེན་པ་ལས་འདོད་པའི་གནས་འཐོབ་པར་འགྱུར་གྱི།
གཞན་གྱིས་ནི་མ་ཡིན་ནོ་སྙམ་དུ་བསམས་ནས་བདག་ཉིད་ཆེན་པོ་འདིའི་ཞབས་འབྲིང་དུ་ཁས་ལེན་པར་ཡང་བྱེད་དོ།
།དེ་ནས་རྩེས་དང་གི་གྲྭ་སྐོར་ཚར་ནས་ཡར་ཀླུངས་རྣམ་རྒྱལ་དུ་མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེའི་པཎྜི་ཏ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་མཁན་བརྒྱུད་ཚོགས་ཆེན་པོའི་མཁན་པོ་དཀའ་བཞི་བ་ཚུལ་ཁྲིམས་རིན་ཆེན་གྱིས་མཁན་པོ་མཛད།
ཚོགས་པ་བྱི་རྫིང་བའི་མཁན་པོ་གནས་བརྟན་འདུལ་བ་འཛིན་པ་ཤེས་རབ་མགོན་པོས་ལས་ཀྱི་སློབ་དཔོན་མཛད།
བྱི་རྫིང་པའི་དབུ་མཛད་སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟེ་སྟོན་པ་མཛད་ཅིང་།
ཚོགས་པ་གཉིས་ཀྱི་དགེ་སློང་ཁ་སྐོང་དུ་འོས་པ་གྲངས་ཚང་བས་དད་པའི་དགེ་འདུན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས་ཏེ་གནས་བརྟན་ཆེན་པོ་འོད་སྲུངས་གངས་རིའི་ལྗོངས་འདིར་སླར་ཡང་བྱོན་པ་ཇི་ལྟ་བ་བཞིན་དུ་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་གཅིག་པུར་གྱུར་ཏོ།
།
དེ་ནས་གདན་ས་ཐེལ་དུ་བྱོན།
སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་པའི་དྲུང་དུ་མཇལ།
ལེགས་བཤད་ཀྱི་སྐྱེས་ཕུལ་ཞིང་དམ་པའི་ཆོས་ཀྱི་བཀའ་མཆིད་མཛད་པས་ཆོས་རྗེ་སྤྱན་སྔ་བ་དད་པའི་ཤུགས་ཀྱིས་སྤྱན་ཆབ་བྱུང་།
ཕྱིས་ཀྱང་དྲུང་ན་འཁོད་པ་དག་དང་འབེལ་བའི་བཀའ་མཆིད་གླེང་བ་ན་སྐུ་ན་གཞོན་ནུ་འདི་འདྲ་བ་ལའང་ཡོན་ཏན་གྱི་གཏེར་ཆེན་པོ་འདི་ལྟ་བུ་འདུག་ན་ཁོ་བོའི་སྐྱེ་ས་འདི་འདྲ་བ་ཞེས་ཐུགས་ཕྱུང་བའི་གསུང་ཡང་ཡང་འབྱོན་པར་མཛད་དོ།
།དེའི་ཚེ་སྤྱན་སྔ་རིན་པོ་ཆེ་དེ་ཉིད་ལ་ལམ་འབྲས་བུ་དང་བཅས་པའི་མན་ངག་ཡོངས་སུ་རྫོགས་པ་དང་ནཱ་རོ་བའི་ཆོས་དྲུག་དང་རྗེ་ཕག་པོ་གྲུ་བ་དང་ཆོས་རྗེ་འཇིག་རྟེན་མགོན་པོའི་བཀའ་འབུམ་ལ་སོགས་པ་ལྷོ་བྲག་མར་པ་ནས་རྗེ་བཙུན་མི་ལ་ལ་བརྒྱུད་པའི་གདམས་ངག་གང་ཡོད་དང་།
ལྷོ་བྲག་མར་པ་ནས་རྔོག་ཆོས་སྐུ་རྡོ་རྗེ་ལ་བརྒྱུད་པའི་མན་ངག་གང་ཡོད་དང་།
འགྲོ་མགོན་ཕག་མོ་གྲུ་བའི་གསུང་གང་ཡོད་དང་མན་ངག་ཡོད་གསན་ཏེ་མན་ངག་དེ་དང་དེ་དག་གི་ནུས་པ་ཐོན་པར་མཛད་དོ།
།དེ་ནས་འོན་གྱི་ལྷ་ཁང་ཀེ་རུར་ཆོས་བར་ལ་བྱོན།
ཚ་ཁོ་དབོན་པོ་སོགས་སྡེ་སྣོད་འཛིན་པ་མང་བོ་ཞིག་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས།
དེ་ནས་སྐྱིད་ཤོད་དུ་ཕེབས་ཏེ་ཚལ་དུ་བཞུགས་ནས་བཀའ་དང་བསྟན་བཅོས་བོད་ཡུལ་དུ་འགྱུར་རོ་འཚལ་ལ་གཟིགས་རྟོག་ཞིབ་པར་མཛད།
གསུང་རབ་མཐའ་དག་གི་དོན་ལ་རྣམ་པར་དཔྱོད་པའི་སྒོ་དུ་མ་ཞིག་ཐུགས་ལ་འཁྲུངས།
མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྣམ་བཤད་ཆེན་མོའི་རྩོམ་པའང་མཛད།
དེའི་ཚེ་འཛིན་བཟང་བར་གྲགས་པ་གླིང་མཚུངས་མེད་དང་།
མདོ་སྨད་པ་འཇམ་དཔལ་བཀྲ་ཤིས་དང་། ཤཱཀྱ་གྲུབ་ཅེས་པ་གསུམ་དང་།
རྗེ་འདིས་འཛིན་གྱི་ཁྱད་པར་ཆེ་ཆུང་ཉམས་སད་མཛད་པས།
རྗེ་འདིས་ནམ་ལངས་པ་ནས་ཚལ་དབུས་གླིང་གི་གཙུག་ལག་ཁང་གི་ཏོག་གི་རྩེ་ལ་ཉི་མ་ཤར་བ་དང་མཉམ་དུ་སྔོན་གཟིགས་མ་མྱོང་བའི་དཔེ་མདའ་ཚད་ཕྲེང་དགུ་མ་ཞིག་གོ་ཤོག་ལྡེབས་བཞི་ཤིན་ཏུ་དག་པར་ཐུགས་ལ་ཆུད་འདུག་ཅིང་།
གླིང་མཚུངས་མེད་ཀྱིས་ཕྱེད་དང་གསུམ་ཐོ་རེ་བ་ཞིག་དང་གཞན་གཉིས་ཀྱིས་རེ་རེ་ལས་མ་ཟིན་ནོ།
།སྐབས་ཤིག་ཏུ་ཚ་ཁོ་དབོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱགས་ཕྱི་ལ་ཁྲིད་ནས་ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་རབ་བྱུང་ལྔ་ལྡན་གྱི་དྲུང་དུ་བྱོན་ནས་སྨྱུང་གནས་མང་དུ་མཛད།
དེའི་ནུབ་གཅིག་གི་ཚེ་དཔོན་སློབ་གཉིས་ཀས་གསོལ་བ་དྲག་ཏུ་བཏབ་ནས་མནལ་ལམ་གྱི་ལྟས་བརྟགས་པས།
ཚ་ཁོ་བ་ལ་དུང་དཀར་ཆེན་པོ་གཉིས་ནམ་མཁའ་ལས་བབས་ནས་ཁོང་གི་ཐུ་བར་ལྷུང་བྱུང་བ་དེ་མ་ཁད་དེ་གཉིས་འདྲེས་ནས་གཅིག་ཏུ་སོང་འདུག
དེ་ལག་ཏུ་བླངས་ནས་བུས་པས་སྒྲ་ཆེན་པོ་དཔག་ཏུ་མེད་པ་གྲགས་པ་ཞིག་རྨིས་འདུག་སྟེ།
ཕྱིས་ཁོང་གིས་རྒྱལ་མོ་རོང་གི་སྨད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ་འཕྲིན་ལས་རྒྱ་ཆེན་པོ་བྱུང་འདུག་པ་དེའི་ལྟས་ཡིན་པར་གསུངས།
རྗེ་འདི་པའི་མནལ་ལམ་དུ་སྙེ་ཐང་གི་ཡར་འཕྲང་ཡར་ལ་ཐོན་པའི་བྲག་མདའ་སྒྲོ་ཟེར་བ་དེ་འདྲ་བ་ཞིག་གི་བྲག་རི་གཟར་པོ་ཞིག་ལ་འཛེགས་བྱོན་པས་རྡོ་ལེབ་དཀར་བོ་ཤིན་ཏུ་འཇམ་པ་ཞིག་གི་སྟེང་ན་ཨུཏྤལ་སྔོན་པོ་ཆེས་ཆེར་རྒྱས་ཤིང་ཁ་དོག་གསལ་བ།
འདབ་མ་མ་རྙིང་བ། ཡུ་བ་དང་བཅས་པ་ཞིག་འདུག དེ་ཕྱག་ཏུ་བླངས།
འདི་རྗེ་བཙུན་སྒྲོལ་མའི་ཕྱག་མཚན་དུ་འདུག་པས་དེས་རྗེས་སུ་འཛིན་པའི་ལྟས་ཡིན་ནམ་དགོངས་པ་ན།
ད་ལན་དེ་མ་ཡིན་ཚེའི་ལྟས་ཡིན་གསུང་བ་ཞིག་བྱུང་།
ཚལ་ནས་དགུན་ཆོས་ལ་བདེ་བ་ཅན་དུ་བྱོན། སྡེ་སྣོད་མང་དུ་གསུངས།
དཔྱིད་དབུས་སྟོད་བྱ་ཡུལ་དུ་ཕེབས།
དགེ་བའི་བཤེས་གཉེན་བདུན་ཅུ་ཙམ་ཞིག་ལ་ཕར་ཚད་དབུ་མ་འཇུག་པ་མངོན་པ་ཀུན་ལས་བཏུས་རྣམས་གསུངས།
སླར་ཡང་ཚལ་དུ་བྱོན་ནས་ཕར་ཕྱིན་གྱི་རྣམ་བཤད་ཀྱི་འཕྲོ་མཛད་ཅིང་མཇུག་བདེ་བ་ཅན་དུ་རྫོགས་པར་མཛད།
དེ་ནས། མདོ་རྒྱུད་ཀྱི་གཞུང་ཆེ་ཆུང་དུ་མ་ལ་མཁས་པར་སྦྱངས་ཤིང་།
ཁྱད་པར་དུས་ཀྱི་འཁོར་ལོ་ཆ་ལག་དང་བཅས་པ་ལ་མཁས་པར་གྲགས་པ་ཚལ་བ་བླ་མ་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་པ་ལ་དུས་འཁོར་གསུང་བར་ཞུས།
ཁོང་གིས་ཀྱང་ཞལ་གྱིས་བཞེས་ནས་དཔོན་སློབ་གཉིས་ཀས་སྐྱོར་མོ་ལུང་དུ་བཞུགས་ཏེ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་བཤད་པ་ཞིབ་པར་གསན་ཞིང་།
རྒྱུ་མཚན་རྩིས་དང་ལག་ལེན་རྣམས་ལའང་མཁས་པར་སྦྱངས།
སྐྱོར་མོ་ལུང་དུ་སྡེ་སྣོད་འཛིན་པ་མང་བོ་ལ་གཞུང་ཆེ་ཆུང་མང་བོའི་བཤད་པའང་གསུངས་ནས།
སླར་ཡང་དེའི་ཕྱི་ལོ་དབྱར་ཆོས་བདེ་བ་ཅན་དུ་བཞུགས།
བློ་གསལ་འདུས་པ་རྒྱ་མཚོའི་ཚོགས་ལ་སྡེ་སྣོད་ཀྱི་བཤད་པ་མང་དུ་གནང་།
དེ་ནས་དགུན་སྟོད་ལུང་མཚོ་སྨད་ངང་དཀར་དུ་དུས་འཁོར་ལ་ཐུགས་སྦྱོང་ཤིན་ཏུ་འགྲུས་པར་མཛད།
བཤེས་གཉེན་བློ་གསལ་མང་བོ་ལ་སྡེ་སྣོད་ཀྱང་མང་དུ་གསུང་།
དེ་ནས་རྫོང་ཆི་གྲགས་པ་རིན་ཆེན་པ་དེ་རྗེ་འདི་པ་ལ་དེ་གོང་ནས་མི་ཕྱེད་པའི་དད་པ་ཡོད་པས་སྔ་ཕྱིར་གསོལ་བ་མང་དུ་བཏབ་པ་ལ་དགོངས་ནས་ཡར་ཀླུངས་ཕྱོགས་ལ་འབྱོན་པར་བཞེད་དེ་སྲིན་པོ་རིར་ཕེབས་པ་ན།
དེ་དུས་གོང་དཀར་ན་སྒོམ་པ་ཆོས་རྒྱལ་ཡོད་པ་ཁོང་ཡང་རྗེ་འདི་ལ་སྙིང་ནས་དད་པ་ཡོད་པའི་དབང་གིས་ཞུ་བ་ནན་ཆེར་ཕུལ་ཏེ་སོས་དེ་རིགས་ལྔ་ལྷ་ཁང་དུ་བཞུགས།
སྡེ་སྣོད་འཛིན་པ་བདུད་ཅུ་ལྷག་ཙམ་ལ་ཕར་ཚད་མངོན་པར་གོང་འོག་འདུལ་བ་མདོ་རྩ་དབུ་མ་འཇུག་པ་སོགས་གསུངས།
གོང་དཀར་ནས་བསྙེན་བཀུར་དང་ཞབས་ཏོག་ཚད་མེད་པ་བྱས།
དེ་ནས་ཡར་ཀླུངས་སུ་བྱོན་ནས་སྨོན་མཁར་དུ་བཞུགས་ཏེ་སྡེ་སྣོད་མང་དུ་གསུངས་ཤིང་།
རྫོང་ཆི་བས་ཡོ་བྱད་མཁོ་དགུ་ཐམས་ཅད་ཀྱིས་གུས་པས་མཆོད།
དེ་ལྟར་སྔ་ཕྱིར་སྡེ་སྣོད་དཔག་ཏུ་མེད་པ་ནར་མར་གསུང་བ་དེ་དག་གི་སྐབས་རྣམས་སུའང་།
རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་ཆེན་པོ་རྣམས་སུ།
སྐལ་བ་དང་ལྡན་པའི་གདུལ་བྱ་དབང་གིས་སྨིན་པར་མཛད་པ་དང་།
གཞན་ཡང་ལྷ་སོ་སོའི་རྗེས་གནང་དང་།
ལུང་དང་མན་ངག་ལ་སོགས་པ་གང་ལ་གང་འཚམ་གྱི་ཆོས་ཀྱིས་གདུལ་བྱ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་དོ།
།ལྷག་པར་ཡང་དེའི་ཚེ་རྗེ་འདི་ཉིད་ངག་གི་ལྷ་མོ་དབྱངས་ཅན་མས་རྗེས་སུ་བཟུང་བར་གྲགས་ཤིང་།
དེའི་རྗེས་གནང་ཞུ་བ་གར་བྱོན་དུ་མང་བ་ཞིག་འོང་ཞེས་གྲག་གོ
།དེ་ནས་དགུན་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས།
དེ་དུས་ནུབ་ཅིག་ཞུགས་མེད་ལ་བཞུགས་ནས་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་པར་ཐར་པ་ཅི་རིགས་པ་གསུང་བའི་སྐབས་སུ།
དཀའ་བཞི་བ་ཤེར་སེང་གིས་ཆོས་ཐོག་གཅིག་ལ་པོ་ཏི་བཅུ་གཅིག་གསུངས་འདུག
དུས་ཕྱིས་བོད་དུ་པོ་ཏི་དུས་གཅིག་ལ་གསུངས་པ་དེ་མང་ཤོས་སུ་འོང་བ་འདྲ་གསུང་།
དེ་ནས་དགེ་བཤེས་ཤ་སྟོན་ལ་སོགས་པས་རྗེ་ཉིད་ནས་ཀྱང་དེ་ཙམ་ཞིག་དུས་གཅིག་ཏུ་གསུང་འཚལ་ཞུས་པས།
རྩོལ་བ་བྱས་ན་དེ་ཙམ་ཞིག་འཆད་ཐུབ་པ་འདྲ་གསུང་།
འོ་ན་ཅིས་ཀྱང་གསུང་འཚལ་ཞེས་ནན་གྱིས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་ཟླ་བ་དེའི་ཚེས་བཅུ་ནས་གནམ་གང་གི་བར་སྐུ་མཚམས་བཅད་ནས་གཟིགས་རྟོག་མཛད།
གཤམ་གང་གི་ཉིན་ཕྱག་དཔེ་ཐམས་ཅད་ཀྱི་སྐུ་རགས་བཅིངས།
ཚེས་གཅིག་ནས་ཆོས་འཛུགས་པར་བཞེད་པ་ལ་གསང་ཕུ་སོགས་ནས་འབྱོན་པའི་དོན་གཉེར་བ་སྡེ་སྣོད་འཛིན་པ་མང་བོ་ཞི་སྒུག་དགོས་པ་བྱུང་བས་ཉི་མ་གསུམ་ཙམ་གྱི་བར་དུ་མི་ལ་དང་མར་པ་སོགས་ཀྱི་གསུང་རྒྱུན་ཐོར་བུ་འགའ་གསུངས།
ཚེས་ལྔ་ནས་ཉི་མ་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ལ་བཙུགས་ནས་ཉིན་རེ་ཞིང་ཐོ་རངས་ནས་སྲོད་ཀྱི་བར་ལ་ཆོས་ཐུན་བཅོ་ལྔ་རེ་མ་ཆག་པར་ཐུགས་བཤད་མཛད།
དེའི་ནང་ནས་པོ་ཏི་ཆུང་བ་གཉིས་རྫོགས་པར་གསུངས་ཚར་བ་ན་དེའི་དོད་དུ་སླར་ཡང་ཆུང་བ་གཉིས་བཙུགས་ནས།
ཚད་མ་རྣམ་འགྲེལ། ཕར་ཕྱིན། མངོན་པ་གོང་འོག་གཉིས། འདུལ་བ་མདོ་རྩ་བ།
བྱམས་ཆོས་ཕྱི་མ་བཞི། དབུ་མ་རིགས་པའི་ཚོགས་ལྔ། འཇུག་པ། བཞི་བརྒྱ་བ།
སྤྱོད་འཇུག་སྟེ་བསྟན་བཅོས་བཅུ་བདུན་གྱི་བཤད་པ་དཀའ་ཆེན་འགའ་ཞིག་བོད་ཀྱི་ཊཱིཀྐ་ཆེན་མོ་རེ་གཞིར་བཞག་པའི་ཐོག་ཏུ་འགྲེལ་བའི་འཆད་ཚུལ་དུ་དགག་སྒྲུབ་དང་བཅས་པས་གཏན་ལ་ཕབ་ཅིང་།
གཞུང་གཞན་རྣམས་ཕལ་ཆེ་བ་རང་རང་གི་འགྲེལ་བའི་སྟེང་ནས་གཞུང་ཕྲ་རགས་མ་ལུས་པ་ལ་བཤད་པ་ཞིབ་པར་མཛད་དེ་ཟླ་བ་གསུམ་ལ་རྫོགས་པར་མཛད་ཅིང་།
དེའི་སྐབས་སུའང་།
སྲོད་ཆོས་གྲོལ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་བདག་འཇུག་ལ་སོགས་པ་ཐུགས་དམ་རིམ་གཉིས་ཀྱི་རྣལ་འབྱོར་རྣམས་མ་ཆག་པར་མཛད་དེ།
སྐྱེ་བོ་ཀུན་ཡང་འདི་ནི་ལྷག་པའི་ལྷས་དངོས་སུ་བྱིན་གྱིས་བརླབས་པའམ།
གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པར་ངེས་ཀྱི་གཞན་ལ་འདི་ལྟ་བུ་འབྱུང་བ་མི་སྲིད་དོ་ཞེས་མཐུན་པར་གླེང་ངོ་།
།
དེའི་དབྱར་ཁ་ཡང་ཀླུངས་ཨོ་ཀར་བྲག་ཏུ་བཞུགས་ནས་སྐུ་མཚམས་དམ་པོ་མཛད།
བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་སྒོམ་བཟླས་དང་ཐུན་བཞིའི་རྣལ་འབྱོར།
བདག་འཇུག་ཤིན་ཏུ་མང་བར་མཛད་ཅིང་ནི་གུ་ཆོས་དྲུག་གི་དམིགས་སྐོར་རྣམས་ཐུགས་ཉམས་སུ་བསྟར་ནས་ལེགས་པར་སྦྱངས་ཏེ་ཞག་རེ་ལ་གཏུམ་མོའི་རླུང་སྦྱོར་ཡང་བརྒྱད་བརྒྱ་རེ་ཙམ་མཛད་དོ་ཞེས་གསུང་ཞིང་གཏུམ་མོ་ལ་སོགས་པའི་ཐུགས་དམ་གྱི་ཉམས་བཟང་བོ་མང་དུ་འཁྲུངས་སོ།
།དེ་ནས་སྟོན་སྐྱིད་ཤོད་དུ་ཕེབས།
རྗེ་བཙུན་རེད་མདའ་པའི་ཞལ་སྔ་ནས་ཀྱང་དབུས་སུ་ཆོས་བར་ལ་ཕེབས་པས་དཔོན་སློབ་གཉིས་ཀས་པོ་ཏ་ལར་བཞུགས་ནས་དམ་པའི་ཆོས་ཀྱི་བཀའ་བགྲོ་བ་མང་དུ་མཛད་ཅིང་གདུལ་བྱ་རྣམས་ལའང་ལེགས་པར་བཤད་པའི་སྐྱེས་སྩལ་ནས་རྗེ་བཙུན་པ་སླར་ཡང་གཙང་ལ་བྱོན།
རྗེ་བླ་མ་འདི་ཉིད་ཀྱིས་དེའི་དགུན་སྐྱོར་མོ་ལུང་གི་བྲག་ཏུ་བཞུགས་ནས་སྡེ་སྣོད་འཛིན་པ་ཆེན་པོ་དུ་མ་ལ་དུས་འཁོར་དང་ཕར་ཚད་མངོན་པ་སོགས་མང་དུ་གསུངས་སོ།
།
དེ་ནས་དེའི་དཔྱིད་རྟའི་ལོ་ལ་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་བཤད་པ་དང་།
དབང་ལག་ལེན་མན་ངག་དང་བཅས་པ་མཐའ་དག་རྫོགས་པ་ཞིག་རྩད་གཅོད་མཛད་པར་བཞེད་པ་དང་།
བླ་མ་རྗེ་བཙུན་རེད་མདའ་པ་དང་དཔོན་སློབ་གསུང་གླེང་མཛད་པའི་དགོས་པ་འགའ་ཞིག་གི་ཕྱིར་དུ་གཙང་ལ་བྱོན།
རོང་གི་སྣུབས་ཆོས་ལུང་དུ་བཞུགས།
ཚོགས་པའི་མཁན་པོ་རིན་ཆེན་གྲགས་པ་བཤེས་གཉེན་པ་ལ་བཀའ་ལུང་ཅི་རིགས་པ་གསན།
དེ་དུས་རྗེ་འདི་བའི་ཞབས་འབྲིང་ལ་ཡོད་པའི་སྔོ་ཕྱི་དབོན་པོ་བསོད་ནམས་གྲགས་དང་།
མདོ་སྨད་པ་དགེ་བཤེས་ཤེས་རབ་གྲགས་ཞེས་པ་གཉིས་ཀྱིས་བླ་མ་དབུ་མ་བ་བརྩོན་འགྲུས་སེང་གེ་བདེ་མཆོག་སྟེང་ཞེས་པའི་དབེན་གནས་ཞིག་ན་བཞུགས་པའི་དྲུང་དུ་མཇལ་བ་ལ་ཕྱིན་ཆོས་འབྲེལ་ཞུས་གསུང་གླེང་བྱུང་བས།
དབུ་མ་བའི་ཞལ་ནས།
ངེད་ཁྱེད་ཀྱི་སློབ་དཔོན་ལ་དེ་ལ་དབྱངས་ཅན་མའི་རྗེས་གནང་ཞིག་ཞུ་དགོས་གསུང་།
དེ་ནས་བླ་མ་དབུ་མ་བ་དང་རྗེ་འདི་བ་ཞལ་འཛོམས་མཛད་དེ།
བླ་མ་དབུ་མ་པས་རྗེ་འདི་ལ་དབྱངས་ཅན་མའི་རྗེས་གནང་ཞུས།
དེའི་ཚེ་གསུང་གླེང་ཞིབ་ཏུ་མཛད་པས་བླ་མ་དབུ་མ་བ་ཁོང་རང་ལ་མདོ་ཁམས་ན་ཕྱུགས་མ་སྐྱོང་བའི་དུས་ཉིད་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་ནར་མར་འོང་ཚུལ་དང་།
དེ་ལ་སྔ་ཕྱིར་བརྟག་པ་བྱས་ཚུལ་ལ་སོགས་པ་ཞིབ་པར་ཞུས་ནས།
ད་དུང་ངེད་འདི་ལ་གཏིང་ནས་ངེས་པ་རྙེད་པ་མེད་པས་བརྟག་དཔྱད་ཡང་དག་ཅིག་ཐུགས་ལ་འདོགས་པར་ཞུ་ད་ལན་ཡང་རྗེ་བཙུན་གྱི་སྐུའི་སྣང་བ་དེའི་གསུངས་ནས།
རྗེ་ཉིད་ལ་དབྱངས་ཅན་མའི་རྗེས་གནང་ཞུ་བ་ལ་རྒྱུགས་གསུངས་ནས་འོངས་པ་ཡིན།
ཞེས་གསུང་བ་ལ་རྗེ་འདི་བས་དབུ་མའི་ལྟ་བ་སོགས་ཆོས་ཀྱི་གནད་ཟབ་མོ་རྣམས་ཀྱི་དྲི་གཏུགས་མཛད་པ་སོགས་ཀྱི་སྒོ་ནས་ལེགས་པར་བརྟགས་པས་བརྟག་ཐུབ་པ་འདུག་པས་ཐུགས་ཡིད་གཉིས་ཟ་དགོས་པར་མི་གདའ།
གསོལ་བ་དྲག་ཏུ་ཐོབ་མཛོད།
འོན་ཀྱང་རྗེ་བཙུན་གྱི་སྐུ་དང་གསུང་རང་མཚན་པ་ད་ལྟ་དབང་ཤེས་ལ་སྣང་བ་མིན།
ཡི་དམ་གྱི་སྐུ་དངོས་ཀྱིས་གཏད་པའི་རྣམ་པ་ཡིད་ཤེས་ལ་དངོས་སུ་སྣང་བ་ཞིག་ཡིན།
ངེད་ཀྱང་འཇམ་པའི་དབྱངས་ཀྱི་སྒྲུབ་སྐོར་མན་ངག་སོགས་འདི་ཕྱོགས་ལ་ཤེས་འདོད་ཆེ་བར་ཡོད་པས་ཞུ་དགོས་ནའང་ད་ལན་རྗེ་བཙུན་རེད་མདའ་བའི་དྲུང་ནས་སྟག་ཚང་དུ་འབྱོན་པ་དང་དཔོན་སློབ་དུས་ངེས་མཛད་པའི་མཇལ་ཕྲད་དགོས་པར་ཡོད་པ་སོགས་ཀྱིས་བྲེལ་ནས་མི་འགྲུབ་འདུག
རྗེས་སུ་རྟེན་འབྲེལ་ཅིག་ཅིས་ཀྱང་སྒྲིག་འཚལ་ཞེས་གསུངས་ནས་སྟག་ཚང་རྫང་ཁར་བྱོན།
མཁན་ཆེན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་པ་དང་། རྗེ་བཙུན་དམ་པ་རེད་མདའ་བ་དང་།
བླ་མ་ལོ་ཙཱ་བ་དོན་བཟང་བ་དང་། རྗེའི་ཞལ་སྔ་ནས་དང་།
དེ་དག་གི་ཞབས་འབྲིང་དུ་ལྷགས་པའི་བཤེས་གཉེན་སྡེ་སྣོད་འཛིན་པ་ཕུན་སུམ་ཚོགས་པ་དུ་མ་དང་།
གཉུག་མར་གནས་པའི་དགེ་འདུན་གྱི་ཚོགས་དང་བཅས་པའི་ཡུལ་མཆོག་ཏུ་གྱུར་པ་གདན་མངོན་པར་འཛོམས་པ་ཐམས་ཅད་ཀྱི་ཉེ་བར་མཁོ་བའི་འཚོགས་ཆས།
ཞལ་ཟས་དང་གནས་མལ་ལ་སོགས་པ་ཕུན་སུམ་ཚོགས་པའི་མཐིལ་ལེན་གྱི་ཐུགས་ཁུར་རྒྱ་ཆེན་པོ་དག་རྒྱལ་སྲས་འདུལ་བ་འཛིན་པ་ཆེན་པོ་གཞུང་ལུགས་རབ་འབྱམས་ལ་མཁྱེན་པ་རྒྱས་ཤིང་།
གཅིག་ཏུ་བསྟན་པ་རིན་པོ་ཆེའི་ཁུར་འཁྱེར་བ་ལ་མི་མཉམ་པའི་བརྟུལ་ཞུགས་ཅན་ཆོས་རྗེ་ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་བོས་བཞེས་སོ།
།
དེའི་ཚེ་རིན་པོ་ཆེ་གྲགས་པ་རྒྱལ་མཚན་པས་ཕར་ཕྱིན་དང་།
ཆོས་རྗེ་སྐྱབས་མཆོག་པས་བརྟག་གཉིས་གསུངས་ཤིང་།
རྗེ་བཙུན་དམ་པ་རེད་མདའ་བའི་ཞལ་སྔ་ནས།
ཁོང་རང་གིས་མཛད་པའི་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཆེན་མོ་དེ་གསུང་བ་རྗེ་འདིས་གསན་ཞིང་།
དཔོན་སློབ་གཉིས་ཀྱིས་དཀའ་བའི་གནས་གཏན་ལ་འབེབས་པའི་རིགས་པའི་བརྒལ་བརྟག་ཀྱང་མང་དུ་མཛད།
དེ་ནས་དཔོན་སློབ་གཉིས་ཀྱིས་འབའ་འུ་འབར་གཉེར་དུ་ཆོས་བར་བཏེགས་ནས་བྱོན།
རྗེ་རིན་པོ་ཆེ་འདིས་བླ་མ་རྗེ་བཙུན་རེད་མདའ་བའི་ཞལ་སྔ་ནས་ལ་རྒྱུད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་བཤད་པ་ཚར་གཅིག་གསན།
དེའི་ཚེ་གོང་གསུམ་བདེ་ཆེན་པའི་བླ་མ་རིན་པོ་ཆེ་ཆོས་ཀྱི་དཔལ་བའི་དྲུང་དུ་དུས་འཁོར་ཞིག་གསན་དགོས་དགོངས་པ་བྱུང་བའི་ནུབ་གཅིག་མནལ་ལམ་དུ།
ཆོས་ཀྱི་དཔལ་གྱིས་བུ་སྟོན་རིན་པོ་ཆེ་ལ་དུས་འཁོར་འགྲེལ་ཆེན་ཚར་བཅུ་བདུན་ཉན་པ་ཡིན་ནོ་ཟེར་བ་ཞིག་བྱུང་།
ཕྱིས་ཁོང་དང་མཇལ་དུས་རིན་པོ་ཆེས་བུ་སྟོན་གྱི་དྲུང་དུ་དུས་འཁོར་ཚར་དུ་གསན་པ་ལགས་ཞུས་པས།
བཅུ་བདུན་ཉན་ཞེས་གསུང་ངོ་། །དེ་དུས་རྗེ་བཙུན་རེད་མདའ་པའི་ཞལ་ནས།
སྔགས་ཀྱི་རྩད་གཅོད་དེ་ཙམ་མཛད་པ་ལ་ཡུན་རིང་འགྱང་།
ད་ལྟ་སྡེ་སྣོད་ཀྱི་བཤད་པས་ཕན་ཐོགས་རྒྱ་ཆེན་པོ་འོང་གིན་འདུག་པས་རེ་ཞིག་བཤད་པ་མཛད་པ་མི་འཐད་དམ་ཞེས་གསུང་བ་ལ།
བདག་སྔགས་ཀྱི་ཕྱོགས་ལ་འདུན་པ་དྲག་པོ་བདོག་པས་སྔོན་ལ་སྔགས་ཕྱོགས་ཀྱི་རྩད་གཅོད་བགྱིད་པ་ལགས་ཞེས་གསུངས།
དེ་ཡང་རྗེ་རིན་པོ་ཆེ་འདིའི་ཞལ་ནས་ངེད་སྔགས་ཀྱི་ཕྱོགས་ལ་གཞན་གྱིས་བསྐུལ་དགོས་པ་མེད།
ཆུང་ངུ་ནས་འདི་ལ་ཤེས་འདོད་དྲག་པོ་ཡོད་ཅིང་།
དེ་ཡང་རྒྱུད་སྡེ་མཐའ་དག་ཡོངས་སུ་རྫོགས་པར་བསླབ་དགོས་སྙམ་པ་ཞིག་དང་བོ་ནས་ཡོད་ཅེས་གསུངས་སོ།
།
དེ་ནས་བླ་མ་རྗེ་བཙུན་པས་ས་སྐྱ་ལ་ཕྱགས་བཏེགས།
རྗེ་འདི་བས་རོང་ཆོས་ལུང་དུ་བྱོན།
བླ་མ་དབུ་མ་བ་དང་ཆོས་ཀྱི་གསུང་གླེང་མང་དུ་མཛད།
རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཆོས་སྐོར་ཡང་མང་དུ་གསན།
བླ་མ་དབུ་མ་བས་ཀྱང་རྗེ་རིན་པོ་ཆེ་འདི་ཉིད་ལ་དབུ་མ་ལ་འཇུག་པའི་རང་འགྲེལ་སོགས་ཆོས་བཀའ་ཅི་རིགས་གསན་པར་མཛད་དོ།
།རྗེ་རིན་པོ་འདི་བས་སྟོན་གྱི་རིང་རོང་གི་རི་ལུང་ཕུག་ཏུ་ཐུགས་དམ་ལ་བཞུགས།
སྟོན་གཞུག་མྱང་སྟོད་སྨད་ཀྱི་མཚམས་གོང་གསུམ་བདེ་ཆེན་དུ་ཕེབས་ནས།
ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བུ་ཆེན་རྣམས་ཀྱི་ནང་ནས་དུས་ཀྱི་འཁོར་ལོ་ལ་མཁས་པའི་མཆོག་ཏུ་གྱུར་པ།
གཞན་ཡང་སྔགས་ཀྱི་གཞུང་དང་ལག་ལེན་མན་ངག་སོགས་མཐའ་ཡས་པ་ལ་མངའ་འབྱོར་བའི་རིན་པོ་ཆེ་ཆོས་ཀྱི་དཔལ་བའི་དྲུང་དུ་མཇལ།
ཐོག་མར་མཇལ་བའི་དགོངས་མོ་དེ་ཕྱག་ཕྱིས་དར་སེར་བོ་ཞིག་ཕུལ།
སང་ཉིན་ཇ་ཞལ་ཞིག་མཛད་དེ་གོས་ནེ་ཙོ་ཁ་ཡུག་གཅིག་ཕུལ་ནས་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ཆ་ལག་དང་བཅས་པ་གསུང་བར་ཞུས།
དེ་དུས་ཀྱང་འགྲེལ་ཆེན་གསུང་བའི་ལེའུ་དང་བོ་རྫོགས་པའི་མཚམས་ལ་འདུག་པས།
ཁོང་གི་ཞལ་ནས།
མདང་གི་དར་སེར་བོ་དེ་སའི་ཁམས་སྡུད་རིམ་དང་མཐུན་པས་རྫོགས་རིམ་ཡོངས་སུ་རྫོགས་པར་འོང་བ་འདུག
ད་ནངས་ཀྱི་གོས་ཡུག་འདི་ལྗང་ཁུ་ནམ་མཁའི་ཁམས་ཡིན་བསྐྱེད་རིམ་དང་མཐུན་པས་བསྐྱེད་རིམ་ཡོངས་སུ་རྫོགས་པར་འོང་བར་འདུག
ཆོས་མཚམས་ལེའུ་གཉིས་པའི་འགོ
གང་ཞིག་ཆེན་པོའི་མི་རྣམས་སྨིན་པར་བྱ་བའི་དོན་དུ།
ཞེས་པའི་སྐབས་ལ་སླེབ་བྱུང་བས་རྟེན་འབྲེལ་ཤིན་ཏུ་ལེགས།
ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་དགོས། ཞེས་དགྱེས་བཞིན་དུ་ཞལ་གྱིས་བཞེས།
ལེའུ་དེ་ནས་དབུ་བཙུགས་ཏེ་གསུངས་ཤིང་།
སླར་ཡང་ལེའུ་དང་བོའི་འགོ་ནས་བསྐྱར་ཏེ་གསུངས།
སྟོན་གཞུག་དེ་ནས་དཔྱིད་སྔ་མ་མ་རྫོགས་རིང་ལ་བཞུགས་ནས་རྒྱུད་འགྲེལ་གྱི་བཤད་པ་ཕྱག་ལེན་གྱི་མཛུབ་ཁྲིད།
སྦྱོར་དྲུག་གི་ཉམས་ཁྲིད་སོགས་རྫོགས་པར་གསན་ནོ།
།དེ་ནས་ཡོ་གའི་བཀའ་ལུང་བཤད་པ་མཐའ་དག་གསན་པར་བཞེད་པ་ལ་སྔོན་དུ་ཕྱག་ལེན་ཞིག་སྦྱང་བར་བཞེད་ནས།
ཞ་ལུ་ན་དེ་དུས་བུ་སྟོན་རིན་པོ་ཆེ་པའི་མཆོད་གཡོག་པ་གཙོ་བོ་ཞིག་ཡིན་པ་ཡོ་གའི་ལག་ལེན་ལ་ཤིན་ཏུ་མཁས་པར་གྲགས་པའི་ཡོ་ག་བ་ཚེ་དབང་ཞེས་པའི་སློབ་མ་དྲག་པ་ཡོ་ག་བ་མགོན་བཟང་ཞེས་བྱ་བ་གདན་དྲངས་ནས།
ཁོང་དང་རྗེ་རིན་པོ་ཆེ་གཉིས་ཀྱིས་མྱང་སྟོད་སྨད་ཀྱི་མཚམས་འཁྲིས་རྩ་ཁང་ཞེས་པར་བཞུགས་ནས་རྡོ་རྗེ་དབྱིངས་དང་དཔལ་མཆོག་རྩེ་མོ་ལ་སོགས་པ་ཡོ་གའི་དཀྱིལ་འཁོར་ཆེན་པོ་མཐའ་དག་གི་བྲིས་ཐིག་གར་དབྱངས།
དཀྱིལ་མཆོག་གི་ཆོག་ཁྲིད། ཕྱག་རྒྱ་འཆིང་བ་སོགས་ལ་ཤིན་ཏུ་བྱང་བར་སྦྱངས།
དེའི་ཚེ་ནུབ་གཅིག་མནལ་ལམ་དུ།
ཁྲི་ཆེན་པོ་ཞིག་གི་སྟེང་ན་བླ་མ་ཁྱུང་བོ་ལྷས་པ་ཡིན་ཟེར་བའི་བླ་མ་བགྲེས་པོ་དབུ་རྒྱན་གསོལ།
རྡོ་རྗེ་དྲིལ་བུ་ཕྱག་ན་བཟུང་བ་ཞིག་བཞུགས།
དེའི་སྐུ་མདུན་ན་རྗེ་རིན་པོ་ཆེ་ཉིད་ཀྱང་བཞུགས་འདུག་པ་ལ།
བླ་མ་དེ་བཞེངས་ནས་རྡོ་རྗེའི་འགྲོས་ཀྱིས་དྲིལ་སྟབས་དང་བཅས་རྗེ་འདི་ཉིད་ལ་གཡས་སུ་བསྐོར་བ་ལན་གསུམ་མཛད་ཅིང་།
ཕྲེང་བ་ནས་བྱུང་བའི་ཨེ་ཀཱ་པ་ཙིཀཱ་པ་ཞེས་སོགས་ཀྱི་སྒྲ་བསྒྲགས་ནས་རྗེའི་དབུའི་སྟེང་རྡོ་རྗེ་དྲིལ་བུ་བཟུང་སྟེ་ཀརྨ་བཛྲ་ཞེས་བྱའོ་ཞེས་གསུངས་ནས་ཁྲི་ལ་བཞུགས་སོང་བ་ཞིག་བྱུང་།
མནལ་སད་ནས་བརྟགས་པ་ན་སྔར་གྱི་གསང་མཚན་དོན་ཡོད་རྡོ་རྗེ་ཡིན་པ་དང་།
ཀརྨ་བཛྲ་ཡང་དོན་གྲུབ་ཀྱི་རིགས་ཀྱི་མིང་དུ་འདུག་པས་འདྲ་བ་འདུག་དགོངས་པ་ཞིག་བྱུང་གསུངས་སོ།
།
སླར་ཡང་དཔྱིད་སྨད་དེ་ནས་དབྱར་དང་སྟོན་འགོ་མའི་རིང་ལ་གོང་གསུམ་བདེ་ཆེན་དུ་བྱོན་ནས།
རིན་ཆེན་ཆོས་ཀྱི་དཔལ་བ་ལ་རྡོ་རྗེ་ཕྲེང་བའི་དབང་ལུང་མཛུབ་ཁྲིད་བཤད་པ་གར་ཐིག་དབྱངས་གསུམ་གྱི་ཕྱག་ལེན་ཁྲིད་དང་བཅས་པའི་སྒོ་ནས་ཕྲེང་བ་སྐོར་གསུམ་ལ་མཁས་པར་སྦྱངས།
གཞན་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལ་སོགས་པའི་དབང་ལུང་མན་ངག་དང་བཅས་པ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་མང་དུ་གསན།
དེ་ནས་ཞ་ལུང་རིན་པོ་ཆེ་ཁྱུང་བོ་ལྷས་པ་ལ་ཡོ་གའི་སྐོར་གསན་པ་ལ་འབྱོན་པར་དགོངས་ཡོད་པ་ལ།
ནུབ་གཅིག་མནལ་ལམ་དུ་ཁྲི་ཆེན་པོ་ཞིག་གི་སྟེང་ན་རིན་པོ་ཆེ་ཁྱུང་བོ་བ་ཡིན་ཟེར་བའི་བླ་མ་བགྲེས་པོ་ཞིག་བཟང་བོའི་འདུག་སྟངས་མཛད་ནས་བཞུགས།
དེའི་དྲུང་ན་རྗེ་འདི་པའང་བཞུགས་ཡོད་པ་ལ།
བླ་མ་དེས་ཕྱག་གཉིས་ཀྱིས་ཐུགས་ཀའི་ན་བཟའ་བསལ་ནས་ཐུགས་ཀ་སྟོན་གྱིན་འདུག་པ་ལ་གཟིགས་པས།
བླ་མ་དེའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་རིང་བོ་རིམ་པ་དུ་མས་བསྐོར་བའི་འཁོར་ལོ་ཡིག་འབྲུ་རྣམས་ཧྲམ་མེ་འདུག་པ་གཟིགས་པས་སྔགས་རྣམས་ཕལ་ཆེ་བ་བཀླགས་པ་ཞིག་རྨིས།
ཕྱིས་མཇལ་བ་ན་སྐུའི་རྣམ་པ་མནལ་ལམ་དུ་བྱུང་བ་དེ་ཉིད་རང་དུ་འདུག་གསུངས་སོ།
།དེ་ནས་སྟོན་ཕྱི་མ་དགུན་དཔྱིད་དབྱར་རྣམས་སྦྲེལ་ནས་ཞ་ལུར་བཞུགས།
སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོ་རིན་པོ་ཆེ་ཁྱུང་བོ་ལྷས་པའི་དྲུང་དུ་ཡོ་གའི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱིས་ཐོག་དྲངས་རྒྱུད་སྡེ་འོག་མ་རྣམས་ཀྱི་བཀའ་ད་ལྟ་བོད་ན་རྣམ་པར་དག་པའི་དབང་གི་ཆུ་བོ་རྒྱུན་མ་ཆད་པར་ཡོད་པ་ཕལ་ཆེ་བ་ཡོངས་སུ་རྫོགས་པར་གསན་ཞིང་།
བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལཱུ་ཨི་པ་དང་ནག་པོ་པའི་ལུགས་ལ་སོགས་པས་ཐོག་དྲངས་པའི་བླ་མེད་ཀྱི་བཀའ་ལུང་ཡང་དཔག་ཏུ་མེད་པ་གསན།
ཁོང་ལ་མངའ་བའི་བཀའ་ལུང་ཕལ་ཆེར་བུམ་པ་གང་བྱོའི་ཚུལ་དུ་ཐུགས་རྒྱུད་ལ་གཏམས་པར་མཛད།
དེའི་ཚེ་འབུལ་བ་ཚོགས་འཁོར་ཞབས་ཏོག་ནར་མ་སོགས་ཀྱིས་མཉེས་པར་མཛད་དོ། །
དེ་དུས་རྗེ་བཙུན་ཁྱུང་ལྷས་པའི་ཞལ་སྔ་ནས་ཀྱིས་དབང་རེ་རེ་གནང་ཚར་བའི་མཇུག་ཏུ་འདི་ང་ལ་ཡང་བླ་མ་འདི་ཞེས་བྱ་བས་དགྱེས་བཞིན་དུ་གནང་བ་ཡིན་བྱ་བ་རེ་ཅིས་ཀྱང་གསུང་ཞིང་།
བཀའ་ལུང་རྣམས་རྫོགས་པ་ན།
ད་ནི་ཆོས་བདག་པོ་ལ་འཕྲོད་པས་འགྱོད་པ་མེད་དོ་ཞེས་གསུང་ཞིང་།
དང་བོ་བུ་སྟོན་ཐམས་ཅད་མཁྱེན་པ་དང་།
བླ་མ་ཁྱུང་ལྷས་པ་གཉིས་ཀས་ཀུན་མཁྱེན་འཕགས་འོད་པའི་དྲུང་དུ་དཔལ་གསང་བ་འདུས་པ་དང་ཡོ་ག་ལ་སོགས་པའི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་དབང་གསན་དུས་ཚོགས་འཁོར་ཞིག་གི་གྲལ་དུ།
ཀུན་མཁྱེན་པའི་ཞལ་ནས། རྗེ་མར་བས་ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་དེ།
།ཞེས་སོགས་ཀྱི་མགུར་མ་དེ་འདོན་པ་སྤོས་ནས། ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་དེ།
ཁྱུང་བོ་སྟོན་སྒོམ་ཁྱོད་ལ་མི་ཟེར་རམ། །ཞེས་གསུངས་པའི་ལོ་རྒྱུས་ཀྱང་གསུངས།
དེ་ནི་རྗེ་བཙུན་ཁྱུང་ལྷས་པས་ཀུན་མཁྱེན་འཕགས་པ་དང་།
བུ་སྟོན་ཐམས་ཅད་མཁྱེན་པ་གཉིས་ལས་སྔགས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་བཞེས་པའི་བྱིན་རླབས་ཀྱི་བཅུད་མ་ཉམས་པར་རྗེ་རིན་པོ་ཆེ་འདི་བའི་ཕྱག་ཏུ་རྡོ་རྗེ་ཐེག་པའི་བསྟན་པ་ཡོངས་སུ་རྫོགས་པར་འཕྲོད་ནས་ཕྱོགས་འདིར་སྐྱེ་དགུ་ཐམས་ཅད་ཀྱི་ཕན་བདེའི་རྩ་ལག་ཏུ་གྱུར་པ་འདིའི་དོན་ལ་དགོངས་པར་གསལ་ལོ།
།རྗེ་རིན་པོ་ཉིད་ཀྱི་ཞལ་ནས།
སྔགས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་གཙོ་བོར་བླ་མ་མཉེས་པར་བྱས་པ་འབའ་ཞིག་ལ་རག་ལས་འདུག་པས་དབང་གནང་བའི་དུས་ཐམས་ཅད་དུ་བླ་མས་མཉེས་བཞིན་དུ་གནང་བ་ཡིན་ནོ།
།ཞེས་གསུངས་པ་དེ་ལ་དཔྱད་རྒྱུ་ཆེན་པོ་ཞིག་འདུག་གོ་ཞེས་གསུངས་སོ། །
དེ་ནས་རྗེ་བཙུན་དམ་པ་ཁྱུང་བོ་ལྷས་པ་ལས་གསན་དགོས་རྣམས་ཀྱི་ཐུགས་ཐག་ལེགས་པར་ཆོད་ནས།
པ་སྣམ་གྱི་ཕག་པ་རི་ན་བླ་མ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་གདན་དྲངས་ནས་བཞུགས་འདུག་པའི་སྤྱན་སྔར་བྱིན།
སླར་ཡང་རྡོ་རྗེ་སྙིང་འགྲེལ། ཕྱག་རྡོར་བསྟོད་འགྲེལ།
ནཱ་རོ་འགྲེལ་ཆེན་ལ་སོགས་པ་དུས་འཁོར་གྱི་ཆ་ལག་མང་བོ་ཞིག་གསན་ཞིང་དཔལ་གསང་བ་འདུས་པ་ལུགས་གཉིས་ལ་བུ་སྟོན་རིན་པོ་ཆེས་ཡིག་ཆ་མཛད་པ་ཅི་ཡོད་ཀྱི་བཤད་ལུང་ལ་སོགས་པ་ཆོས་བཀའ་མང་དུ་གསན།
དེ་ནས་ཁོང་བ་གོང་གསུམ་བདེ་ཆེན་དུ་ཐེགས།
རྗེ་རིན་པོ་ཆེས་ཕག་པ་རིར་ཞ་ལུ་བའི་ཡོ་ག་བ་མཁས་པ་སྡེ་སྣོད་འཛིན་པ་ཆེན་པོ་རྒྱལ་མཚན་གྲགས་པ་སྤྱན་དྲངས་ནས་ཡོ་གའི་གར་དབྱངས་སོགས་ཕྱག་ལེན་རྣམས་ཀྱི་དག་ཐེར་ཡང་དག་མཛད།
ཆོས་བཀའ་ཡང་ཅི་རིགས་པ་གསན།
ཁྱད་པར་བུ་སྟོན་གྱིས་མཛད་པའི་རྡོ་རྗེ་འབྱུང་བའི་རྣམ་བཤད་ཆེན་མོ་གསན་ཞིང་།
ཡོ་གའི་རྩ་རྒྱུད་དེ་ཉིད་བསྡུས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ། དཔལ་མཆོག
ངན་སོང་སྦྱོང་བའི་རྒྱུད་ལ་སོགས་པ་དང་། དེ་ཉིད་སྣང་བ། ཀོ་ས་ལའི་རྒྱན།
དཔལ་མཆོག་འགྲེལ་ཆེན་ལ་སོགས་པ་རྒྱུད་དང་འགྲེལ་བ་རྒྱ་གཞུང་གི་རིགས་དཔག་ཏུ་མེད་པའི་ལུང་ཡང་གསན་ནོ།
།
དེ་ནས་སྤྲེ་ལོའི་སྟོན་བླ་མ་དབུ་མ་བ་དང་ལྷན་ཅིག་ཏུ་དཔོན་སློབ་གཉིས་ཀས་དབུས་ཀྱི་དགའ་བ་གདོང་དུ་ཕྱགས་ཕེབས།
ལྷ་སར་ཇོ་བོ་རིན་པོ་ཆའི་དྲུང་དུ་གསོལ་བ་འདེབས་པ་ལ་བྱོན་ནས།
དཔོན་སློབ་གཉིས་ཀས་དགའ་བ་གདོང་དུ་སྐུ་མཚམས་ལེགས་པར་བཅད་ནས་བཞུགས།
དེ་ཡང་སྐྱེ་རབས་མང་བོ་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་སྟེ་ས་ལམ་མཐོན་པོར་བྱོན་ཞིང་སྐུ་ཚེ་འདིར་ཡང་འཁྲུངས་ཙམ་ཉིད་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་སྟེ་གསུང་གི་གནང་བ་རྒྱུན་དུ་སྩོལ་བ་སོགས་ཡོན་ཏོན་གྱི་ཚོགས་ཀྱིས་མངོན་པར་མཐོ་བའི་བླ་མ་དབུ་མ་བ་དང་ཐབས་ཅིག་ཏུ་དགའ་བ་གདོང་དུ་བཞུགས་རིང་ལའང་ཁོང་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཆོས་སྐོར་མང་དུ་གསན་ཞིང་།
བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་པ་ལ་གསོལ་བ་དྲག་ཏུ་འདེབས་པ་དང་།
ཡི་དམ་གྱི་བསྙེན་སྒྲུབ་ལ་ཤིན་ཏུ་འགྲུས་པར་མཛད།
ཁྱད་པར་རྗེ་རིན་པོ་ཆེ་འདི་ནི་བསྐལ་པ་བགྲང་བ་ལས་འདས་པའི་སྔོན་རོལ་ནས་ལམ་ལ་ལེགས་པར་སྦྱངས་པའི་རིགས་ཀྱི་ནུས་པ་ཡོངས་སུ་སྨིན་པའི་དཔང་གི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཐོས་བསམ་སྒོམ་པ་ཇི་སྙེད་ཅིག་མཛད་པ་ཐམས་ཅད་ལའང་ཚེ་འདིའི་རྙེད་བཀུར་དང་།
སྙན་གྲགས་དང་། འཁོར་དང་འདུ་འགོད་ཕུན་སུམ་ཚོགས་པ་དང་།
བདག་ཉིད་གཞན་ལས་ཁྱད་པར་འཕགས་པ་ཉིད་དུ་མཐོང་བར་གྱུར་ན་ཅི་མ་རུང་སྙམ་པ་སོགས་ཀྱི་ཀུན་སློང་གི་དྲི་ཙམ་ཡང་མ་འདྲེས་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཆེད་དུ་དམིགས་པ་འབའ་ཞིག་གིས་ཐུགས་རང་དབང་མེད་པར་ཕྲོགས་པས།
ཚིག་འགྲིག་འགྲིག་མོ་དང་།
དོན་མཁས་པ་གཞན་གྱིས་བཤད་པ་ལས་ཁྱད་དུ་ཐོན་ཐོན་མོ་དང་།
མང་བོ་ཚོགས་པའི་དབུས་སུ་རང་གི་ལུགས་རྣམ་པར་བཞག་པ་ལ་གཞན་གྱིས་བརྒལ་བར་མི་ནུས་ཤིང་།
གཞན་གྱི་འདོད་པ་ཐབས་སྣ་ཚོགས་ཀྱི་སྒོ་ནས་དགག་ནུས་པ་ཙམ་གྱིས་ཐུགས་ཚིམ་པ་དང་།
དེ་འདྲ་བ་ཙམ་ཞིག་ལྷུང་མཛད་པའི་དྲི་ཙམ་ཡང་མི་མངའ་ཞིང་།
བདག་ཉིད་རྒྱལ་ཞིང་ཕ་རོལ་སྨ་དབབ་པར་བཞེད་པ་དང་།
རང་ཉིད་མཁས་པར་རློམ་པའི་ང་རྒྱལ་གྱིས་རང་གིས་གང་ཤེས་པ་དེ་ཉིད་གཞན་ལ་གྲགས་པར་བྱ་བའི་ཆེད་དུ།
འཆད་པའམ། རྩོད་པའམ།
རྩོམ་པ་འདི་ལྟ་བུ་ཞིག་དང་བོ་ཐོས་བསམ་གཙོ་བོར་ལྷུར་མཛད་པའི་ཐོག་མ་ནས་བརྩམས་ཏེ་ཞིང་གཤེགས་པའི་བར་གང་གིས་སྐབས་སུའང་དུས་འདིའི་ཚེ་ཚུལ་འདི་ལྟར་མཛད་དོ་ཞེས་གཟུ་བོར་གནས་པ་སུས་ཀྱང་ལན་ཅིག་ཀྱང་དྲང་བོར་གླེང་བའི་སྐབས་མེད་པ་འདི་ནི།
ཆོས་ལ་བློ་ཁ་ཅུང་ཟད་ཅིག་ཕྱོགས་པ་ཡན་ཆད་སུས་བསམས་ཀྱང་གཟུ་བོའི་བློས་བསམ་ན་ནི།
རང་དབང་མེད་པ་ཉིད་དུ་དད་པ་ལྷག་པར་སྐྱེད་པའི་སྐྱེས་བུ་དམ་པའི་རྣམ་ཐར་ངོ་མཚར་བ་ཡིན་ནོ།
།དེའི་ཕྱིར་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་རྣམ་པར་གཏན་ལ་འབེབས་པ་ནའང་།
ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གོང་འོག་ཐམས་ཅད་རྒྱལ་བའི་དགོངས་པ་ཇི་ལྟ་བ་དང་།
ཤིང་རྟ་ཆེན་པོ་རྣམས་ཀྱི་ལུགས་ཇི་ལྟ་བ་བཞིན་དུ་རྙེད་པ་ཞིག་ཇི་ལྟར་བྱས་ན་འོང་ཞིག་གུ་སྙམ་དུ་འདི་ཉིད་འབའ་ཞིག་ཐུགས་ལ་བཅགས་པས་དཔྱོད་པར་མཛད་ཅིང་།
དེ་ཡང་དབང་བོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བའི་རིགས་མཆོག་ཏུ་གྱུར་པས་གཞན་གྱི་ཚིག་ཙམ་ལ་བརྟེན་ནས་རྣམ་པར་དཔྱོད་པ་ལུང་ཙམ་སྐྱབས་སུ་གྱུར་པས་གཞན་གྱི་ཚིག་ཙམ་ལ་བརྟེན་ནས་རྣམ་པར་སྤྱོད་པ་ལུང་ཙམ་སྐྱབས་སུ་གྱུར་པ་རྣམས་ཀྱི་ངང་ཚུལ་ནི་ངོ་བོ་ཉིད་ཀྱིས་མི་མངའ་བས།
འདི་སྙམ་དུ་རྒྱལ་བའི་གསུང་རབ་འགྲེལ་བའི་མཆོག་ཏུ་ལུང་བསྟན་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དག་གིས་བསྟན་པའི་རིགས་པ་ལ་བརྟེན་ནས་རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་ཚུལ་བཞིན་དུ་ཕྱེ་བའི་ངེས་དོན་གྱི་གསུང་རབ་ཀྱི་དོན་ཤིན་ཏུ་ཕྲ་བའི་རིགས་པས་རྣམ་པར་དཔྱད་ཀྱང་མཐའ་གཞན་དུ་མི་འགྱུར་བའི་ཚུལ་གྱིས་རྙེད་པ་ཞིག
སྐྱེས་བུ་སྐོམ་པས་གདུངས་པས་བཏུང་བ་དོན་དུ་གཉེར་བ་ལྟ་བུའི་ཐུགས་ཀྱིས།
ཚུལ་འདིས་གསུང་རབ་ཀྱི་དོན་འཚོལ་བ་འབའ་ཞིག་ལྷུར་མཛད་དོ། །
དེ་ཡང་རྗེ་ཉིད་ཀྱི་ཞལ་ནས།
ད་ལྟ་བོད་ན་ཤེས་རབ་ཆེ་བ་གོ་བ་བཟང་བའི་མཐར་ཐུག་ཏུ་རྩི་བ་འདི་ཚོ་ལྟར་གསུང་རབ་དགོངས་འགྲེལ་དང་བཅས་པའི་བསྟན་བཅོས་ཕལ་ཆེར་ལ་བལྟས་པ་ཙམ་ནས་འདིའི་དོན་འདིར་འདུག་སྙམ་པ་འབད་མེད་དུ་ལམ་ལམ་འཆར་བ།
དེ་གཞན་ལ་བསྟན་ན་གོ་བ་ཆེན་པོ་བློ་ཡུལ་དུ་བདེ་སང་སང་བ་འཆར་ཐུབ་པ་ཞིག་ང་ལ་སྔ་མོ་ནས་ཡོད་དེ།
དེ་འདྲ་ལ་ཡིད་བརྟན་བྱར་མི་རུང་།
རིགས་པ་ཕྲ་མོས་ལེགས་པར་དཔྱད་པ་ན་དང་བོར་ཡིན་ཡིན་འདྲ་བའི་གོ་བ་རྙེད་པ་རྣམས་ཀྱང་ཕལ་ཆེར་ཞིག་འགྲོ་བ་ཀ་མང་།
དེས་ན་རིགས་པ་རྣམ་པར་དག་པ་ཕྲ་མོ་ཞིག་གིས་ལེགས་པར་དཔྱད་པའི་དཔྱད་པ་མ་རྫོགས་བར་དུ་དོན་དེར་ཁ་ཚོན་བཅད་ཀྱང་ཤབ་ཤོབ་ཏུ་འགྲོ་བ་ཡིན་ཞེས་གསུངས་སོ།
།
དེ་ཡང་དེའི་ཚེ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་པའི་ལྟ་བ་དང་།
གསང་བ་འདུས་པའི་ལམ་རིམ་པ་ལྔ།
དེའི་ནང་ནས་ཀྱང་སྒྱུ་ལུས་འདི་ཤིན་ཏུ་རྟོགས་དཀའ་བ་དང་།
རྟོགས་ན་དོན་ཆེ་ཞིང་མ་རྟོགས་ན་ནི་ལོག་པར་ལྟུང་བའི་གཡང་སའང་ཤིན་ཏུ་ཆེ་ལ།
དེ་ཁོ་ན་ཉིད་སྒོམ་པ་དང་།
སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་སངས་རྒྱས་འཚོལ་བ་སོགས་ཚིག་ཙམ་དུ་འགྱུར་བར་དགོངས་ཏེ།
འདི་དག་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་བཞིན་འཁྲུལ་མེད་དུ་སྟོན་པའི་བཤེས་གཉེན་དམ་པ་རྒྱ་བོད་བལ་གསུམ།
དབུས་གཙང་ཁམས་གསུམ་སོགས་གང་ན་ཡོད་ཀྱང་དེའི་ཁུངས་ཤིག་རྙེད་ན་ནི་དེ་འཚོལ་བའི་ཕྱིར་དུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་བ་ཅི་བྱུང་ཡང་དང་དུ་བླངས་ཏེ་ད་ལྟ་ཉིད་དུའང་འགྲོ་དགོས་དགོངས་པ་སྙིང་ནས་ཤུགས་དྲག་པོ་དེའི་ཚེ་ཡོད་དོ།
།ཞེས་རྗེ་ཉིད་གསུངས་སོ། །
དེའི་དུས་སུའང་བླ་མ་དབུ་མ་བས་ལོ་ཙཱ་བྱས་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་དབུ་མའི་ལྟ་བ་དང་།
སྔགས་མཚན་ཉིད་ཀྱི་ཁྱད་པར། སྔགས་བླ་མེད་ཀྱི་ལམ་གྱི་གནད་ཆེ་ཤོས་རྣམས་དང་།
རིམ་པ་ལྔའི་གོ་རིམ་གྲངས་ངེས་སོགས་མཐའ་ཡས་པ་ཞིག་གི་དྲི་བ་དང་།
དོགས་པ་ཆོད་པའི་ཆེད་དུ་བརྒལ་ཞིང་བརྟགས་པའི་སྒོ་ནས་འདྲི་བ་ལ་སོགས་པ་འབའ་ཞིག་གཙོ་བོར་མཛད་དོ།
།རྗེ་རིན་པོ་ཆེ་འདིས་དེའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་ལ་ཟབ་མོ་དབུ་མའི་ལྟ་བ་སོགས་མདོ་སྔགས་ཀྱི་ལམ་གྱི་གནད་མཐར་ཐུག་པ་རྣམས་ལ་དྲི་བ་དང་བརྒལ་བརྟག་མང་དུ་མཛད་པའི་སྐབས་སུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཐལ་རང་གི་ཁྱད་པར།
ལྷན་སྐྱེས་དང་ཀུན་བརྟགས་ཀྱི་བདག་འཛིན་གཉིས་ཀྱིས་ཇི་ལྟར་བཟུང་བ་ལྟར་གྱི་བདག་དང་།
རྟགས་ཀྱི་དགག་བྱའི་ཚད་ཕྲ་རགས། ལྟ་བ་རྟོགས་པའི་ཚད།
ཐལ་འགྱུར་བའི་ལྟ་བ་འདིའི་ལུགས་ཀྱི་ཀུན་རྫོབ་རྣམ་པར་འཇོག་པའི་ཚུལ་ལ་སོགས་པ་རྣམས་ཀྱི་དཔྱད་པ་ཞིབ་ཏུ་མཛད་པའི་ས་བོན་ཤིན་ཏུ་འདྲིལ་བ་རེ་དང་།
སྔགས་མཚན་ཉིད་ཀྱི་ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ཁྱད་པར།
དཔལ་གསང་བ་འདུས་པའི་རིམ་པ་ལྔའི་ངོ་བོ་དང་།
གོ་རིམ་གྲངས་ངེས་ལ་སོགས་པ་རྣམས་ཀྱི་གནད་ཐུན་མོང་མ་ཡིན་པ་ཤིན་ཏུ་འདྲིལ་བ་རེ་གསུངས།
མི་གོ་བར་འདུག་ལགས་ཞུས་པས། འདི་རྣམས་མ་བརྗེད་པ་གྱིས་ལ་ཟིན་བྲིས་སུ་གྱིས།
བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་པ་ལ་གསོལ་བ་འདེབས་ཤིང་བསྙེན་སྒྲུབ་བྱེད་པ་དང་།
བསག་སྦྱང་གཉིས་ལ་ལེགས་པར་འབད་པ་དང་།
གཞུང་ལུགས་ཀྱི་དོན་ལ་རིགས་པས་རྣམ་པར་དཔྱོད་ཅིང་ཞིབ་ཏུ་སེམས་པ་རྣམས་སུམ་སྒྲིལ་དུ་ཉམས་སུ་ལོངས་ལ་ཚིམ་མ་སླ་བར་རྒྱུན་བསྲིངས་ལ་ལེགས་པར་དཔྱོད་ཅིག་དང་།
སྐབས་སུ་བབ་ན་ངས་ས་བོན་བཏབ་པ་འདི་རྣམས་ཀྱིས་ཀྱང་རྐྱེན་བྱས་ནས་ལེགས་པར་གོ་བ་ཞིག་མྱུར་དུ་འོང་བ་འདུག་ཅེས་གསུངས་སོ།
།འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ཀྱི་དབུ་མ་དང་གསང་བ་འདུས་པ་ལ་ཤེས་འདོད་ཤིན་ཏུ་ཆེ་བར་ཡོད་པས་རྩད་གཅོད་པའི་བླ་མ་བོད་ན་སུ་དྲག་ཞུས་པ་ལ།
རེད་མདའ་བ་ལས་དྲག་པ་མེད།
འོན་ཀྱང་ཁྱོད་ལ་མཐའ་མ་ལུས་པར་ཆོད་པའི་གོ་བ་རྫོགས་པར་བསྐྱེད་མི་ཐུབ།
དབུ་མ་བས་ལོ་ཙཱ་བྱས་ནས་ངས་ཁྱོད་ལ་བཤད་ན་དེ་ཀ་དྲག་པར་འོང་ནའང་ཁོ་ཡང་མྱུར་དུ་མདོ་ཁམས་ལ་འགྲོ་དགོས་པར་སྣང་།
དེས་ན་ད་ལྟ་ནས་བཤད་པ་མ་བྱེད་པར་བྱ་བྲལ་གྱིས་ལ་དབེན་པ་སྟེན།
གོང་དུ་བཤད་པ་ལྟར་སུམ་སྒྲིལ་དུ་ཉམས་སུ་ལེན་པ་དང་དམིགས་རྣམ་སྐྱོང་བ་སོགས་ལ་ལེགས་པར་འབད་ན་རིང་བོར་མི་ཐོགས་པར་དེ་རྣམས་ཀྱི་དོན་རྙེད་པར་འགྱུར་རོ་ཞེས་གསུངས་སོ།
།
གཞན་ཡང་ཆོས་ཀྱི་གནད་དང་གཞུང་གང་ལ་བརྟེན་ནས་འཚོལ་བ་སོགས་གསུངས་པ་ལ་ཚད་མེད།
རྒྱ་གར་གྱི་པཎྜི་ཏ་མཁས་པ་རྣམས་ལའང་འགའ་ཞིག་གི་གཞུང་ལ་འཁྲུལ་མེད་རང་འབའ་ཞིག་ཏུ་གཟུང་མི་ཉན་པའི་དམིགས་བསལ་རེ་ཙམ་ཡང་བྱུང་བས།
འོ་ན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལ་སློབ་དཔོན་ཟླ་བ་གྲགས་པ་འཁྲུལ་མེད་རང་འབའ་ཞིག་ཏུ་བཟུང་བས་ཨེ་ཆོག་ཞུས་པས།
ཟླ་བ་གྲགས་པ་ནི་སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཀྱི་ཞིང་གཅིག་གི་དེ་བཞིན་གཤེགས་པ་ཞིག་གི་ཞབས་དྲུང་ནས་བྱང་ཆུབ་སེམས་དཔའ་རྣམ་དཔྱོད་དང་སྙིང་སྟོབས་མཆོག་ཏུ་གྱུར་པ་ཞིག་ཞིང་འདིར་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་བསྟན་པའི་སྙིང་བོ་གསལ་བར་བྱ་བའི་སླད་དུ་བསམ་བཞིན་དུ་སྐྱེ་བ་བཟུང་བ་ཡིན་པས་འདི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བ་ལ་སྔགས་མཚན་ཉིད་གང་གི་སྐབས་སུའང་འཁྲུལ་པ་ཕྲ་མོ་ཙམ་ཡང་མེད་པས་འདི་ལ་རྣམ་པ་ཐམས་ཅད་དུ་ཡིད་ཆེས་ཀྱི་གནས་འབའ་ཞིག་ཏུ་ངེས་པར་གཟུང་དགོས་པ་ཡིན་ནོ།
།ཞེས་གསུངས་སོ།
།བླ་མ་དབུ་མ་བས་རྗེ་བཙུན་འཇམ་དབྱངས་ལ་རྗེ་རིན་པོ་ཆེ་འདིའི་སྐུ་སྐྱེ་སྔ་ཕྱི་སོགས་ཀྱི་ཞུ་བ་མཛད་པས།
རྗེ་བཙུན་གྱི་ཞལ་ནས།
སྔོན་སངས་རྒྱས་འཇིག་རྟེན་ན་བཞུགས་པའི་དུས་སུ་བླ་མ་འདི་རྒྱ་གར་དུ་བྲམ་ཟེའི་ཁྱེའུ་ཞིག་ཏུ་འཁྲུངས།
དེའི་ཚེ་དགེ་སློང་གི་ཆ་ལུགས་འཛིན་པའི་བྱང་ཆུབ་སེམས་དཔའ་མོས་པའི་བློ་གྲོས་ཞེས་བྱ་བ་དང་མཇལ་ནས་དེ་ཉིད་མཉེས་པར་བྱས་ཤིང་ཞབས་འབྲིང་དུ་འབྲང་ཆོས་མང་དུ་གསན།
དེས་ཁྲིད་དེ་སྟོན་པ་ཤཱཀྱ་ཐུབ་པའི་ཞབས་དྲུང་དུ་མཇལ་ཞིང་སེམས་བསྐྱེད།
དེའི་ཚེ་སྟོན་པ་ལ་ཤེལ་དཀར་བོ་དྲི་མ་མེད་པ་བརྒྱ་རྩའི་ཕྲེང་བ་ཞིག་དད་པས་ཕུལ་ནས་སྨོན་ལམ་བཏབ་པས་སྟོང་བ་ཉིད་ཀྱི་ལྟ་བ་ཕྱིན་ཅི་མ་ལོག་པ་རྟོགས་པའི་ས་བོན་བཞག་པ་ཡིན།
ད་སྐུ་སྐྱེ་འདིའི་ཕྱི་མ་ལ་དགའ་ལྡན་དུ་རྒྱལ་བ་མ་ཕམ་པའི་ཆོས་ཀྱི་མདུན་སར་ཐེག་པ་ཆེན་པོའི་ཆོས་ཀྱི་འབྱོར་པ་དཔག་ཏུ་མེད་པ་ལ་ལོངས་སྤྱོད་པར་འགྱུར་ཞིང་།
མཚན་ནི་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་བོ་ཞེས་བྱ་བར་འགྱུར་རོ་ཞེས་གསུངས།
རྗེ་རིན་པོ་ཆེ་འདི་བ་སྐུ་སྐྱེ་ཕྱི་མ་དགའ་ལྡན་དུ་ཕེབས་པ་སོགས་ཀྱི་ལོ་རྒྱུས་མཁས་གྲུབ་ཐམས་ཅད་མཁྱེན་པས་རྗེ་རིན་པོ་ཆེ་ཉིད་ལ་ཇི་ལྟར་ལགས་ཞེས་ཞུས་པ་ན་རྗེ་རིན་པོ་ཆེའི་ཞལ་ནས་འདིའི་ཕྱི་མ་དགའ་ལྡན་དུ་འགྲོ་བ་འདི་ལ་རང་བླ་མ་དབུ་མ་བ་དང་བླ་མ་ཕྱག་རྡོར་བ་སོགས་མང་བོ་ཞིག་ཞལ་མཐུན་པར་འདུག་ཅེས་ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་ཐམས་ཅད་མཁྱེན་པ་ལ་གསུངས་སོ།
།དེ་དུས་རྗེ་རིན་པོ་ཆེ་རང་ཡང་ཅུང་ཟད་འཆད་ཉན་ལ་ཐུགས་བཞེད་ཆེ།
བླ་མ་དབུ་མ་བ་ཡང་དེ་དང་མཐུན་པས།
སྐུ་ན་ཚོད་ཤིན་ཏུ་གཞོན་ཞིང་མཁྱེན་རབ་དང་ཕན་འདོགས་ཤིན་ཏུ་ཆེ་བ་འདི་འདྲ་བ་ལ་ད་རུང་བཤད་ཉན་ངོས་མཛད་ན་བསྟན་པ་ལ་ཕན་ཐོགས་ཤིན་ཏུ་ཆེ་ཞིང་།
འཆད་ཉན་འཕེལ་བོ་འདི་འདྲ་བའི་འཕྲོ་ལ་བྱ་བྲལ་བྱོན་ན་ངེད་ལའང་སྐྱེ་བོ་རྣམས་ཀྱིས་ཁ་ཟེར་དུ་འོང་བས་རེ་ཞིག་འཆད་ཉན་མཛད་པས་ཆོག་པ་ཞིག་འཚལ་ཞེས་ཞུས་པས།
རྗེ་བཙུན་གྱི་ཞལ་ནས་བསྟན་པ་དང་སེམས་ཅན་ལ་གང་ཕན་ཁྱོད་ཀྱིས་མི་ཤེས།
ཁ་ཟེར་བ་ལ་བཟོད་པ་སྒོམས།
དབེན་པ་བསྟེན་ནས་ཐུགས་དམ་མ་བྱས་ན་སྐུ་ཚེ་རིང་བོ་མི་འོང་།
ཕན་འདོགས་ཀྱང་ལྟར་སྣང་ཞིག་ལས་མི་འོང་བས་བྱ་བྲལ་ལ་ཕྱིན་པ་འཐད་ཅེས་གསུངས་སོ། །
སྐྱིད་ཤོད་དགའ་བ་གདོང་དུ་བླ་མ་དབུ་མ་པ་དང་རྗེ་རིན་པོ་ཆེ་གཉིས་པོ་ལས་མེད་པའི་སྐུ་མཚམས་དམ་པོ་བཅད།
གཉིས་པའང་གཟིམ་ཁང་སོ་སོར་བྱས་ནས་གསོལ་ཇ་སོགས་ལ་འཚོག་པར་མཛད་ཅིང་།
གསོལ་ཇ་བཞེས་པའི་སྐབས་སུའང་བླ་མ་དབུ་མ་བས་ལོ་ཙཱ་མཛད་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་ཆོས་མང་དུ་གསན་ཞིང་དྲི་བ་དཔག་ཏུ་མེད་པ་མཛད།
དེ་དུས་ཐོག་མར་བླ་མ་དབུ་མ་བ་ལ་རྗེ་བཙུན་གྱིས་གནང་བའི་ཞི་གནས་ཀྱི་དམིགས་པ་གསན་ནས་སྒོམ་གྱིན་ཡོད་པ་ལ།
དོ་ཞག་རང་འདི་ལས་ཀྱང་རྗེ་བཙུན་འཇམ་པའི་དབྱངས་ཉིད་ལ་གསོལ་བ་བཏབ་ཅིང་བསྙེན་བསྒྲུབ་བྱས་ན་དེ་ངོས་དོན་ཆེ་བ་འདྲ་དགོངས་ནས་བླ་མ་དབུ་མ་བ་ལ་དེ་ལྟར་ཞུས་པས་དེ་བཞིན་མཛད་པས་ཆོག་ཅེས་གསུངས་ནས།
ཉིན་མཚན་དུ་བླ་མ་དང་རྗེ་བཙུན་ཐ་མི་དད་དུ་བྱས་པ་ལ་གསོལ་བ་བཏབ་ཅིང་བསྙེན་བསྒྲུབ་མཛད་པས།
ཞག་མང་བོ་མ་སོང་བ་ལ་ཉིན་གཅིག་དཀྱིལ་གྱི་ལྟེ་བའི་རྒྱ་ཁྱོན་འཚམ་པ་ཞིག་ཁ་དོག་རྒྱ་མཐིང་བཟང་བོས་ལེགས་པར་བྱུགས་པ་འདྲ་བ་ལ།
ཤིན་ཏུ་དྭངས་པ་བལྟ་བས་ཆོག་མི་ཤེས་པ་ཞིག་གི་དབྱིབས་ཤིན་ཏུ་ཟླུམ་པོར་འདུག་པའི་མཐའ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔ་བ་འཇའ་ཚོན་ལྟ་བུའི་དྲ་བས་འཁྲིགས་པའི་དབུས་ཀྱི་ལྟེ་བ་སྔོན་པོ་དེའི་རྒྱ་ཁྱོན་དང་འཚམ་པར།
རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་གུར་ཀུམ་མདོག་ཅན་བལྟ་བས་ཆོག་མི་ཤེས་པ་ཞིག་གི་སྐུའི་སྣང་བ་དངོས་སུ་གཟིགས།
དབུ་མ་བ་ལ་མ་ཞུས་ཀྱང་བླ་མ་དབུ་མ་བས་ཁྱེད་རང་ལའང་སྐུའི་སྣང་བ་ཡོད་པ་འདྲ་གསུངས་ནས་ཐིག་བྱུང་།
དེ་འདྲ་བའི་སྐུའི་སྣང་བ་དེ་ནམ་འདོད་རེས་ཀྱི་གསོལ་བ་བཏབ་པའི་དུས་ཕལ་ཆེར་དངོས་སུ་ནར་མར་འབྱུང་བ་ཞིག་དེ་ནས་བརྩམས་ཏེ་དུས་རྟག་ཏུ་ཡོད་ཅེས་ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་སྨྲ་བའི་ཉི་མ་ལ་ཤིན་ཏུ་གསང་བར་བྱས་ཏེ་གསུངས།
དེ་ཡང་རྗེ་རིན་པོ་ཆེ་འདིས་རྗེ་བཙུན་འཇམ་པའི་དབྱངས་དཔའ་གཅིག་དང་།
བླ་མེད་ལ་སོགས་པ་རྣམས་དང་།
བཀའ་སྡོད་གཤིན་རྗེ་ཆོས་ཀྱི་རྒྱལ་བོ་ཕྱི་ནང་གསང་གསུམ་ལ་སོགས་པ་རྣམས་ཀྱི་རྗེས་གནང་དང་བྱིན་རླབས།
ཏིང་ངེ་འཛིན་གྱི་དབང་བཞི་སོགས་ནི། རྗེ་བཙུན་འཇམ་པའི་དབྱངས་རང་ཉིད་ལ་གསན་ལ།
དེ་ཡང་དཔའ་གཅིག་གི་རྗེས་གནང་མཛད་པའི་རིང་ལ་རྗེ་བཙུན་ཡང་དཔའ་བོ་གཅིག་པ་རང་གི་སྐུའི་རྣམ་པར་ཡོད་པ་ལ་ནང་སྒྲུབ་དང་།
གསང་སྒྲུབ་སོགས་ཀྱི་དབང་མཛད་པའི་ཚེ་དཔའ་བོ་གཅིག་པ་དེ།
དེ་མ་ཐག་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པར་འགྱུར་འགྲོ་བ་དང་།
ཆོས་སྐྱོང་གི་རྗེས་གནང་མཛད་པའི་སྐབས་སུ།
དེ་མ་ཐག་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་འགྱུར་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་བོ་ལ་བཀའ་བསྒོ་བར་མཛད་པ་ལ་སོགས་པ་དེ་འདྲ་བའི་རྣམ་འཕྲུལ་ངོ་མཚར་བ་སྟོན་པར་མཛད་པར་གསུངས།
དེ་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བླ་མ་དབུ་མ་བ་ལ་གནང་བའི་ལས་ཚོགས་དང་།
དམིགས་པ་སྐྱོང་བའི་རིམ་པ་སོགས་མང་བོ་ཞིག་གི་ལུང་ནི་བླ་མ་དབུ་མ་པ་ཉིད་ལ་གསན་ནོ།
།དེ་ནས་སྒྲུབ་པ་ལ་འབྱོན་པའི་ཐུགས་ཐག་བཅད།
འཁོར་ཇི་ལྟ་བུ་འཁྲིད་རྗེ་བཙུན་ལ་ཞུས་པས་བླ་མ་འཇམ་དཔལ་རྒྱ་མཚོ་བ་སོགས་མདོ་ཁམས་པ་བཞི་དང་།
དབུས་པ་བཞི་སྟེ་བརྒྱད་པོ་དེ་འཁྲིད་པའི་གནང་བ་བྱུང་།
དེ་ནས་བླ་མ་དབུ་མ་བ་ལ་མདོ་ཁམས་ལ་འབྱོན་པའི་སྐྱེལ་མ་ལ་ལྷ་སར་བྱོན་དུས་ད་དཔོན་སློབ་རེ་ཞིག་མི་མཇལ་བས་གནས་བྱིན་རླབས་ཅན་འདིར་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་བཏབ།
ཉམས་ལེན་གྱི་གནད་བསྡུས་པའི་གདམས་པ་ཞིག་ཞུས་པ་དྲག་ཅེས་བཀའ་བགྲོས་ནས།
ལྷ་སའི་ཐོག་སྟེང་མ་རང་གི་ལྷོ་ཕྱོགས་ཀྱི་གསེར་ཕུབ་ཀྱི་བྱ་འདབས་འོག་དེར་མཆོད་པ་བཤམས།
གསོལ་བ་དྲག་ཏུ་བཏབ་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཉམས་ལེན་གྱི་གནད་བསྡུས་པའི་ཚིགས་སུ་བཅད་པ་འགའ་ཞིག་གསུངས།
རྗེ་བླ་མ་འདིས་དེ་ཀའི་དུས་སུ་གསུང་རིམ་བཞིན་ཡི་གེར་འགོད་པར་མཛད་དོ།
།དེའི་དུས་སུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུངས་པའི་མན་ངག་གི་རྩ་ཚིག་ཡི་གེར་འགོད་པར་མཛད་པ་ནི་བཀའ་འབུམ་ཐོར་བུར་གསལ་བ་ལྟར་རོ།
།གཞན་ཡང་གསུང་རབ་ཀྱི་གནད་དང་། དཔྱོད་པ་མཛད་པའི་སྒོ་བསྟན་པ་ལ་ཚད་མེད་དོ། །
དེའི་ཚེ་གཞན་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ནས།
ད་ཕྱིན་ཆད་བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་པ་ལ་གསོལ་བ་འདེབས་པ།
སྔར་བསགས་ཀྱི་སྡིག་ལྟུང་སྦྱོང་ཞིང་ཚོགས་རྒྱ་ཆེན་པོ་གོང་ནས་གོང་དུ་སྤེལ་བའི་བསག་སྦྱང་ལ་འབད་པ།
ཤིང་རྟ་ཆེན་པོ་རྣམས་ཀྱི་རིགས་པ་ལ་བརྟེན་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དོན་ལ་ཞིབ་ཏུ་དཔྱོད་པ་སུམ་སྒྲིལ་དུ་གྱིས་ལ་རྒྱུན་མ་ཆད་པར་ཉམས་སུ་ལོངས་དང་།
རིང་བོ་མི་ཐོགས་པར་ལྟ་བའི་གནད་མཐར་ཐུག་པ་དང་མདོ་རྒྱུད་ཀྱི་དོན་མཐའ་དག་ལ་མི་འཁྲུལ་བའི་ངེས་པ་རྙེད་པར་འགྱུར།
ད་ལྟ་ནས་བཤད་པ་བྱས་ཀྱང་ཕན་ཐོགས་ལྟར་སྣང་ལས་མི་འོང་བས་རེ་ཤིག་བྱ་བྲལ་བྱས།
དབེན་པ་བསྟེན་ནས་སྒྲུབ་པ་སྙིང་བོར་གྱིས་ཤིག་ཅེས་གསུངས་ཤིང་།
དམུ་རྒོད་གདུལ་དཀའི་སེམས་ཅན་འདི་རྣམས་ལ། །བཤད་པས་ཕན་ཐོགས་ཆེན་པོ་ག་ལ་འགྱུར།
།དེ་བས་སྒྲུབ་པ་ལྷུང་བླངས་དབེན་པ་སྟེན།
།རང་གཞན་གཉིས་ཀ་འཚེངས་པའི་ལམ་རྙེད་སྙམ།
།ཞེས་ནན་ཏན་དུ་གདམས་ཤིང་བསྐུལ་བར་མཛད་དོ། །དེ་ལྟར་བསྐུལ་བ་དང་།
རྗེ་འདི་ཉིད་ཀྱིས་ཀྱང་ཚུལ་དེ་ལེགས་པར་དགོངས་ནས་བྱ་བྲལ་མཛད་ཅིང་།
དབེན་པ་བསྟེན་ནས་སྒྲུབ་པ་སྙིང་བོར་མཛད་པ་ལ་ཐུགས་ཐག་བཅད་དོ།
།དེ་ནས་བླ་མ་དབུ་མ་བ་དེ་གའི་སྟོན་མདོ་ཁམས་ལ་འབྱོན་པར་ཆས།
རྗེའི་ཞལ་སྔ་ནས་ཀྱང་ལྷ་སར་སྐྱེལ་མ་ལ་བྱོན།
དཔོན་སློབ་གཉིས་ཀས་གསོལ་བ་དྲག་ཏུ་བཏབ།
ལྷ་སའི་སྒོ་ཁང་སྟེང་གི་གཙུག་ལག་ཁང་དུ།
བླ་མ་དབུ་མ་བ་ལ་རྗེ་འདིས་དཔལ་གསང་བ་འདུས་པ་མི་བསྐྱོད་པའི་དབང་བཞི་རྫོགས་པར་གནང་།
དེ་ནས་རྗེ་རིན་པོ་ཆེས་སྐྱོར་མོ་ལུང་དུ་ཕེབས།
སྟོན་མཇུག་དེ་ཆོས་མང་དུ་གསུངས། དགུན་ལ་ཉེ་བ་སྤྲེའུའི་ལོ་ཟླ་བ་བཅུ་བ་ལ་བབ་པ།
དགུང་ལོ་སུམ་ཅུ་རྩ་དྲུག་པ་ལ་སྐྱོར་མོ་ལུང་ནས་ཕྱགས་བཏེགས།
སློབ་དཔོན་རིན་པོ་ཆེ་འཇམ་དཀར་བ་ཞེས་གྲགས་པ་དཔལ་ལྡན་བཟང་བོ་དང་།
རྟོགས་ལྡན་བྱང་སེང་བ། གནས་བརྟན་རིན་ཆེན་རྒྱལ་མཚན་པ།
གནས་བརྟན་བཟང་སྐྱོང་བ་སྟེ་དབུས་པ་བཞི། བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བ།
དགེ་བཤེས་ཤེས་རབ་གྲགས། དགེ་བཤེས་འཇམ་དཔལ་བཀྲ་ཤིས།
དགེ་བཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་དང་བཅས་པ་ཕྱགས་ཕྱིར་ཁྲིད། དེ་གོང་ནས།
གཞིས་ཁ་སྣེའུ་རྫོང་བས་ཞབས་ཏོག་ལེགས་པོ་མཛད་ཀྱིན་ཡོད་ཅིང་།
དེ་དུས་ཀྱང་ཁོང་གིས་ཞབས་ཏོག་བསྒྲུབས་ཏེ་དཔོན་སློབ་དགུས་གཞུང་ཀོ་མཛད་ནས་བྱ་བྲལ་ལ་བྱོན་ཏེ་འོལ་ཁར་ཕེབས།
དེའི་དགུན་དཔྱིད་རྣམས་འོལ་ཁ་ཆོས་ལུང་དུ་བཞུགས་ཤིང་།
དེ་ནས་བཟུང་སྟེ་འོལ་ཁ་བ་ཡབ་སྲས་རྣམས་ཀྱིས་དད་པ་ཆེན་པོས་སྦྱིན་བདག་མཛད་དེ་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབས།
འོལ་ཁ་ཆོས་ལུང་དུ་བཞུགས་རིང་ལ་ཡང་ཐོག་མར་བསག་སྦྱང་གནད་ཆེ་བར་དགོངས་ཏེ་དཔོན་སློབ་ཐམས་ཅད་ཀྱིས་སྟོབས་བཞི་ཚང་བའི་བསག་སྦྱང་ལ་ཤིན་ཏུ་འགྲུས་པར་མཛད།
རྗེ་རིན་པོ་ཆེ་ཉིད་ཀྱིས་ཀྱང་ལྟུང་བཤགས་བརྒྱ་ཕྱག་དང་བཅས་པ་དང་།
ཕྱག་སོར་གྱི་རྩེ་མོ་རྣམས་སེར་ཁར་སོང་གི་བར་དུ་མཎྜལ་འབུལ་བ་སོགས་ལ་དཔག་པར་དཀའ་བའི་བརྩོན་པ་དྲག་པོ་མཛད་ཅིང་།
དགེ་བའི་བཤེས་གཉེན་གྲོ་ལུང་བ་ཆེན་པོའི་གསུང་ལས།
མདོ་སངས་རྒྱས་ཕལ་པོ་ཆེ་འདི་མ་འགྱུར་ན་བོད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པ་ལ་སློབ་ཚུལ་ཇི་ལྟར་བྱེད་དམ་ཞེས་འབྱུང་བ་ལྟར་དུ།
སངས་རྒྱས་ཕལ་པོ་ཆེ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་སྟོན་པའི་མདོ་སྡེ་རྣམས་ལ་གཟིགས་རྟོག་ཞིབ་པར་མཛད་དེ་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཡོངས་སུ་རྒྱས་པར་བྱེད་པའི་ཐབས་རྨད་དུ་བྱུང་བ་བྱང་ཆུབ་སེམས་དཔའི་སྙིང་སྟོབས་དཔག་པར་དཀའ་བས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་ཤིན་ཏུ་ཆེ་ཞིང་རྣམ་པ་མཐའ་ཡས་པ་རྣམས་ལ་སྔར་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སློབ་པ་དང་།
སློབ་པར་འགྱུར་བའི་ཚུལ་མདོ་སྡེ་མཐའ་ཡས་པ་ནས་གསུངས་པ་དེ་རྣམས་ལ།
བདག་ཉིད་ཀྱང་ད་ལྟ་ནས་དེ་ལྟ་བུའི་ཚུལ་ལ་འཇུག་པ་ལ་ཞུམ་པ་གཏན་མི་སྐྱེ་ཞིང་།
སྤྲོ་དགའ་ཤུགས་དྲག་པོས་འཇུག་པར་བྱ་བའི་ཆེད་དུ་མདོ་སྡེ་ནས་འབྱུང་བའི་རྒྱལ་སྲས་ཀྱི་སྙིང་སྟོབས་དང་སྤྱོད་པ་གང་རླབས་ཆེ་ཆེ་རྣམས་ལ་རེ་རེ་ནས་དམིགས་ཕུག་གིན་ཐུགས་སྦྱོང་བའི་དམིགས་རྣམ་ནར་མར་བསྟེན་པས་དང་བོ་ཞིག་ཅུང་དཀའ་ཙམ་བྱུང་ཡང་།
ཕྱིས་ལེགས་པར་གོམས་ནས་འབད་རྩོལ་མི་དགོས་པར་རང་ཤུགས་ཀྱིས་རྒྱལ་སྲས་ཀྱི་སྙིང་སྟོབས་དང་སྤྱོད་པ་རྨད་དུ་བྱུང་བ་ཇི་འདྲའི་དཔག་དཀའ་བ་ཞིག་ལའང་ཞུམ་པ་ནམ་ཡང་མི་སྐྱེ་ཞིང་།
སྤྲོ་དགའ་ཤུགས་དྲག་པོས་ངང་གིས་འཇུག་པ་ཞིག་བྱུང་ཞེས་རྗེ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་སྨྲ་བའི་ཉི་མ་ལ་གསུངས་སོ།
།དེ་ལྟར་འོལ་ཁ་ཆོས་ལུང་དུ་རྗེ་རིན་པོ་ཆེ་འཁོར་དག་པ་རྣམ་བརྒྱད་དང་བཅས་པས་བསག་སྦྱང་རླབས་ཆེན་པོ་ལ་འབད་པའི་ཚེ་རྗེ་འདིས་ལྟུང་བཤགས་དང་བརྒྱ་ཕྱག་སྦྲགས་ནས་མཛད་རེས་ཀྱི།
སངས་རྒྱས་སུམ་ཅུ་རྩ་ལྔའི་སྐུའི་སྣང་བ་དངོས་སུ་གཟིགས་པ་ནར་མར་བྱུང་།
དེའི་ཚེ་རྗེ་བཙུན་བྱམས་པ་མགོན་པོ་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་རིན་པོ་ཆེའི་རྒྱན་དང་ཆོས་འཆད་ཀྱི་ཕྱག་རྒྱས་མེ་ཏོག་གི་སྡོང་བུ་བསྣམས་པ།
རིན་པོ་ཆེའི་ཁྲི་ལ་སྐྱིལ་ཀྲུང་གིས་བཞུགས་པ་དེ་འདྲ་བའི་སྐུ་ཤིན་ཏུ་ཆེ་བ་དང་།
རྒྱལ་བ་སྨན་གྱི་བླ་བླ་གོས་སེར་བོ་མནབས་པ་དང་།
རྗེ་བཙུན་བྱམས་མགོན་བཟང་བོའི་འདུག་སྟངས་མཛད་པ་རབ་བྱུང་གི་ཆ་བྱད་ཅན་སྣམ་སྦྱར་གསོལ་བ་ཕྱག་གིས་ཀླུ་ཤིང་གི་སྡོང་བུ་རིལ་པས་མཚན་པ་འཛིན་པ་དེ་འདྲ་བ་དང་།
གཞན་ཡང་རྒྱལ་བ་ཚེ་དཔག་ཏུ་མེད་པ་སོགས་སངས་རྒྱས་བྱང་སེམས་མང་བོའི་སྐུའི་སྣང་བ་གཟིགས་པ་མང་དུ་བྱུང་།
འདི་རྣམས་ཉམས་སྣང་ཡིན་པས་ངེས་པ་ཆེར་མེད་དགོངས་ནས་དེ་ཙམ་དུ་ཆེད་ཆེར་མ་མཛད་ནའང་།
བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བ་ལ་རྗེ་བཙུན་གྱི་སྐུ་དང་གསུང་གི་སྣང་བ་དངོས་སུ་བྱུང་བ་འཁྲུལ་མེད་ཅིག་ཡོད་པས།
ཁོང་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་གསུང་ནས་རྗེ་ལ་གཟིགས་སྣང་བྱུང་བ་དེ་རྣམས་ཉམས་སྣང་རང་དགའ་བ་མིན་པས་གསོལ་བ་དྲག་ཏུ་ཐོབས
ཕྱིས་རྟེན་འབྲེལ་ཁྱད་པར་ཅན་ཡོད་པ་ཡིན་གསུང་བ་བྱུང་འདུག་གསུངས་སོ།
།རྟོགས་ལྡན་པའི་སྣང་བ་དེ་ལའང་རྗེའི་དྲུང་ནས་བརྟག་དཔྱད་མང་དུ་མཛད་ཅིང་།
ཆོས་ཀྱི་གནད་ཟབ་མོ་དྲིས་པ་རྣམས་ཕལ་ཆེར་འཕྱུག་མེད་དུ་འོང་བར་འདུག་པས་ཐུགས་ལེགས་པར་ཆེས་སོ།
།དེ་ནས་རྗེ་རིན་པོ་ཆེ་འཁོར་བཅས་ཀྱིས་རྫིང་ཕྱིའི་ཇོ་བོ་བྱམས་པ་མཇལ།
མཆོད་པ་དང་སྨོན་ལམ་རླབས་པོ་ཆེ་མང་དུ་མཛད།
དེ་ནས་དྭགས་པོ་སྨན་ལུང་གི་རྒྱ་སོག་ཕུར་བྱོན་དགུན་གྱི་རིང་དེར་བཞུགས་ཐུགས་དམ་ཤིན་ཏུ་འཕེལ་ཞིང་ཡོན་ཏན་གྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་མང་དུ་བརྙེས་ཏེ་དེ་དུས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ཤིན་ཏུ་ཆེ་བ་གཟི་བརྗིད་ཕུན་སུམ་ཚོགས་པ་ཞིག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་བ་དང་།
འཕགས་པ་ཀླུ་སྒྲུབ། ཨཱརྱ་དཱེ་བ། སངས་རྒྱས་བསྐྱངས། ཀླུ་བྱང་། ཟླ་བ་གྲགས་པ།
ཐོགས་མེད་སྐུ་མཆེད། ཕྱོགས་གླང་། ཆོས་གྲགས། ཡོན་ཏན་འོད་དང་ཤཱཀྱ་འོད།
ལྷ་དབང་བློ། རྒྱན་མཁན་པོ། ཀ་མ་ལ་ཤཱི་ལ།
ཨ་བྷྱ་ཡ་ལ་སོགས་པའི་པཎྜི་ཏ་དུ་མ་དང་། རྒྱལ་བོ་ཨིནྡྲ་བོ་དྷི།
བྲམ་ཟེ་ཆེན་པོ་ས་ར་ཧ། ལཱུ་ཨི་པ། དྲིལ་བུ་བ།
ནག་པོ་སྤྱོད་པ་ལ་སོགས་པའི་གྲུབ་ཆེན་དུ་མའི་སྐུའི་སྣང་བ་དངོས་སུ་གཟིགས།
ཉམས་སྣང་ལ་གཏད་པ་མེད་ལས་ཆེ་དགོངས་པས།
རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སྔར་བཞིན་ཉམས་སྣང་རང་དགའ་བ་མིན་པས་གསོལ་བ་དྲག་ཏུ་ཐོབས།
འདི་རྣམས་ཀྱི་གཞུང་ལ་བརྟེན་ནས་རང་གཞན་ལ་ཕན་ཐོགས་རྒྱ་ཆེན་པོ་འོང་བའི་རྟེན་འབྲེལ་ཡིན།
ཞེས་གསུངས་སོ། །
དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཞལ་ཕྱག་ཡོངས་སུ་རྫོགས་པ་ཤིན་ཏུ་ཆེ་བ་གཟི་བརྗིད་བཟོད་པར་དཀའ་བ་ཞིག་ཞལ་གཟིགས།
དེ་དུས་ནས་འཇིགས་བྱེད་ཀྱི་བདག་འཇུག་ཉིན་རེ་བཞིན་མཛད་པ་ནམ་ཡང་འཆག་མེད་དུ་མཛད་དོ།
།ཡང་དེར་སྔར་དང་འདྲ་བའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུའི་སྣང་བ་དངོས་སུ་གཟིགས་པའི་ཐུགས་ཀའི་ནང་ན་ཕར་རལ་གྲིའི་ཡུ་བ་ཟུག་ཅིང་རྗེའི་ཐུགས་ཀར་རྩེ་མོ་ཟུག་པ་ལ།
བདུད་རྩིའི་རྒྱུན་ཁ་དོག་དཀར་སེར་ཤིན་ཏུ་སྣུམ་པ་འོད་ཀྱི་ཆུ་རྒྱུན་འདྲ་བ་ཞིག་རྗེ་བཙུན་གྱི་ཐུགས་ཀ་ནས་རལ་གྲིའི་སྟེང་ལ་བརྒྱུད་དེ་ནར་རེ་བྱུང་ནས་རྗེའི་ཐུགས་ཀར་ཞུགས་པས་སྐུའི་ནང་ཐམས་ཅད་བདེ་བ་ཆེན་པོ་དཔག་ཏུ་མེད་པས་གང་བ་བརྗོད་པར་མི་ནུས་པ་ཞིག་འཁྲུངས།
དེ་དུས་ངོ་མཁྱེན་པ་དང་མི་མཁྱེན་པའི་འཁོར་དུ་མ་ཁ་གདངས་ནས་བཟེད་འདུག་པས།
འགའ་ཞིག་གི་ཁར་མང་དུ་འགྲོ་ཞིང་། འགའ་ཞིག་གི་ཁར་ཉུང་ཟད་རེ་དང་།
འགའ་ཞིག་གིས་ཁ་གདངས་ཀྱང་ཅུང་ཟད་ཀྱང་མི་འགྲོ་བ་དེ་འདྲའང་འདུག་གསུངས་སོ།
།མདོར་ན་གནས་དེར་དེ་འདྲ་བའི་དག་པའི་སྣང་བ་དང་ཐུགས་རྒྱུད་ལ་མངོན་པར་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཞིག་འཁྲུངས་སོ།
།དེ་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྫིང་ཕྱིའི་གཙུག་ལག་ཁང་ལ་གཞི་གསོ་མཛད་ན་བསྟན་པར་ཕན་ཆེ་ཞེས་བསྐུལ་བ་ལ་བརྟེན་ནས་རྫིང་ཕྱིའི་གཙུག་ལག་ཁང་ལ་ཞིག་གསོ་མཛད་པར་བརྩམས་སོ།
།
དེ་ཡང་རྫིང་ཕྱིའི་གཙུག་ལག་ཁང་དེ་སྔོན་གར་མི་ཡོན་ཏན་གཡུང་དྲུང་གིས་བཞེངས་པ།
ཇོ་བོ་བྱམས་པའི་སྐུ་ལི་ཁྲ་མི་ཚད་ལྷག་ཙམ་ཤིན་ཏུ་བྱིན་རླབས་ཆེ་ཞིང་ངོ་མཚར་བ་བཞུགས་པ་ཕུལ་དུ་བྱུང་བ་ཞིག་འདུག་ནའང་།
ཕྱིས་ལྷ་རིས་ཐམས་ཅད་ཉམས་ཤིང་གོགས།
ཇོ་བོའི་སྐུ་དེ་ཡང་རྡུལ་ཁྲོད་ན་འོ་བརྒྱལ་ཞིང་།
སྐུ་ལ་བྱ་ཐལ་སོགས་མི་གཙང་བས་གོས་པར་གྱུར་པ་གཟིགས་པས་ཐུགས་ཀྱིས་མ་བཟོད་པར་སྤྱན་ཆབ་བྱུང་ཞིང་།
དེའི་ཞིག་གསོས་མཛད་པར་དགོངས་ནས་འོལ་ཁ་སྟག་རྩེ་བ་ལ་ཞག་ཏ་གནང་སྟེ།
རྩིག་པ་དང་ཐོག་དང་ཞལ་བ་སོགས་འཆོས་དགོས་རྣམས་ཁོང་གིས་ལེགས་པར་བསྒྲུབས་ཤིང་།
དེ་ནས་ལྡེབས་བྲིས་རྣམས་དཔོན་སློབ་རྣམས་རང་གིས་ཆ་རྐྱེན་དང་ཞལ་ཏ་མཛད་ནས་སྒྲུབ་པར་བརྩམས་པའི་ཚེ།
དཔོན་སློབ་བཅུ་གཉིས་ཡོད་པའི་ཕྱག་རྫས་གཏོར་ཆ་སོགས་གང་ཡོད་ལ་རིན་བཏབ་པས་ཞོ་བཅུ་གཉིས་ལས་མ་བྱུང་བས་ཇི་ལྟར་མཛད་ཀྱི་རྔོ་མ་ཐོགས་པ་ལ།
རྣམ་སྲས་ཀྱི་འཛིན་གཏོར་ཞིག་བཅས་ནས་འཕྲིན་ལས་འཆོལ་བར་དགོངས་པའི་ཚེ་མར་མེད་པ་ལ་བཙུན་པ་ཞིག་གིས་མར་གྲོད་བུ་གང་ཕུལ།
དེ་ལ་མར་གྱི་འཛིན་གཏོར་བཅས་ནས་འཕྲིན་ལས་བཅོལ་བས་དེའི་སང་ཉིན་རང་ལ་འབྲོག་པ་འགས་མར་ཐུད་མང་བོ་བཀལ་བྱུང་སྟེ་ཕུལ།
དེ་ནས་བཟུང་སྟེ་འབུལ་བ་མང་བོ་རིམ་པ་བཞིན་བྱུང་བས་ཡོ་བྱད་ཀྱིས་མ་འཐོགས།
འདིར་མ་ཟད་ཆོས་ལྡན་གྱི་དགོས་པ་ཁྱད་པར་ཅན་གཟིགས་པའི་སྐབས་གཞན་དུའང་རྣམ་སྲས་ལ་མར་གྱི་གཏོར་མ་དང་བཅས་ཏེ་འཕྲིན་ལས་བཅོལ་བས་ཡོ་བྱད་དཔག་ཏུ་མེད་པ་གློ་བུར་དུ་བྱུང་བའི་ལོ་རྒྱུས་མང་དུ་ཡོད་དོ།
།དེ་ནས་ཡར་ཀླུང་ཕྱོགས་ནས་ཀྱང་ལྷ་བཟོ་བ་ཚོན་རྩི་ཁྱེར་ནས་རི་མོའི་དད་བླངས་ལ་འོངས་པའང་མང་དུ་བྱུང་ངོ་།
།
དེ་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་བཙུན་བྱམས་མགོན་གྱི་བསྟོད་པ་རིན་ཆེན་གསལ་བའི་སྒྲོན་མེ་ཞེས་བྱ་བ་རྗེ་བཙུན་བྱམས་མགོན་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་བ་ལ་གཞི་གྱིས་ལ་རྩོམས་གསུངས་པ་ལ་བརྟེན་ནས་རྗེ་བཙུན་བྱམས་མགོན་གྱི་བསྟོད་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་མཛད་ཅིང་།
དེ་བཞིན་དུ་བདེ་བ་ཅན་དུ་སྐྱེ་བ་འཛིན་པའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད་དང་།
རང་ཉིད་མ་འོངས་པ་ན་གང་དུ་སྤྲུལ་བའི་སྐུར་འཚང་རྒྱ་བའི་མཛད་པ་སྟོན་པའི་ཞིང་ཡོངས་སུ་གཟུང་བའི་སྨོན་ལམ་ཡང་རྗེ་བཙུན་གྱི་གསུང་གིས་བསྐུལ་ནས།
དོན་གྱི་ངོ་བོ་དང་གོ་རིམ་སོགས་རྗེ་བཙུན་གྱིས་གསུངས་པ་ངེད་ཀྱི་ཚིག་སྦྱོར་གྱིས་བསྒྲིགས་པ་ཡིན་ནོ་གསུངས།
དེའི་ཚེ་ལྷ་བཟོ་བ་རྣམས་ཀྱང་བསྙེན་གནས་དང་གསོ་སྦྱོང་གི་སྡོམ་པ་ལ་བཀོད་ནས་འདྲིར་འཇུག་པ་དང་།
ལས་བྱེད་པའི་མི་ཕལ་བ་རྣམས་ཀྱང་ཐ་མལ་བའི་ཚིག་སྨྲ་བ་སྤངས་ནས་སྨོན་ལམ་གྱི་ཚིགས་སུ་བཅད་པ་སོགས་ཤས་ཆེར་ཁ་ཏོན་དུ་བྱེད་པས་ལས་སྒྲུབ་པ་ལ་གཞོལ་བར་མཛད་ལ།
དེའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་བཀོད་བཞེངས་པའི་སྐྱ་རིས་བཏབ་ཚར་བ་དེ་ལ་རབ་གནས་ཤིག་མཛད་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དངོས་སུ་བྱོན་ནས་ཐིམ་སོང་བའི་གཟིགས་སྣང་བྱུང་ཞིང་སངས་རྒྱས་སུམ་ཅུ་རྩ་ལྔའི་སྐུ་འདྲི་བར་བརྩམས་པ་ལ།
ལྷ་བཟོ་བ་རྣམས་ཀྱིས་སྐུ་མདོག་ཕྱག་རྒྱ་སོགས་ཇི་ལྟར་འདྲི་བའི་གོ་རིམ་དང་མཐུན་པར་རྒྱལ་བ་སུམ་ཅུ་རྩ་ལྔའི་སྐུ་རིམ་བཞིན་གཟིགས་པའི་གཟིགས་སྣང་བཞིན་དུ་སྐུ་མདོག་སོགས་འདི་ལྟར་བྲིས་ཤིག་ཅེས་ཞལ་ཏ་གནང་ནས་འདྲིར་བཅུག
དེར་མ་ཟད་ཞིང་བཀོད་གཞན་རྣམས་ལའང་རབ་གནས་ཀྱི་དུས་སུ་ཡེ་ཤེས་པ་དགུག་གཞུག་མཛད་པ་ན་ལྷ་དེ་དང་དེའི་རྣམ་པ་རེ་ཐིམ་སོང་བའི་སྣང་བ་མ་བྱུང་བ་མེད་ཅེས་གསུང་ངོ་།
།ཞིང་བཀོད་རེ་བྲིས་ཚར་རིམ་གྱིས་རབ་གནས་མཛད་དེ།
མར་མེ་ཕུལ་བ་ལ་མ་བཟུང་བ་གཅིག་ཀྱང་མ་བྱུང་།
དེ་ལྟར་རི་མོ་རྣམས་ལེགས་པར་གྲུབ་ནས།
འཇམ་དཔལ་གསང་ལྡན་གྱི་དཀྱིལ་འཁོར་བཞེངས་ཏེ།
རྗེ་ཉིད་ཀྱིས་རབ་ཏུ་གནས་པ་རྒྱས་པར་མཛད་ཅིང་།
དེའི་ཚེ་སློབ་མ་སྐལ་ལྡན་བཅུ་ལྷག་པ་ཞིག་ལ་གསང་ལྡན་གྱི་དབང་ཡང་གནང་ལ།
རབ་སྟོན་མཛད་པའི་སྐབས་སུ་གདན་ས་ཕན་ཚུན་གྱི་མདོ་སྨད་པ་སོགས་ཀྱིས་གོས་དར་སོགས་འབུལ་བ་མང་དུ་བྱུང་བས་རྟེན་འབུར་དུ་དོད་པ་རྣམས་ཀྱི་ན་བཟའ།
ལོགས་བྲིས་ཐམས་ཅད་ལ་ཞལ་ཁེབས་དང་བཅས་པ་ལེགས་པར་གྲུབ་བོ།
།དེའི་ཚེ་རབ་གནས་དངོས་གཞིའི་ཉིན་ཐུགས་དམ་ནར་མར་མཛད་པ་དང་།
ལས་བྱེད་དང་བྱ་བའི་དུས་ཚིགས་འཛིན་པ་མང་བོ་ཞིག་གི་ཐུགས་དམ་དང་བྱ་བ་སོགས་སྔར་ལས་ཆེས་སྔ་བའི་ཚོད་ལ་ཟིན་ནས་འདི་ཅི་ཞིག་སྙམ་དུ་གྲིབ་ཚད་བཙུགས་ཤིང་ཞིབ་ཏུ་བརྟགས་པས།
དེ་ཉིན་ཉི་མ་ཚད་ལས་ཆེས་རིང་དུ་གྱུར་པ་ཞིག་ཀུན་གྱི་མཐུན་སྣང་དུ་བྱུང་ངོ་།
།གཞན་ཡང་འགའ་ཞིག་གི་རྨི་ལམ་ན་མཁའ་འགྲོས་རི་མོ་འདྲི་བ་མཐོང་བ་དང་།
ལྷོ་བྲག་མཁན་ཆེན་ཕྱག་རྡོར་བའི་གཟིགས་སྣང་ལ།
སངས་རྒྱས་རབས་བདུན་ནམ་མཁའ་ལ་བྱང་ཕྱོགས་སུ་འབྱོན་པ་གཟིགས།
གང་དུ་བཞུད་ཅེས་གསོལ་བས་རྫིང་ཕྱིའི་རབ་གནས་ལ་སྤྱན་འདྲེན་གྱིན་འདུག་ཅེས་གསུང་བའི་ཚེ་གྲངས་དང་རབ་གནས་མཛད་པའི་ཚེས་གྲངས་གཉིས་ཕྱིས་བརྩིས་པས་མཐུན་པར་བྱུང་ངོ་།
།
དེ་ནས་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་པས་འདིར་ཅིག་ཅི་ནས་ཕྱགས་ཕེབས་པ་ཞུ།
བཀའ་འདྲི་ཞུ་བའི་འདོད་པ་ཡང་ཡོད།
སྐུ་ཚེ་བསྲིང་བའི་རྟེན་འབྲེལ་སྒྲིག་པ་སོགས་ཀྱི་སྙན་བསྐུལ་འདྲ་ཡང་འབུལ་བ་ལགས།
ཞེས་པའི་གསུང་ཡིག་ནན་ཆེར་བྱུང་ཞིང་རྗེ་རང་ཉིད་ཀྱང་ལྷོ་བྲག་མཁན་ཆེན་གྱི་དྲུང་ནས་བཀའ་གདམས་གདམས་ངག་པ་ནས་བརྒྱུད་པའི་ལམ་རིམ་གྱི་ཁྲིད་སོགས་ཆོས་བཀའ་
ཅི་རིགས་གསན་པར་བཞེད་ནས་ལྷོ་བྲག་བྲའོ་དགོན་པར་བྱོན།
དེའི་ཚེ་ལྷོ་བྲག་མཁན་ཆེན་དང་རྗེ་རིན་པོ་ཆེ་གཉིས་ཀ་ལ་དག་པའི་གཟིགས་སྣང་ངོ་མཚར་བ་མང་དུ་བྱུང་བ་ནི་ལྷོ་བྲག་མཁན་ཆེན་གྱི་ཞལ་ནས་བདག་གིས་ལོ་བདུན་ཅུ་ལོན་དུས་ལྷ་མོ་དཀར་མོ་ཞིག་ན་རེ་བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ།
ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པ་ཕུན་སུམ་ཚོགས་པ་ཞིག་དང་སྐྱེ་བ་བཅོ་ལྔའི་གོང་ནས་འབྲེལ་བ་ཡོད་ཅིང་།
ཕན་ཚུན་དཔོན་སློབ་ཏུ་འབྲེལ་བ་ཞིག་འོང་བ་ཡོད་པས།
དེ་ལ་ཆོས་བཀའ་ལ་བསྲིས་མ་འཇུག་པར་བྱིན།
ཕར་ཡང་ཆོས་ཞུས་ཟེར་བ་ཅིག་བྱུང་བས་བདག་མོས་གུས་དཔག་ཏུ་མེད་པ་སྐྱེས་སོ། །
ཡང་ལན་ཅིག་མགོན་པོ་བྱམས་པ་འབྱོན་གྱིན་ཡོད་ཟེར་བའི་སྐད་ལྷང་བ་ཅིག་བྱུང་།
དེ་དུས་ཆོས་རྗེ་དཀའ་བཞི་བ་རྒྱ་མོ་རི་འཕྲེད་ལ་ཕེབས་པའི་ཚོད་དུ་འདུག
བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་དྲུག་པའི་ཚེས་བཞིའི་ཉིན་ལྷོ་བྲག་སྒྲོ་བ་དགོན་པར་ཕྱགས་ཕེབས་བྱོན་པ་བདག་གིས་བསུ་བ་ལ་ཕྱིན་པས།
རྗེ་བཙུན་འཇམ་དབྱངས་འོད་ཀྱི་དྲ་བས་མཛེས་པ་ཞིག་ཕེབས་བྱུང་བར་མཐོང་།
རྗེ་ཙོང་ཁ་བས་བདག་ཕྱག་ན་རྡོ་རྗེར་དངོས་སུ་གཟིགས་ཤིང་།
དེའི་གསུས་པའི་དཀྱིལ་འཁོར་ཤིན་ཏུ་ལྡིར་ཞིང་བཻ་ཌཱུརྱ་ལྟར་དྭངས་པ་སྦྲུལ་སྔོ་ཕྲས་སྤྲས་པ་གཟིགས་འདུག
དེ་ནི་སྔར་ལས་ཀྱང་གདུལ་བྱ་འཕྲིན་ལས་རྒྱས་སུ་འགྲོ་བའི་བརྡ་ཡིན།
དེའི་ནུབ་མོ་རྗེ་ཙོང་ཁ་བས་བླ་མའི་རྣལ་འབྱོར་ཞིག་ཞུ་གསུང་།
བདག་གིས་བླ་མའི་རྣལ་འབྱོར་ཞིག་ཕོག་པས།
ཕྱག་ན་རྡོ་རྗེ་བྱོན་ནས་རྗེ་ཙོང་ཁ་བ་ལ་ཐིམ་སོང་།
ཡང་ཚེས་བཅོ་ལྔའི་ཐོ་རངས་བྱམས་པ་ཉིད་ལ་བསླབ་བཏུས་ཞུས་ཟེར་བ་ཞིག་བྱུང་།
རྗེ་ཙོང་ཁ་བ་ལ་བསླབ་བཏུས་གསུང་བར་ཞུ་ཞུས་པས།
རྗེ་ཙོང་ཁ་བས་ཡི་དམ་ལྷ་དེ་སྐད་གསུང་ངམ་གསུངས།
གསུང་ལགས་ཞུས་པས་བསླབ་བཏུས་གསུངས།
ཆོས་ཉན་དུས་མཐོང་སྣང་ལ་རྗེ་ཙོང་ཁ་བའི་དབུའི་སྟེང་ན་རྗེ་བཙུན་བྱམས་པ་བཞུགས།
དཔུང་བ་གཡས་ན་འཇམ་དབྱངས་དཀར་བོ། གཡོན་ན་ལྷ་མོ་དབྱངས་ཅན་མ་བཞུགས་འདུག
མགོན་པོ་ཕྱག་བཞི་བ་དང་ཕྱག་དྲུག་པས་གཙོ་བྱས་པའི་ཆོས་སྐྱོང་དང་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་འདུག་གོ
།གཞན་ཡང་དཀར་ཕྱོགས་ལ་དགའ་བའི་ལྷ་འདྲེའི་ཚོགས་མང་བོ་ཆོས་ཉན་ཞིང་འདུག་པས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས་སོ།
།སོ་སོ་འབྲང་མའི་དབང་དང་སེམས་བསྐྱེད་ཀྱང་ཞུས་སོ།
།རྗེ་ཙོང་ཁ་བས་བདག་ལ་ཚུར་ཆོས་ཞུས་པ་ལ་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབ་གཉིས་ཀྱི་ཁྲིད།
ཕྱག་ན་རྡོ་རྗེས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ལུང་རྗེས་གནང་།
ཕྱག་རྡོར་སྐུ་ལྔའི་རྗེས་གནང་། ཞུ་ལན་རྡོ་རྗེ་ཕྲེང་བ།
ཞུ་ལན་གཅེས་ཕྲེང་གི་ལུང་རྗེས་གནང་།
ཕྱག་ན་རྡོ་རྗེ་ཁྱུང་ལྔའི་དབང་དང་རྗེས་གནང་། དྲེགས་པ་ཀུན་འདུལ་གྱི་དབང་།
རྟ་མགྲིན་དཔའ་བོ་གཅིག་པ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་སོགས་བྱས་པའི་དུས།
རྗེས་གནང་དང་དབང་གི་བྱ་བ་ཌཱ་ཀཱི་རྣམས་ཀྱིས་བྱེད་པ་དང་།
བདུད་རྩི་ཀཱ་པ་ལ་གང་རྗེ་ཙོང་ཁ་བ་ལ་ཕུལ་བས་དེར་ལྦུ་བ་ཤར་བའི་ནང་དུ་འཇམ་དབྱངས།
ཛམ་ལྷ་རྣམ་སྲས་རྣམས་རེ་རེ་བཞུགས་པ་གཟིགས་ཤིང་རྟགས་ངོ་མཚར་ཅན་མང་ཞིག་བྱུང་སྟེ་བཤད་ཀྱིས་མི་ལང་ངོ་ཞེས་གསུངས།
དེ་དུས་རྗེ་རིན་པོ་ཆེས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་དགེ་བའི་བཤེས་གཉེན་སྤྱན་སྔ་པ་ནས་བྱ་ཡུལ་བ་ལ་བརྒྱུད་པ་དང་དགོན་པ་བ་ནས་སྣེའུ་ཟུར་བ་ལ་བརྒྱུད་པའི་བཀའ་གདམས་གདམས་ངག་པའི་ལམ་རིམ་གྱི་ཁྲིད་རྒྱས་པར་གསན་ཏེ་ལྷོ་བྲག་མཁན་ཆེན་ལ།
སྤྱ་སྔ་བ་ནས་བྱ་ཡུལ་བ་ལ་བརྒྱུད་པ་དང་།
དགེ་བཤེས་དགོན་པ་བ་ནས་སྣེའུ་ཟུར་བ་ལ་བརྒྱུད་པའི་ལམ་རིམ་གཉིས་ཀ་མངའོ།
།ལྷོ་བྲག་མཁན་ཆེན་པ་དེ་ནི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རྒྱུན་དུ་རྗེས་སུ་བཟུང་སྟེ་བྱ་བ་ཐམས་ཅད་གསང་བདག་ལ་ཞུས་ཏེ་བྱེད་པ་ཞིག་ཡིན་པས་ལྷོ་བྲག་གྲུབ་ཆེན་ཞེས་གྲགས་ཤིང་།
ལྷོ་བྲག་ཕྱག་རྡོར་བ་ཞེས་ཀྱང་གྲགས་སོ།
།དེ་ལྟ་བུའི་བླ་མ་བདག་ཉིད་ཆེན་པོ་དེས་རྗེ་རིན་པོ་ཆེ་འདིའི་རྣམ་ཐར་ལ་ཡིད་ཆེས་ཀྱི་དད་པ་ཐོབ་སྟེ་བསླབ་པ་ཀུ་ལས་བཏུས་པ་ཞུ་བར་མཛད།
བསླབ་བཏུས་ཞུ་བའི་ཚེ་ལྷོ་བྲག་མཁན་ཆེན་འཁོར་དགེ་འདུན་མང་བོ་དང་བཅས་ཞུས་ཤིང་།
ལྷོ་བྲག་མཁན་ཆེན་རང་ཉིད་གཅིག་པུས་གྲ་ལྔའི་དབང་དང་དབྱངས་ཅན་མའི་རྗེས་གནང་སོགས་ཟབ་ཆོས་མང་དུ་གསན།
དེའི་ཚེ་རྗེ་རིན་པོ་ཆེ་ཟབ་མོ་དབུ་མའི་ལྟ་བ་མཐར་ཐུག་པ་དང་།
གསང་བ་འདུས་པའི་སྒྱུ་ལུས་སོགས་མདོ་སྔགས་གཉིས་ཀའི་ལམ་གྱི་དཀའ་གནས་མཐར་ཐུག་པ་འགའ་ཞིག་རྩད་དཔྱོད་ཕྱིར་རྒྱ་གར་དུ་སློབ་དཔོན་ཀླུའི་བྱང་ཆུབ་དང་གྲུབ་ཆེན་མི་ཏྲ་སོགས་མཇལ་བར་ཕེབས་བཞེད་ནས་དཔོན་སློབ་བཅུ་གསུམ་རྟེན་འབྲེལ་བསྒྲིགས་ཏེ་ཕེབས་རྩིས་མཛད་པ་ན་གསང་བདག་ཕྱག་ན་རྡོ་རྗེའི་གསུང་ལྟར་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་གྱིས་རྗེ་རིན་པོ་ཆེ་རྒྱ་གར་དུ་ཕེབས་ན་སློབ་དཔོན་ཀླུའི་བྱང་ཆུབ་དང་གྲུབ་ཆེན་མི་ཏྲ་སོགས་དང་དངོས་སུ་མཇལ་ནས་ཡོན་ཏན་ཁྱད་པར་ཅན་བརྙེས་པ་དང་།
རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་མཛད་ནས་སླར་བོད་དུ་འབྱོན་མི་ཐུབ་པ་དང་།
འཁོར་སེམས་དཔའ་ཆེན་པོ་འདི་དག་ཆད་པས་གུམ་པར་འགྱུར་བ་སོགས་དགག་བྱ་མང་བོ་མཆིས་པས་རྒྱ་གར་དུ་མི་འབྱོན་པར་བོད་རང་དུ་བཞུགས་པ་ཞིག་ཅིས་ཀྱང་མཁྱེན་ཞེས་ནན་ཆེན་པོས་གསོལ་བ་བཏབ་རྗེ་ཉིད་ཀྱིས་ཀྱང་དོན་དེ་ལྟར་དུ་དགོངས་ནས་རྒྱ་གར་དུ་ཕེབས་པ་ཤོལ་ཏེ་བོད་དུ་བཞུགས་པར་མཛད་པས་ན་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་པ་ནི་བྱང་ཕྱོགས་ཁ་བ་ཅན་གྱི་གདུལ་བྱ་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པ་ཞིག་གོ
།རྗེ་རིན་པོ་ཆེ་རྒྱ་གར་ལ་འབྱོན་པར་ཆས་པའི་དུས་དེའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྫིང་ཕྱིའི་ཇོ་བོ་ལ་དགེ་སྦྱོང་གི་རྟགས་ཚང་མའི་སྐྱེས་འབུལ་བ་དང་བཅས་པའི་བསྟོད་ཅིང་གསོལ་བ་འདེབས་པའི་ཚིག་ཚངས་པའི་ཅོད་པན་ཞེས་བྱ་བ་དོན་གྱི་རིམ་པ་འདི་ལྟར་གྱིས་ལ་རྩོམས་ལ་ཕུལ་ཅིག་དང་།
ཕྱིས་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྟེན་འབྲེལ་ཡོད་དོ།
།ཞེས་གསུང་བ་ལ་བརྟེན་ནས་དེ་ལྟར་དུ་བརྩམས་ཏེ་ཕུལ་ལོ།
།ཕྱིས་ཀྱང་རྗེ་བཙུན་གྱི་གསུང་གིས་ནན་གྱིས་བསྐུལ་ཞིང་།
བསྟན་པའི་རྩ་བ་ཡིན་པའི་ཐུགས་ངེས་ཤུགས་དྲག་པོ་འཁྲུངས་པ་དང་།
བསྟན་པ་ཉམས་པ་ཐུགས་ཀྱིས་བསྲན་པར་མ་བཟོད་པའི་སྟོབས་ཀྱིས་འདུལ་བའི་ལག་ལེན་ཕྱིར་བཅོས་ཡན་ཆད་ཡོངས་སུ་རྫོགས་པ་སྔ་མའི་སྲོལ་ཀ་ཙམ་ལ་མ་ལྟོས་པར་ལེགས་པར་འཛུགས་པར་མཛད་དོ།
།
དོན་འདི་ལ་རྗེ་ཉིད་ཀྱི་ཞལ་ནས་བསྟན་པའི་ནང་མཛོད་འདུལ་བའི་བསླབ་ཁྲིམས་ཉམས་པ་སེམས་ཀྱིས་མ་བཟོད་ནས་རུང་ཆུ་གདབ་པ་ཡན་ཆད་འདུལ་བའི་བཅས་མཚམས་ཕྲ་རགས་ཐམས་ཅད་གསར་དུ་བཙུགས་པ་ཡིན་གྱི།
གཞན་ལས་ཁྱད་པར་ཐོན་པ་ཞིག་དོན་དུ་གཉེར་ནས་བྱས་པ་ག་ལ་ཡིན་ཞེས་གསུངས།
དེ་ནས་རྗེ་རིན་པོ་ཆེ་གཉལ་ལ་བྱོན། གཉལ་ལོ་རོང་ཕེབས་ནས།
ལོ་རོ་སྟོང་སྟག་ཏུ་ཟླ་བ་ལྔ་ཙམ་བཞུགས།
དེར་དགེ་བའི་བཤེས་གཉེན་ཆེན་པོ་འཕྲིན་ལས་པས་མཛད་པའི་བསྟན་རིམ་ཆེན་མོ་གདན་དྲངས་བྱུང་བ་ལ་བསུ་བ་མཛད།
མཆོད་པ་ཕུལ། ཞིབ་པར་གཟིགས་པས་ཐུགས་ངེས་ཆེན་པོ་འཁྲུངས།
དེར་བསྟན་རིམ་ཚར་གཅིག་གསུངས།
སླར་ཡང་བྱ་བྲལ་ལ་བྱོན་པ་ཉིད་ནས་རྒྱལ་བའི་གསུང་རབ་མཐའ་དག་གི་དོན་ཚིག་སྤྱི་ཙམ་ལ་མ་ལུས་པར་ད་ལྟ་ལས་དང་བོ་བ་ཉིད་ནས་རང་གི་རྒྱུད་ལ་བསྐོར་ནས་ཉམས་སུ་བླངས་པས་ཆོག་པའི་ཚུལ་ལམ་གྱི་ངོ་བོ།
གྲངས་ངེས་གོ་རིམ་སོགས་ཐམས་ཅད་ཤིང་རྟ་ཆེན་པོ་རྣམས་ཀྱི་ལམ་སྲོལ་དང་མཐུན་པ་ཞིག་མེད་དུ་མི་རུང་བར་གཟིགས་ནས་བླ་མ་ཡི་དམ་ལ་གསོལ་བ་ཤུགས་དྲག་ཏུ་བཏབ་ཅིང་།
གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་ལ་ཞིབ་ཏུ་དཔྱོད་པ་རྒྱུན་མི་འཆད་དུ་མཛད་པས།
ཐོག་མར་བཤེས་གཉེན་བསྟེན་པ་ནས་འགོ་བརྩམས་ཏེ་མཐར་ཞི་གནས་དང་ལྷག་མཐོང་ལ་བསླབ་ཚུལ་གྱི་བར་ཐེག་པ་ཆེ་ཆུང་ཐུན་མོང་དང་།
ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་སྤྱི་དང་།
དེའི་སྟེང་དུ་སྔགས་ཀྱི་ཐབས་མཁས་ཀྱི་ཁྱད་པར་ཐུན་མོང་མ་ཡིན་པ་རྣམས་བསྣོན་པ་བཏབ་ནས་ཉམས་སུ་ལེན་ཚུལ་གྱི་ལམ་གྱི་ངོ་བོ་དང་གོ་རིམ་དང་གྲངས་ངེས་ལ་ཕྱིན་ཅི་མ་ལོག་པའི་ངེས་པ་འཁྲུངས་ནས་གསུང་རབ་དགོངས་འགྲེལ་དང་བཅས་པ་གང་ལའང་ཁོལ་བཏོན་རེ་ཙམ་མ་ཡིན་པར་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་སྦྱར་ནས་ཉམས་ལེན་གྱི་ཕྱོགས་སུ་འཁྱེར་ཤེས་པ།
དེ་ཡང་བཤད་པ་ཙམ་མ་ཡིན་པར་ད་ལྟ་བློ་མཐོ་དམན་དབང་བོ་རབ་འབྲིང་ཐ་མ་གང་ཡིན་གྱི་རྒྱུད་ལ་བསྐོར་ནས་དམིགས་རྣམ་གྱི་རིམ་པར་ཉམས་སུ་ལེན་པའི་ལག་ལེན་དུ་འཁྱེར་བདེ་ཞིང་འཆུན་ཆེ་ལ།
སེམས་འདུལ་བའི་རིམ་པ་འབའ་ཞིག་ལྷུར་མཛད་པའི་སྒོ་ནས་གདུལ་བྱ་མཆོག་དམན་ཐམས་ཅད་ཇི་ལྟར་བཀྲི་བའི་རིམ་པ་ལ་མངའ་བརྙེས་ཤིང་།
གངས་རིའི་ཁྲོད་འདིར་ཚུལ་འདི་ནི་སེམས་དཔའ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་གདམས་པ་བྱང་ཆུབ་ལམ་གྱི་རིམ་པའི་མཚན་ཉིད་དང་སྔགས་ཀྱི་ཐེག་པའི་ལམ་གྱི་རིམ་པ་ཕྱི་ཅི་མ་ལོག་པར་གཏན་ལ་ཕབ་པའི་ཤིང་རྟའི་སྲོལ་འདི་ཉིད་ཡ་མཚན་པར་གཟིགས་ཤིང་དེའི་སྲོལ་ལ་བརྟེན་ནས་ཐུགས་ངེས་ཆེར་འཁྲུངས།
དཔལ་ལྡན་ཨ་ཏི་ཤའི་གདམས་པའི་སྲོལ་ལ་ཡང་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏི་བ་སོགས་ཀྱི་གདམས་པ་ལ་ཡང་རྨད་དུ་བྱུང་བའི་ཐུགས་ངེས་ཡོད་མོད་ཀྱི།
འོན་ཀྱང་ལྷག་པར་བླ་མ་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་བསྟན་རིམ་དང་།
དེའི་སྲས་ཀྱི་ཐུ་བོ་དཔལ་ལྡན་གྲོ་ལུང་བས་མཛད་པའི་བསྟན་རིམ་ཆེན་མོ་སོགས་དང་།
རང་ཉིད་ཀྱིས་གདོངས་པའི་ལམ་གྱི་རིམ་པ་རྣམས་མཐུན་ཤས་ཆེ་ཞིང་སྲོལ་ཕུལ་དུ་བྱུང་བར་གཟིགས་སོ།
།
དཔལ་ལྡན་ཨ་ཏི་ཤའི་གདམས་པ་དེ་ཡང་གསུང་རབ་དང་དགོངས་འགྲེལ་གྱི་བསྟན་བཅོས་མན་ངག་མཐའ་དག་ལམ་གྱི་རིམ་པ་གཅིག་ཏུ་དྲིལ་ནས་སྟོན་པར་སྣང་བས་འཆད་ཤེས་པ་དང་ཉན་ཤེས་པ་གཉིས་ཀྱིས་བཤད་ཅིང་ཉམས་སུ་བླངས་ན་མན་ངག་ཆང་ཆུང་དུ་མ་ཟད་གསུང་རབ་མཐའ་དག་གི་གུང་འགྲིག་ནས་འོང་བར་སྣང་བས།
ལམ་ཐུན་མོང་བ་ལ་བློ་སྦྱོང་བ་ནས་འཁྲིད་དགོས་པའི་གདུལ་བྱ་རྣམས་ལ་ཁྲིད་ཀྱི་རྣམ་གྲངས་མང་བོ་སྟོན་པ་མ་བྱས་གསུང་ཞིང་།
འདི་ཁོ་ནའི་སྟེང་ནས་འཁྲིད་པར་མཛད་དོ། །
དེ་ནས་རྗེ་རིན་པོ་ཆེ་དཔོན་སློབ་སུམ་ཅུ་ལྷག་ཙམ་གྱིས་ཙ་རི་མ་ཆེན་ལ་བྱོན།
ཞག་འགའ་བཞུགས་རི་བ་རྣམས་ལ་མང་ཇ་གནང་སྦྱིན་དང་བཅས་པར་མཛད།
རི་ཁྲོད་གཟིགས་ཤིང་བདེ་མཆོག་གི་བདག་འཇུག་ལ་སོགས་པ་མཛད་ངོ་མཚར་བའི་ལྟས་མང་དུ་བྱུང་།
ཙ་རིར་ཕེབས་དུས་གནས་འདིར་ཡང་ནང་མཆོད་དང་བཅས་པའི་ཚོགས་འཁོར་རང་བྱེད་པ་མི་འོང་དགོངས་པ་ཞིག་ཐུགས་ལ་འཁྲུངས་པས།
ད་མ་ཁད་ནས་ཞབས་ཀྱི་ཁོལ་བུ་ཞིག་ལ་གློ་བུར་དུ་ཚེར་མ་ཟུག་པ་འདྲ་བའི་ཚ་ཟུག་དང་བསྙུན་ཟུག་ཆེན་པོ་རང་ཡོད་པ་སྐྲངས་པ་ནག་པོ་ཞིག་བྱུང་བ་ལས།
སྐབས་ཤིན་ཏུ་ནང་མཆོད་དང་བཅས་པའི་བདེ་མཆོག་གི་ཚོགས་འཁོར་ཞིག་མཛད་པས་ཚོགས་འཁོར་མ་གྲོལ་ཙམ་ནས་ཟུག་མེད་པར་དེ་མ་ཁད་དྭངས་སོ།
།དེ་ནས་ཙ་རི་ནས་ཡར་ཕེབས་ཏེ་གཉལ་ལ་འབྱོན་པའི་ལམ་དུ་མོ་ལའི་ལ་རྩར་ཞག་བཞུགས་མཛད་པའི་ནུབ་རྗེ་བཙུན་བྱམས་མགོན་གྱི་སྐུ་ཤིན་ཏུ་ཆེ་བ།
ལྷུན་པོ་ལྟར་མངོན་པར་བརྗིད་ཅིང་ཉི་མ་ལྟར་གཟི་བརྗིད་འབར་བ་ཞིག་གིས་རིགས་ཀྱི་བུ་ཁྱོད་སངས་རྒྱས་འཇིག་རྟེན་དུ་བྱོན་པ་འདྲ་བ་ཞིག་འོང་བས་ཤེས་པར་བྱོས་ཤིག་ཅེས་སེང་གེའི་སྒྲས་དབུགས་ཕྱུང་ཞིང་སྤྲོ་བ་བསྐྱེད་པར་མཛད་པའི་སྣང་བ་དངོས་སུ་བྱུང་གསུངས་སོ།
།
དེ་ནས་གཉལ་སྨད་སེང་གེ་རྫོང་ན་བཞུགས་པའི་དུས་སུ་དཔལ་དུས་ཀྱི་འཁོར་ལོ་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ལ་སོགས་པའི་ལམ་གྱི་གནད་རྣམས་ལ་དཔྱད་པ་མང་དུ་མཛད་པས་མ་འཁྲུལ་བའི་ངེས་པ་འཁྲུངས་ཤིང་འཕྱུགས་མེད་ཀྱི་གཟེར་ཐེབས་ནས་མི་འཇིགས་པ་བརྙེས།
བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པ་ཞིག་གི་གཟིགས་སྣང་ནར་མར་འོང་ཞིང་ནུབ་གཅིག་གི་མནལ་ལམ་དུ་དུས་ཀྱི་འཁོར་ལོའི་ཞལ་ནས་ཁྱོད་ཀྱིས་དུས་ཀྱི་འཁོར་ལོ་འདི་ལ་རྒྱལ་བོ་ཟླ་བ་བཟང་བོ་བྱོན་པ་འདྲ་བ་ཞིག་འོང་བར་ཡོད་དོ་ཞེས་གསུངས།
གཉལ་སྨད་སེང་གེ་རྫོང་དུ་བཞུགས་དུས་གསེར་ཕྱེ་འབུམ་པ་ལ་མཆོད་པ་ཆེན་པོ་ཕུལ་ཞིང་དེར་འདུལ་བའི་ཆོས་མང་དུ་གསུངས།
ལག་ལེན་ཕྲན་ཚེགས་རུང་ཆུ་འདེབས་པ་ཡན་ཆད་ཞིབ་པར་མཛད།
དེའི་ཚེ་རྗེའི་ཞལ་ནས་ཡོན་ཏན་ཐམས་ཅད་ཀྱི་གཞི་མ་ཁས་བླངས་པའི་ཚུལ་ཁྲིམས་དག་དགོས་པ་ཡིན།
ངེད་ལ་ནི་སོ་སོར་ཐར་པའི་ཕམ་ལྷག་སྦོམ་པོ་དང་བཅས་པའི་ལྟུང་བ་འོང་མ་མྱོང་།
ལྟུང་བྱེད་ཉེས་བྱས་དང་བཅས་པ་འགའ་རེ་བྱུང་བ་རྣམས་བཤགས་བསྡམས་བྱེད་གསུང་ནས་མཛད་ཅིང་འཁོར་རྣམས་ཀྱང་ཚུལ་དེ་ཉིད་ལ་སྦྱོར་བར་མཛད་དེ།
གངས་རིའི་ཁྲོད་འདིར་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་ཉམས་པར་གྱུར་པ་གཏིང་ནས་མ་བཟོད་པའི་ཐུགས་ཀྱིས་བསྟན་པ་རིན་པོ་ཆེའི་སྨད་དཀའ་བ་ཆེན་པོ་གཞི་ནས་འཛུགས་པར་མཛད་པས་ཕྱི་རབས་གངས་རིའི་ཁྲོད་ཀྱི་སྐྱེ་བོ་ཡོངས་ལ་རྒྱལ་བ་ཉིད་དང་མཚུངས་པར་བཀའ་དྲིན་ཆེ་བ་ཡིན་ནོ།
།གཉལ་དུ་བཞུགས་དུས་དབྱངས་ཅན་མའི་གསུང་གིས་དགུང་ལོ་ལྔ་བཅུ་རྩ་བདུན་ཐུབ་དེ་བར་རང་གཞན་གྱི་དོན་དཔག་ཏུ་མེད་པ་འགྲུབ་གསུང་བ་ལ།
རྗེ་བཙུན་མ་རྣམ་པར་རྒྱལ་མ་སོགས་ལ་གསོལ་བ་བཏབ་ཅིང་བསྙེན་བསྒྲུབ་མང་དུ་བྱས་པས་དེ་ལས་རིང་ཞིག་ཐུབ་པར་མི་འགྱུར་རམ་ཞེས་ཞུས་པས་དེ་ཐམས་ཅད་ཕལ་ཆེར་སྔོན་གྱི་སྨོན་ལམ་གྱི་ཤུགས་དང་།
ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་ཐུགས་འདུན་ཆེས་པ་ལ་སོགས་པའི་དབང་གིས་བློ་གྲོས་གོང་ནས་གོང་དུ་འཕེལ་བའི་རྒྱུ་འབར་ཞིག་ཏུ་སོང་བས་སྐུ་ཆེ་ལ་དེ་ཙམ་དུ་ཕན་པ་མ་བྱུང་ཞེས་གསུང་བ་ཞིག་བྱུང་།
རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་རྒྱུན་དུ་འབྱུང་བའི་གྲུབ་ཆེན་འཇམ་དཔལ་རྒྱ་མཚོ་བ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དེ་ཕན་ཆད་སྐུ་ཚེའི་བར་ཆད་ལ་སྒོས་སུ་དམིགས་པའི་བཟློག་ཐབས་དང་།
སྐུ་ཚེ་བསྲིང་བའི་ཕྱི་ནང་གི་རྟེན་འབྲེལ་ལེགས་པར་བསྒྲིགས་ན་དཀའ་སེ་བ་ཞིག་ལ་བཟློག་པར་ནུས་སོ་ཞེས་གསུང་བ་བྱུང་།
ཡང་གཉལ་གྱི་སེང་གེ་རྫོང་ན་བཞུགས་དུས་རྗེ་བཙུན་འཇམ་པའི་དབྱངས་ལ།
སྔགས་མཚན་ཉིད་ཀྱི་ལམ་གྱི་ངོ་བོ་དང་།
གོ་རིམ་གྲངས་ངེས་སོགས་དང་ཁྱད་པར་ཞི་ལྷག་གི་ཉམས་ལེན་གྱི་གནད་རྣམས་ཞུས་པས།
ད་ངེད་ལ་ཡང་ཡང་འདྲི་མི་དགོས། གཞུང་ཆེན་མོ་རྣམས་ལ་ཞིབ་པར་དཔྱོད་དང་།
ངེད་ཀྱིས་བསྟན་པ་རྣམས་དང་ཕལ་ཆེར་མཐུན་པ་ཤ་སྟག་འོང་།
མི་མཐུན་པ་རེ་ཙམ་བྱུང་ན་འདོར་སྤུས་གདམས་ངག་ཏུ་འདོད་པ་རྣམས་ལ་འབབ་ཀྱི་གཞུང་ཆེན་མོ་རྣམས་འདོར་དུ་མི་རུང་ངོ་ཞེས་གསུང་ཞིང་།
མན་ངག་གིས་ལྡེ་མིག་བྱས་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་རྣམས་ལ་དཔྱད་པས།
དཔྱད་པ་རྫོགས་པའི་ཚད་ནི་ལུང་རིགས་ཀྱི་ལམ་ནས་དྲངས་པའི་ངེས་པ་རྙེད་ནས་བློས་དོན་དེར་ཐག་བཅད་པ་ན་གཏིང་ན་མི་བདེ་བའི་རྣམ་པ་མེད་པ་ཞིག་འོང་།
དེ་དུས་དོན་དེ་ལ་དཔྱད་པ་རྫོགས་པ་ཡིན་ནོ་ཞེས་གསུང་སྟེ།
ཕྱིན་ཚད་འཁྲུལ་མེད་རང་ཞིག་བྱུང་གསུངས་སོ།
།དེ་ནས་དཔྱིད་གཉལ་གྱི་སྒང་ཆུང་དུ་བཞུགས། དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས།
གྲོང་བ་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་དད་པ་དྲག་པོ་དང་བཅས་ཏེ་འདུས་པ་ཐམས་ཅད་ཀྱང་བསྙེན་གནས་དང་སྐྱབས་འགྲོ་སོགས་འཕྲལ་དུ་ཡུན་དུ་ཕན་པའི་དགེ་བ་ལ་ལེགས་པར་སྦྱར་ཞིང་།
རྗེ་ཉིད་ཀྱིས་ཐོག་མ་མཛད་དེ་ཐམས་ཅད་བསྐུལ་ནས་ཚྭ་ཚྭ་འབུམ་ཐེར་མང་བོ་བཏབ་ཅིང་ཕྱིས་ཀྱང་ཚུལ་དེ་ཉིད་སྒྲུབ་པ་ལ་སྦྱོར་བ་མཛད་དོ།
།
དེ་ནས་གཉལ་སྟོད་རབ་ཀྲོང་དུ་བྱོན། དབྱར་བཞུགས་མཛད།
གནས་དེར་སྲས་ཀྱི་ཐུ་བོ་རྗེ་དར་མ་རིན་ཆེན་གྱིས་མཇལ།
རྣམ་འགྲེལ་གྱི་ལམ་ཁྲིད་གསན་པས་རྗེ་རིན་པོ་ཆེའི་གསུང་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་རྙེད་ནས་དེ་ཕྱིན་རྗེའི་ཞབས་འབྲིང་དུ་བཞུགས་སོ།
།དེ་ནས་གཉལ་ཕྱོགས་ཀྱི་སྡེ་སྣོད་འཛིན་པ་ཐམས་ཅད་འདུས་པ་ལ་ཆོས་འཁོར་རྒྱ་ཆེན་པོ་མཛད་དོ།
།དེ་ལྟར་གཉལ་ཕྱོགས་སུ་བསྟན་པ་དང་སེམས་ཅན་གྱི་དོན་རྨད་དུ་བྱུང་བ་རྣམས་ལེགས་པར་མཛད་ནས་སླར་ཡང་འོལ་ཁར་ཕེབས།
དེ་ནས་འོད་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས་སུ་ལོ་གཅིག་བཞུགས་ཆོས་མང་དུ་གསུངས་རྗེ་འདིས་ཐལ་རང་གི་ལྟ་བའི་གནས་རྣམས་ལ་བྱ་བྲལ་ལ་འབྱོན་པའི་གོང་ཉིད་ནས་དེ་བར་དུ་དཔྱད་པ་ནར་མར་མཛད་ནའང་།
མཐར་ཐུག་པའི་གནད་ལ་མི་བདེ་བ་གཏན་ནས་ལོག་པའི་ངེས་པ་འདྲེན་མ་ཐུབ་གསུངས་ཏེ།
དེང་སང་གི་གདུལ་བྱ་མི་རྟག་པ་ཕྲ་མོའི་གནས་ཚུལ་ཙམ་ཡང་མ་རྟོགས་པར་ཟབ་མོ་དབུ་མའི་ལྟ་བ་རྟོགས་པར་ཁས་འཆེ་བ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་འདི་ལྟ་བུའི་ཚུལ་བསྟན་ཏེ་ཟབ་མོ་དབུ་མའི་ལྟ་བ་ཤིན་ཏུ་རྟོགས་དཀའ་བ་ནི་རྒྱལ་བ་ཉིད་ཀྱི་ཞལ་ནས།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།
།བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།
།མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ།
།ཞེས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་བ་ཉིད་ནི་ཤིན་ཏུ་རྟོགས་དཀའ་བས་མཐའ་དག་པར་རྟོགས་པ་སྲིད་མཐའ་ཙམ་དུ་གསུངས་པ་དང་།
འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། རེ་ཤིག་ལུས་འདི་མི་གཙང་ཉིད།
།རགས་ཤིང་མངོན་སུམ་སྤྱོད་ཡུལ་བ། །རྟག་ཏུ་སྣང་བའང་གང་གི་ཚེ།
།སེམས་ལ་གནས་པ་མ་ཡིན་པ། །དེ་ཚེ་དམ་ཆོས་གནས་མེད་པ། །ཕྲ་རབ་མངོན་སུམ་མ་ཡིན་པ།
།ཟབ་མོ་དེ་ཀོ་ཇི་ལྟ་བུར། །སེམས་ལ་བདེ་བླག་འཇུག་པར་འགྱུར།
།ཆོས་འདི་ཟབ་ཕྱིར་སྐྱེ་བོ་ཡིས། །ཤེས་པར་དཀའ་བ་ཐུགས་ཆུད་དེ།
།དེས་ན་ཐུབ་པ་སངས་རྒྱས་ནས། །ཆོས་བསྟན་པ་ལས་ལོག་པར་གྱུར།
།ཅེས་མི་རྟག་པ་ལ་ངེས་ཤེས་མ་འདྲོངས་པར་དབུ་མའི་ལྟ་བ་རྟོགས་པ་མི་སྲིད་པར་གསུངས་པ་ལྟར་རོ།
།
རྗེ་རིན་པོ་ཆེས་གནས་དེར་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཐ་མི་དད་དུ་བྱས་པ་ལ་གསོལ་བ་དྲག་ཏུ་འདེབས་པ་དང་།
རིགས་པའི་དཔྱད་པ་ཞིབ་པར་མཛད་པར་བྱིན་གྱིས་བརླབས་པའི་མཚན་མ་ཁྱད་པར་ཅན་བྱུང་།
སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏ་ལ་ལེགས་པར་གཟིགས་པས་ཀྱང་མཚམས་སྦྱར་ཏེ།
མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བའི་གནད་མཐར་ཐུག་པ་དང་།
དགག་བྱའི་མཚམས་འཛིན་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས་ཤིང་མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིག
དེ་ཁོ་ན་ཉིད་ཀྱི་དོན་ལ་མཐའ་གཞན་དུ་དོགས་པའི་སྒྲོ་འདོགས་ལྷག་མ་མེད་པར་དྲུངས་ཕྱུང་བར་གྱུར་ཏེ།
སྟོན་པ་ལ་ཤེས་ནས་དད་པ་ཐོབ་པའི་ཤུགས་ཀྱིས་དྲངས་པ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་བའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་བོ་ཞེས་བྱ་བ་མཛད་དོ།
།
རྗེ་རིན་པོ་ཆེའི་མཛད་པ་རྣམ་ཐར་འདི་དག་ལ་བློ་གྲོས་ཅན་རྣམས་ཀྱིས་ལེགས་པར་དཔྱོད་ཤེས་ན་བྱང་ཆུབ་ལམ་གྱི་རིམ་པའི་གོ་རིམ་ལ་ངེས་པ་ཕུལ་ཕྱིན་སྟེར་ཞིང་བྱང་ཆུབ་ལམ་རིམ་གྱི་རྩ་བའི་གདམས་ངག་གི་གཞུང་མངོན་རྟོགས་རྒྱན་དུ།
སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན།
།དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ།
།ཞེས་གསུངས་པའི་དོན་ལ་ངེས་པ་ཆེན་པོ་སྐྱེའོ།
།དབུ་མའི་ལྟ་བ་འཁྲུལ་མེད་རྙེད་པའི་ཚེ་སྣང་བ་ཇི་ལྟར་འཆར་བ་ནི་རྗེ་ཉིད་ཀྱི་ཞལ་ནས་ད་ལྟ་ལེགས་པར་གོམས་པས་རྗེས་ཐོབ་ཏུའང་སྣ་ཚོགས་པའི་སྣང་བ་འདི་ཐམས་ཅད་སྟོང་བཞིན་དུ་སྣང་བའི་སྒྱུ་མ་ལྟར་འཆར་གྱི།
སྟོང་བ་ཉིད་ཀྱི་རྒྱས་མ་ཐེབས་པའི་སྣང་བ་རང་དགའ་བ་ཆེར་མི་འབར་བར་འདུག
ཅེས་གསུངས་སོ། །
རྗེ་བླ་མ་འདིས་བྱང་ཆུབ་ལམ་གྱི་རིམ་པ་ལ་མྱོང་བ་ཐོན་པར་བྱེད་པ་ཚུལ་འདི་ལྟར་བྱ་དགོས་སོ་ཞེས་གདུལ་བྱ་རྣམས་ལ་འདོམས་པའི་ཕྱིར་བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་ནས་གསོལ་བ་འདེབས་པ་དང་།
བསག་སྦྱང་ལ་རྩེ་གཅིག་ཏུ་བརྩོན་པར་མཛད་ཅིང་།
སྐྱེ་བོ་ཕལ་བ་རྣམས་ཀྱི་བློ་ཡུལ་དུ་ཤོང་དཀའ་བའི་བསྙེན་སྒྲུབ་ལ་རྒྱུན་མི་འཆད་དུ་བརྩོན་པར་མཛད་པས་ལྷག་པའི་ལྷ་དུ་མས་བྱིན་གྱིས་བརླབས་པའི་ཚུལ་དཔག་པར་དཀའ་བ་ཡོད་ལ།
ཁྱད་པར།
རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་མངོན་སུམ་དུ་གཟིགས་ཤིང་རྒྱུན་དུ་དགེ་བའི་བཤེས་གཉེན་མཛད་པའི་སྟོབས་ཀྱིས་གསུང་རབ་མཐའ་དག་གི་དོན་ལ་འཁྲུལ་བ་མི་མངའ་བར་གྱུར་པ་ཡིན་ལ།
གསུང་རབ་ཀྱི་དོན་ཅི་འདྲ་བའི་རྟོགས་དཀའ་བ་ཞིག་ཡིན་ནའང་།
ཐོག་མར་རིགས་པ་ཞིབ་ཏུ་དཔྱད་པས་ཕལ་ཆེར་དགོངས་འོང་།
དེ་ལྟར་མཛད་ཀྱང་ཐུགས་ངེས་མཐའ་ཆོད་པ་འདྲེན་མ་ཐུབ་པ་རྣམས་ལ།
བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ཐ་མི་དད་ལ་གསོལ་བ་དྲག་ཏུ་བཏབ་ཅིང་མཎྜལ་ཕུལ་བས།
དེ་མ་ཐག་འབད་མེད་དུ་དཔྱིས་ཕྱིན་པར་དགོངས་ནས་འོང་བ་ནི་རྗེ་ཉིད་ཀྱི་ཐུགས་སྲས་ཐམས་ཅད་ལ་མཐུན་སྣང་དུ་ཡོད་པར་གསུངས།
གཞན་ཡང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དང་གསུང་གི་སྣང་བ་ཇི་ལྟར་བྱུང་བ་སོགས་དག་པའི་གཟིགས་སྣང་མཐའ་ཡས་པའི་རྣམ་པར་ཐར་པ་ནི་རྒྱལ་བ་ནང་ཕན་ཚུན་གྱི་སྤྱོད་ཡུལ་ཡིན་པས་མཐའ་དག་བརྗོད་པར་ག་ལ་ནུས།
རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྒྱུན་དུ་ཞལ་བསྟན་ནས་བྱ་བ་ཐམས་ཅད་རྗེ་བཙུན་འཇམ་པའི་དབྱངས་ལ་ཞུས་ནས་མཛད་པ་ནི།
རྗེ་ཉིད་ཀྱི་ཞལ་ནས་གསུང་རབ་ཀྱི་དོན་ལ་ཚུལ་ཇི་ལྟར་དཔྱོད།
དཔྱད་པ་རྫོགས་མ་རྫོགས། ཉམས་ལེན་གྱི་གནད། གདུལ་བྱ་ཇི་ལྟར་བཀྲི།
འཁོར་ཇི་ལྟ་བུ་བསྟེན།
གནས་ཇི་ལྟ་བུར་སྡོད་པ་སོགས་ཕལ་ཆེར་རང་བཟོས་ཞུགས་པ་མ་བྱས་ཞེས་གསུངས་སོ།
།དེ་ནས་སྟོན་འོལ་ཁར་བྱོན།
དགུན་དཔྱིད་འགར་ཕུག་ཏུ་བཞུགས་ནས་འོལ་ཁའི་དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས་སོ།
།དེ་ནས་ཨེའི་ཏེའུ་རར་བྱོན། དབྱར་བཞུགས་མཛད།
ཨེ་པའི་དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས་ཤིང་སྐྱེ་བོ་ཐམས་ཅད་དགེ་བའི་ལམ་ལ་བཀོད།
དེ་ནས་འོལ་ཁའི་བྲག་གདོང་དུ་བྱོན། དགུན་ཞུགས་མཛད།
དེ་ནས་རྫིང་ཕྱིར་ཇོ་བོ་བྱམས་པའི་དྲུང་དུ་ཞག་བཅོ་ལྔའི་རིང་ལ་མཆོད་པ་རྒྱ་ཆེ་ཞིང་བཀོད་པ་ཡིད་འཕྲོག་པ་རྒྱུན་མི་འཆད་པར་མཛད་དེ་བསྟན་པ་དང་སེམས་ཅན་འབའ་ཞིག་ལ་དགོངས་ནས་འཕྲལ་དང་ཡུན་དུ་ཕན་བདེ་རྒྱས་པའི་སྨོན་ལམ་རླབས་ཆེ་བ་མཛད་དོ།
།
དེ་ནས་སྨན་ལུང་གི་རྒྱ་སོག་ཕུར་ཆོ་འཕྲུལ་ཆེན་པོའི་དུས་མཆོད་ཞག་བཅོ་ལྔའི་རིང་ལ་མཆོད་པ་རྒྱ་ཆེ་ཞིང་བཀོད་པ་ཕུན་སུམ་ཚོགས་པ་བཤམས་ཏེ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས་མཆོད་ཡུལ་ཐམས་ཅད་མཉེས་པར་བྱེད་པའི་མཆོད་པའི་ཆོ་ག་དང་།
འཕྲལ་དང་ཡུན་གྱི་ཕན་བདེ་རྒྱས་པའི་སྨོན་ལམ་དཔག་ཏུ་མེད་པ་མཛད་པའི་སྐབས་སུ།
མཆོད་པའི་ཞིང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྤྱན་འདྲེན་པའི་ཐུགས་ཀྱི་འདུན་པ་ཤུགས་དྲག་པོ་མཛད་པ་ན།
ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་མདོག་དཀར་བོ་རྣམ་སྣང་གི་རྣམ་པས་ཤར་ཕྱོགས་ཀྱི་ནམ་མཁའི་ཁྱོན་ཐམས་ཅད་གང་བར་འཁྲིགས་པ་དང་།
དེ་བཞིན་དུ་ལྷོ་ཕྱོགས་དང་ནུབ་བྱང་དང་དབུས་སམ་སྟེང་གི་ནམ་མཁའི་ཁྱོན་ཐམས་ཅད་རིམ་པ་བཞིན་དུ།
རིན་འབྱུང་། འོད་དཔག་མེད། དོན་གྲུབ།
མི་བསྐྱོད་པའི་རྣམ་པ་ཅན་གྱི་དེ་བཞིན་གཤེགས་པས་ཁྱབ་ཅིང་།
བཀོད་པ་དེ་འདྲ་བའི་སྒོ་ནས་སྟེང་དང་ལོགས་ཀྱི་ནམ་མཁའི་ཁམས་ཐམས་ཅད་བར་མཚམས་མེད་པར་དེ་བཞིན་གཤེགས་པའི་སྐུས་གུར་ཕུབ་པ་ལྟར་གྱུར་ཏེ་མཆོད་པ་བདག་གིར་མཛད་པའི་གཟིགས་སྣང་དངོས་སུ་འཆར་བ་ཡང་ཡང་བྱུང་།
ཕྱིས་ལྷ་སར་ཆོ་འཕྲུལ་ཆེན་པོའི་མཆོད་པ་རྒྱ་ཆེན་པོ་བསམ་གྱི་མི་ཁྱབ་པ་སྨོན་ལམ་ཆེན་མོར་གྲགས་པ་མཛད་པའི་དུས་སུ་གཟིགས་སྣང་དེ་འདྲ་བ་ནར་མར་བྱུང་སྟེ།
དེ་དུས་མཆོད་ཡུལ་དང་མཆོད་པ་ཐམས་ཅད་ལ་བདེ་སྟོང་གི་རྒྱས་བཏབ་ཅིང་མཆོད་པ་ཕུལ་བས་དེ་ཐམས་ཅད་བདེ་སྟོང་གི་རྣམ་རོལ་དུ་འཆར་བ་བྱུང་གསུངས་སོ།
།དེ་ནས་དཔྱིད་རྗེ་དར་མ་རིན་ཆེན་གྱི་ཞལ་སྔ་ནས་གཙོ་མཛད།
སྡེ་སྣོད་འཛིན་པ་ཉིས་བརྒྱ་ལྷག་ཙམ་ལ་ཆོས་མང་དུ་གསུངས།
དེ་ནས་ཉང་བོ་ཕྱོགས་ནས་དད་པ་ཆེན་པོས་གསོལ་བ་བཏབ་པ་ལ་བརྟེན་ནས་ཉང་བོ་མདང་མདོའི་དགོན་པར་བྱོན།
དབྱར་བཞུགས་མཛད།
ཉང་བོ་ཕྱོགས་ཀྱི་དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས་ཤིང་སྐྱེ་བོའི་ཚོགས་ལ་ཕན་པ་རྒྱ་ཆེན་པོ་མཛད།
དེའི་སྐབས་སུ་དཔོན་ནམ་མཁའ་བཟང་བོ་བས་རྔོག་ལོ་ཆེན་པོའི་གདན་ས་པ་སློབ་དཔོན་ཆེན་པོ་དཀོན་མཆོག་ཚུལ་ཁྲིམས་པ་ངོ་ཆེན་ལ་སྦྲན་ཏེ་སྐྱིད་ཤོད་ཕྱོགས་སུ་ཕེབས་པར་ཞུ་བའི་གསོལ་བ་འདེབས་པ་སྔ་མོ་ནས་ནར་མར་ཡོད་པའི་གཏིང་བསྐུལ་གྱི་གསོལ་འདེབས་པས་སླེབ་པ་དང་།
ཇོ་བོ་རིན་པོ་ཆེ་མཇལ་བར་བཞེད་པས་ཀྱང་ཐུགས་དྲངས་ཏེ་སྟོན་སྐྱིད་ཤོད་དུ་ཕེབས།
པོ་ཏ་ལར་བཞུགས་ནས་གསང་བདེ་གུང་གསུམ།
དགའ་སྐྱོར་ཟུལ་གསུམ་གྱི་གདན་ས་བ་རྣམས་ཀྱིས་ཐོག་དྲངས་པའི་སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ལ་དབུ་མ་སྣང་བ།
འདུལ་བ། ལམ་རིམ་ལ་སོགས་པའི་ཆོས་མང་དུ་གསུངས།
དེའི་ཕྱི་རེས་སོས་ཀ་དགའ་བ་གདོང་དུ་བྱོན།
ཐེག་པ་ཆེན་པོར་འཇུག་པ་རྣམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔང་པོར་བྱས་ཏེ་ཁས་བླངས་པའི་སེམས་བསྐྱེད་ཀྱི་བསླབ་བྱ་རྣམས་ལ་ཇི་ལྟར་བསླབ་ཚུལ་མཐའ་དག་པར་ཤེས་ནས་ཚུལ་བཞིན་དུ་སློབ་པ་ཞིག་མ་བྱུང་ན་དེའི་ཐེག་པ་ཆེན་པོ་བ་མིང་ཙམ་དུ་འགྱུར་བར་དགོངས་ཤིང་།
གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་པར་འདོད་ན་ལམ་ཐུན་མོང་བ་ལ་ལེགས་པར་བློ་སྦྱངས་པའི་སྟེང་དུ་བླ་མ་བསྟེན་ཚུལ་ཐེག་ཆེན་ཐུན་མོང་བའི་སྐབས་སུ་བསྟན་པ་ལས་ཀྱང་ཆེས་ཁྱད་པར་དུ་གྱུར་པ་ཞིག་གི་སྒོ་ནས་དབང་བསྐུར་རྒྱུད་སྡེ་དང་མཐུན་པ་ཞིག་བླ་མ་མཚན་ཉིད་དང་ལྡན་པ་ལས་མནོས་ཏེ།
དེའི་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་མིག་གི་འབྲས་བུ་ལྟར་གཅེས་པར་འཛིན་ཅིང་།
ཁྱད་པར་རྩ་ལྟུང་ལ་སྲོལ་བསྡོས་བྱས་ནས་ལེགས་པར་སྡོམ་པ་ཞིག་མ་བྱུང་ན་ཁས་བླངས་པའི་དམ་ཚིག་ཡལ་བར་དོར་ནས་སྔགས་ཀྱི་ལམ་ལ་སློབ་པ་སྐད་བྱས་ཀྱང་ངན་འགྲོ་མི་བཟད་པའི་སྒོ་འབྱེད་པར་དགོངས་ནས།
ཨེ་མ་ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་བ་ལ་སློབ་པའི་འདོད་པ་དགེ་ཚུལ་འདི་ལྟ་བུས་སྤྱོད་པར་གྱུར་ན་ཅི་མ་རུང་སྙམ་དུ་སྙིང་ནས་ཤས་མ་བཟོད་པའི་ཐུགས་བརྩེ་བ་ཆེན་པོས་ཀུན་ནས་བསླངས་ཏེ་གདུལ་བྱ་རྣམས་ལའང་ཚུལ་དེ་ཉིད་འདོམས་པར་མཛད་དོ།
།དེར་ཡང་བྱང་སའི་ཚུལ་ཁྲིམས་ལེའུ། བླ་མ་ལྔ་བཅུ་པ།
རྩ་ལྟུང་བཅུ་བཞི་བ་རྣམས་ཀྱི་བཤད་པ་ཤིན་ཏུ་ཞིབ་པར་གསུངས།
དེའི་ཆོས་མཇུག་ལ་བླ་མ་རྗེ་བཙུན་རེད་མདའ་བ་ཆེན་པོའི་ཞལ་སྔ་ནས་མངའ་རིས་ནས་བྱོན།
དབྱར་གནས་སྟག་ཚང་དུ་མཛད་དེ་དབུས་སུ་བྱོན་ནས་དགའ་བ་གདོང་དུ་ཕྱགས་ཕེབས།
བསུ་བ་དང་། བསྙེན་བཀུར་དང་།
ཞབས་ཏོག་རྨད་དུ་བྱུང་བ་མཛད་ནས་དཔོན་སློབ་གཉིས་ཀས་ཆོས་མང་དུ་གསུངས།
དེ་ནས་ཡབ་སྲས་གཉིས་ཀའང་དབེན་པ་ལ་དགྱེས་ཤིང་།
བྱང་ར་སྒྲེང་གི་དབེན་པའི་གནས་ཀྱི་བསྔགས་པ་གཏམ་དུ་བརྗོད་པ་སྙན་དུ་སོན་པས་ཀྱང་ཐུགས་གཡོས་པར་གྱུར་ལ་དཔལ་ལྡན་ཨ་ཏི་ཤས་ལུང་བསྟན་པའི་གནས།
སྟོན་པ་རིན་པོ་ཆེ་ཡབ་སྲས་ཀྱི་གདན་ས།
བཀའ་གདམས་པའི་དམ་པའི་ཆོས་ཀྱི་ཆུ་བོ་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་ཀྱང་གཟིགས་པར་བཞེད་དེ་ཡབ་སྲས་གཉིས་ཀྱིས་ཐོག་མ་མཛད་པའི་དགེ་འདུན་སྡེ་སྣོད་འཛིན་པ་མང་བོའི་ཚོགས་དང་བཅས་པ་ར་སྒྲེང་ལ་ཕྱགས་བཏེགས་དགུན་བཞུགས་ར་སྒྲེང་དུ་མཛད།
བླ་མ་རྗེ་བཙུན་ཆེན་པོས་རིགས་པ་དྲུག་ཅུ་བ་དང་གསང་འདུས་རིམ་ལྔ་སོགས་གསུངས།
རྗེ་རིན་པོ་ཆེས་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་དང་། དབུས་མཐའ་དང་།
ཀུན་ལས་བཏུས་དང་།
ཉན་ས་ལ་སོགས་པ་ཐམས་ཅད་གུང་ལེགས་པར་བསྒྲིགས་ཏེ་ཞི་གནས་ཀྱི་བཤད་པ་མཐའ་དག་པར་གསུངས་ཤིང་།
སྒོམ་དུ་བཅུག་པས་འགའ་ཞིག་གི་རྒྱུད་ལ་གསུང་རབ་དང་མཐུན་པའི་ཞི་གནས་ཀྱི་མྱོང་བ་ཁྱད་པར་ཅན་འཁྲུངས།
ཡབ་སྲས་གཉིས་ཀྱིས་སྔགས་དང་མཚན་ཉིད་ཀྱི་ལམ་གྱི་གནད་དུ་མ་ལ་འབེལ་བའི་གཏམ་གྱི་བཀའ་མཆིད་ཤིན་ཏུ་ཞིབ་པར་མཛད།
དེ་ནས་ཆོས་རྗེ་ལོ་ཙཱ་བ་དང་།
འབྲི་ཁུང་ཆོས་རྗེ་གཉིས་ཀས་ཞལ་འཛོམ་པར་ཞུ་བའི་ཕོ་ཉ་དང་གསུང་འཕྲིན་ནར་མར་བྱུང་བས།
རྗེ་རིན་པོ་ཆེས་དཔྱིད་འགོ་འབྲི་ཁུང་དུ་བྱོན། ཆོས་མང་དུ་གསུངས།
སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་རྒྱལ་བོ་ལ་ནཱ་རོ་ཆོས་དྲུག་དང་།
ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ལ་སོགས་པ་གསན་དེ་ནས་རྗེ་རིན་པོ་ཆེ་དང་རྗེ་རེད་མདའ་བ་དང་ཆོས་རྗེ་ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་གསུམ་ག་གནམ་ཙེང་ལྟེང་དུ་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་དུ་ཞལ་མངོན་པར་འཛོམས་ཤིང་།
དཔོན་ཡོན་ཏན་རྒྱ་མཚོ་བས་དད་པ་དང་གཏོང་བ་ཤིན་ཏུ་ཡངས་པའི་བསམ་པ་རྒྱ་ཆེན་པོས་ཞབས་ཏོག་བྱས་ཏེ་དེ་སྡེ་སྣོད་གསུམ་འཛིན་པའི་མཁས་པའི་དབང་བོ་དུ་མས་ཐོག་དྲངས་པའི་དགེ་འདུན་དྲུག་བརྒྱ་ལྷག་ཙམ་གྱིས་དབྱར་གནས་པར་ཞལ་གྱིས་བཞེས་ནས་ཆོས་རྗེ་གསུམ་གས་ཀྱང་བསྟན་པ་རིན་པོ་ཆེའི་དག་ཐེར་རྣམ་པར་དག་པ་ཞིག་མཛད་པར་དགོངས་ཤིང་།
དེ་ཡང་ཇི་སྲིད་དུ་རྒྱལ་བའི་བསྟན་པའི་ནང་མཛོད་འདུལ་བ་རྫོགས་པར་ཡོད་པ་དེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་ཡོད་ལ།
དེ་མེད་ན་མེད་པར་གསུངས་པ་དེ་ཉིད་ཐུགས་ལ་ལྕི་བར་གྱུར་ནས་བསྟན་པ་འབའ་ཞིག་ལ་དགོངས་པའི་ཐུགས་ཀྱིས་འདུལ་བ་མདོ་རྩ་བའི་བཤད་པ་རྒྱས་པ་རེ་གསུངས་ཤིང་དེའི་དུས་སུ་གཞི་བཅུ་བདུན་ནས་གསུངས་པའི་བཅས་པ་ཕྲ་མོ་ཞིག་ཡན་ཆད་ད་ལྟའི་གང་ཟག་གིས་ཉམས་སུ་བླངས་ནུས་རྣམས་དང་།
རྣམ་འབྱེད་ནས་འབྱུང་བའི་བཅས་པ་རྣམས་ལས་འདས་པའི་ལྟུང་བ་ཐམས་ཅད་རང་རང་གི་མིང་རིགས་ཀྱིས་ཕྱིར་འཆོས་པའི་ཆོ་ག་ཇི་ལྟར་བཤད་པ་བཞིན་གྱི་ཕྱག་ལེན་རྣམ་པར་དག་པའི་སྲོལ་ལེགས་པར་བཙུགས་ཏེ།
དེའི་ཚེ་འདུལ་བ་གསན་པ་ཕལ་ཆེ་བས་ཀྱང་རང་རང་རྒྱུད་ལ་བརྟགས་ནས་ལྟུང་བ་ཕྲ་རགས་ཐམས་ཅད་བཤགས་ཡུལ་མང་ཉུང་གི་བྱེ་བྲག་དང་།
དངོས་པོ་སྤངས་པའི་ཆད་ལས་སྔོན་དུ་གཏོང་བ་སོགས་ཇི་ལྟར་བཤད་པ་བཞིན་དུ་ཕྱག་ལེན་ལ་བཏབ་ནས་ཕྱིར་བཅོམ་མཛད་དེ།
དེ་ཕྱིན་ཆད་ཕྱག་ཕྱི་ལ་གཉུག་མར་གནས་པ་ཕལ་ཆེ་བས་ཉིན་རེ་བཞིན་རང་རང་གི་རྒྱུད་ལ་བརྟགས་ནང་ལྟུང་བ་དང་ཡུན་ཏུ་མི་འགྲོགས་པར་ཕྱིར་འཆོས་པ་དང་།
ཡོ་བྱད་བྱིན་བརླབ། རུང་ཁུང་གཅོད་པ།
ནུབ་ལྷག་ཉལ་བསྲུང་སོགས་ཀྱི་ཕྱག་ལེན་དག་ལའང་ཆེས་བརྩོན་པར་མཛད་ན་དེ་ཙམ་དུ་བསྒྲུབ་མི་དཀའ་བ་རྣམས་ལ་ནི་ལྟ་སྨོས་ཀྱང་ཅི་དགོས།
དེ་བས་ན་སངས་རྒྱས་ཀྱི་བསྟན་པའི་རྩ་བ་སོ་སོར་ཐར་པའི་རྨང་རྫོགས་པར་གསོས་པས་བསྟན་པ་ལ་བྱ་བ་མཛད་པ་ཞིག་ལ་འདི་ཡ་མཚན་པ་ཡིན་ནོ།
།ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་ཏེ།
གངས་རིའི་ཁྲོད་འདིར་འདུལ་བ་ལུང་སྡེ་བཞིའི་དོན་སློབ་དཔོན་ཡོན་ཏན་འོད་ཀྱིས་བཀྲལ་བ་ལྟར་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་མཐའ་དག་རྒྱལ་བ་རང་ཉིད་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་འཆད་ཤེས་པ་དང་།
བཤད་པ་ལྟར་དུ་བཅས་མཚམས་མཐའ་དག་ལག་ཏུ་ལོངས་པ་དང་།
དེ་ཡང་བྱང་ཆུབ་ལམ་གྱི་རིམ་པ་དང་སྦྱར་ཏེ་ཐེག་པ་ཆེ་ཆུང་གཉིས་ཀའི་ལམ་གྱི་གཞི་རྟེན་དུ་འགྱུར་བ་དང་།
རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཚེ་འབྲས་བུ་གཟུགས་སྐུ་བསྒྲུབ་པའི་ཐབས་སུ་འགྱུར་བར་བྱེད་པ་སོགས་རྒྱལ་བ་དགྱེས་པའི་ལམ་ལ་སློབ་པར་འདོད་པ་རྣམས་ལ་བཀའ་དྲིན་ཟླ་མེད་དུ་མཛད་དོ།
།
གཞན་ཡང་གནས་དེར་དབུ་མ་དང་ཚད་མ་རྣམ་འགྲེལ་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར།
དགག་དབྱེ་ཐོན་ནས་རྗེ་བཙུན་རེད་མདའ་པ་གཙང་ལ་ཕེབས་རྗེ་རིན་པོ་ཆེ་དང་ལོ་ཆེན་སྐྱབས་མཆོག་དཔལ་བཟང་གཉིས་འཁོར་དང་བཅས་པ་སླར་ར་སྒྲེང་དུ་བྱོན་ནས་བྲག་སེང་གེའི་ཞོལ་དུ་རྗེ་རིན་པོ་ཆེའི་བཞུགས་གནས་བཏབ་སྟེ་ཇོ་བོའི་སྐུ་འདྲ་དབུ་ཡོན་མར་གྲགས་པ་སྤྱན་དྲངས་རྗེ་རིན་པོ་ཆེས་སྐུ་མཚམས་མཛད་དེ་ཇོ་བོའི་སྤྱན་སྔར་མཆོད་པ་རྒྱ་ཆེན་པོ་བཤམས་ནས་གསོལ་བ་ཤུགས་དྲག་པ་རྒྱུན་རིང་བར་འདེབས་པར་མཛད་པས་སྟོན་པ་ཐུབ་པའི་དབང་བོ་ནས་ལྷོ་བྲག་གྲུབ་ཆེན་དང་གྲྭ་སྐོར་མཁན་ཆེན་གྱི་བར་ལམ་རིམ་བརྒྱུད་པའི་བླ་མ་རྣམས་ཞལ་གཟིགས།
དེའི་ཚེ་ལམ་རིམ་བླ་མ་བརྒྱུད་པའི་གསོལ་འདེབས་ལམ་མཆོག་སྒོ་འབྱེད་གསར་རྩོམ་མཛད་དེ།
དེའི་སྒོ་ནས་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བ་འདེབས་པར་མཛད་པས་བྱིན་གྱིས་བརླབས་པའི་མཚན་མ་ཁྱད་པར་ཅན་མང་དུ་བྱུང་ཞིང་གདམས་པ་དང་རྗེས་སུ་བསྟན་པའང་མང་དུ་གསུངས།
མཐར་ལམ་རིམ་བརྒྱུད་པའི་བླ་མ་རྣམས་རིམ་གྱིས་ཐིམ་སྟེ་ཇོ་བོ་རྗེ་དང་།
པོ་ཏོ་བ། ཤ་ར་བ་རྣམས་ཡུན་རིང་དུ་ཞལ་གཟིགས།
མཐར་པོ་ཏོ་བ་དང་ཤ་ར་བ་ཡང་ཇོ་བོ་ལ་ཐིམ།
ཇོ་བོ་རྗེས་རྗེ་རིན་པོ་ཆེའི་དབུ་ཐོག་ཏུ་ཕྱག་བཞག་སྟེ་བསྟན་པ་ལ་བྱ་བ་བྱེད་པའི་མཆོག་ནི་གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་གི་དོན་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་བསྡུས་ཏེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་ཉམས་སུ་བླང་བདེ་བ་ཞིག་རྩོམ་པར་བཞེད་པ་འཁྲུངས་ཤིང་།
ལོ་ཆེན་སྐྱབས་མཆོག་དཔལ་བཟང་བོ་སོགས་མང་བོས་ཀྱང་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་རྒྱས་པ་ཞིག་ཅི་ནས་ཀྱང་མཛད་དུ་གསོལ་ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ།
ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་ཀྱང་ཐུགས་རྗེ་བསྐུལ་བར་མཛད།
དཀར་ཕྱོགས་ཀྱི་ལྷ་དང་སྲུང་མ་མང་བོས་མཐུན་པའི་རྐྱེན་སྦྱར་ཏེ་རྒྱལ་བའི་གསུང་རབ་མཐའ་དག་གི་གནད་བསྡུས་པ།
ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ།
བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་རྒྱས་པར་སྟོན་པ་ལམ་རིམ་ཆེན་མོའི་རྩོམ་པ་མཛད།
དེ་ལྟར་ར་སྒྲེང་གི་བྲག་སེང་གེའི་ཞོལ་དུ་བྱང་ཆུབ་ལམ་རིམ་ཆེན་མོ་རྩོམ་པ་མཛད་པའི་ཚེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང་།
རྨ་ཆེན་སྤོམ་ར་དང་གཉེན་ཆེན་ཐང་ལྷ་སོགས་བོད་ཀྱི་གཞི་བདག་ལྷ་ཆེན་རྣམས་ཀྱིས་ཀྱང་མཐུན་པའི་རྐྱེན་སྦྱར་ཞིང་བདག་ཅག་རྣམས་ལའང་སྨོན་པའི་ཚིག་སྦྱར་བ་ཞིག་དགོས་ཞེས་ཞུས་པ་ལྟར་རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོའི་མཇུག་ཏུ།
སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས།
ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང་།
ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང་།
རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག
ལམ་བཟང་སྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང་།
འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི།
།རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག
།ཅེས་སྨོན་ལམ་མཛད་པ་ཡིན་ཞེས་ལམ་རིམ་ཆེན་མོའི་བཤད་ལུང་གི་སྐབས་བླ་མ་གོང་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གསུང་རྒྱུན་ལས་འབྱུང་ངོ་།
།
དེ་ལྟར་ལམ་རིམ་ཆེན་མོའི་རྩོམ་པ་གྲུབ་ནས་འཁོར་རྣམས་ལ་འདི་ལྟར་བཀའ་སྩལ་ཏེ།
ད་ཕྱིན་ཆད་སྔགས་ཀྱི་ཆོས་ཐན་ཐུན་འཆད་འདོད་པས།
ཁྱེད་དྲག་པ་འགའ་རེས་ཆོས་རྗེ་ལོ་ཙཱ་བ་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་པའི་དབང་ཞུས་ལ་སྔགས་ཀྱི་སྡོམ་པ་གསོར་ཆུག་གསུང་།
དེ་ནས་བླ་མ་འཇམ་དཀར་བ་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ཀྱིས་གཙོ་མཛད།
ཉི་ཤུ་རྩ་ལྔས་དབང་ཞུས།
དེ་ཡང་རྗེ་རིན་པོ་ཆེ་རང་གི་སྨོན་འཇུག་གི་སྡོམ་པ་ཕོགས་པ་འགའ་ཞིག་མ་གཏོགས་གཞན་རྣམས་ལ་ཆོས་རྗེ་ལོ་ཙཱ་བས་སྨོན་འཇུག་གི་སྡོམ་པ་ཕོག་ཅིང་།
དེ་ནས་དབང་བསྐུར་བར་མཛད་དོ། །
གཞན་ཡང་གནས་དེ་ཉིད་དུ།
རྗེ་རིན་པོ་ཆེ་རང་ཉིད་ཀྱིས་སྔར་གནམ་ཙེང་ལྟེང་དང་ལམ་པ་དགོན་པ་སོགས་སུ་སྨོན་འཇུག་གི་སྡོམ་པ་གནང་བ་འགའ་ཞིག་གིས་གཙོས་ཐེག་པ་ཆེན་པོའི་ལམ་ལ་སློབ་པར་འདོད་པ་རྣམས་ལ་ཐུགས་བརྩེ་བས་དགོངས་ནས་བྱང་སའི་ཚུལ་ཁྲིམས་ལེའུའི་རྒྱ་ཆེར་འགྲེལ་ཡང་མཛད་ཅིང་།
དོན་གཉེར་ཅན་མང་བོས་གསོལ་བ་དྲག་ཏུ་བཏབ་པ་ལ་བརྟེན་ནས།
རྩ་ལྟུང་དང་བླ་མ་ལྔ་བཅུ་པའི་རྣམ་བཤད་ཀྱང་མཛད་དོ། །
དེ་ནས་ལོ་ཆེན་སྐྱབས་མཆོག་དཔལ་བཟང་བོ་བྱང་ཆུབ་ལམ་རིམ་གྱི་གླེགས་བམ་ཕྱག་ཏུ་བཞེས་ཤིང་ལེགས་བཤད་རིན་པོ་ཆེའི་སྐྱེས་ཀྱི་ཐུགས་ཀྱི་བང་མཛོད་གཏམས་ཏེ་གཙང་ལ་ཕྱག་བཏེགས།
རྗེ་རིན་པོ་ཆེས་དབྱར་དགུན་གཉིས་ཙམ་དེ་ཉིད་དུ་བཞུགས་ནས་ལམ་རིམ་ལ་སོགས་པ་ཆོས་མང་དུ་གསུངས།
ཆོས་འཕྲུལ་ཆེན་པོའི་དུས་མཆོད་ལ་མཆོད་པ་དང་སྨོན་ལམ་ཤིན་ཏུ་རླབས་ཆེ་ཞིང་ངོ་མཚར་བ་མཛད་དོ།
།དེ་ནས་རིམ་གྱིས་བྱོན་ནས་ལྷས་ཕུ་དགོན་གསར་དུ་ཕྱགས་ཕེབས།
བློ་གྲོས་དང་ལྡན་པའི་སྡེ་སྣོད་འཛིན་པ་དུ་མ་ལ་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱའི་གཙོ་བོ་མཐའ་དག་རིགས་པའི་ལམ་ནས་དྲངས་ཏེ་གཞུང་ལམ་གྱི་རིམ་པར་བསྒྲིགས་ནས་ཉམས་ལེན་ལ་སྦྱར་ཏེ་གསུངས་པས།
སྡེ་སྣོད་འཛིན་པ་ཐམས་ཅད་སྔོན་ལན་ཅིག་ཀྱང་མ་མྱོང་བའི་ལེགས་པར་བཤད་པའི་བདུད་རྩིའི་རོ་ཕུལ་དུ་བྱུང་བ་མྱོང་བ་ཡིད་རང་དབང་མེད་པར་ཕྲོགས་ཏེ་ངོ་མཚར་བའི་གཏམ་གྱིས་དུས་འདའ་བར་བྱེད་ཅིང་།
དེ་ཕྱིན་ཆད་ཀྱང་སྐབས་སྐབས་སུ་གསུངས་པས་སྔོན་ཆད་གངས་རིའི་ཁྲོད་འདིར་ཚད་མ་ཚིག་གི་ན་ཡམ་མམ།
ཕྱིའི་གོ་རྒྱ་གཅོད་པའི་ཚེ་བསྟན་བཅོས་གཞན་བལྟ་བ་ལ་བློ་ཅུང་ཟད་དྲག་ཏུ་འགྲོ་བའི་ཡན་ལག་ཙམ་དུ་ཉེ་བར་མཁོ་བར་ཟད་ཀྱི།
འདི་ཉམས་ལེན་ལ་མཁོ་བའི་ཐེ་ཚོམ་ཙམ་ཡང་སུ་ལའང་མེད་པས།
ཕལ་མོ་ཆེ་ཞིག་དོན་མ་ཡིན་པ་སྐྱེད་པར་བྱེད་པ་ལ།
ད་ལྟ་བློ་གྲོས་དང་ལྡན་ཞིང་གཟུ་བོར་གནས་པ་དག་ལ།
འདི་ཉིད་ཉམས་ལེན་སྟོན་པའི་བསྟན་བཅོས་ཤིག་ལ་རྨད་དུ་བྱུང་བའི་ཕྱོགས་མཐོང་ཙམ་ཡོད་པ་འདི་ནི་རྗེ་རིན་པོ་ཆེ་འདི་འབའ་ཞིག་གི་ཐུགས་རྗེ་ལ་བརྟེན་པ་ཡིན་ཏེ།
འདི་ཙམ་གྱི་བཀའ་དྲིན་ཡང་གངས་ཅན་པ་ཡོངས་ཀྱིས་གསབ་པར་སླ་བ་མ་ཡིན་ནོ།
།དེ་དུས་རྗེ་རིན་པོ་ཆེས་ཚད་མའི་ལམ་བསྒྲིགས་གསུངས་པ་རྣམས་རྗེ་དར་མ་རིན་ཆེན་གྱིས་ཟིན་བྲིས་སུ་བཏབ་སྟེ་དེང་སང་ཚད་མའི་བརྗེད་བྱང་དུ་གྲགས་པ་འདི་ཡིན་ནོ།
།
དེ་ནས་མིའི་དབང་བོ་གྲགས་པ་རྒྱལ་མཚན་པས་ནན་ཆེར་གསོལ་བ་བཏབ་པ་ལ་བརྟེན་ནས་འོན་བདེ་ཆེན་སྟེང་དུ་ཕེབས།
སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་འདུས་པ་རྣམས་ཀྱིས་དེ་ཉིད་དུ་དབྱར་གནས་པར་ཞལ་གྱིས་བཞེས་ཏེ།
རྒྱལ་བཟང་སྨོན་མཁར་ནས་ཞབས་ཏོག་བསམ་གྱིས་མི་ཁྱབ་པ་བསྒྲུབས།
བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་།
དབུ་ཚད་ཀྱི་དཀའ་བའི་གནས་འགྲོལ་བའི་ཆོས་མང་དུ་གསུངས།
དེ་ནས་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་འོལ་ཁའི་བྱམས་པ་གླིང་དུ་ཕྱགས་ཕེབས་དོན་གཉེར་ཅན་རྣམས་ལ་ལམ་རིམ་དང་བསྐྱེད་རྫོགས་ཀྱི་ཆོས་མང་དུ་གསུངས།
དེ་ནས་རྗེ་རིན་པོ་ཆེ་སྐུ་མཚམས་ཤིན་ཏུ་དམ་པ་ལ་བཞུགས་ཏེ་བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མ་མཆིས་པ་ལ་གསོལ་བ་ཤུགས་དྲག་ཏུ་འདེབས་པར་མཛད་པས།
རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་གསང་བ་འདུས་པའི་མན་ངག་རྣམ་གཞག་རིམ་པའི་ཊཱིཀྐ་ཞིག་བྱས་ན་བསྟན་པར་ཕན་ཆེ་ཞེས་གསུངས་པ་ལྟར་རྣམ་གཞག་རིམ་པའི་ཊཱིཀྐ་མཛད་དེ་དོན་གཉེར་ཅན་རྣམས་ལ་ཞིབ་པར་གསུངས་ཏེ་ཡང་བསྐྱེད་རིམ་པའི་དོན་དང་།
ཁྱད་པར་རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་སྒྲུབ་ཚུལ་སོགས་དཔལ་གསང་བ་འདུས་པའི་རྩ་བཤད་ཀྱི་རྒྱུད་དང་།
འཕགས་པ་ཡབ་སྲས་ལྔའི་གཞུང་ནས་འབྱུང་བའི་དོན་ཐུན་མོང་མ་ཡིན་པ་རགས་པ་རྣམས་དཔྱིས་ཕྱིན་པ་ཞིག་ལེགས་པར་གོ་ནས་དེ་དུས་ལོ་བཅུ་ལྷག་སོང་བ་ལ་དེ་བར་དུ་སྨྲ་མ་ནུས།
དེ་ནས་དེ་དུས་ཟུར་ཙམ་སྨྲས་པ་ཡིན་ཞེས་གསུངས་སོ། །
དེ་ནས་ལོ་ཆེན་སྐྱབས་མཆོག་དཔལ་བཟང་བོ་དང་།
སྤྱན་སྔ་བསོད་ནམས་བཟང་བོ་སོགས་དམ་པ་མང་བོས་གསོལ་བ་བཏབ་པ་ལ་བརྟེན་ནས།
རྒྱུད་སྡེ་བཞིའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་སྟོན་པའི་བསྟན་བཅོས་ཆེན་པོ་གསང་ཆེན་ལམ་གྱི་རིམ་པ་མཛད་དེ་གངས་རིའི་ཁྲོད་འདིར་གསང་སྔགས་རྒྱུ་སྡེ་བཞིའི་ལམ་གྱི་རིམ་པ་ལ་སྔོན་མེད་པའི་ཤིང་རྟའི་ལམ་སྲོལ་ཕྱེ་བར་མཛད་དོ།
།
དེ་ནས་སྡེ་སྣོད་འཛིན་པ་དུ་མ་ལ་གསང་སྔགས་ལམ་རིམ་གསུངས།
དེའི་ཚེ་བར་ཆད་ཀྱི་ལྟས་ཤིན་ཏུ་རྩུབ་པ་ཅི་རིགས་པ་བྱུང་།
དགེ་བཤེས་གཅིག་གཉིས་ཀྱང་འདས་པ་ལ།
དཔོན་སློབ་རྣམས་ཀྱིས་སྐུ་མཚམས་དམ་པར་མཛད་དེ་ཐུགས་དམ་དང་ཟློག་པ་སོགས་ལ་ཤིན་ཏུ་འགྲུས་པར་མཛད་པས་ཚེགས་མེད་པར་བཟློག
དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་སྦྱིན་སྲེག་གི་ཆོ་ག་རྒྱས་པའི་རྩོམ་པ་ཡང་མཛད་དོ།
།
རྗེ་རིན་པོ་ཆེ་འདི་ཉིད་ཐུགས་དམ་སྒོམ་བཟླས་སོགས་མཛད་པའི་སྐབས་སུ་སྐུ་མདུན་ན་ཡོད་པ་རྣམས་ཀྱིས་སྒོ་གསུམ་གྱི་སྤྱོད་པ་ཅི་བྱས་ཀྱང་ཆེད་དུ་གཏད་ནས་ཐུགས་བཅུག་ན་མ་གཏོགས་ཐུགས་ཀྱིས་དེ་རྣམས་ཅི་ཡང་མི་ངེས་པ་ཞིག་ཡོད་པ་གསུངས།
དེ་དུས་ཐུགས་སྲས་རྣམས་ཀྱི་ཐུགས་དམ་རྐྱེན་གང་གིས་ཀྱང་མི་གཡེང་བ་འདི་དུས་ཇི་ཙམ་ནས་ལགས་ཞུས་པས།
དགེ་སྦྱོར་གྱི་དུས་སུ་དེ་ལྟར་འོང་བ་བྱམས་པ་གླིང་ནས་ཡིན།
ལྟ་རྟོག་དང་དཔྱད་པ་ཞིབ་པོ་བྱེད་པའི་སྐབས་སུ་དེ་ལྟར་འོང་བ་སྔ་མོ་ནས་ཡོད་ཅེས་གསུངས་སོ།
།གནས་དེར་ལོ་གཉིས་བཞུགས། དེ་ནས་བྱང་ཆུབ་ལུང་དུ་དགུན་བཞུགས་མཛད།
སྔགས་མཚན་ཉིད་ཀྱི་སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ལ་གསང་སྔགས་ལམ་རིམ་གསུངས།
སོས་ཀ་སྐྱིད་ཤོད་དུ་བྱོན།
སྣེའུ་ནས་དད་པ་དྲག་པོས་ཞབས་ཏོག་ཚད་མེད་པ་ནར་མར་མཛད་དེ་དབྱར་གནས་སེ་ར་ཆོས་སྡིངས་སུ་བཞུགས།
སྐུ་མཚམས་ཤིན་ཏུ་དམ་པར་མཛད། གསང་འདུས་རིམ་ལྔ་དང་།
དཔྱིད་ཐིག་སོགས་མ་རྒྱུད་ཀྱི་རྫོགས་རིམ་འགའ་ཞིག་གསུངས།
གནས་དེར་མཁས་གྲུབ་བསྟན་པའི་ཉི་མ་དགེ་ལགས་དཔལ་བཟང་བོས་ཀྱང་མཇལ།
དེར་གསོལ་བ་འདེབས་པ་མང་བོའི་ངོར་དབུ་མ་རྩ་ཤེའི་རྒྱ་ཆེར་འགྲེལ་མཛད་པས་བཞེད་ནས་གཞུང་གི་རིགས་པའི་དཀའ་གནས་ཕྲ་མོ་རྣམས་ལ་དཔྱད་པ་ཞིབ་ཏུ་མཛད་པས།
རིགས་པ་ཕྲ་མོ་འགའ་ཞིག་ལ་དོགས་པ་ཅུང་ཟད་དཔྱད་དཀའ་བ་བྱུང་ནས།
བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་དྲག་ཏུ་བཏབ་པས། སྐབས་ཤིག་ན།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་སྟོང་ཉིད་ཉི་ཤུའི་འགྲེས་རྐང་རྣམས་གསེར་བཙོ་མ་ཡི་གེར་བཀོད་པའི་རྣམ་པས་བར་སྣང་ཁྲིག་གིས་གང་བར་གཟིགས་པ་ཡང་ཡང་བྱུང་བས།
རྩ་ཤེའི་རིགས་པ་ཤིན་ཏུ་ཕྲ་བ་རྣམས་ལའང་དོགས་པ་ལྷག་མ་མེད་པར་འབད་མེད་དུ་ཆོད་སོང་གསུངས་སོ།
།དེ་ནས་ར་ཁ་བྲག་ཏུ་ཕེབས་ནས་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་བོ་མཛད།
སེ་ར་ཆོས་སྡིངས་སུ་རྩ་ཤེའི་རྣམ་བཤད་ཆེན་མོ་མཛད།
དེའི་ཚེ་རྒྱ་ནག་གི་རྒྱལ་བོ་ཆེན་པོ་ཏ་མིང་གིས་རྗེ་རིན་པོ་ཆེ་འདི་ལ་དད་པ་ཆེན་པོས་ལུང་དང་གནང་སྦྱིན་དཔག་ཏུ་མེད་པའི་འབུལ་སྐྱེལ་དང་།
རྒྱ་ཡུལ་དུ་བསོད་ནམས་ཀྱི་ཞིང་དང་།
སྐྱེ་བོ་མཐའ་དག་ལ་དམ་པའི་ཆོས་ཀྱི་བཀའ་དྲིན་མཛད་པའི་སླད་དུ་སྤྱན་འདྲེན་པའི་གསོལ་བ་ནན་ཆེར་འདེབས་པ་ལ་གསེར་ཡིག་པ་ཏཱ་ཞིང་བཞིས་འགོ་བྱས་བརྒྱ་ཕྲག་མང་བོ་མངགས་བྱུང་བ་ལ།
དང་བོར་ཅུང་ཟད་དབེན་པ་འདྲར་མངོན་ཆུང་བར་བཞུགས་ཏེ་གསེར་ཡིག་པ་རྣམས་མཇལ་དུ་མ་གནང་།
རྗེས་སུ་མི་དབང་གྲགས་པ་རྒྱལ་མཚན་པས་གཙོ་མཛད།
དཔོན་ནམ་མཁའ་བཟང་བོ་བ་དང་བཅས་པ་ངོ་ཆེན་ལ་སྦྲན་ནས་གསེར་ཡིག་པ་རྣམས་ཀྱིས་མཆི་མ་ཕྱུང་ཞིང་ཞུ་བ་ནན་གྱིས་ཕུལ་བས་རྗེ་རིན་པོ་ཆེས་སེ་རར་ཕེབས།
མཇལ་ཁ་གནང་། འབུལ་བ་རྣམས་བཞེས།
རྒྱ་ཡུལ་ལ་འབྱོན་པ་དགག་བྱ་ཆེ་ཞིང་དགོས་པ་ཆུང་བའི་རྒྱུ་མཚན་དང་བཅས་པའི་ཞལ་ཏ་ནན་ཅན་ཞིབ་པར་བྱོན་ནས་བྱམས་ཆེན་ཆོས་རྗེ་སྐུ་ཚབ་ཏུ་མངགས་ཏེ་གོང་མའི་གསེར་ཡིག་པ་རྣམས་ཕྱིར་སློག
དེ་ནས་སེ་ར་ཆོས་སྡིངས་སུ་སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་བོ་ཚོགས་པ་ལ་རྩ་ཤེ།
དྲང་ངེས་རྣམ་འབྱེད། བཞི་བརྒྱ་བ། གསང་སྔགས་ལམ་རིམ།
རྩ་ལྟུང་དང་བླ་མ་ལྔ་བཅུ་བ་ལ་སོགས་པའི་བཤད་པ་ཞིབ་པར་གསུངས་ཤིང་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱང་གནང་།
དེ་ནས་གསང་ཕུ། བདེ་བ་ཅན། དགའ་སྐྱོར་ཟུལ་གསུམ་བཅས་ཀྱི་གདན་ས་པ།
ཐང་སག་པའི་གདན་ཟུར་ལ་སོགས་པ་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་དྲུག་བརྒྱ་ཙམ་འདུས་པ་ལ་སྣེའུ་ནས་དབྱར་གནས་ཀྱི་བདག་རྐྱེན་དང་།
དཔོན་སློབ་རྣམས་ཀྱི་སྤྱི་སྒོས་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད།
དེ་ལྟར་སེ་ར་ཆོས་སྡིངས་སུ་ལོ་གཉིས་ཙམ་བཞུགས་ནས་དགག་དབྱེ་ཐོན་པ་དང་།
མི་དབང་གྲགས་པ་རྒྱལ་མཚན་པས་གསོལ་བ་བཏབ་པ་ལ་བརྟེན་ནས་སྐྱིད་སྨད་གྲུམ་བུ་ལུང་དུ་ཕྱགས་བཏེགས།
ཕྱགས་ཕྱིར་བྱོན་པའི་བཤེས་གཉེན་ལྔ་བརྒྱ་ཙམ་ལ་ཕོགས་དང་ཞབས་ཏོག་ཕུལ་དུ་བྱུང་བ་མཛད་ཅིང་།
གཞན་ཡང་ཕྱོགས་མཐའ་དག་ནས་དམ་པའི་ཆོས་གསུང་གི་བདུད་རྩི་ལེན་པ་ལ་འདུས་པ་དང་བཅས་དགེ་འདུན་སྟོང་ལོངས་པ་ཙམ་འཚོགས་ཤིང་།
དགུན་བཞུགས་དེར་མཛད་ལམ་རིམ་དང་བདེ་མཆོག་ལཱུ་ཨི་པའི་སྒྲུབས་ཐབས་དང་།
མ་རྒྱུད་ཀྱི་རྫོགས་རིམ་སོགས་རྒྱས་པར་གསུངས་སོ། །
དེ་ནས་རྗེ་རིན་པོ་ཆེས་གངས་རིའི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་ཤིང་འཕེལ་བའི་རྟེན་འབྲེལ་དུ་དགོངས་ནས་གངས་རིའི་མགོན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོས་གངས་རིའི་ཁྲོད་འདིར་ཐུབ་པའི་དབང་བོའི་བསྟན་པ་རིན་པོ་ཆེའི་སྒྲོན་མེ་གསར་དུ་བཙུགས་པའི་གནས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ལ་ཞིག་གསོ་ལེགས་པར་མཛད་དེ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་གསར་དུ་བཞེབས་པ་ལྟ་བུར་མཛད་དེ་གླང་གི་ལོ་ཟླ་བ་དང་བོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཆོ་འཕྲུལ་ཆེན་པོའི་དུས་ཀྱི་མཆོད་པ་དངོས་གཞི་མཛད་པ་ལ།
ཇོ་བོ་རིན་པོ་ཆེའི་དྲུང་དུ་དེ་བཞིན་གཤེགས་པ་རིགས་རྣམ་པ་ལྔ་འཕུལ་ལས་བཏོན་པ་དར་དཔྱངས་དང་བཅས་པའི་དབུ་རྒྱན་རྒྱུ་གསེར་བཟང་བོ་འབའ་ཞིག་ལས་བསྒྲུབས་པ།
རིན་པོ་ཆེ་ནལ་དང་། མུ་ཏིག་དང་།
གཡུ་ལ་སོགས་པའི་ཕྲ་བཟང་བོ་བཀོད་པས་མཛེས་པར་བྱས་པ་དང་།
ཇོ་བོ་མི་བསྐྱོད་རྡོ་རྗེ་དང་བཅུ་གཅིག་ཞལ་ལ།
དངུལ་བཟང་བོ་ལས་བྱས་པའི་དབུ་རྒྱན་ཕུན་སུམ་ཚོགས་པ་དང་བཅས་པ་ཕུལ་ཞིང་།
ཇོ་བོ་རིན་པོ་ཆེའི་དྲུང་དུ་དངུལ་གྱི་ལྷུང་བཟེད་ཆེ་ཚད་དུ་ལོངས་པ་དེའི་ཁ་ལ་འཚམ་པའི་དངུལ་གྱི་མཎྜལ་དང་བཅས་པ་དང་།
ཇོ་ཤཱཀ་རྣམ་གཉིས་བཅུ་གཅིག་ཞལ་དང་བཅས་པ་ལ་ཆོ་འཕྲུལ་གྱི་རིང་ཉིན་རེ་བཞིན་ཞལ་གསེར།
ཚེས་བརྒྱད་དང་བཅོ་ལྔ་ལ་སྐུ་ཡོངས་རྫོགས་ལ་གསེར་ཆབ་དང་བཅས་པ་ཕུལ་ཞིང་།
ཇོ་ཤཱཀ་རྣམ་གཉིས་དང་ཐུབ་པ་གངས་ཆེན་མཚོས་གཙོ་མ།
ད་སྤྲུལ་སྐུའི་རྣམ་པ་ཅན་གྱི་སྐུ་འབུར་དུ་དོད་པ་ཐམས་ཅད་ལ་གོས་དར་ཕུན་སུམ་ཚོགས་པ་ལབ་བྱས་པའི་བླ་གོས་དང་སྣམ་སྦྱར་དང་།
སེམས་དཔའ་སེམས་མ་བཅུ་དྲུག་ལ་སོགས་པ་ཁྲོ་བོའི་རྣམ་པར་བཞུགས་པ་ལ་སོགས་པ་རྣམས་ལ་ནི་དར་ཆེན་དང་གན་གོས་ལ་སོགས་པའི་སྟོད་གཡོགས་དང་སྨད་གཡོགས་དང་།
གཞན་ཡང་གཙུག་ལག་ཁང་ཆེ་ཆུང་རྣམས་ཀྱི་ཏོག་དང་བྱ་འདབ་ལ་སོགས་པའི་རྩེ་ཟུར་ཕན་ཚུན་དུ་ཐ་གུས་སྦྲེལ་བ་ཐམས་ཅད་ལ་བ་དན་དང་རྔ་ཡབ་དང་དྲིལ་བུ་ལ་སོགས་པས་བར་མ་ཆད་པར་མཛེས་པར་བྱས་ཤིང་།
ཕྱིའི་སྐོར་ལམ་ཆེན་མོའི་ཕྱི་རོལ་ནས་ཤིང་ཆེན་པོ་འཕང་ཤིན་ཏུ་མཐོ་བ་རྣམས་ལ་གོས་དར་སོགས་ལས་བྱས་པའི་བ་དན་ཆེན་པོ་འཇིགས་སུ་རུང་བ་ལ་ཕྱོགས་སྐྱོང་དེ་དང་དེའི་སྐུས་ཏོག་ལ་བརྒྱན་ཅིང་།
དེ་དང་དེའི་སྔགས་བ་དན་ཉིད་ལ་བྲིས་པ་བཅོ་ལྔ་ཕྱོགས་སྐྱོང་བ་བཅོ་ལྔ་བོ་རང་རང་གི་ཁ་དོག་དང་མཐུན་པ་རང་རང་གི་ཕྱོགས་སུ་ལེགས་པར་བཙུགས་ནས་ནུབ་རེ་བཞིན་དེ་དག་གི་རྩ་བའི་གཏོར་སྟེགས་ཁར་ཕྱོགས་གཏོར་གཏོང་བ་དང་།
དེ་དག་གིས་བར་བར་དུ་གདུགས་དཀར་ལ་སོགས་པའི་རྒྱལ་མཚན་རང་རང་གི་ཆོ་ག་བཞིན་དུ་ལེགས་པར་བཙུགས་ཤིང་།
བ་དན་དང་རྒྱལ་མཚན་དེ་དག་གི་ཤིང་རྣམས་ཐ་གུས་སྦྲེལ་བ་ལ་འཕན་དང་རྔ་ཡབ་དང་།
དྲིལ་བུ་ལ་སོགས་པས་བར་མ་ཆད་པར་མཛེས་པར་བྱས་པ་ནི་འཇའ་ཚོན་ཀུན་ནས་བཀྲ་བས་ནམ་མཁའི་ལམ་ཁྱབ་པར་བྱས་པ་ལྟ་བུ་དང་།
གཞན་ཡང་ཉིན་པར་ཡང་ཁྱམས་ནང་མ་ཡན་ཆད་ལ་དཀར་མེ་བརྒྱ་ཕྲག་བཞི་རེ་ཙམ་དང་།
བར་སྐོར་ལ་བརྒྱ་ཕྲག་ལྷག་པ་དང་། ཕྱི་སྐོར་ལ་རྡོ་རིང་གི་འགྲམ།
ཇོ་བོ་རིན་པོ་ཆེའི་ཞལ་གྱི་དྲང་ཐད་དུ་ཀོང་བུ་ཆེན་པོ་གྲུ་བཞི་བ་ཕྱོགས་རེ་ལ་འདོམ་ཚད་མ་གསུམ་གསུམ་ཡོད་པ་དེ་ཉིད་མར་ཁུས་ལེགས་པར་བཀངས་པ་ལ་འཚམ་པའི་སྡོང་བུ་ལས་འབར་བའི་མེ་ལྕེ་ནི་གསེར་གྱི་མཆོད་སྡོང་གིས་ནམ་མཁའི་ལམ་འགོག་པར་བྱེད་པ་ལྟ་བུས་ཐོག་དྲངས།
རྫའི་ཁོག་མ་ཆེན་པོ་མར་ཁུས་བཀང་བའི་སྡོང་བུ་མི་ཆེན་པོའི་ལག་པའི་སྦོམ་ཙམ་ལ་འཕང་མདའ་ཚད་ལྷག་ཙམ་གི་མར་མེ་བར་ཐག་འཚམ་པར་བཀོད་པས་ཕྱི་སྐོར་གྱི་ཕྱི་རིམ་འཁོར་བ་དང་།
གཞན་ཡང་ར་མོ་ཆེ། ཀླུ་ཕུག པོ་ཏ་ལ། གུང་ཐང་རྣམས་སུའང་དཀར་མེ་དུ་མ་དང་།
མཚན་མོ་ནི་བར་སྐོར་གྱི་རྩིག་འགྲམ་འཁོར་བ་དང་།
ཁྱམས་གྲྭ་ཕྱི་མའི་ཀ་ཚར་ཇི་ལྟར་ཡོད་པ་བཞིན་དུ་མར་མེའི་ཕྲེང་བ་བཀོད་པས་མིག་གིས་བལྟ་བ་ཙམ་ཡང་བཟོད་དཀའ་བར་བྱས་ཏེ།
མཚན་དེའི་གུང་ལའང་སྟེང་དུ་མངོན་པར་བལྟས་པ་ན་ནམ་མཁའ་མར་མེའི་འོད་ཀྱི་གོས་དང་བཅས་པས་ཁ་དོག་དམར་སྐྱ་ཉིད་དུ་མཐོང་བ་མ་གཏོགས་སྐར་མ་གཅིག་གི་གཟུགས་ཀྱང་མཐོང་བའི་ཡུལ་ལས་འདས་པར་གྱུར་ཏོ།
།གཞན་ཡང་ཡོན་ཆབ་བརྒྱ་ཕྲག་བརྒལ་བ་ཉིན་རེ་བཞིན་གསར་དུ་མངོན་པར་བཤམས་པ་རྣམས་ལ་ཁ་ཆེ་གུར་ཀུམ་སྦངས་པའི་ཁུ་བས་ཁ་ལེགས་པར་བསྒྱུར་བའི་གུར་ཀུམ་གྱི་རོ་མ་ནི་ཉིན་རེ་ལའང་བྲེས་གཞལ་དགོས་པ་དང་།
གཞན་ཡང་སྤོས་ཀྱི་རྒྱལ་མཚན་དང་། གདུགས་དང་།
སྤོས་སྣོད་ཐ་དད་དུ་མངོན་པར་བསྲེགས་པ་ལ་སོགས་པའི་དྲི་བཟང་བོས་ཕྱི་རོལ་གྱི་ཁོར་ཡུག་ཐམས་ཅད་དུའང་ཉིན་མཚན་གཉིས་ཀ་མངོན་པར་ཁྱབ་ཅིང་།
དུ་བ་རྣམས་ནི་བར་སྣང་ལ་སྤྲིན་གྱི་སྣ་རིང་བོ་དག་ཕན་ཚུན་མདུད་པའི་ལྡ་ལྡི་བྲེས་པ་ལྟ་བུ།
ཐ་ན་ཕྱི་སྐོར་གྱི་སྐོར་ལམ་རྣམས་ཀྱང་སྤོས་ཀྱི་ཆུས་ཆག་ཆག་བཏབ་པར་བྱས་ན་གཞན་ལྟ་ཅི་སྨོས།
ཞལ་ཟས་མདའ་ཚད་ལྷག་ཙམ་ལ་མར་གྱི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་རྒྱན་ཡིད་འཕྲོག་པས་བརྒྱན་པ་བརྒྱ་རྩ་བརྒྱད་རེ་ཉིན་རེ་བཞིན་གསར་བ་གསར་བ་ཕུལ་ཞིང་།
ཀོང་བུ་ཆེན་པོའི་གཡས་གཡོན་དུ་ས་སྟེགས་ལ་རྩམ་པ་ཁལ་བཞི་བརྒྱ་རེ་ལས་བྱས་པའི་ལྷ་བཤོས་རྒྱན་བཟང་བོ་དཔག་ཏུ་མེད་པས་སྤྲས་པ།
འཕྱར་དར་བཙུགས་པ་དང་བཅས་པ་མངོན་པར་བཤམས་པའི་ཞལ་ཟས་རྙིང་བ་རྣམས་ནི་བདག་གིར་བྱེད་པ་མེད་པར་སྐྱེ་བོ་ཕོངས་པ་སྤྲང་པོའི་ཚོགས་ལ་བལྟོས་པ་མེད་པར་བྱིན།
གཞན་ཡང་མཆོད་པའི་བྱེ་བྲག་མཐའ་ཡས་པ་དང་།
རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་བཀོད་པ་ཡིད་འཕྲོག་པ་དཔག་ཏུ་མེད་པ་དང་བཅས་པས་མངོན་པར་མཆོད་དེ།
རྗེ་བླ་མ་ཉིད་ཀྱིས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་ནས་མདོ་སྡེ་དང་རྒྱུད་སྡེ་ནས་བྱུང་བའི་ཆོ་ག་རྣམ་པར་དག་པས་མངོན་པར་མཆོད་ཅིང་།
བསྟན་པ་སེམས་ཅན་འབའ་ཞིག་ལ་དགོངས་པའི་ཐུགས་བསྐྱེད་ཤུགས་དྲག་པོས་བསྟན་པ་རྒྱས་པ་དང་སེམས་ཅན་ལ་ཕན་བདེ་འབྱུང་བའི་སྨོན་ལམ་རྣམ་པར་དག་པ་ཉིན་རེ་བཞིན་མཛད་ལ།
དགེ་འདུན་སྐྱེ་བོའི་ཚོགས་དང་བཅས་པ་ལ་ཉིན་རེ་བཞིན་སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་ཀྱི་ཆོས་ཐུན་རེ་གསུངས་ཏེ་དེའི་དུས་སྨོན་ལམ་ལ་འདུས་པའི་སྐྱེ་བོ་ཐམས་ཅད་རང་བཞིན་གྱིས་རྒྱུད་འཇམ་པ་དང་།
དང་བ་དང་།
དགེ་བ་སྤྲོ་བ་སོགས་ཀྱི་གཞན་དབང་དུ་གྱུར་པས་ཉིན་མཚན་ཁོར་ཡུག་ཏུ་ཆོས་མཉན་པ་དང་།
ཕྱག་དང་། སྐོར་བ་དང་། སྨོན་ལམ་འདེབས་པ་དང་།
གཟུངས་ཁ་ཏོན་དུ་བྱེད་པ་ལ་སོགས་དགེ་བའི་བྱ་བ་འབའ་ཞིག་གིས་དུས་འདའ་བར་གྱུར་ཅིང་།
དེ་ཡང་མཚན་ཕྱེད་ལ་བབ་པའི་དུས་རང་ན་ཕྱི་སྐོར་བྱེད་པ་ཉིན་མོ་བས་ཅུང་ཟད་ཉུང་བར་མངོན་པ་ཙམ་མ་གཏོགས།
སྐོར་བ་བྱེད་པ་བར་ཆད་པ་ནི་ཅུང་ཟད་ཀྱང་མ་བྱུང་ངོ་། །
དེ་ལྟ་བུའི་སྨོན་ལམ་བསམ་ལས་འདས་པའི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་གསོས་སུ་འགྱུར་བར་མཛད་དེ།
དེའི་ཚེ་ཐུགས་དམ་པ་ཉམས་སྣང་ཤིན་ཏུ་བཟང་བོ་ཞིག་གི་མནལ་ལམ་དུ།
ལྷ་སའི་ཉེ་སྐོར་གྱི་གཞི་ལས་སྐྱེ་བོའི་ཚོགས་གྲངས་ལས་འདས་པ་ཐོན་ནས།
ཐམས་ཅད་ནམ་མཁའ་ལ་ཡར་ཐལ་བྱུང་དུ་འགྲོ་ཡི་འདུག
འདི་ཅི་ཡིན་བྱས་པས་ངེད་རྣམས་ཇོ་བོ་རིན་པོ་ཆེ་ལ་འདི་ལྟར་མཆོད་པས་ཚངས་པའི་འཇིག་རྟེན་དུ་འགྲོ་བ་ཡིན་ཟེར་བ་དེ་འདྲ་བའི་རྨི་ལམ་ཡང་བྱུང་སྟེ།
རྒྱལ་བས་སྔོན་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་སུ་གདུལ་བྱའི་དོན་ཇི་ལྟར་མཛད་པ་དེ་ཁོ་ན་བཞིན་དུ་ལྷ་མི་བགྲང་བ་ལས་འདས་པའི་ཞིག་སྨིན་ཅིང་གྲོལ་བར་མཛད་དེ་ངན་སོང་གི་རྒྱུན་ལམ་ནི་བཅད།
མཐོ་རིས་དང་ཐར་པའི་ལམ་ནི་ལམ་པོ་ཆེ་བཞིན་དུ་བྱས་ཏེ།
རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟ་བུར་མཛད་དོ། །
དེའི་ཚེ་རྗེ་རིན་པོ་ཆེ་ལ་གངས་ཅན་གྱི་བསྟན་འཛིན་དམ་པ་མང་བོ་དང་།
ཡོན་བདག་ཆེ་ཕྲ་མང་བོས་རྒྱུན་དུ་ས་གཅིག་ཏུ་བཞུགས་ཆོག་པའི་དགོན་གནས་ཤིག་བཏབ་ཆོག་པ་དགོས་ཞེས་ཡང་དང་ཡང་དུ་གསོལ་བ་བཏབ་པ་ན་རྗེ་རིན་པོ་ཆེས་ཀྱང་མ་འོངས་པ་ན་བསྟན་པའི་རྒྱུན་ལ་ཕན་པར་དགོངས་ཞལ་གྱིས་བཞེས་ཏེ་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་དགོན་གནས་གང་ཟག་བརྟགས་པས་འབྲོག་རི་བོ་ཆེ་བཟང་བར་བྱུང་ཞིང་།
ལྷོ་བྲག་གྲུབ་ཆེན་ལ་གསང་བའི་བདག་པོས། དབང་བསྐུར་རི་ཡི་ལྡེབས་དག་ཏུ།
།བཙུན་མོ་སྡིངས་ཀྱི་ངོས་ཕྱོགས་སུ། །དགེ་འདུན་དཔག་མེད་འདུ་བར་འགྱུར།
།རི་ནི་གང་ཡིན་འཇམ་དབྱངས་འཆད། །དབུས་གཙང་མདོ་ཁམས་རྒྱ་ཡུལ་གྱི།
།མཆོད་གནས་དམ་པ་ཚོགས་གསོག་རྟེན། །མངའ་རིས་བོད་ཁམས་ཀུན་གྱི་སྐྱབས།
།ཕྱོགས་བཅུར་སྡེ་དགོན་རྒྱས་པ་འབྱུང་།
།ཞེས་ལུང་བསྟན་པ་ལྟར་འབྲོག་རི་བོ་ཆེར་དགོན་གནས་འདེབས་པར་དགོངས་ནས་སྨོན་ལམ་གྲོལ་འཕྲལ་འབྲོག་རི་བོ་ཆེར་ཞབས་ཀྱིས་བཅགས་ནས་ས་གཞི་བྱིན་གྱིས་བརླབས།
སྲས་ཀྱི་ཐུ་བོ་རྣམས་ལ་འདི་ལྟར་བགྱིས་ཀྱི་བཀའ་ལུང་བསྩལ།
དེ་ནས་དཔྱིད་སྔོན་མ་སེ་ར་ཆོས་སྡིངས་སུ་བཞུགས།
སྡེ་སྣོད་འཛིན་པ་དྲུག་བརྒྱ་ཙམ་ལ་དབུ་མ་རྩ་ཤེ། ཚུལ་ཁྲིམས་ལེའུ།
སྒྲུབ་ཐབས་ཀུན་བཟང་། ལམ་རིམ་ལ་སོགས་པ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས།
དེ་ནས་སྤྱན་སྔ་རིན་པོ་ཆེ་བསོད་ནམས་བཟང་བོ་བས་གསོལ་བ་ནན་ཆེར་བཏབ་པ་ལ་བརྟེན་ནས།
དཔྱིད་རྟིང་མ་རྗེ་རིན་པོ་ཆེ་དཔོན་སློབ་ཉིས་བརྒྱ་ཙམ་གྱིས་ཟངས་རིའི་ཕུ་མཆིད་དུ་བྱོན།
སྤྱན་སྔ་རིན་པོ་ཆེ་བསོད་ནམས་བཟང་བོ་དང་།
མཁན་ཆེན་རྒྱལ་བཟང་བས་གཙོ་མཛད་ཐེལ་པའི་རི་དགེ་མང་བོ་དང་།
གཞན་ཡང་སྡེ་སྣོད་འཛིན་པ་མང་དུ་འདུས་པ་རྣམས་ལ་ལམ་རིམ་ལ་སོགས་པའི་ཆོས་མང་དུ་གསུངས།
སྲས་ཀྱི་ཐུ་བོ་རྗེ་དར་མ་རིན་ཆེན་པ་དང་།
འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ཀྱིས་ཐོག་མ་མཛད་པའི་དགེ་འདུན་ཕལ་ཆེ་བས་འབྲོག་རི་བོ་ཆེར་བྱོན་ཏེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ།
ཕྱོགས་ཀྱི་ཡོན་བདག་དང་།
ཉེ་སྐོར་གྱི་བན་སྐྱའི་སྡེ་ཐམས་ཅད་ཀྱིས་དད་བསླངས་ཚད་མེད་པ་དགའ་སྤྲོ་དང་བཅས་པས་བསྒྲུབས་པས་དེ་ཁའི་ལོ་ལ་གཟིམ་ཁང་གིས་ཐོག་དྲངས་བྲང་ཁང་རྫོགས་པར་གྲུབ་པ་བདུན་ཅུ་ལྷག་ཙམ་དང་།
གཞི་བཏིང་བ་བརྒྱ་ཕྲག་བརྒལ་བ་བྱུང་།
བྲང་ཁང་སོ་སོ་ཕལ་ཆེ་བ་ལའང་འདུལ་བ་ནས་ཇི་ལྟར་གསུངས་པ་བཞིན་དུ།
དང་བོར་གཞི་བརྟག་པ་དང་། བརྟགས་ནས་དགེ་འདུན་ལ་གསོལ་བ་དང་།
དེ་ནས་དགེ་འདུན་གྱིས་གནང་བ་སྦྱིན་པ་དང་། ལག་གི་བླ་བསྐོ་བ་དང་།
རྡོ་བཏེག་པའི་མཐའ་ལས་བྱུང་བའི་རུང་ཁང་གཅོད་པ་དང་།
ཁང་བའི་ཚད་ལས་མ་ལྷག་པར་རྩིག་པ་སོགས་ཀྱི་ཕྱག་ལེན་དག་ཐེར་ཅན་མཛད་པས།
མཁར་ལས་ཀྱི་ཕྱག་ལེན་ཙམ་གྱིས་ཀྱང་བསྟན་པ་རིན་པོ་ཆེ་གསལ་བར་མཛད་དོ། །
རྗེ་ཉིད་ཀྱིས་ལོ་དེའི་དབྱར་གནས་འོལ་ཁ་བས་གདན་དྲངས་ནས་འོལ་ཁ་བསམ་གཏན་གླིང་དུ་མཛད་དེ་རྗེ་རིན་པོ་ཆེས་སྐུ་མཚམས་དམ་པོ་བཅད་ནས་བླ་མ་དང་ཡི་དམ་ཐ་མི་དད་དུ་དམིགས་པ་ལ་གསོལ་བ་ཤུགས་དྲག་པོ་འདེབས་པར་མཛད་ཅིང་།
དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་པ་ལྔའི་ངོ་སྤྲོད་ཆེན་མོ་རིམ་པ་ལྔ་གསལ་བའི་སྒྲོན་མེ་རྩོམ་པའི་ཐུགས་འདུན་བཏང་།
ཟིན་བྲིས་འདེབས་པ་མཛད་པའི་སྐབས་སུ།
མནལ་ལམ་གྱི་ལྟས་ངོ་མཚར་དུ་བྱུང་བ་དག་མཉེལ་བར་གྱུར་ན་མི་རུང་སྙམ་དུ་དགོངས་ནས་བརྡའི་ཚིག་གིས་རྣམ་པར་བཅིངས་པའི་ཚིགས་སུ་བཅད་པ་ཡི་གེར་མཛད་དེ།
ཀུན་གྱི་མིག་ལམ་དུ་འགྱུར་བའི་གནས་ཇི་ལྟ་བར་བཞག་པར་མཛད་དོ།
།དེ་ནི་བཀའ་འབུམ་ཐོར་བུར་གསལ་བ་ལྟར་དང་།
བརྡ་ཚིག་དེ་དག་གི་དོན་མཁས་གྲུབ་ཐམས་ཅད་མཁྱེན་པས་ཞིབ་ཏུ་བཀྲལ་བ་ལྟར་རོ། །
དེ་ནས་གནས་དེར་མདོ་སྔགས་ཀྱི་ཆོས་མང་དུ་གསུངས།
སྟག་ལོ་ཟླ་བ་གཉིས་པའི་ཚེས་ལྔ་ལ་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕྱགས་ཕེབས།
ལམ་རིམ་གསང་འདུས་སྒྲོན་གསལ་རིམ་ལྔ་དང་བཅས་པ་གསུངས་ཤིང་།
མངོན་པ་ཀུན་ལས་བཏུས་དང་ས་སྡེ་ལ་སོགས་པའི་འགངས་ཀྱི་རྣམ་གཞག་དང་།
ཚད་མའི་དཀའ་གནས་ཀྱང་མང་དུ་གསུངས།
དཔལ་གསང་བ་འདུས་པའི་བཤད་རྒྱུད་ལྷ་མོ་བཞི་ཞུས་དང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་གཉིས་ཀྱི་རྣམ་བཤད་རྒྱས་པའི་རྩོམ་པའང་མཛད།
དེའི་ཕྱི་ལོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ་ཞེས་བྱ་བའི་ལེགས་པར་བཤད་པའི་གཏེར་ཆེན་པོ་དེ་ཉིད་དང་།
རིམ་ལྔ་གདན་རྫོགས་ཀྱི་ཁྲིད་ཡིག་དང་བཅས་པའང་མཛད་ནས་ཐེག་པ་ཆེན་པོའི་ཆོས་ཀྱི་འབྱོར་པ་དཔག་ཏུ་མེད་པ་སྩོལ་བར་མཛད་དོ།
།
དེ་ནས་དགུང་ལོ་ལྔ་བཅུ་ང་བདུན་པའི་ཐོག་ཏུ་རྒྱལ་བའི་བསྟན་པ་ཆེས་ཆེར་རྒྱས་པ་བདུད་སྡིག་ཏོ་ཅན་གྱིས་མ་བཟོད་ནས་བར་ཆད་ཀྱི་མཚན་མ་ཅི་རིགས་བྱུང་བ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་མཐུ་དང་།
འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་མཐུས་བཟློག་པར་མཛད།
དེ་ཡང་སྔོན་ཐུབ་པའི་དབང་བོས་བདུད་བྱེ་བ་ཕྲག་དུང་ཕྱུར་བྱམས་པའི་དཔུང་གིས་བཟློག་པར་མཛད་པ་ཇི་ལྟ་བ་དེ་བཞིན་དུ་མཛད་དེ་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་དབུགས་ཕྱིན་པ་ཐོབ་པར་གྱུར་ཏོ།
།དེ་ནས་ལོ་དེའི་ཕྱི་ལོ་མི་དབང་གྲགས་པ་རྒྱལ་མཚན་པས་གསོལ་བ་བཏབ་ནས་འོན་བཀྲ་ཤིས་རྡོ་ཁར་གདན་དྲངས།
སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ལ་དབུ་ཚད་དང་ལམ་རིམ་ལ་སོགས་པའི་ཆོས་མང་དུ་གསུངས་ནས་ཕྱོགས་དེའི་སྐྱེ་བོ་མཐའ་དག་ཚིམ་པར་མཛད་དོ།
།རྗེ་རིན་པོ་ཆེའི་སྐུ་བཀྲ་ཤིས་རྡོ་ཁ་མར་གྲགས་པའི་བྱིན་རླབས་ཅན་འདི་རྣམས་ཀྱང་དེ་དུས་བྱུང་བ་ཡིན་ནོ།
།དེ་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཚུར་ཕེབས།
དེ་ནས་བརྩམས་ཏེ་རིམ་པ་བཞིན་དུ་དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པའི་ཊིཀྐ་ཆེན་མོ་དང་།
རྫོགས་རིམ་རྣལ་འབྱོར་བཞི་ལྡན་གྱི་ཁྲིད་ཡིག་ཆེ་ཆུང་།
བདེ་མཆོག་གི་སྒྲུབ་ཐབས།
དཔལ་གསང་བ་འདུས་པའི་རྩ་རྒྱུད་དང་འགྲེལ་བ་སྒྲོན་གསལ་གྱི་ཞུས་དག་དག་ཐེར་ཅན་མཛད་ནས།
ཚིག་དོན་ཤིན་ཏུ་ཞིབ་པར་འཆད་པའི་མཆན་བུ་དང་།
ལེའུ་སོ་སོ་དང་སྤྱིའི་དཀའ་བའི་གནས་རྣམ་པར་གཏན་ལ་འབེབས་པའི་མཐའ་གཅོད་དང་།
དོན་ཚན་སོ་སོའི་དམིགས་འབྱེད་པའི་བསྡུས་དོན་དང་བཅས་པ་མཛད་ཅིང་།
རྒྱུད་སྡེ་བཞི་དང་འབྲེལ་བའི་བཤད་པ་མཐའ་དག་པ་རྒྱུན་མ་ཆད་པར་གསུངས་པས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྙིང་བོ་མཐའ་དག་ཉམས་ན་མིང་ཙམ་ཡང་མེད་པར་གྱུར་པ་གཞི་ནས་བསླངས་ཏེ་ལེགས་པར་གསལ་བར་མཛད་པས་གངས་ཅན་པ་རྣམས་ལ་རྒྱལ་བ་བས་ཀྱང་བཀའ་དྲིན་ཆེ་བར་གྱུར་པ་ཡིན་ནོ།
།དེ་ནས་ལུག་ལོའི་དབྱར་ནས་འགོ་བརྩམས་སྔགས་ཀྱི་བསྒྲུབ་མཆོད་ཁང་བ་ཞིག་གསར་དུ་བསྒྲུབ་པའི་ཞལ་བཀོད་མཛད་དེ་གཙུག་ལག་ཁང་ཁྱམས་གཙང་ཁང་དང་བཅས་པ་ཀ་བ་བདུན་ཅུ་རྩ་གཉིས་ཀྱི་ས་ལ།
དབུས་ཀྱི་གཙང་ཁང་དུ་སྟོན་པའི་སྐུ་ཇོ་བོ་རིན་པོ་ཆེའི་སྐུ་ཚད་ལས་ཅུང་ཞིག་གིས་ཆེ་བ་དང་།
སྟེང་གི་གཙང་ཁང་དུ། དཔལ་གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས།
དཔལ་འཁོར་ལོ་བདེ་མཆོག་ལཱུ་ཨི་པ་ལྷ་དྲུག་ཅུ་རྩ་གཉིས།
དཔལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་རྟེན་དང་བརྟེན་པར་བཅས་པའི་གཞལ་ཡས་ཁང་བློས་བསླངས་རྣམས་རྒྱུན་རིན་པོ་ཆེ་འབའ་ཞིག་ལས་བསྒྲུབས།
དེ་ཡང་གཞལ་ཡས་ཁང་དང་ལྷ་གཞན་རྣམས་ཟངས་ལ་གསེར་གསོལ་བ། གཙོ་བོ་རྣམས་དང་།
ཕྱོགས་ཀྱི་དེ་བཞིན་གཤེགས་པ་དང་སྙིང་བོའི་རྣལ་འབྱོར་མ་རྣམས་དངུལ་བཟང་བོ་འབའ་ཞིག་ལས་བཞེངས་པའི་གཙོ་བོ་ཡུམ་དང་བཅས་པ་རྣམས་རེ་རེ་ལའང་དངུལ་བྲེ་ཆེན་གཉིས་ལྷག་རེ་དང་རྡོར་དབྱིངས་ཀྱི་གཙོ་བོ་ལ་དངུལ་བྲེ་ཆེན་གཉིས་མ་ལོངས་ཙམ་དང་།
འཁོར་གྱི་ལྷ་བཅུ་གཉིས་པ་རེ་རེ་ལའང་དངུལ་བྲེ་ཆེན་ཕྱེད་དང་གཉིས་རེ་ཅུང་མ་ལོངས་ཙམ་དང་བཅས་པ་དང་།
དེ་དག་ལ་རིན་པོ་ཆེ་དང་།
གཡུ་རྙིང་བཟང་བོ་དཔག་ཏུ་མེད་པའི་ཕྲ་བསམ་གྱིས་མི་ཁྱབ་པ་དང་།
གཞན་ཡང་རྗེ་བཙུན་འཇམ་པའི་དབྱངས། རྒྱལ་བ་ཚེ་དཔག་མེད། རྗེ་བཙུན་བྱམས་མགོན།
བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པ་རྣམས་ཀྱི་གསེར་སྐུ་མདའ་ཚད་རེ་དང་།
བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་དང་།
གཙུག་ཏོར་གདུགས་དཀར་གཉིས་ཀྱི་གསེར་སྐུ་ཁྲུ་ཚད་རེ་དང་།
གོས་དར་བཟང་བོ་མཐའ་ཡས་པ་བརྡུངས་པའི་དར་འདམ་འབའ་ཞིག་ལས་བསྒྲུབས་པའི་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པའི་སྐུ་ལ་རྒྱབ་མཐོ་བཅུ་བདུན་ཡོད་པ་རྣམས་བཞེངས་ཤིང་།
དེ་དག་ཐམས་ཅད་ཀྱང་ལྷ་བཟོའི་བཟོ་ཐིག་དང་ཕྱག་ཚད་ཕལ་བ་མ་ཡིན་པར།
ཤཱ་རིའི་བུ་དང་ཚངས་པ་ཨེ་ཌའི་བུ་ལ་སོགས་པས་ཞུས་པའི་ཕྱག་ཚད་ཀྱི་ཡི་གེའང་མང་དུ་ཡོད་མོད་ཀྱི་གཙོ་བོར།
དཔལ་འཁོར་ལོ་བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ཀྱི་ལེའུ་གཅིག་གིས་ལྷའི་ཕྱག་ཚད་ཞིབ་པར་སྟོན་ཅིང་།
དེའི་རྒྱ་ཆེར་འགྲེལ་རཏྣ་རཀྵི་ཏས་ཁྱད་པར་ཞིབ་ཏུ་གཏན་ལ་ཕབ་པ་དང་།
དཔལ་གཤིན་རྗེ་གཤེད་དམར་བོ་དང་ནག་པོའི་རྒྱུད་གཉིས་ཀྱི་ལེའུ་རེ་རེས་ལྷའི་ཕྱག་ཚད་སྟོན་པ་རྣམས་གུང་ལེགས་པར་བསྒྲིགས་པའི་ཐིག་ཁོག་ནས་དྲངས་ཏེ།
ལྷ་རྣམས་རྒྱལ་བས་གསུངས་པའི་ཕྱག་ཚད་དང་ལྡན་པར་བཞེངས་ཤིང་།
དེ་དག་རྣམས་ལའང་རྒྱུའི་བྱིན་རླབས་སོགས་ཚུལ་བཞིན་དུ་མཛད་པས་གེགས་མེད་ཅིང་ཁྱད་པར་ཅན་གྲུབ་སྟེ།
ལུགས་བཏང་བ་ལ་འདི་འདྲ་བའི་ལུགས་འདྲེན་བདེ་བ་དང་མཚར་བ་སྔར་འོང་མ་མྱོང་ཞེས་ལྷ་བཟོ་བ་དག་ཟེར་ལ།
ཐམས་ཅད་ཀྱང་བལྟས་པ་ཙམ་གྱིས་ཡིད་འཕྲོག་པར་བྱེད་པའི་མིག་གི་བདུད་རྩི་འབའ་ཞིག་ཉེ་བར་བྱོན་ནོ།
།དེ་དག་ལས་ཀྱང་།
ཁྱད་པར་དུ་གཞལ་ཡས་ཁང་གསུམ་བཞེངས་པའི་ལུགས་སྔ་མ་བཏང་བའི་ལུགས་ཕུད་ལ།
དཔའ་བོ་ཁཎྜ་ཀ་པཱ་ལ་འཇའ་ཚོན་མ་བྱོན་ཏེ།
དེ་ཡང་རྒྱུ་ཟངས་ཡིན་ཡང་ལུགས་ཀོང་ནས་བྱོན་མ་ཁད་པ་ཟངས་ཀྱི་ཁ་དོག་ཡུངས་འབྲུའི་རྗེས་ཙམ་ཡང་མི་མངོན་པར་སྐུ་ཐམས་ཅད་འོད་ཟེར་ལྔའི་གོང་བུར་གྱུར་པའི་སྔོན་པོ་རྣམས་ནི་རྒྱ་མཐིང་བཟང་བོའི་མདངས་ཀྱིས་བསྒྲུན་དུ་མེད་ལ།
དམར་བོ་དག་ནི་ད་ཆུ་བཏུལ་མ་བཟང་བོའི་ཁ་དོག་ལས་བདུན་འགྱུར་གྱིས་ལྷག་ཅིང་།
དམར་སེར་དག་ནི་ལི་ཁྲིའི་མདངས་མོག་མོག་པོར་བྱེད་ལ།
སེར་བོ་དག་ནི་གསེར་བཟང་བོའི་རྒྱན་གྱི་མདངས་ཀྱང་ར་གན་ལྟར་བྱེད་པ།
གཞན་ཡང་དཀར་བོ་དང་། ལྗང་གུ་དང་།
བཙོད་ཀྱི་ཁ་དོག་སོགས་དུ་མ་སྤེལ་བ་ནམ་མཁའི་འཇའ་ཚོན་སྐུ་ལ་འཁྱུད་པའི་རྣམ་པ་ལྟ་བུ་མིག་གིས་བཟོད་པར་བཀའ་བའི་འོད་ཟེར་གྱི་ཕུང་པོབོ་ཆེན་པོ་ཞིག་བྱོན་ཏེ།
བྲད་བརྡར་སོགས་ཅུང་ཟད་ཀྱང་མ་བྱས་ཀྱང་།
ཤིན་ཏུ་འཇམ་ཞིང་གཙང་བ་ཤིན་ཏུ་ངོ་མཚར་བར་གྱུར་ནས།
འདི་ལྟ་བུ་ཅི་ཞིག་ཅེས་གཟིགས་སུ་ཕུལ་ཞིང་།
དག་བྱེད་ཀྱི་རྫས་དུ་མས་ཤིན་ཏུ་དག་པར་བྱི་དོར་བྱས་ཀྱང་སྔར་ལས་ཀྱང་འོད་ཟེར་རྣམས་ཆེས་ཆེར་ཁ་དོག་གསལ་བར་གྱུར་ནས།
ལུགས་ཁ་བཅད་པའི་མཚམས་ལ་བལྟས་པས་ཟངས་ཀྱི་ཁ་དོག་ཐམས་ཅད་ཀྱང་དེ་འདྲ་བ་འབའ་ཞིག་ཏུ་གནས་འགྱུར་ནས་བཅད་མཚམས་འོད་ཟེར་སྣ་ལྔར་ཁྲིག་གེ་སྣང་ངོ་།
།
རྗེའི་ཞལ་ནས་རྟེན་འདི་ལ་རྒྱན་དང་ན་བཟའ་ཁྱད་པར་ཅན་ཕུལ་ལ་གསོལ་བ་ཐོབ་བྲད་བརྡར་མ་བྱེད་ཅེས་གསུངས་སོ།
།དེ་ལྟར་རྟེན་དེ་རྣམས་དང་གཙུག་ལག་ཁང་དང་བཅས་པ་རགས་རིམ་ཞིག་ལོ་དེ་ཁའི་ཁོངས་སུ་གྲུབ།
ཉེ་སྐོར་གྱི་དགེ་འདུན་གྱི་སྡེ་རྣམས་དང་།
ཕྱུགས་ལྷས་ཀྱི་གྲོང་བ་སྐྱེ་བོའི་ཚོགས་དང་བཅས་པ་ཐམས་ཅད་བསགས་ཏེ་རབ་སྟོན་བཟང་བོ་རྨད་དུ་བྱུང་བ་མཛད་ཅིང་།
རྒྱུད་སྡེ་ནས་གསུངས་པའི་ཆོ་ག་རྣམ་པར་དག་པས་རབ་ཏུ་གནས་པ་ཕུན་སུམ་ཚོགས་པ་རྒྱས་པར་མཛད་དེ།
དེ་ཕྱིན་ཆད་དབུ་རུ་སྟོད་སྨད་ཀྱི་ཕྱོགས་ཀུན་ཏུ་ལོ་ལེགས་པ་དང་།
ཆར་ཆུ་དུས་སུ་འབབ་པ་དང་བཤད་སྒྲུབ་རྒྱས་པ་ལ་སོགས་པའི་ཁྱད་པར་སྔར་ལས་ཕུལ་དུ་བྱུང་བའི་ངོ་མཚར་དང་ལྡན་པར་གྱུར་ཏོ།
།ཁྱི་ལོ་ལ་སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ཕྱོགས་མཐའ་དག་ནས་བྱོན་པ་དང་།
གཉུག་མར་གནས་པའི་དགེ་འདུན་དང་བཅས་པ་ལ་དགེ་ལྡན་ཉིད་དུ་ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པར་བསྐོར་ཞིང་།
དཔལ་གསང་བ་འདུས་པའི་འགྲེལ་བ་སྒྲོན་གསལ་མཆན་དང་བཅས་པ་དང་།
བཤད་རྒྱུད་འགའ་ཞིག་དང་། རིམ་ལྔའི་ཁྲིད་རྒྱས་པ་དང་།
སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་རྒྱས་པ་དང་།
དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་བཤད་པ་ཆེས་ཞིབ་པ་དང་།
གཞན་ཡང་དབུ་ཚད། བདེ་མཆོག
ལམ་རིམ་ལ་སོགས་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་དཔག་ཏུ་མེད་པ་གསུངས།
དེའི་དབྱར་དང་སྟོན་ལ་གཙུག་ལག་ཁང་གི་ཁྱམས་ལ་ལོགས་བྲིས་ཀྱང་གྲུབ་པ་མཛད།
དབུ་མ་ལ་འཇུག་པའི་རྣམ་བཤད་ཆེན་མོ་མཛད་པའང་ལེགས་པར་རྫོགས་པར་མཛད་དོ།
།ལོ་དེའི་གཞུག་ནས་ཐུགས་ཀྱི་དགོངས་པ་དང་སྟ་གོན་མཛད་ནས།
དཔལ་གསང་བ་འདུས་པའི་རྩ་རྒྱུད་འགྲེལ་བ་སྒྲོན་གསལ་དང་བཅས་པ་པར་དུ་བརྐོ་བའི་སྦྱོར་བ་ཉེ་བར་བརྩམས་པས་འབད་རྩོལ་མེད་པར་ཕག་ལོའི་ནང་དུ་ལེགས་པར་མཐར་ཕྱིན་པར་མཛད་ལ་ཕག་ལོ་ལ་སྡེ་སྣོད་འཛིན་པ་མཐའ་ཡས་པ་ལ་དཔྱིད་དང་དབྱར་གྱི་རིང་ལ་དཔལ་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད་ལ་སོགས་པའི་ཆོས་དཔག་ཏུ་མེད་པ་གསུངས་ཤིང་།
བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀྐ་རྨད་དུ་བྱུང་བའི་རྩོམ་པའང་རྫོགས་པར་མཛད་དོ། །
རྗེ་ཐམས་ཅད་མཁྱེན་པ་ཆེན་པོའི་མཛད་པའི་གཙོ་བོ་ནི་གདུལ་བྱ་རྣམས་ལ་ཆོས་བསྟན་ནས་སྨིན་ཅིང་གྲོལ་བར་མཛད་པ་འདི་ཡིན་ལ།
མཛད་པ་དེ་ནི་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཡང་མཛད་པའི་གཙོ་བོ་ཡིན་ཏེ།
མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི།
།འདི་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས།
།ཞེས་གསུངས་པ་ལྟར་རོ།
།དེས་ན་གངས་རིའི་ཁྲོད་འདིར་རྗེ་ཐམས་ཅད་མཁྱེན་པ་དང་མཛད་པ་མཚུངས་པ་སུ་ཡང་མ་བྱོན་ཏེ།
སྔོན་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་བ་མྱ་ངན་ལས་འདས་ནས་རྒྱལ་བའི་བསྟན་པ་འཛིན་ཅིང་སྤེལ་བ་ལ་འཕགས་པ་ཀླུ་སྒྲུབ་དང་མཚུངས་པ་སུ་ཡང་མ་བྱུང་བས་འཕགས་པ་ཀླུ་སྒྲུབ་ནི་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ཉིད་ལྟར་བཀའ་དྲིན་མཚུངས་པ་མེད་པའོ་ཞེས་འཕགས་ཡུལ་གྱི་མཁས་གྲུབ་ཐམས་ཅད་མཐུན་པར་གླེང་ལ་དེ་བཞིན་དུ་བོད་ཡུལ་གངས་ཅན་གྱི་ལྗོངས་འདིར་ཡང་རྒྱལ་བའི་བསྟན་པ་འཛིན་ཅིང་སྤེལ་བའི་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་བྱོན་མོད་ཀྱང་།
རྒྱལ་བས་གསུངས་པའི་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་འཛིན་ཅིང་སྤེལ་བ་ལ་རྗེ་ཐམས་ཅད་མཁྱེན་པ་འདི་དང་མཚུངས་པ་སུ་ཡང་མ་བྱུང་བས་གངས་རིའི་ཁྲོད་འདིར་རྒྱལ་བསྟན་སྤེལ་བ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟར་རྣམ་པ་ཀུན་ནས་མཚུངས་པ་མེད་ཅིང་བཀའ་དྲིན་ཟླ་མེད་པར་གྱུར་ཏོ།
།དེ་ཡང་བདག་ཅག་གིས་རྗེ་བདག་ཉིད་ཆེན་པོ་ལ་དེ་ལྟར་བསྔགས་པ་དེ་རང་ཉིད་རྗེས་སུ་འཇུག་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་མི་བདེན་བཞིན་དུ་འདུ་ཤེས་བསྒྱུར་ནས་བརྗོད་པ་མ་ཡིན་གྱི།
དོན་ལ་གནས་པའི་རང་བཞིན་བརྗོད་པ་སྟེ། ཐུབ་བསྟན་པདྨོའི་ཚལ་ལ་འཇིག་རྟེན་འདིར།
།ཁྱོད་ནི་རྒྱལ་བའི་ཉི་མ་ཇི་བཞིན་ཞེས། །མི་ཕམ་མགོན་པོས་ཁྱོད་ལ་མངོན་སུམ་དུ།
།དབུགས་དབྱུང་མཆོག་ཏུ་བསྔགས་ལ་གསོལ་བ་འདེབས།
།ཞེས་གསུངས་པ་ལྟར་རྗེ་རིན་པོ་ཆེ་ཙ་རི་ནས་བྱོན་ཏེ་མོ་ལའི་ལ་རྩར་ཕེབས་པའི་ཚེ་རྗེ་བཙུན་བྱམས་པ་མགོན་པོ་དངོས་སུ་བྱོན་ཏེ།
ཕྱག་གཡས་པ་རྗེའི་དབུ་ཐོག་ཏུ་བཞག་ནས་རིགས་ཀྱི་བུ་ཁྱོད་ནི་རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟ་བུར་འགྱུར་བ་ཤེས་པར་གྱིས་ཤིག་ཅེས་ལུང་བསྟན་པ་དང་དབུགས་དབྱུང་བ་མཛད་པ་ལྟར་རོ།
།
དེ་ལའང་འདི་སྙམ་དུ་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས།
།བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ།
།བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་དང་། ཚད་མ་རྣམ་འགྲེལ་ལས།
བརྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ནའང་མེད་མ་ཡིན།
།དེ་ཡོད་པས་ན་དོན་གྲུབ་ན། །ཐམས་ཅད་ཀྱིས་ནི་ཐམས་ཅད་གྲུབ། །ཅེས་གསུངས་པ་ལྟར།
འདི་འདིའོ་ཞེས་བརྗོད་པའི་ཚིག་ཙམ་དང་ལུང་ཙམ་གྱིས་མཆོག་ཏུ་སྒྲུབ་པར་མི་ནུས་ཏེ།
གཞན་དུ་ན་བླ་མ་གཞན་དག་ཐམས་ཅད་ལའང་འདི་འབའ་ཞིག་ཟླ་མེད་པའོ་ཞེས་བརྗོད་པས་ཆོག་གོ་སྙམ་ན།
དེ་ནི་བདེན་ཏེ།
གངས་རིའི་ཁྲོད་འདིར་རྒྱལ་བསྟན་འཛིན་ཅིང་སྤེལ་བ་ལ་རྗེ་ཐམས་ཅད་མཁྱེན་པ་ཉིད་མཚུངས་ཟླ་མེད་པའོ་ཞེས་བརྗོད་པ་ནི་ལུང་ཙམ་ལ་སྐྱབས་བཅོལ་ནས་བརྗོད་པ་མིན་གྱི།
ཚུལ་འདི་ནི་དྲི་མ་མེད་པའི་རིགས་པས་ལེགས་པར་གྲུབ་པ་ཡིན་ནོ།
།ཇི་ལྟར་ཞེ་ན་ཚུལ་འདི་ལ་འབྲས་བུའི་རྟགས་དང་། སྣང་རུང་མ་དམིགས་པའི་རྟགས་དང་།
ཡིད་ཆེས་ཀྱི་རྟགས་ཡང་དག་གསུམ་གྱི་སྒོ་ནས་ངེས་ཤེས་བསྐྱེད་པར་བྱར་ཡོད་དེ།
འབྲས་བུའི་རྟགས་ལས་ཤེས་ཚུལ་ནི། རྗེ་བཙུན་བྱམས་པས།
གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ།
ཞེས་གསུངས་པ་ལྟར་གདུལ་བྱ་རྣམས་ལ་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་ཚང་ལ་མ་ནོར་བ།
སངས་རྒྱས་དངོས་སུ་བྱོན་ཡང་དེ་ཕན་དུ་གསུང་དུ་མེད་པ་བྱང་ཆུབ་ལམ་རིམ་ཆེ་ཆུང་དང་།
རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་དང་།
རིམ་ལྔ་གསལ་བའི་སྒྲོན་མེ་སོགས་མདོ་སྔགས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་གྱི་སྙིང་བོ་མཐའ་དག་དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་ཏེ་ངེས་པ་གཏིང་ཚུགས་པར་བསྐྱེད་པའི་བསྟན་བཅོས་ཆེན་པོ་འདི་དག་ལས་དཔག་པར་ནུས་སོ།
།དེ་ཡང་ཚད་མ་རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི།
།ཐབས་དང་བཅས་པ་རིགས་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི།
།ཐམས་ཅད་རིག་མཛད་མ་ཡིན་ནོ། །རིང་བོ་མཐོང་ངམ་མིན་ཡང་རུང་།
།འདོད་པའི་དེ་ཉིད་མཐོང་བ་ཡིན། །ཞེས་གསལ་བར་གསུངས་པ་ལྟར་རོ།
།སྣང་རུང་མ་དམིགས་པའི་རྟགས་ཀྱིས་བསྒྲུབ་པ་ནི།
རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་སྤེལ་བ་ལ་ཕྱོགས་འདིར་རྗེ་ཐམས་ཅད་མཁྱེན་པ་དང་མཚུངས་པ་གཞན་མ་བྱུང་སྟེ།
རྗེ་བླ་མ་འདི་དང་མཚུངས་པ་གཞན་ཞིག་ཡོད་ན་འདིའོ་ཞེས་བསྟན་རྒྱུ་དགོས་པ་ལ་མི་སྣང་བའི་ཕྱིར་རོ།
།དེ་ཡང་སྔོན་དུས་འཕགས་མཆོག་ཐུགས་རྗེ་ཆེན་པོ་མི་རྗེའི་རྣམ་པར་བྱོན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སོགས་སྤྲུལ་བའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་།
སད་མི་མི་བདུན་སོགས་བསྟན་པ་སྔ་དར་ལ་བྱོན་པ་དེ་རྣམས་དང་།
བསྟན་པ་ཕྱི་དར་ལ་ལྷོ་བྲག་མང་བོ་ལོ་ཙཱ་དང་། འབྲོག་མི་ལོ་ཙཱ་བ་དང་།
རྗེ་འགོས་དང་། ར་ལོ་ཆེན་པོ་སོགས་ལོ་ཙཱ་བ་བཀའ་དྲིན་ཅན་མང་བོ་དང་།
རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་སོགས་གྲུབ་པའི་གོ་འཕང་མཐོན་པོར་བྱོན་པའི་སྐྱེས་བུ་དམ་པ་མང་དུ་བྱོན་མོད་ཀྱང་རྒྱལ་བས་གསུངས་པའི་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་སྤེལ་བ་ལ་རྗེ་བླ་མ་འདི་དང་མཚུངས་པ་སུ་ཡང་མེད་དེ།
སྔོན་བྱོན་པ་དེ་དག་ལས་འགའ་ཞིག་གིས་སྔགས་ཕྱོགས་མང་དུ་སྤེལ་ཡང་བསྟན་པའི་རྩ་བ་འདུལ་བ་སྤེལ་ནུས་པ་མ་བྱུང་།
སྔགས་ལའང་རྒྱུད་སྡེ་བཞི་གའི་འཇུག་སྒོ་དབང་དང་དམ་ཚིག
སོ་སོའི་ལམ་བགྲོད་ཚུལ་སོགས་རྡོ་རྗེ་འཆང་གི་དགོངས་པ་ཇི་བཞིན་དུ་མཐའ་དག་པར་འཛིན་ཅིང་སྤེལ་ནུས་པ་དཀོན་པར་བྱུང་ངོ་།
།འགའ་ཞིག་གིས་འདུལ་ཁྲིམས་གཙོ་བོར་བྱས་ཏེ་ཅུང་ཟད་རེ་སྤེལ་ནུས་པ་བྱུང་ཡང་ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་གསང་སྔགས་སྤེལ་ནུས་པ་མ་བྱུང་།
འགའ་ཞིག་ལ་རང་རང་གི་ཐུགས་རྒྱུད་ལ་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་འཁྲུངས་ཀྱང་གདུལ་བྱ་འཁྲིད་པའི་ཚེ་ཡི་དམ་རེའི་སྒོམ་བཟླས་ལ་གཙོ་བོར་འཁྲིད་པ་དང་།
སྔགས་ཀྱི་བསྐྱེད་རྫོགས་གང་རུང་རེ་གཙོ་བོར་སྟོན་པ་ལས་བསྟན་པ་ཡོངས་རྫོགས་སྤེལ་ནུས་པ་མ་བྱུང་ལ།
རྗེ་ཐམས་ཅད་མཁྱེན་པ་འདིས་ནི་རྒྱལ་བའི་བསྟན་པའི་ནང་མཛོད་འདུལ་བ་སྤེལ་བ་ལ་རྒྱལ་བ་རང་ཉིད་སླར་བྱོན་པ་ལྟ་བུར་མཛད་དེ།
འདུལ་བ་ལུང་སྡེ་བཞི་ནས་གསུངས་པའི་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་རགས་མཐའ་དག་གདུལ་བྱ་ལ་ངོ་སྤྲད་དེ་བཅས་པ་སོ་སོའི་དགག་བྱ་ཉོན་མོངས་དང་ཉེས་སྤྱོད་གང་གི་གཉེན་པོར་གསུངས་པ་དང་།
དགོས་པ་བཅས་པ་དེ་དང་དེ་དག་བསྲུངས་པ་ལས་སེམས་རྒྱུད་ལ་རྟོགས་པ་གང་དང་གང་ཞིག་སྐྱེ་བ་དང་།
ཇི་ལྟར་བསྲུང་ཚུལ་ལུང་གང་གི་ཐད་ནས་གསུངས་པ་དང་།
གླེང་གཞི་གང་ལ་བརྟེན་ནས་བཅས་པ་དེ་མཛད་པ་སོགས་མཐའ་དག་པར་ངོ་འཕྲོད་པ་དང་།
དེ་ཡང་ཤེས་པ་ཙམ་ལ་མ་བཞག་པར་ཆབ་ལེན་ལྷམ་འབུད། ནུབ་ལྷག་གཅོད་པ།
རུང་ཆུ་གདབ་པ་ཡན་ཆད་བཅས་མཚམས་མཐའ་དག་ལག་ལེན་ལ་སྦྱར་ཞིང་ཡུལ་དུས་ཀྱི་དབང་གིས་བཅས་འགལ་གྱི་ཉེས་པ་བྱུང་ན་དེ་མ་ཐག་བཤགས་པ་དང་།
བསྡམ་པ་དང་།
བྱིན་གྱིས་བརླབ་པ་རྣམས་འདུལ་བ་ནས་གསུངས་པ་ལྟར་བྱས་ཏེ་སྡིག་ལྟུང་དང་ཞག་ཏུ་མི་འགྲོགས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སྦྱར་ཏེ་ནུབ་ཛ་ལན་དྷ་ར་ནས་ཤར་ཕྱོགས་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་འདུལ་བའི་བཅས་མཚམས་རྣམ་པར་དག་པ་བསྲུང་བའི་དགེ་འདུན་གྱི་སྡེས་ཁྱབ་པ་ད་ལྟའི་བར་དུ་མ་ཉམས་པར་ཐམས་ཅད་ཀྱི་མིག་ལ་སྣང་བ་འདི་ཡིན་ལ།
འདི་ལྟ་བུའི་སངས་རྒྱས་ཀྱི་མཛད་པ་བྱེད་པ་པོ་བྱང་ཕྱོགས་འདིར་རུ་ཡང་མ་བྱུང་ངོ་།
།དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལའང་དང་བོར་སྨོན་སེམས་དང་འཇུག་སྡོམ་ལེན་ལུགས།
བླངས་ནས་སྨོན་པའི་བསླབ་བྱ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་དང་།
འཇུག་སྡོམ་གྱི་བསླབ་བྱར་རྩ་ལྟུང་དང་ཉེས་བྱས་བསྲུང་ཚུལ།
འཇུག་སྡོམ་གྱི་སྒྲུབ་པའི་བསླབ་བྱ་ཚུལ་ཁྲིམས་རྣམ་པ་གསུམ་མམ་ཕྱིན་དྲུག་དང་བསྡུ་བཞི་ལ་སློབ་ཚུལ།
དེ་དག་ཐམས་ཅད་ཐེག་ཆེན་གྱི་མདོ་གང་དང་གང་ནས་གསུངས་ཚུལ།
མདོའི་དགོངས་པ་ཤིང་རྟ་ཆེན་པོས་བཀྲལ་ཚུལ།
ཤིང་རྟ་ཆེན་པོའི་ལམ་སྲོལ་འཛིན་པའི་བླ་མ་གོང་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཕྱག་ལེན་ལ་སྲུང་ཐབས་ཇི་ལྟར་ཡོད་ཚུལ།
དེ་དག་ལས་འདས་ན་བཤགས་པ་ཇི་ལྟར་བྱེད་ཚུལ།
དེ་དང་ཐམས་ཅད་ཕྱག་ལེན་ལ་ཁྲིད་ཅིང་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་ཚུལ་ཁྲིམས་ལེའུའི་རྣམ་བཤད་བྱང་ཆུབ་གཞུང་ལམ་སོགས་སུ་མཐའ་དག་པར་གཏན་ལ་འབེབས་པར་མཛད་དེ།
འདི་ལྟ་བུ་དང་མཚུངས་པ་གངས་རིའི་ཁྲོད་འདིར་སྔོན་མ་བྱུང་བ་ཀུན་ལ་གསལ་བ་ལྟར་རོ།
།ཐེག་པ་ཐུན་མོང་བའི་ལམ་གྱི་གནད་ཐམས་ཅད་ཉམས་ལེན་གྱི་རིམ་པར་བསྡུས་ཏེ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་ཡི་གེ་ན་གཅིག་ཀྱང་དོར་དུ་མེད་པར་གང་ཟག་གཅིག་ལས་དང་བོ་བའི་ས་ནས་སངས་རྒྱས་ཀྱི་སའི་བར་དུ་རིམ་གྱིས་འཁྲིད་པའི་ཉམས་ལེན་དུ་སྦྱར་ཏེ་གཏན་ལ་འབེབས་པ་བྱང་ཆུབ་ལམ་རིམ་ཆེ་ཆུང་དང་།
དེ་ཡང་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་རྗེ་བཙུན་བྱམས་པས་གསུངས་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་སྦྱར་ཏེ་མཐའ་དག་པར་གཏན་ལ་འབེབས་པའི་བསྟན་བཅོས་ལེགས་བཤད་གསེར་གྱི་ཕྲེང་བ་དང་།
འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ཟབ་མོ་དབུ་མའི་ལྟ་བ་མཐའ་དག་པར་གཏན་ལ་འབེབས་པ་རྩ་ཤེའི་རྣམ་བཤད་ཆེན་མོ་རིགས་པའི་རྒྱ་མཚོ་དང་།
དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་དང་།
དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལེགས་བཤད་སྙིང་བོ་ཆེ་བ་དང་།
རྒྱལ་བའི་དགོངས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་བཀྲལ་བའི་ངེས་དོན་མཐར་ཐུག་རྟེན་འབྲེལ་ཟབ་མོའི་ཚུལ་ཆེས་གསལ་བར་སྟོན་པ་ལེགས་བཤད་སྙིང་བོ་ཆུང་བ་སོགས་སྔོན་མེད་པའི་བསྟན་བཅོས་ཆེན་པོ་འདི་དག་མཛད་ཅིང་།
བསྟན་བཅོས་ཆེན་པོ་དེ་དག་གི་བཤད་རྒྱུན་ཡང་ད་ལྟའི་བར་དུ་མ་ཉམས་པར་བཞུགས་པས་འདི་ལྟ་བུའི་སངས་རྒྱས་ཀྱི་འཕྲིན་ལས་ལ་འགྲན་བཟོད་པ་སུ་ཡང་མེད་དོ།
།ཚུལ་འདི་དག་ལ་གཟུ་བོའི་བློས་དཔྱད་ན་དེ་བཞིན་ནོ་ཞེས་ཐལ་མོ་སྦྱོར་བ་ལས་འོས་མེད་དེ།
སྔོན་དུས་གངས་རིའི་ཁྲོད་འདིར་རིག་གནས་མཐའ་དག་ལ་མཁས་པའི་དབང་བོར་གྲགས་པ་སྟག་ཚང་ལོ་ཙཱ་བས་ཀྱང་ཐོག་མར་ཁོང་རང་རྗེའི་རྗེས་འཇུག་མིན་གཤིས་བྲག་ཅའི་སྒྲ་བཞིན་གཞན་ཟེར་གྱི་རྗེས་སུ་འབྲངས་ཏེ་རྗེའི་གསུང་ལ་དགག་པ་ཅི་རིགས་མཛད་ཀྱང་རྗེས་སུ་ལེགས་བཤད་གསེར་ཕྲེང་སོགས་རྗེའི་གསུང་རྣམས་ལ་བལྟས་ཏེ་ལེགས་པར་བརྟགས་པ་ན་སྔར་བྱས་ལ་གནོང་ཞིང་འགྱོད་པ་དང་།
རྗེ་རིན་པོ་ཆའི་བསྟན་པ་ལ་ཡིད་ཆེས་ཀྱི་དད་པ་གཏིང་ཚུགས་པ་སྐྱེས་ཏེ་བཤགས་པ་དང་སྨོན་ལམ་གྱི་ཚིག
བློ་ཆེན་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ།
།བཟང་བོའི་སྨོན་ལམ་རླབས་ཆེན་གྲུབ་པའི་མཐུས།
།གྲགས་པའི་སྒྲ་ཆེན་ཐུབ་བསྟན་འགྲོ་བའི་དཔལ།
།བློ་བཟང་གྲགས་པའི་དཔལ་ལ་གུས་ཕྱག་འཚལ།
།ཞེས་སོགས་བཤགས་པ་དང་སྨོན་ལམ་མང་དུ་མཛད་ཅིང་། དེའི་རྒྱུ་མཚན་ཡང་།
ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།
།མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།
།བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ།
།ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།
།ཞེས་སོགས་རྗེའི་གསུང་རབ་རྣམས་ལ་གཟུ་བོའི་བློས་དཔྱད་ནས་ཡིད་ཆེས་སྐྱེས་པ་ཡིན་ཚུལ་གསལ་བར་གསུངས་འདུག་པ་དང་།
དེ་བཞིན་དུ་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཀྱང་ཕར་ཕྱིན་གྱི་ཊཱིཀྐ་སོགས་ཡིག་ཆ་འགའ་ཞིག་ཏུ་གཞན་གྱི་འདོད་ངོ་དང་བསྟུན་ནས་རྗེ་རིན་པོ་ཆེས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཐུན་མོང་མིན་པ་ཇི་བཞིན་བཀྲལ་བའི་ལྟ་བའི་གནད་རྣམས་ལ་དགག་པ་ཅུང་ཟད་མཛད་ཀྱང་།
རྗེས་སུ་ཁོང་རང་གི་མཛད་པའི་ཕར་ཕྱིན་གྱི་ཊཱིཀྐ་དེ་རྒྱལ་བ་དགེ་འདུན་རྒྱ་མཚོ་ལ་ཕུལ་ནས་སེ་འབྲས་ཀྱི་ཆོས་རྗེ་རྣམས་ཀྱིས་འདི་ལ་གཟིགས་ནས་འཐད་མི་འཐད་ཀྱི་དཔྱད་པ་མཛོད་གསུངས་པ་ན།
སེ་ར་རྗེ་བཙུན་པས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་རྗེ་རིན་པོ་ཆེས་བཀྲལ་བ་དང་མི་མཐུན་པ་རྣམས་དྲི་མ་མེད་པའི་རིགས་པས་སུན་དབྱུང་སྟེ་མཐའ་ཆོད་པར་མཛད་པ་ཀར་ལན་ཀླུ་སྒྲུབ་དགོངས་རྒྱན་མཛད་ནས།
ཀརྨ་པ་མི་བསྐྱོད་རྡོ་རྗེ་ལ་ཕུལ་བ་ན། རྗེ་ཀརྨ་པ་ཤིན་ཏུ་མཉེས་ནས།
སེ་ར་རྗེ་བཙུན་པ་ལ་ཞུ་ཡིག་གནང་བར་ཡང་།
དེང་སང་གི་སྐྱེ་བོ་བློ་ཆུང་འགའ་ཞིག་རང་རང་གི་ལུགས་ལ་རྨོངས་ཞེན་གྱིས་འདི་ཁོ་ན་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བརྗོད་པ་དག་གི་འདོད་པ་དང་བསྟུན་པའི་བརྗོད་ཚུལ་ཙམ་ལས་ངེད་རང་ནི་རྗེའི་གསུང་རབ་རྣམས་ལ་ཡིད་ཆེས་ཀྱི་དད་པ་གཏིང་ཚུགས་པར་ཡོད་ཅེས་གསུངས་འདུག་པ་དང་།
འབྲུག་པ་མི་ཕམ་པདྨ་དཀར་བོས་ཀྱང་སྐུ་ཚེའི་སྟོད་ལ་ཕྱོགས་སུ་ལྷུང་བའི་སྐྱེ་བོ་འགའ་ཞིག་གི་ཚིག་གི་རྗེས་སུ་ཞུགས་ཏེ་རྗེའི་གསུང་ལ་སྐྱོན་ཅི་རིགས་ཤོར་ཡང་རྗེས་སུ་རྗེའི་གསུང་རབ་རྣམས་ལ་ཞིབ་ཏུ་གཟིགས་པ་ན་ཐུགས་འགྱོད་ཆེན་པོ་སྐྱེས་ཏེ་དགའ་ལྡན་དུ་ཕེབས་ནས་རྗེ་རིན་པོ་ཆེའི་སྐུ་གདུང་ལ་མཆོད་པ་ཚད་མེད་པ་ཕུལ་ཏེ་བཤགས་ཤིང་སྨོན་ལམ་འདེབས་པར་མཛད་པ་དང་།
རྗེ་ལ་བསྟོད་པ་མཛད་པའི་ཚིགས་བཅད་ལས་ཀྱང་།
ཆོས་ཀྱི་རྒྱལ་བོ་ཆེན་པོ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ།
།དགེ་ལེགས་ཆུ་གཏེར་ཆེན་པོས་འཇིག་རྟེན་ལ།
།བློ་བཟང་ཉིན་མོར་བྱེད་པ་ཁྱོད་སྦྱིན་ཚུལ།
།ས་འདི་རྨོངས་པའི་མུན་ལས་རྣམ་རྒྱལ་ཞེས།
།གྲགས་པའི་གཞིར་གྱུར་དེ་ལ་ཕྱག་འཚལ་ལོ། །གང་དང་རྒྱལ་བ་ཀུན་གྱི་ཡོན་ཏན་ནི།
།སྲང་ལ་གཞལ་བཞིན་ལྕི་ཡང་མ་མཆིས་པས། །ལྔ་བརྒྱ་བ་ཡི་གཙུག་རྒྱན་དུ་འོས་པ།
།ཐམས་ཅད་མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ།
།སེང་གེའི་ཁྲི་ལ་སེང་གེའི་སྒྲ་བསྒྲགས་པས།
།སྨྲ་བའི་གླང་ཆེན་ཐམས་ཅད་དངངས་གྱུར་ཕྱིར།
།མཚུངས་བྲལ་ཁྱོད་ནི་སེང་གེའི་ང་རོའི་མཚན།
།བསྐལ་བཟང་སྒྲོན་མར་མྱུར་ལ་ཕྱག་འཚལ་ལོ།
།ལྷག་པའི་ཚུལ་ཁྲིམས་ཧ་རི་ཙན་དན་བསུང་།
།ཁྱོད་དྲིན་དྲི་བཞོན་གྱིས་འདིར་ཁོངས་པས་སུ།
།འཁོར་བའི་ཚ་གདུང་མིང་ཙམ་ལྷག་གྱུར་པས།
།སློབ་མར་བཅས་པ་བསྔགས་འོས་དེར་ཕྱག་འཚལ།
།ཞེས་སོགས་བསྔགས་པའི་ཚིགས་བཅད་མང་དུ་འབྱུང་བ་ལྟར་རོ།
།སྔགས་ཀྱི་སྐོར་ལ་འཇུག་སྒོ་དབང་དང་དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་དག་པར་བྱེད་ཚུལ་དེ་ནས་ལམ་བགྲོད་ཚུལ་རྣམས་མཐའ་དག་པར་འདོམས་པ་ལ་རྗེ་རིན་པོ་ཆེ་འདི་གངས་རིའི་ཁྲོད་ན་མཚུངས་ཟླ་མེད་པ་ཞིག་སྟེ།
དེ་ཡང་གསང་སྔགས་རྒྱུད་སྡེ་བཞི་བ་ལ་འཇུག་སྒོ་དབང་བསྐུར་ཚུལ་མི་འདྲ་བ་དང་།
དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་ཚུལ་ལ་ཐུན་མོང་མ་ཡིན་པའི་ཁྱད་པར་ཡོད་པ་རྣམས་དང་།
དེ་ནས་ལམ་བགྲོད་ཚུལ་ལ་རྒྱུད་སྡེ་འོག་མ་ལ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར།
བླ་མེད་ལ་རིམ་གཉིས་ཀྱི་རྣལ་འབྱོར།
དེ་ལའང་ཕ་རྒྱུད་མ་རྒྱུད་གཉིས་ཀྱི་ཐུན་མོང་མིན་པའི་ཁྱད་པར་མི་འདྲ་བ་མང་དུ་ཡོད་དཔ་རྣམས་རྗེ་རིན་པོ་ཆེ་འདིས་རྒྱལ་བ་རྡོ་རྗེ་འཆང་སླར་ཡང་ཕྱོགས་འདིར་དངོས་སུ་བྱོན་པ་ཇི་ལྟ་བར་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བ་སྔོན་མེད་པའི་ལེགས་པར་བཤད་པའི་གཏེར་ཆེན་པོ་འདི་མཛད་ཅིང་།
བྱེ་བྲག་ཏུ་ཕ་རྒྱུད་གསང་བ་འདུས་པའི་ལམ་གྱི་གནད་རྣམས་མཐའ་དག་པར་གཏན་ལ་འབེབས་པ་ལ་རྩ་རྒྱུད་ཀྱི་འགྲེལ་བ་སྒྲོན་མ་གསལ་བའི་མཆན་འགྲེལ།
དཀའ་གནས་མཐའ་གཅོད། བསྡུས་དོན་བཅས་དང་།
རིམ་ལྔའི་ངོ་སྤྲོད་ཆེན་མོ་རིམ་ལྔ་གསལ་བའི་སྒྲོན་མེ་སོགས་སྔོན་མེད་པའི་ལེགས་བཤད་ཆེས་མང་བ་དང་།
མ་རྒྱུད་བདེ་མཆོག་ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་འདོད་འཇོ་དང་།
རྫོགས་རིམ་གྱི་ཁྲིད་ཡིག་ཆེ་ཆུང་དང་བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀྐ་ངོ་མཚར་རྨད་དུ་བྱུང་བ་སྔོན་མེད་པའི་ལེགས་བཤད་ཀྱི་གཏེར་ཆེན་པོ་འདི་སོགས་རྡོ་རྗེ་འཆང་དངོས་སུ་བྱོན་ཡང་དེ་ཕན་དུ་གསུང་དུ་མེད་པའི་སྔགས་ཀྱི་བསྟན་བཅོས་མང་བོ་འོག་ཏུ་གསལ་བ་ལྟར་མཛད་དེ།
རྗེ་འདིའི་མཛད་པ་ལྟ་བུ་གངས་རིའི་ཁྲོད་འདིར་སྔོན་ཆད་མ་བྱུང་བ་ཀུན་ལ་མངོན་སུམ་དུ་སྣང་བ་ལྟར་རོ།
།
རྗེ་བཙུན་བླ་མ་འདིས་གངས་རིའི་ཁྲོད་འདིར་སངས་རྒྱས་ཀྱི་མཛད་པ་མཛད་པར་ཡིད་ཆེས་པའི་རྟགས་ཀྱིས་སྒྲུབ་པ་ནི།
ལྷོ་བྲག་གྲུབ་ཆེན་ལ་གསང་བའི་བདག་པོས་རྗེ་འདིའི་མཛད་པ་རྣམ་ཐར་ཁྱད་པར་དུ་འཕགས་པ་འདི་ལྟར་གསུངས་པ་རྣམས་དང་།
རྗེ་བཙུན་འཇམ་པའི་དབྱངས་ཀྱི་དབུ་མ་བ་དཔའ་བོ་རྡོ་རྗེ་ལ་གསུངས་པ་དང་།
ཡང་གྲུབ་ཆེན་འཇམ་དཔལ་རྒྱ་མཚོ་ལ་གསུངས་པ་དང་།
རྗེ་རིན་པོ་ཆེ་རང་ཉིད་ལ་སངས་རྒྱས་དང་བྱང་སེམས་མང་བོས་ཞལ་གཟིགས་ནས་ལུང་བསྟན་དང་དབུགས་དབྱུང་བ་མཛད་པ་སྔར་དྲངས་ཟིན་པ་ལྟར་ཤིན་ཏུ་ཡིད་ཆེས་པའི་གནས་སུ་ཡོད་མོད།
འོན་ཀྱང་དེ་ཙམ་གྱི་ལུང་ལ་འཆེལ་བ་མིན་པར་དྲི་མ་མེད་པའི་རིགས་པའི་ལམ་སྲོལ་ཤེས་པའི་མཁས་པ་རྣམས་ལ་རྗེ་འདིས་སངས་རྒྱས་ཀྱི་མཛད་པ་མཛད་པར་ཡིད་ཆེས་པའི་རྟགས་སུ་མི་འགྱུར་བས་རྒྱལ་བ་ཉིད་ཀྱི་མདོ་སྡེ་དང་རྒྱུད་སྡེ་རྩོད་མེད་རྒྱ་བོད་གཉིས་ཀར་ཡོངས་སུ་གྲགས་པ་ཞིག་གི་སྟེང་ནས་སྒྲུབ་དགོས་ལ།
དེ་ནི་སྔར་དྲངས་ཟིན་པ་ལྟར་ལངྒར་གཤེགས་པའི་མདོ་དང་།
མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་བོ་དང་།
འཇམ་དཔལ་རྩ་རྒྱུད་རྣམས་ལས་སྒྲུབ་པ་ཡིན་ལ།
དེའི་ནང་ནས་ཀྱང་འཇམ་དཔལ་རྩ་རྒྱུད་ལས། འཇིག་རྟེན་ང་ནི་མྱ་ངན་འདས།
།ས་ཡི་སྟེང་འདི་སྟོངས་པ་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི།
།སངས་རྒྱས་མཛད་པ་བྱེད་པར་འགྱུར།
།ཞེས་སོགས་རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་མགོན་མེད་འདྲེན་པ་མེད་པར་གྱུར་པ་ན་རྗེ་བཙུན་འཇམ་པའི་དབྱངས་ཐ་མལ་བའི་གཟུགས་བཟུང་སྟེ་བྱང་ཕྱོགས་ཁ་བ་ཅན་འདིར་སངས་རྒྱས་ཀྱི་མཛད་པ་མཛད་པ་དང་།
དེ་ལྟར་མཛད་པ་པོ་དེའི་མིང་བློ་བཟང་ཞེས་པ་དང་གྲགས་པ་ཞེས་པའི་མཚན་འབྱུང་བ་དང་།
དེའི་དགོན་གནས་ཀྱི་མིང་ལ་དགའ་ལྡན་ཞེས་འབྱུང་བ་གསལ་བར་ལུང་བསྟན་པ་འདིས་རྗེ་འདི་ཉིད་ཀྱིས་གངས་རིའི་ཁྲོད་འདིར་སངས་རྒྱས་དངོས་སུ་བྱོན་པ་ལྟ་བུའི་མཛད་པ་མཛད་པར་ཀུན་གྱིས་ཡིད་ཆེས་པར་གྲུབ་བོ།
།
དེ་ལྟར་རྗེ་རིན་པོ་ཆེ་འདིས་སངས་རྒྱས་ཀྱི་མཛད་པའི་གཙོ་བོ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ངོ་མཚར་དུ་རྨད་དུ་བྱུང་བ་ཞིང་འདིར་བྱོན་པ་ནས་མཐར་དགའ་ལྡན་ལ་བྱོན་པའི་བར་གོང་འཕེལ་དུ་མཛད་དེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ་མདོ་སྔགས་ཀྱི་ལམ་བཟང་བོ་རྣམས་འདི་ལྟར་ཡོད་དོ་ཞེས་ཡི་གེར་འགོད་པར་མཛད་པ་ནི།
དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱིས་རྒྱལ་བའི་དགོངས་པ་དྲི་མ་མེད་པའི་རིགས་ལམ་ནས་དྲངས་ཏེ་ཡོངས་སུ་རྫོགས་པ་བཀྲལ་བའི་ལམ་སྲོལ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་སྟོན་པའི་མན་ངག་བྱང་ཆུབ་ལམ་རིམ་ཆེན་མོ།
དེའི་སྙིང་བོའི་གནད་བསྡུས་པ་ལམ་རིམ་ཆུང་བ།
བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱི་ས་བཅད།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ།
བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་བྱང་ཆུབ་གཞུང་ལམ།
ཞི་ལྷག་གཉིས་ཀྱི་དཀའ་བའི་གནས་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་བཤད་པ།
དྲང་བ་དང་ངེས་པའི་དོན་རྣམ་པར་ཕྱེ་བའི་བསྟན་བཅོས་ལེགས་བཤད་སྙིང་བོ།
རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་ལ་གནང་བའི་ལྟ་བའི་གནད་འགག་རྗེ་རེད་མདའ་པར་ཕུལ་བ།
དབུ་མའི་ལྟ་ཁྲིད།
ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་གི་ལམ་ནས་དྲངས་པའི་བློ་སྦྱོང་།
དབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རང་གིས་གནང་བ།
ཡིད་དང་ཀུན་གཞིའི་དཀའ་བའི་གནས་རྒྱ་ཆེར་འགྲེལ།
སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ། བསམ་གཟུགས་ཟིན་བྲིས།
དབུ་མའི་ལྟ་ཁྲིད་བསྡུས་པ།
དགེ་འདུན་ཉི་ཤུ་བསྡུས་པ་དང་ཞུགས་གནས་སྐྱེས་བུ་ཆེན་པོའི་དཀའ་གནས།
དབུ་མ་རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོ།
བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ།
རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ཞེས་བྱ་བ།
རྒྱུད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་མན་ངག་རིམ་པ་ལྔ་གསལ་བའི་སྒྲོན་མེ།
རྣམ་གཞག་རིམ་པའི་རྣམ་བཤད་དཔལ་གསང་བ་འདུས་པའི་གནད་དོན་གསལ་བ།
རྒྱུད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད།
འདུས་པའི་བཤད་རྒྱུད་ལྷ་མོ་བཞི་ཞུས་ཀྱི་རྒྱ་ཆེར་བཤད་པ་སྲོལ་རྩོལ་གྱི་དེ་ཁོ་ན་ཉིད་གསལ་བ་དཔལ་གསང་བ་འདུས་པའི་བཤད་རྒྱུས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་ཊཱིཀྐ།
བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ཟིན་བྲིས།
རྒྱུད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པ་འཆད་པའི་ཆ་བཅད་བསྡུས་དོན།
དཔལ་གསང་བ་འདུས་པའི་དཀའ་བའི་གནས་ཀྱི་མཐའ་གཅོད་རིན་པོ་ཆེའི་མྱུ་གུ།
རྒྱུད་ཐམས་ཅད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ།
རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་ཐུན་མོང་མ་ཡིན་པ་རྗེ་རེད་མདའ་བར་ཕུལ་བ།
དཔལ་གསང་བ་འདུས་པའི་སྒྲུབ་ཐབས་ཀྱི་ལྷན་ཐབས།
དཔལ་གསང་བ་འདུས་པའི་མངོན་རྟོགས་དང་བསམ་གཏན་གྱི་སྒྲུབ་མཆོད་ངག་ཏུ་འདོན་པའི་ལྷན་ཐབས།
དཔལ་གསང་བ་འདུས་པའི་སྒྲུབ་ཐབས་རྣལ་འབྱོར་དག་པའི་རིམ་པ།
བཞི་བརྒྱ་ལྔ་བཅུ་བའི་སྐོར་གྱི་ཟིན་བྲིས།
དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་དོན་གྱི་དེ་ཉིད་རབ་ཏུ་གསལ་བ།
རྡོ་རྗེ་བཟླས་པའི་རིམ་པའི་ཟིན་བྲིས།
དགོངས་པ་བླ་ན་མེད་པའི་རིམ་པའི་ཟིན་བྲིས། མན་ངག་གི་མཐར་ཐུག་བདག་བྱིན་རླབས།
མན་ངག་གི་མཐར་ཐུག་མངོན་པར་བྱང་ཆུབ་པའི་རིམ་པའི་བཤད་པ།
རིམ་ལྔ་བསྡུས་པའི་ཟིན་བྲིས། རྣལ་འབྱོར་བཞི་རིམ།
རྣལ་འབྱོར་བཞིའི་རིམ་པའི་ཊཱིཀྐ། འདུས་པའི་དཀའ་གནད་ཀྱི་ཟིན་བྲིས།
རྒྱལ་བས་བྱིན་དང་ཤཱནྟི་པའི་གསང་འདུས་ཀྱི་འགྲེལ་བ་དང་དུལ་བས་བྱིན་གྱིས་སྒྱུ་འཕྲུལ་དཀྱིལ་ཆོག་གི་ཟིན་བྲིས།
ཁྲོ་བཅུའི་ཟིན་བྲིས། ལྷག་པ་ཡི་ནི་ལྷ་གཅིག་ཉིད་ཅེས་པའི་དོན་བཤད་པ།
བསམ་གཏན་ཕྱི་མ། གསང་བ་ཁྱད་གཞི། གྲུབ་ཆེན་བརྒྱད་ཀྱི་བཞུགས་ཚུལ།
འཇམ་དཔལ་གསང་ལྡན་གྱི་དཔྱད་པ་ཡོངས་སུ་རྫོགས་ནས་ཟིན་བྲིས་སུ་གནང་བ།
ཞེ་དགུ་མའི་ཟིན་བྲིས། འཇམ་དཔལ་ཞི་དྲག་གི་བསྲུང་བ།
འཇིགས་བྱེད་ཀྱི་ཕྱག་མཚན་སོགས་ཀྱི་བཤད་པའི་ཟིན་བྲིས།
རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྒྲུབ་ཐབས་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བ།
གཤིན་རྗེ་དགྲ་ནག་གི་སྒྲུབ་པའི་ཐབས་རིན་པོ་ཆེ་འབར་བ།
གཤིན་རྗེ་གཤེད་ལྷ་བཅུ་གསུམ་མ་རྣམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རིན་པོ་ཆེའི་ཕྲེང་བ།
འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པ།
རྡོ་རྗེ་འཇིགས་བྱེད་སེར་བོ་ལ་བརྟེན་པའི་ཤིན་ཏུ་ཟབ་པའི་མན་ངག
ཡི་གེ་བཞི་བའི་བསྲུང་བ་མན་ངག་རྩ་གསུམ་དང་གཤིན་རྗེ་སྦྱོར་ཚུལ་རྣམས་དང་རྩ་དང་གཤིན་རྗེ་སྦྱོར་ཚུལ།
འཇིགས་བྱེད་ཀྱི་དག་སྦྱོར།
རྡོ་རྗེ་འཇིགས་བྱེད་ཀྱི་འཕྲིན་ལས་བཞིའི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ།
བླ་མ་ལྔ་བཅུ་བའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང་།
བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ།
བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པའི་རྒྱ་ཆེར་བཤད་པ་འདོད་པ་འཇོ་བ།
རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་བདེ་ཆེན་གསལ་བ།
རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་རྫོགས་རིམ་གྱི་རྣམ་བཤད་དངོས་གྲུབ་སྙེ་མ།
རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཀྱི་རིམ་པ་མདོར་བསྡུས་པ།
དཔལ་མངོན་པར་རྟོགས་པའི་འགྲེལ་བ་ཁྱད་པར་གསལ་བྱེད་ལས་ཟུར་དུ་ཕྱུང་བ།
མཁའ་འགྲོ་རྒྱ་མཚོའི་སྐོར་གྱི་ཟིན་བྲིས།
གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ།
རྗེ་བཙུན་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་འཇམ་པའི་དབྱངས་ཀྱི་དགོངས་པ་གསལ་བ།
ཆོ་ག་ཉི་ཤུའི་ཁུངས་དགོད་པ།
རྣལ་འབྱོར་གྱི་དབང་ཕྱུག་དྲིལ་བུ་ལུགས་བདེ་མཆོག་ལུས་དཀྱིལ་གྱི་མངོ་རྟོགས་དགོངས་པ་རབ་གསལ།
རྣལ་འབྱོར་གྱི་དབང་ཕྱུག་དྲིལ་བུ་ལུགས་བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་རིན་པོ་ཆེའི་བང་མཛོད།
དཔལ་འཁོར་ལོ་བདེ་མཆོག་རིམ་ལྔའི་རྣམ་བཤད་སྦས་དོན་ལྟ་བའི་མིག་རྣམ་པར་འབྱེད་པ།
མཁའ་སྤྱོད་མ་དམར་མོའི་སྒྲུབ་ཐབས། རྡོ་རྗེ་མཁའ་འགྲོའི་འགྲེལ་བའི་ཟིན་བྲིས།
རྡོ་རྗེ་རྣལ་འབྱོར་མའི་འགྲེལ་བ་ཚེས་བཅུའི་མཆོད་པའི་རྟོག་པའི་ཆོ་ག་གྲུབ་ཆེན་དའ་རི་ཀ་པས་མཛད་པའི་ཟིན་བྲིས།
མན་ངག་སྙེ་མའི་ཟིན་བྲིས།
དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་མཆོད་པའི་ཆོ་ག་ལག་མཆོད་དང་དཔྱིད་ཀྱི་རྒྱལ་བོའི་གླུ་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ།
ཟབ་ལམ་ནཱ་རོའི་ཆོས་དྲུག་གི་སྒོ་ནས་ཁྲིད་པའི་རིམ་པ་ཡིད་ཆེས་གསུམ་ལྡན།
རྒྱུད་བརྟག་པ་གཉིས་པའི་ཟིན་བྲིས། ཀྱཻ་རྡོ་རྗེའི་རྒྱུད་ཀྱི་ཟིན་བྲིས་དང་།
ཀྱཻ་རྡོ་རྗེའི་ཟིན་བྲིས།
རྗེ་བཙུན་མ་བདག་མེད་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཟིན་བྲིས།
དཔལ་མཆོག་གི་ཟིན་བྲིས།
སངས་རྒྱས་ཐོད་པའི་མི་འཇིགས་གཞུང་འགྲེལ་སོགས་ཀྱི་ཟིན་བྲིས།
ཀུན་རིག་ཆོ་གའི་ཟིན་བྲིས།
མདོར་བསྡུས་དང་བོ་ལ་ཨ་ཙ་ལ་གབ་རྦས་དོན་ཚན་བདུན་དུ་བྱེད་པ།
འཕོ་ཁྲོད་ཀྱི་རྩ་ཚིག་བརྟག་པ་བརྒྱད་པའི་རབ་ཏུ་བྱེད་པ་གསུམ་པ།
རྣམ་ཤེས་གོང་དུ་འཕོ་བའི་རྒྱ་ཆེར་བཤད་པ་གསེར་གྱི་སྒོ་འབྱེད།
སྤྲིན་བྲལ་བའི་མན་ངག་དང་རྟ་མགྲིན་ཤྭ་ན་བཞི་བསྐོར།
རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས། ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས།
དེ་ཉིད་བསྡུས་པའི་འགྲེལ་བའི་ཟིན་བྲིས།
རྡོ་རྗེ་དབྱིངས་ཀྱི་ས་ཆོག་གི་ཟིན་བྲིས།
རྡོ་རྗེ་དབྱིངས་ཀྱི་འཁོར་བསྒྱུར་གྱི་བསྙེན་པའི་རིམ་པ་སོགས་ཀྱི་ཟིན་བྲིས།
སྦྱོར་དྲུག་གི་རྡོ་རྗེའི་ཚིགས་བཅད། དེའི་བཤད་པ།
དུས་འཁོར་གྱི་མངོན་རྟོགས་དང་དབང་གི་ཟིན་བྲིས།
སྦྱོར་དྲུག་ཉེར་མཁོའི་ཟིན་བྲིས། འཆི་ཞག་དང་ཚེ་ལྷག་ཇི་ཙམ་ཡོད་དཔྱད་པ།
རྡོ་རྗེ་རྩེ་མོའི་ཟིན་བྲིས། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། འཕོ་བ།
བཀའ་བསྒོ་བྱ་ཚུལ། སྒྲ་མི་སྙན་གྱི་ཚེ་སྒྲུབ། འདུལ་བ་མདོ་རྩ་བའི་ཟིན་བྲིས།
གཞི་ནས་འབྱུང་བའི་བསླབ་བྱའི་ཟིན་བྲིས།
ཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་རྣམ་པར་བཞག་པ་བློ་གསལ་བགྲོད་པའི་ཐེམ་སྐས།
གཟུགས་ཀྱི་ཆུང་མཐའ་དང་དུས་ཀྱི་ཐུང་མཐའ་སོགས་ལས་བརྩམས་པའི་དྲིས་ལན།
བླ་མའི་རྣལ་འབྱོར་ཟབ་ཁྱད་ཅན་མཁས་གྲུབ་རྗེ་ལ་གནང་བ།
བ་སོ་ཆོས་རྗེ་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར།
ཞུ་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ། སྡོམ་པ་གོང་མ་གཉིས་ཀྱི་ཕྱིར་བཅོས།
གཏོར་མ་བརྒྱ་རྩའི་རིམ་པ། རྗེ་རང་ཉིད་ཀྱི་གསན་ཡིག
བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་ཚུལ་ལམ་མཆོག་སྒོ་འབྱེད་སོགས་བསྟོད་ཚོགས་དང་ཆབ་ཤོག་དྲིས་ལན་སོགས་གསུང་ཐོར་བུ་བ།
རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ཇི་ལྟར་ཐུགས་ཉམས་སུ་བཞེས་པ་ལྟར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཉམས་ལེན་འདི་ལྟར་བྱ་དགོས་སོ་ཞེས་འདོམས་པིའ་ཉམས་མགུར་ལམ་རིམ་བསྡུས་དོན་དུ་གྲགས་པ་རྣམས་མཛད།
རྗེ་རིན་པོ་ཆེའི་གསུང་ལ་ཐུགས་སྲས་མཁས་གྲུབ་ཆེན་པོ་རྣམས་ཀྱིས་ཟིན་བྲིས་སུ་བྱས་པའི་མདོ་སྔགས་ཀྱི་ལེགས་བཤད་མང་དུ་བཞུགས་པ་ནི་ཡོངས་སུ་གྲགས་པ་ལྟར་རོ།
།འདི་ལྷ་བུའི་མདོ་སྔགས་ཀྱི་བསྟན་བཅོས་རྒྱ་ཆེན་པོ་འདི་སྙེད་ཅིག་མཛད་པ་འདི་དག་ཐམས་ཅད་རྒྱལ་བ་རང་ཉིད་ཀྱི་གསུང་དང་།
ཤིང་རྟ་ཆེན་པོ་གཉིས་ཀྱི་གཞུང་ཇི་ལྟ་བ་བཞིན་དུ་ཐེག་པ་གོང་འོག་དང་རྒྱུད་སྡེ་གོང་འོག་གྲུབ་མཐའ་རྣམ་བཞི་གང་གི་ཐད་ལའང་རང་རང་གི་ལུགས་མ་འདྲེས་པར་སྟོན་པ་ལས།
ཕན་ཚུན་འདྲེས་པའི་སྐྱོན་ཕྲ་མོའང་མེད་ཅིང་།
སྔ་ཕྱི་འགལ་བ་དང་རང་ཚིག་འགལ་བ་དང་ཟློས་བུར་སྨྲ་བ་སོགས་ཀྱི་སྐྱོན་ཡང་རྣམ་པ་ཀུན་ནས་མེད་པ་དྲི་མ་མེད་པའི་རིགས་ལམ་ལ་སྦྱངས་པའི་མཁས་པ་རྣམས་ཀྱིས་གཟུ་བོའི་བློས་ཇི་ཙམ་དཔྱད་ཀྱང་འདིའི་ཐད་ནས་ནོར་རོ་ཞེས་ཚིག་གཅིག་ལའང་སྐྱོན་གདགས་སུ་མེད་པ་དང་།
ཐ་སྙད་ཀྱི་གཙུག་ལག་དག་དང་ཡང་མི་འགལ་བར་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ཆོས་རྒྱལ་ཐུགས་རྗེ་ཅན་གྱི་བཀའ་ལྟར་འཇམ་དབྱངས་ཀྱི་སྤྲུལ་བ་ཐོན་མིས་ཡི་གེའི་བརྡ་ཆད་འདི་ལྟར་བྱ་དགོས་སོ་ཞེས་བོད་ཁམས་ཡོངས་ལ་གདམས་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་ནས་ཇི་ལྟར་བཤད་པ་ལྟར་དོན་སོ་སོ་ལ་ཡི་གེའི་སྔོན་འཇུག་སོགས་ཐོབ་ཇི་ལྟར་དགོས་པ་རྣམས་ཅུང་ཟད་ཀྱང་མ་འཕྱུགས་པ་དང་།
སྔོན་གྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བཀས་བཅད་མཛད་པ་ལྟར་གྱི་ཆོས་ཀྱི་བརྡ་ཆད་ཁོ་ན་ལས་ཡུལ་མི་རང་བཞིན་པའི་ཕལ་སྐད་དང་།
རང་རང་གི་ཡུལ་ཕྱོགས་ཀྱི་སྐད་སོགས་ཀྱི་སྐྱོན་ཕྲ་མོ་ཡང་མ་འདྲེས་པར་དོན་བཟང་བ།
ཚིག་འབྲུ་བཟང་བ། མ་འདྲེས་པ། མ་སྦགས་པ། ཡོངས་སུ་རྫོགས་པ།
གདུལ་བྱའི་རྒྱུད་དང་འཚམ་པ།
སུས་བལྟས་ཀྱང་ཕན་ཐོགས་པ་སོགས་རྒྱལ་བས་ཆོས་ཀྱི་བསྔགས་པ་ཇི་ལྟར་མཛད་པ་དང་རྣམ་པ་ཀུན་ནས་མཐུན་པ་ཤ་སྟག་ཏུ་ཡོད་དོ།
།ཚུལ་འདིས་ཀྱང་རྗེ་ཐམས་ཅད་མཁྱེན་པ་འདི་ཉིད་གངས་རིའི་ཁྲོད་འདིར་མཚུངས་ཟླ་མེད་ཅིང་ཕྱི་རབས་ཀྱི་གདུལ་བྱ་ཡོངས་ལ་བཀའ་དྲིན་ཟླ་མེད་པར་གྲུབ་བོ།
།
རྗེ་རིན་པོ་ཆེ་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་སྔར་བརྗོད་པ་དེ་ལྟར་ཡིན་ཞིང་།
འཕྲལ་གྱི་མཛད་སྤྱོད་ཀྱང་སྙིགས་མའི་སྐྱེ་བོ་སུ་དང་ཡང་མི་མཚུངས་པའི་ངོ་མཚར་རྨད་དུ་བྱུང་བ་ཞིག་བཞུགས་ཏེ།
རྗེ་རིན་པོ་ཆེ་འདི་ཉིད་མདོ་སྨད་དུ་སྐུ་འཁྲུངས་པ་ནས་མཐར་མྱ་ངན་ལས་འདས་པའི་བར་ལ་ཐུགས་རྒྱུད་འཁྲུགས་ཏེ་གཞན་ལ་ཞེ་གཅོད་པའི་ཚིག་ངན་པ་སྨྲ་བ་དེ་དུས་ཀྱི་སྐུ་དངོས་ཀྱི་གདུལ་བྱ་སུ་ལའང་བསྟན་རྒྱུ་མེད་ཅིང་།
མཚན་ཉིད་ཀྱི་སློབ་གཉེར་མཛད་པའི་སྐབས་སུའང་དེང་སང་གི་གདུལ་བྱ་ཕལ་ཆེར་ཕ་རོལ་དང་རྩོད་པའི་ཚེ་ཕ་རོལ་སྨ་དབབ་པའི་ཚིག་སྨྲ་གང་ཐུབ་དང་།
ལུས་ཀྱི་རྣམ་འགྱུར་ཡང་འགྱིང་བ་དང་ཁེངས་པ་དང་ཕ་རོལ་གནོན་པའི་རྣམ་འགྱུར་བྱེད་པ་འདི་འདྲ་གཏན་ནས་མིན་པར་རྗེ་བླ་མ་འདིས་དབུས་གཙང་གི་གྲ་ས་ཆེན་པོ་རྣམས་སུ་ཐུགས་གཉེར་མཛད་པ་དང་།
གྲྭ་སྐོར་མཛད་པའི་སྐབས་གང་དུའང་རྒོལ་བ་ཕ་རོལ་པོ་ལ་ངན་སྨ་མཛད་པ་ནམ་ཡང་མི་སྲིད་ཅིང་སྐུ་ལུས་ཀྱི་རྣམ་འགྱུར་ཡང་ཞི་ཞིང་དུལ་བ་དང་འཇམ་ཞིང་དེས་པ་དང་།
གསུང་སྙན་ཞིང་བརྗིད་ལ་གསོང་བོར་སྨྲ་བ་དང་།
ཕ་རོལ་བོ་ལ་ཕན་པའི་ཚིག་ཁོ་ན་བརྗོད་པ་ལས་སྐུ་དང་གསུང་གི་རྣམ་འགྱུར་ལ་སྐྱོན་ཆགས་པ་དེ་དུས་སྐུ་དངོས་སུ་མཐོང་བ་སུ་ལའང་དུས་འདིའི་ཆ་འདི་ལྟར་མཛད་དོ་ཞེས་བསྟན་རྒྱུ་མེད་པ་ཡོངས་སུ་གྲགས་པ་ལྟར་ཡིན་ལ།
དེའི་དབང་གིས་གྲྭ་ས་གང་དང་གང་དུ་བྱོན་པ་དེ་དང་དེར་རྗེ་འདི་སྐུ་མཐོང་བ་དང་གསུང་གི་གདངས་ཐོས་པ་ཙམ་གྱིས་སྣང་བ་འགྱུར་ཏེ་རྗེ་འདིའི་ཞབས་དྲུང་དུ་བསྙེན་ཏེ་སློབ་མར་ཁས་ལེན་པ་ཤ་སྟག་བྱུང་སྟེ་སྐད་ཅིག་ཉིད་ལ་གངས་ཅན་གྱི་སའི་ཆ་ཐམས་ཅད་རྗེ་འདིའི་སློབ་མས་ཁྱབ་པ་འདི་བྱུང་བ་ཡིན་ནོ།
།རྗེ་འདི་ལ་རྒྱ་མཚོའི་གླིང་བར་ཚུན་ཆད་ནས་གདུལ་བྱ་འདུས་ཏེ་ས་ཆེན་པོའི་ཁྱོན་འདི་ཐམས་ཅད་སློབ་མས་གང་བ་དེ་ལྟ་བུ་བྱུང་ཡང་ཆེན་པོར་རློམ་པའི་ཆེ་འགྱིང་ནམ་ཡང་མི་མཛད་ཅིང་།
རང་ཉིད་ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་མཁྱེན་པ་མངའ་བ་ཡིན་ཡང་།
སྔོན་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་སྐྱོན་བརྗོད་ནམ་ཡང་མི་མཛད་པར་དག་སྣང་དང་བཀའ་དྲིན་དྲན་པའི་གུས་པ་ལྷུར་མཛད་དེ།
སྔོན་བྱོན་པའི་ལོ་ཙཱ་བ་བཀའ་དྲིན་ཅན་རྣམས་དང་།
བསྟན་པའི་གསལ་བྱེད་གྲུབ་མཐའ་རིས་སུ་མ་ཆད་པ་ཀུན་ལ་དག་སྣང་དང་གུས་པ་ལྷུར་མཛད་དེ་སོ་སོའི་ཡིག་ཆར་ནོར་འཁྲུལ་སོགས་ཅི་ཡོད་ཀྱང་དེ་རྒྱུ་མཚན་དུ་བྱས་ཏེ་དམ་པ་དེ་དང་དེ་དག་ལ་སྐྱོན་བརྗོད་པ་ནམ་ཡང་མི་མཛད་དེ།
རྗེའི་མདོ་སྔགས་ཀྱི་གསུང་རབ་ཇི་སྙེད་ཅིག་བཞུགས་པ་འདི་དག་ནང་ན་སྔོན་བྱོན་པའི་ལོ་ཙཱ་བ་བཀའ་དྲིན་ཅན་དེ་དག་དང་།
སྒྲུབ་པ་མཛད་པའི་སྐྱེས་བུ་དམ་པ་ཇི་སྙེད་ཅིག་བྱོན་པ་དེ་དག་དང་།
དགེ་འདན་གྱི་སྡེ་འཛུགས་པའི་དམ་པ་གྲུབ་མཐའ་རིས་མི་འདྲ་བ་མང་བོ་ཞིག་བྱོན་པ་དེ་དག་སུ་ལའང་མཚན་ནས་སྨོས་ཏེ་སྐྱོན་བརྗོད་པ་བསྟན་རྒྱུ་མེད་དོ།
།འོན་ཀྱང་ཐིག་དྲང་བར་བཏབ་ན་ཀྱོག་པོ་ཟུར་ལ་ཐོན་པ་ཆོས་ཉིད་ཡིན་པ་ལྟར་རྗེ་རིན་པོ་ཆེ་འདིས་རྒྱལ་བའི་དགོངས་པ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱིས་ཇི་ལྟར་བཀྲལ་བ་ལྟར་གཏན་ལ་ཕབ་པ་ན།
ཤིང་རྟ་ཆེན་པོས་རྒྱལ་བའི་དགོངས་པ་བཀྲལ་བ་དང་མི་མཐུན་པར་སྨྲ་བ་རྣམས་སྐྱོན་ཅན་དུ་རང་ཤུགས་ཀྱིས་ཐོན་འོང་སྟེ་དེ་ནི་རྗེ་འདིའི་སྐྱོན་དུ་ག་ལ་འགྱུར་ཏེ་ཤིང་རྟ་ཆེན་པོ་གཉིས་ཀྱིས་རྒྱལ་བའི་དགོངས་པ་བཀྲལ་བ་བཞིན་ནོ།
།
གཞན་ཡང་རྗེ་འདིས་སྐུ་ཚེ་ཧྲིལ་པོར་སོ་ནམ་དང་ཚོང་བུན་བསྐྱེད་སོགས་འདུལ་བ་དང་འགལ་བའི་ལས་ནམ་ཡང་མ་མཛད་དེ་བྱ་བྲལ་གྱི་སློབ་མ་སྟོང་ཕྲག་མང་བོ་སྐྱོང་དགོས་པའི་ཚེ་ཡང་ཆོས་དང་མཐུན་པའི་འཚོ་བ་ཁོ་ན་ལ་སྦྱོར་བ་ལས་བུན་བསྐྱེད་སོགས་ལོག་འཚོའི་རིགས་ལ་སྦྱར་བ་དངོས་ཀྱི་གདུལ་བྱ་སུས་ཀྱང་མཐོང་བ་མེད་ཅིང་།
དཀོན་མཆོག་གི་མཆོད་པ་རླབས་ཆེན་པོ་མཛད་པ་དང་།
དགེ་འདུན་གྱི་སྡེ་སྐྱོང་བ་དང་། དཀོན་མཆོག་གི་མཆོད་པ་རླབས་ཆེན་པོ་མཛད་པ་དང་།
དགེ་འདུན་གྱི་སྡེ་སྐྱོང་བ་དང་།
མཆོག་གསུམ་གྱི་རྟེན་གསར་དུ་བཞེང་བ་སོགས་ལ་མཐུན་པའི་འཚོག་ཆས་ངེས་པར་འཚོལ་དགོས་པ་བྱུང་ན་རྒྱལ་བོ་ཆེན་པོ་རྣམ་ཐོས་སྲས་ལ་གཏོར་མ་ཕུལ་ཏེ་སྔོན་ཐུབ་པའི་སྤྱན་སྔར་ཇི་ལྟར་ཁས་བླངས་པ་ལྟར་རྒྱལ་བའི་བསྟན་པ་སྤེལ་ཕྱིར་འཕྲིན་ལས་འདི་སྒྲུབས་ཤིག་ཅེས་བསྐུལ་བ་ཙམ་གྱིས་གང་དགོས་པའི་ཡོ་བྱད་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་བྱུང་བ་ནི་སྐུ་དངོས་ཀྱི་གདུལ་བྱ་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པའོ།
།དེ་ལྟར་རྗེ་རིན་པོ་ཆེས་བསྟན་པ་དང་གདུལ་བྱའི་དོན་རྨད་དུ་བྱུང་བ་རྒྱ་ཆེར་མཛད་པས་གངས་རིའི་ཁྲོད་ཀྱི་སྐལ་བ་དང་ལྡན་པ་སྐུ་དངོས་ཀྱི་གདུལ་བྱ་དག་གི་དོན་ཕལ་ཆེར་མཛད་ཟིན་པ་ན་སྟོན་པ་མྱ་ངན་ལས་འདའ་ཁར་གྲོང་ཁྱེར་རྩྭ་ཅན་དུ་བྱོན་ནས་ཀུན་ཏུ་རྒྱུ་རབ་བཟང་དང་དྲི་ཟའི་རྒྱལ་བོ་རབ་དགའ་འདུལ་བར་མཛད་པ་ཇི་ལྟ་བར་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱའི་ཐ་མ་འགའ་ཞིག་གི་དོན་བྱ་བར་དགོངས་པ་དང་།
གངས་རིའི་ལྗོངས་འདིར་རྒྱུད་ཀྱི་འཆད་ཉན་རྐང་ཚུགས་པའི་གྲྭ་ཚང་ཞིག་ངེས་པར་འཛུགས་བཞེད་པ་དང་།
གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་རྩ་ལག་ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་གི་རྟེན་རྣམས་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་རྒྱལ་བའི་བསྟན་པ་ཡུན་རིང་གནས་པའི་ཐུགས་སྨོན་མཛད་པ་སོགས་དགོས་པ་མང་བོ་ཞིག་གི་ཕྱིར་སྟོད་ལུང་གི་ཆུ་ཚད་ལ་འབྱོན་བཞེད་པ་ལྟར་བྱས་ཏེ་རི་བོ་དགའ་ལྡན་ནས་ཕྱག་བཏེགས་ཏེ་ལྷ་སར་མཆོད་པ་དང་སྨོན་ལམ་རྣམ་པར་དག་པ་མཛད་ནས་སྟོད་ལུང་གི་ཆབ་ཚན་ཁར་བྱོན།
འོན་ཀྱང་ཆབ་ཚན་གྱིས་ནི་ཞབས་ལ་ཅུང་ཟད་ཙམ་འདུག་པ་ལས་མ་མཛད།
གཙོ་བོར་སྟོད་ལུང་ཕུ་མདའི་སྐྱེ་བོའི་ཚོགས་མཐའ་ཡས་པ་དག་ལ་ཆོས་དང་བྱིན་རླབས་ཀྱི་སྐྱེས་གནང་ཞིང་།
དད་ལྡན་སོ་སོས་བསྙེན་བཀུར་བ་དང་ཟང་ཟིང་གི་དངོས་པོ་ཕུལ་བ་རྣམས་དད་པ་ཅན་དེ་དང་དེ་དག་གི་དགེ་རྩ་བསྐྱེད་པའི་ཕྱིར་བཞེས།
ཞལ་མཐོང་ཞིང་གསུང་ཐོས་པ་ཙམ་གྱིས་ཀྱང་དོན་དང་ལྡན་པར་མཛད་དེ།
སླར་འབྲས་སྤུངས་ཀྱི་དགེ་འདུན་ཐམས་ཅད་ཀྱིས་མཆོད་པའི་བྱེ་བྲག་སྣ་ཚོགས་པ་ཐོགས།
གསོལ་བ་འདེབས་པའི་དབྱངས་ཀྱི་ང་རོ་དང་བཅས་བསུས།
འདོ་ལི་ལ་གདན་དྲངས་པའི་འདོ་ལིའི་སྣ་ལ་འཇའ་ཚོན་ཁ་དོག་ལྔ་བ་ཀུན་ནས་བཀྲ་བ་ཐལ་བྱུང་དུ་ཟུག་པ་དང་།
འབྲས་སྤུངས་སུ་ཕེབས་ནས་ཀྱང་ཆོས་གསུང་བའི་ཚེ་ཆོས་གྲྭའི་དབུས་སུ་འཇའ་ཚོན་སྣ་ལྔ་བ་ནམ་མཁའི་དབྱིངས་ནས་ཀ་བ་བཙུགས་པ་ལྟར་ཆེས་གསལ་བར་ཟུག་པ་སོགས་རྗེ་རིན་པོ་ཆེའི་སྐུ་ཚེ་འདིའི་མཛད་པ་ཕལ་ཆེར་རྫོགས་ནས་ཞིང་ཁམས་གཞན་དུ་འབྱོན་པར་བཞེད་པ་ན་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་བསུ་བའི་བཀོད་པ་བཤམས་པ་དང་།
ལྷག་པར་ནམ་མཁའི་དབྱིངས་ནས་འཇའ་ཀ་བ་བཙུགས་པ་ལྟར་བྱུང་བ་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱིས་རྗེ་རིན་པོ་ཆེ་དགའ་ལྡན་དུ་འབྱོན་པ་ལ་བསུ་བའི་བཀོད་པ་བཤམས་པ་ཡིན་པར་ངེས་པ་དེ་ལྟ་བུའི་ལྟས་མངོན་སུམ་དུ་བབས་པར་གྱུར་ལ།
གཞན་ཡང་འབྲས་སྤུངས་སུ་བཞུགས་རིང་ལ་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་སྟོང་ཕྲག་གཉིས་ཙམ་འདུས་ཤིང་།
སྣེའུ་ནས་ཞབས་ཏོག་དང་ཅི་དགོས་ཀྱི་ཕོགས་བསྙེན་བཀུར་འབུལ་ནོད་སོགས་བསམ་གྱིས་མི་ཁྱབ་པ་མཛད་ལ།
དེའི་ཚེ་ལམ་རིམ་གྱི་ཁྲིད། ནཱ་རོ་ཆོས་དྲུག དབུ་མ་ལ་འཇུག་པ།
གསང་བ་འདུས་པའི་རྒྱུད་ལ་སོགས་པ་གསུངས་ཤིང་།
དེ་ཡང་སྔོན་ཆད་གྲོང་པའི་སྐྱེ་བོ་ཕོ་མོ་དུ་མ་ལ་ཁྲིད་ཆེར་མི་གནང་།
ཁྱད་པར་ལམ་རིམ་གྱི་ཁྲིད་ལའང་འཚོག་ཏུ་མི་རུང་བ་ལ་སོགས་པའི་དམ་བཞག་ཆེ་བར་ཡོད་པ་ལ་དེ་དུས་གྲོང་བའི་སྐྱེ་བོ་ཇི་ཙམ་ཞིག་འོངས་པ་དང་།
དུས་ནམ་འོངས་ཐམས་ཅད་ལ་ཁྱད་པར་མེད་པར་ཐ་ན་སྤྲང་བོའི་ཚོགས་དུ་མ་འདུས་པ་ཡན་ཆད་ཐམས་ཅད་ལ་ལམ་རིམ་དང་དབུ་མ་ལ་སོགས་པའང་བཀག་པ་མེད་པར་གནང་།
འབྲས་སྤུངས་སུ་སྐབས་ཤིག་ནས་གཞན་ཕལ་མོ་ཆེ་ལ་ལྐོག་ཏུ་གྱུར་པའི་མངོན་ཆུང་བར་གྱིས་གསུང་ནས་ལྷ་བཟོ་བ་ལ་དམ་བཞག་ཆེ་བར་མཛད་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དངུལ་སྐུ་ཆེན་པོ་ཞིག་བཞེང་བའི་ཞལ་ཏ་མཛད།
དེ་ལྟར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས།
སྔོན་ཆད་དུས་འཁོར་མ་གཏོགས་པའི་རྒྱུད་ལ་ལེ་མཚམས་མཛད་པའི་ལུགས་མེད་པ་ལ་དེའི་ཚེ་གསང་འདུས་ཀྱི་ལེའུ་དགུ་བའི་མི་བསྐྱོད་སངས་རྒྱས་ཞིང་དག་ཏུ།
རྒྱལ་བའི་སྲས་བུ་སྐྱེ་བར་འགྱུར། །ཞེས་པའི་མཚམས་སུ་ཆོས་མཚམས་མཛད་ནས།
མྱུར་དུ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཉིད་དུ་འབྱོན་བཞེད་པའི་ཞལ་ཏ་གནང་དེ་ལ་སྦྱིན་བདག་དང་།
ཆོས་གསན་པ་རྣམས་ཀྱི་ད་དུང་ཟླ་བ་གཅིག་གམ་ཟླ་ཕྱེད་ཙམ་དུའང་བཞུགས་ནས་ཆོས་འཕྲོ་རྫོགས་པར་གསུང་བ་ཞིག་ཐུགས་རྗེས་བཟུང་འཚལ།
ཐ་ན་རྒྱུད་ཀྱི་འཕྲོ་རྣམས་བཀླགས་ལུང་མཛད་པ་ཙམ་ཞིག་ཀྱང་གནང་འཚལ་ཞེས་གསོལ་བ་ནན་ཆེར་བཏབ་ཀྱང་གསན་དུ་མ་བཞེད་ནས།
ད་ལན་མྱུར་དུ་བཏེགས་པ་ཐམས་ཅད་ལ་དགའ་བས་འདེགས།
རྒྱུད་དང་ལམ་རིམ་འཕྲོ་ལ་འཇོག་པའི་འདུན་པ་ཁ་སང་དུ་བཏང་ཚར་གསུང་ནས་ཆོས་མཚམས་མཛད་དེ།
དེ་ཡང་ད་དུང་དུ་སྔགས་དང་མཚན་ཉིད་ཀྱི་གསུང་སྒྲོས་ཀྱི་བཤད་རྒྱུན་རྫོགས་པ་མེད་པར་འཕྲོ་རིང་དུ་གནས་པའི་རྟེན་འབྲེལ་བསྒྲིགས་པའི་དགོངས་པ་མཛད།
དེ་ནས་ལྷ་སར་ཕྱགས་བཏེགས།
ཇོ་བོ་རིན་པོ་ཆེའི་དྲུང་དུ་བྱོན་ཏེ་ཕྱག་དང་མཆོད་པ་དང་སྨོན་ལམ་རྣམ་པར་དག་པ་རྒྱ་ཆེར་མཛད་ནས་ད་དུང་ཡང་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་གསོལ་འདབས་ཤུགས་དྲག་མཛད།
དེ་ནས་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་པས་སྤྱན་དྲངས་ཏེ་སེ་ར་ཆོས་སྡིངས་སུ་བྱོན།
བྱམས་ཆེན་ཆོས་རྗེ་དཔོན་སློབ་རྣམས་ཀྱིས་བསྙེན་བཀུར་དང་མཆོད་པ་ཚད་མེད་པས་མཆོད།
བྱམས་ཆེན་ཆོས་རྗེ་ལ་སེ་རར་ཤིང་རྟ་ཆེན་པོའི་གཞུང་ལུགས་རྣས་ལ་འཆད་ཉན་གྱི་བསྟན་པ་རྒྱ་ཆེར་སྤེལ་དགོས་པའི་ཞལ་ཏ་མང་དུ་གནང་ཞིང་།
ཁྱད་པར་གངས་རིའི་ཁྲོད་འདིར་སྔགས་ཀྱི་རྒྱུད་སྡེ་ལ་འཆད་ཉན་རྣམ་པར་དག་པ་ཡོང་ཡེ་རྣམ་པ་ཐམས་ཅད་དུ་ནུབ་པར་གྱུར་ནས་རིང་ཞིག་ལོན།
རྗེ་རང་ཉིད་ཀྱིས་བཤད་པ་རྣམ་པར་དག་པ་མཛད་པའི་གསུང་གི་བདུད་རྩི་ཉམས་སུ་མྱོང་བས་བློ་གྲོས་ཀྱི་ལུས་ཡོངས་སུ་ཚིམ་པ་མང་དུ་བྱོན་མོད་ཀྱི།
དེ་ལྟ་ནའང་ད་དུང་རྒྱུད་སྡེའི་འཆད་ཉན་རྐང་ཚུགས་པའི་གྲྭ་ས་ཐིངས་པ་སྔོན་ཆད་མེད་པས།
དེ་འདྲ་བའི་འཆད་ཉན་གྱི་གཞི་རྣམ་པར་དག་པ་ཚུགས་ན་ཅི་མ་རུང་སྙམ་དུ་བསྟན་པ་འབའ་ཞིག་ལ་དགོངས་པའི་ཐུགས་ཀྱི་འདུན་པ་ཤུགས་དྲག་པོས་བྱམས་ཆེན་ཆོས་རྗེ་ལ་སེ་ར་ཆོས་སྡིངས་སུ་གཞི་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་དཔལ་གསང་བ་འདུས་པ་དང་བདེ་མཆོག་གཉིས་ཀྱི་བཤད་སྒྲུབ་རྐང་ཚུགས་པའི་རྒྱུད་གྲྭ་ཞིག་འཛུགས་དགོས་པའི་ཞལ་ཏ་གནང་སྟེ་སེ་ར་ཆོས་སྡིངས་སུ་ཆོས་རྗེ་བས་ཐུགས་ཁུར་ཆེས་ཆེར་བཞེས་ནས།
གཞི་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ཏེ།
དཔལ་གསང་བ་འདུས་པ་དང་བདེ་མཆོག་གི་རྩ་རྒྱུད་ལ་འཆད་ཉན་རྐང་ཚུགས་པའི་གྲྭ་ས་རྣམ་པར་དག་པ་འཛུགས་པའི་ཞལ་བཀོད་དང་ཆོས་དཔོན་བསྐོ་བ་ལ་སོགས་པ་མཛད་ཅིང་།
རྟེན་འབྲེལ་ཁྱད་པར་ཅན་བསྒྲིག་པའི་ཆེད་དུ་གནས་དེར་གསོ་སྦྱོང་མཛད།
རྒྱུད་ཀྱི་རྒྱལ་བོ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་གསུངས་སོ། །
དེ་ནས་རིམ་གྱིས་ཡར་ལམ་བདེ་ཆེན་རྩེར་ཕྱགས་ཕེབས་དེར་ཡང་བྲག་དཀར་རྫོང་དཔོན་པ་ཡབ་ཡུམ་ལ་དཔལ་གསང་བ་འདུས་པ་དང་འཁོར་ལོ་བདེ་མཆོག་གཉིས་ཀྱི་བཤད་གྲྭ་རྣམ་པར་དག་པ་ཚུགས་པའི་གྲྭ་ཚང་ཞིག་འཛུགས་དགོས་པའི་ཞལ་ཏ་བྱོན་ཞིང་ཁོང་བས་ཀྱང་དད་པ་ཆེན་པོས་དགའ་སྤྲོ་དང་བཅས་ཏེ་བཀའི་ཁུར་སྤྱི་བོས་མནོས་ནས་བདེ་ཆེན་རྩེར་དཔལ་གསང་བ་འདུས་པ་དང་འཁོར་ལོ་སྡོམ་པ་གཉིས་ཀྱི་འཆད་ཉན་རྣམ་པར་དག་པ་རྐང་ཚུགས་པ་གཞི་འདུལ་བའི་བསླབ་ཁྲིམས་ཕྱག་སྲོལ་མ་ཉམས་པ་ལ་བརྟེན་པའི་གྲྭ་ས་བཙུགས།
རྗེ་རང་ཉིད་ཀྱིས་ཀྱང་མཐུན་རྐྱེན་གྱི་ནས་གཞི་འཛུགས་པ་སོགས་ཀྱི་རྐྱེན་དུ་བབ་པའི་ཡོ་བྱད་དཔག་ཏུ་མེད་པའི་གནང་སྦྱིན་མཛད་ཅིང་རྫོང་དཔོན་པས་བདག་རྐྱེན་ཕུན་སུམ་ཚོགས་པའི་ཐུགས་ཁུར་བཞེས་སོ།
།དེ་ནས་གནས་དེ་ཉིད་ལ་རབ་ཏུ་གནས་པ་ཞུས་པས།
ད་ལན་མིན་པ་རབ་གནས་བྱེད་པ་མི་འོང་བས་ད་ལན་རྒྱས་པ་ཞིག་བྱེད་དགོས་གསུང་ནས་རབ་ཏུ་གནས་པ་རྒྱས་པར་མཛད་དེ།
གནས་དེ་ཉིད་ཀྱི་གཙུག་ལག་ཁང་དེ་ལ་གསང་སྔགས་མཁར་ཞེས་བྱ་བར་མིང་དུ་གདགས་པའང་མཛད་དོ།
།དེ་ནས་བྲག་དཀར་དུ་བྱོན། དེ་ནས་གྲུ་བཞིར་གདན་འདྲེན་ཞུས་ནས་བྱོན་ཏེ།
དེ་ཡང་འབྲས་སྤུངས་ནས་ཕྱགས་བཏེགས་དགའ་ལྡན་དུ་མ་ཕེབས་ཀྱི་རིང་ལ་གང་དུ་སྤྱན་དྲངས་པ་ཐམས་ཅད་དུ་ཡང་ཡང་འོང་བ་མི་འོང་བས་ད་ལན་འགྲོ་དགོས་གསུང་ནས་ཞལ་གྱིས་བཞེས་པར་མཛད་དོ།
།གྲུ་བཞིར་ཕེབས་པའི་ནུབ་གཎྜི་བརྡུངས་པའི་སྒྲ་ཆེན་པོ་གྲག་པས་ཐམས་ཅད་ཐེ་ཚོམ་དུ་གྱུར་ནས་བརྟགས་ཀྱང་།
མི་ཞིག་གིས་བརྡུངས་པ་མ་ཡིན་པར་ངེས་པ་ཙམ་དུ་ཟད་ཀྱི།
གཞན་དུ་ན་རྡུང་བར་བྱེད་པ་སུ་ཞིག་གིས་གནས་གང་དུ་བརྡུངས་པ་སོགས་གང་དུའང་བརྟག་པར་མི་ནུས་པར་ཡུན་རིང་དུ་སྒྲ་ཤིན་ཏུ་གྲགས་ཅིང་གསང་མཐོ་བ་རྡུང་བ་བྱེད་པ་ཞིག་བྱུང་ངོ་།
།
གཞན་ཡང་འབྲས་སྤུངས་ནས་ཡར་ལ་ཕྱགས་མ་བཏེག་པའི་གོང་ཙམ་གྱི་སྐབས་སུའང་།
ས་ཆེན་པོ་གློ་བུར་ཉིད་དུ་གཡོ་བ་དང་།
ནམ་མཁའི་དབྱིངས་མཐའ་མི་མངོན་པའི་ལམ་རིང་བོ་ནས་འོངས་པའི་འཇའ་ཚོན་རྣམ་པར་བཀྲ་བ་མཐའ་ཡས་པ་རི་བོ་དགའ་ལྡན་གྱི་རྩེ་ལ་ཡང་དང་ཡང་དུ་ཟུག་པ་བྱུང་སྟེ།
དེ་ནི་རྗེ་རིན་པོ་ཆེ་འདི་ཉིད་འོད་གསལ་ཆོས་སྐུ་མངོན་དུ་མཛད་ནས་གཟུགས་ཀྱི་སྐུར་བཞེང་བ་དང་མཉམ་དུ་ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་དུ་སྤྲུལ་བ་འགྱེད་པར་མཛད་པས།
ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ནས་མཆོད་རྫས་སྣ་ཚོགས་ཐོགས་པའི་ལྷ་བགྲང་བ་ལས་འདས་པས་བསུ་བ་བྱས་པ་ཡིན་པར་གདོན་མི་ཟ་སྟེ།
དཔལ་འཁོར་ལོ་སྡོམ་པའི་རྩ་རྒྱུད་ལས།
འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ་དག་འཆི་བའི་དུས་བྱེད་པ་ན་དཔའ་བོ་དང་དཔའ་མོ་བགྲང་བ་ལས་འདས་པས་མཆོད་པའི་བྱེ་བྲག་སྣ་ཚོགས་པ་ཐོགས་ཏེ་མཁའ་སྤྱོད་དུ་འཁྲིད་པར་གསུངས་ན།
རྗེ་བདག་ཉིད་ཆེན་པོ་འདི་ལྟ་བུ་འོད་གསལ་ཆོས་སྐུ་མངོན་དུ་མཛད་ནས་ཟུང་འཇུག་གི་སྐུར་བཞེངས་པ་ལ་ཕྱོགས་བཅུའི་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱིས་མཆོད་པ་བྱེད་པ་དང་།
ཞིང་གང་དང་གང་དུ་བྱོན་པ་དེ་དང་དེར་མཆོད་པའི་བྱེ་བྲག་སྣ་ཚོགས་ཐོགས་པས་བསུ་བ་བྱེད་པ་ལྟ་ཅི་སྨོས་སོ།
།
དེ་ནས་གྲུ་བཞི་ནས་ཕྱགས་བཏེགས་ནས་དགེ་ལྡན་དུ་ཕེབས་པ་ན་ཐོག་མར་ཡངས་པ་ཅན་གྱི་གཙུག་ལག་ཁང་ཆེན་པོར་བྱོན་ཏེ་འདིར་ད་ཡང་འོང་བ་མི་འོང་བས་མཆོད་གཏོར་རྒྱ་ཆེར་ཤོམས་གསུངས་ནས་སྟོན་པའི་སྐུ་དང་།
གཞལ་ཡས་ཁང་རྣམས་དང་།
ཡི་དམ་གྱི་དྲུང་དུ་མཆོད་པ་དང་གཏོར་མ་རྒྱ་ཆེར་མཛད་དེ་གསོལ་བ་གདབ་པ་དང་སྨོན་ལམ་གྱི་རིམ་པ་ལ་སོགས་པ་མང་དུ་མཛད།
དེ་ནས་འདུ་ཁང་དུ་དགེ་འདུན་གྱི་མང་ཇ་འདྲེན་པ་ཞིག་གིས་གདན་དྲངས་པས་ཚོགས་ཀྱི་དབུས་སུ་ཕེབས་ཏེ་སྦྱིན་བདག་སོགས་ཀྱི་ཆེད་དུ་ཞུ་བ་སུའང་མེད་པར་བདེ་བ་ཅན་གྱི་སྨོན་ལམ་རྒྱས་པ་དགེ་འདུན་ཚོགས་པ་རྒྱ་མཚོའི་དབུས་སུ་ཤིས་བརྗོད་དང་བཅས་པ་མཛད་དེ།
ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་རྗེ་ཉིད་ཀྱིས་ཇི་ལྟར་གསུངས་པའི་མདོ་སྔགས་ཡོངས་སུ་རྫོགས་པའི་ལམ་སྲོལ་བཟང་བོ་འདི་ཉིད་མ་ཉམས་ཤིང་གང་ནས་གང་དུ་འཇལ་བའི་རྟེན་འབྲེལ་བསྒྲིག་པའི་ཕྱིར་འདུས་པ་རྒྱ་མཚོའི་དབུས་སུ་བྱོན་ནས་ཐུགས་སྨོན་དང་བཀྲ་ཤིས་དེ་ལྟར་མཛད་དོ།
།
དེ་ནས་གཟིམ་ཁང་དུ་ཕེབས་ཏེ་བཞུགས་གདན་ལ་བཞུགས་པ་ན།
དེ་ན་རང་རེའི་དགོན་པ་རང་དབང་ཐོབ་པ་འདིར་སླེབ་བྱུང་བས་བློ་བདེའོ།
།ཞེས་བཀའ་བསྩལ།
དེའི་ཉིན་མོ་འདས་པའི་མཚན་མོའི་གུང་ཐུན་ལ་བབ་པ་ཙམ་ནས་སྐུ་ཁམས་ཅུང་ཞིག་བསྙེལ་བའི་ཚུལ་བསྟན་ཏེ།
དེའི་སང་ཉིན་ནས་དགེ་འདུན་ཐམས་ཅད་ཀྱིས་ཀྱང་སྐུ་རིམ་ལ་འབད་པ་འདོན་པར་མཛད།
དེ་ལྟ་ནའང་སང་གི་ཉི་ཕྱེད་ཙམ་བར་དུ་སྐུ་ལུས་ཀྱི་ཆ་སོ་སོ་ལ་བསྙུན་ཟུག་ཏུ་མངོན་པ་ཅུང་ཟད་ཡོད་གསུང་བ་མ་གཏོགས་དེ་ནས་བསྙུན་ཟུགས་ཀྱང་ཆེན་པོ་མེད་པར་ཅུང་ཟད་ཐུགས་ཉོག་པར་གསལ་ཙམ་གྱི་བར་ལ་ཉིན་ཞག་གཉིས་ཀྱི་རིང་དུ་སྐུ་རིམ་བསྒྲུབས།
དེའི་ཚེ་སྲས་ཀྱི་ཐུ་བོ་རྗེ་དར་མ་རིན་ཆེན་ལ་བསྟན་པའི་བྱ་བ་མཛད་ཚུལ་འདི་ལྟར་དགོས་བྱ་བ་ལ་སོགས་པའི་ཞལ་ཏ་ཞིབ་པར་སྔ་མོ་ནས་གནང་ཚར་བས་དེའི་ཚེ་རྒྱས་པར་མ་གསུངས་ཤིང་།
དབུ་ཞྭ་སྣ་རིང་དང་གོས་བེར་ཞིག་གནང་སྟེ་དོན་གྱིས་རྒྱལ་ཚབ་ཏུ་བསྐོ་བར་མཛད།
གནས་བརྟན་རིན་ཆེན་རྒྱལ་མཚན་པ་ལ་སོགས་པ་སྐུ་དྲུང་ན་འཁོད་པ་ལ།
ཚུལ་འདི་ཤེས་པར་གྱིས་ལ་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་ཅེས་སོགས་ཙམ་གསུང་གཞན་སྐུ་ཁམས་ཅུང་ཟད་བསྙེལ་བའི་ཚུལ་བསྟན་པའི་རིང་ལའང་སྔར་གྱི་ཐུན་བཞིའི་རྣལ་འབྱོར་དང་བདག་འཇུག་ལ་སོགས་པའི་ཐུགས་དམ་གྱི་རིམ་པ་རྣམས་འཆག་མེད་དུ་མཛད་པ་དང་།
གཞན་ཡང་གཙོ་བོར་ནང་གི་ཏིང་ངེ་འཛིན་ལ་མཆོག་ཏུ་གཞོལ་བའི་ཐུགས་དམ་ལ་ཁོར་ཡུག་ཏུ་བཞུགས་པར་གྱུར་ཏོ།
།
དེ་ནས་ཉི་ཤུ་བཞིའི་དགོང་མོ་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོའི་མཆོད་པ་རྒྱས་པ་ཞིག་མཛད་དེ་དེའི་ཚེ་ཀ་པཱ་ལ་མར་མེད་པ་ཅིག་ཁྱེར་ཤོག་གསུངས་ནས་དེར་ནང་མཆོད་བྱིན་རླབས་རྒྱས་པ་ཞིག་མཛད་དེ།
བདག་ཉིད་ཀྱིས་བདུད་རྩི་མྱང་བ་ལན་སུམ་ཅུ་རྩ་གཉིས་སམ།
བཅུ་དྲུག་ཕྲག་གཉིས་སུ་མཛད་པ་ལ་དེ་ཡང་བདེ་མཆོག་གི་མཆོད་པ་དེ་དང་འབྲེལ་བས་དེ་ཉིད་ཀྱི་དབང་དུ་མཛད་པ་ཡིན་ལ་རག་ཅིང་།
གཞན་དུ་ན་ལྷའི་འཁོར་ལོ་འདི་འདྲ་བ་ཞིག་གི་དབང་དུ་མཛད་ནས་བདུད་རྩི་མྱང་བ་མཛད་དོད་ཅེས་བྱ་བར་ནི་སུས་ཀྱང་ཁོང་དུ་མ་ཆུད་དེ།
སྐུ་དྲུང་ན་འཁོད་པ་ཁ་ཅིག་ནི་གྲངས་ལ་དཔགས་ནས་བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་སྒོ་ནས་མཛད་པར་ཡང་རྟོགས་སོ།
།གཞན་ཡང་དེ་དག་གི་ཚེ་ཡི་དམ་གྱི་ཁྱད་པར་མངོན་སུམ་དུ་གཟིགས་པ་ལ་སོགས་པའི་གཟིགས་སྣང་ཁྱད་པར་ཅན་མང་དུ་ཡོད་པའི་རྣམ་པ་དུ་མ་མངོན་མོད་ཀྱི།
སྐུ་དྲུང་ན་འཁོད་པ་དག་གིས་ཇི་ལྟར་མཆིས་པ་ཞུ་བར་མ་ནུས་སོ།
།དེ་ནས་མཚན་མོའི་རིང་ལ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཏེ།
དེ་ཡང་ཕྱི་རོལ་ནས་མངོན་པ་ལ་རྡོ་རྗེ་བཟླས་པ་ལ་སོགས་པ་མཛད་པ་ཤས་ཆེ་བར་མངོན་ནོ་ཞེས་ཟེར་ཏེ།
མདོར་ན་འཆི་བ་འོད་གསལ་ཆོས་སྐུ་དང་སྲེ་བའི་མན་ངག་རྣམས་ཐུགས་ཉམས་སུ་བསྟར་བ་ཡིན་པར་ངེས་སོ།
།དེའི་སང་ཉིན་ཉི་ཤུ་ལྔའི་སྔ་དྲོ་དང་བོ་ནས་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་མཛད།
ཕྱག་གཉིས་མཉམ་པར་བཞག་སྟེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ལས་ཉི་མ་ཤར་རྗེས་ཙམ་ལ་སྟོང་བ་གསུམ་རིམ་གྱིས་ཐིམ་ནས་ཐམས་ཅད་སྟོང་བ་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་མཛད་དེ་ནང་དུ་འོད་གསལ་ཆོས་སྐུ་མངོན་དུ་མཛད་པ་དང་དུས་མཉམ་དུ་ཕྱིའི་སྐུ་ལུས་འགྱུར་ཏེ།
ཞལ་གྱི་དཀྱིལ་འཁོར་དེ་གོང་ཅུང་ཟད་སྐུ་ཁམས་བསྙེལ་བ་སོགས་ཀྱིས་སྔར་ལས་སྐུ་མདངས་ཅུང་ཞིག་ཆུང་བར་ཡོད་ནའང་།
དེའི་ཚེ་གློ་བུར་དུ་ཞལ་གྱི་དཀྱིལ་འཁོར་ཟླ་བ་ལྟར་རྒྱས་པར་གྱུར་ཏེ་སྐུའི་ཆ་ཐམས་ཅད་འོད་ཀྱི་ལུས་ཅན་གྱི་ལྷ་བུ་གཞོན་ནུ་ལྟར་གྱུར་ཅིང་།
སྐུའི་ཤ་ཞུ་བ་དང་། ལྟར་ལྟར་པོར་གྱུར་བ་དང་།
ཁམ་ཁུམ་དུ་གྱུར་པ་ལ་སོགས་པ་ཅུང་ཟད་ཀྱང་མེད་ལ།
སྔར་གྱི་སྐུའི་གཉེར་མ་རྣམས་ཀྱང་སྐྲའི་རྩེ་མོ་བརྒྱར་བཤགས་པའི་ཚོད་ཙམ་དུའང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་གྱུར་ཏེ་བལྟ་བར་མི་བཟོད་པའི་འོད་ཀྱི་ཕུང་བོ་དང་ལྡན་ཞིང་།
དེ་ཡང་ཁ་ཅིག་ནི་སྐུའི་འོད་དམར་སེར་དུ་སྣང་ངོ་ཞེས་ཟེར།
ཁ་ཅིག་ནི་དཀར་སེར་དུ་སྣང་ངོ་ཞེས་ཟེར།
ཁ་ཅིག་ནི་གསེར་བཙོ་མ་ལྟ་བུར་སྣང་ངོ་ཞེས་ཟེར་ཏེ།
ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པའི་ལྷའི་ལུས་ཅན།
ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་རྒྱན་དང་ཆ་ལུགས་སྤངས་ནས་ནང་དུ་ཡང་དག་འཇོག་ལ་མཉམ་པར་བཞག་པ་ཇི་ལྟ་བ་དེ་ལྟར་གྱུར་ཏོ།
།འདི་ནི་ཆོས་ཉིད་ཡིན་ཏེ་ཐེག་པ་ཐུན་མོང་བ་ལ་ཡང་།
གང་གི་རྒྱུད་ལ་མཐོང་བའི་ལམ་སྐྱེས་པ་དང་།
དགྲ་བཅོམ་པ་མངོན་དུ་བྱས་པ་ལ་སོགས་པའི་སྒོ་ནས་བདུད་རྩི་ཐོབ་པར་གྱུར་པ་ན།
དབང་བོ་ཡོངས་སུ་གསལ་ཞིང་། བཞིན་གྱི་མདོག་ནི་དག་ལ།
པགས་པའི་མདོག་ནི་དཀར་བ་ལ་སོགས་པ་ལུས་ཀྱི་མདངས་སྔར་ལས་གནས་འགྱུར་བ་འབྱུང་བར་འདུལ་བ་ལུང་ལས་གསུངས་སོ།
།དེ་བས་ན་རྗེ་འདི་ཡང་དེའི་ཚེ་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་མཛད་དེ།
འཆི་བ་ཆོས་ཀྱི་སྐུར་བསྒྱུར་བའི་སྒོ་ནས་བར་དོ་སྒྱུ་མའི་སྐུར་བཞེངས་ཏེ།
བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མཆོག་གི་དངོས་གྲུབ་ཀྱི་གོ་འཕང་མཐར་ཐུག་པ་མངོན་དུ་མཛད་པ་ཡིན་ནོ་ཞེས་ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་སྨྲ་བའི་ཉི་མ་དང་གྲུབ་ཆེན་འཇམ་དཔལ་རྒྱ་མཚོ་སོགས་རྗེའི་ཐུགས་སྲས་རྣམས་མཐུན་པར་གསུངས་སོ།
།
དེ་ལྟར་རྗེ་རིན་པོ་ཆེས་འོད་གསལ་ཆོས་སྐུ་མངོན་དུ་མཛད་ནས་འོད་གསལ་དེ་ལས་བཞེངས་པ་དང་དུས་མཉམ་དུ་མཚན་དཔེས་སྤྲས་པའི་གཟུགས་ཀྱི་སྐུ་འདུས་པའི་རྩ་རྒྱུད་ལས།
དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །རྡོ་རྗེ་འབར་བའི་འོད་དག་གིས།
།རྒྱན་རྣམས་ཀུན་གྱི་བརྒྱན་པ་ཡི། །དག་པའི་བདག་ཉིད་སྣང་བར་འགྱུར།
།ཚངས་པ་དྲག་པོ་ལ་སོགས་ལྷས། །ནམ་ཡང་མཐོང་བར་མི་ནུས་སོ།
།ཞེས་གསུངས་པ་ལྟར་ནམ་མཁའི་དབྱིངས་ཐམས་ཅད་འོད་ཟེར་གྱི་དྲ་བས་འགེངས་ཤིང་།
ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷ་མཐུ་བོ་ཆེ་དག་གིས་ཀྱང་མཐོང་བར་མི་ནུས་ན་གཞན་དག་གིས་ལྟ་ཅི་སྨོས་པ་ཡེ་ཤེས་ཀྱི་སྐུ་ནམ་མཁའ་མ་ཟད་ཀྱི་བར་དུ་འགྱུར་བ་མེད་པ།
གསུང་ཚངས་པའི་དབྱངས་ལ་འགག་པ་མེད་པ།
ཐུགས་བདེན་པ་གཉིས་མངོན་སུམ་དུ་གཟིགས་པ་ལས་ནམ་ཡང་ཉམས་པ་མེད་པ།
སྐུ་ལས་སྤྲུལ་བ་ཕྱོགས་བཅུར་སྤྲོས་པས་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པས་སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་དོན་མཛད་བཞིན་དུ་འདིའི་གདུལ་བྱ་རྣམས་ཀྱི་དོན་དུ་སྔར་ལྷག་པའི་ལྷ་མང་བོས་ལུང་བསྟན་པ་ལྟར་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་ནས་རྗེ་བཙུན་བྱམས་པ་མགོན་པོའི་སྲས་ཀྱི་ཐུ་བོའི་ཚུལ་བཟུང་བ་འཇམ་དཔལ་སྙིང་བོ་ཞེས་བྱ་བ་དགའ་ལྡན་གྱི་ལྷ་རྣམས་ཀྱིས་གཙོས་ཕྱོགས་བཅུའི་ཞིང་ནས་འདུས་པའི་གདུལ་བྱ་སའི་རྡུལ་དང་མཉམ་པ་དག་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་སྟོན་འགྱེད་ཅིང་བཞུགས་སོ།
།དེ་ནས་སྲས་ཀྱི་གཙོ་བོ་རྣམས་ཀྱིས་གཙོས་དགའ་ལྡན་དུ་གཉུག་མར་གནས་པ་རྣམས་དང་།
ཕྱོགས་ཕྱོགས་ནས་འདུས་པའི་དད་ལྡན་བགྲང་བ་ལས་འདས་པ་དག་དང་།
དཀར་ཕྱོགས་ཀྱི་ལྷ་དང་ཀླུ་ལ་སོགས་པ་ས་དང་བར་སྣང་གི་ཁྱོན་ཐམས་ཅད་ཡོངས་སུ་གང་བའི་དད་ལྡན་དག་གིས་སྐུ་གདུང་རིན་པོ་ཆེ་ལ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཚད་མེད་པས་མཆོད་དེ་རྗེ་རིན་པོ་ཆེས་གངས་རིའི་ཁྲོད་འདིར་རྒྱལ་བསྟན་ཡོངས་རྫོགས་གསར་དུ་འཛུགས་པར་མཛད་པ་འདི་ཉིད་ནམ་ཡང་རྒྱུན་མི་ཆད་ཅིང་མི་ཉམས་པར་གནས་པའི་་རྟེན་འབྲེལ་དུ་སྐུ་གདུང་རིལ་བོ་ཙན་དན་གྱི་སྒྲོམ་གྱི་ནང་དུ་བཞུགས།
དེ་ཡང་རིན་པོ་ཆེའི་སྒྲོམ་གྱི་ནང་དུ་བཞུགས་ཏེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཉིད་ན་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ།
།
དེ་ལྟར་རྗེ་རིན་པོ་ཆེས་སངས་རྒྱས་འཇིག་རྟེན་དུ་སླར་བྱོན་པ་ལྟར་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་རྒྱ་ཆེར་སྤེལ་བར་མཛད་པས་རྒྱུད་འཛིན་གྱི་སློབ་མ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་བཞུགས་པས་མཐའ་དག་བརྗོད་པར་སུ་ཞིག་གིས་ནུས།
བསིལ་ལྡན་གྱི་ལྗོངས་འདིར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བསྟན་འཛིན་ཆེན་པོ་ཇི་སྙེད་བྱོན་པ་དག་ཀྱང་བགྲང་བར་མི་ནུས་ལ།
སྔོན་གྱི་མཁས་པ་དག་གིས་གཙོ་བོ་དག་ལས་ཕྱོགས་ཙམ་རེ་བརྗོད་པ་ལའང་མང་དུ་མཆིས་ཤིང་།
བརྗོད་ཚུལ་ལའང་མི་འདྲ་བ་མང་དུ་སྣང་སྟེ།
མཁས་གྲུབ་ནོར་བཟང་རྒྱ་མཚོས་ནི་རྗེའི་ཐུགས་སྲས་བསམ་གྱིས་མི་ཁྱབ་པ་བྱུང་བ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་འགའ་ཞིག་བརྗོད་པ་ནི།
གཙང་ནས་རྒྱལ་ཚབ་དར་མ་རིན་ཆེན་སོགས་དགུ།
དབུས་ནས་འདུལ་འཛིན་གྲགས་པ་རྒྱལ་མཚན་སོགས་བཅུ་གསུམ།
ཁམས་ནས་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་སོགས་ལྔ།
མངས་རིས་ནས་བྱང་སེམས་ཤེས་རབ་བཟང་བོ་སོགས་ལྔ་རྣམས་གཙོ་བོར་མཛད་དེ།
དེ་དག་གི་མཚན་རྣམས་ནི་མཁས་གྲུབ་ནོར་བཟང་རྒྱ་མཚོ་ཉིད་ཀྱིས་མཛད་པའི་རྗེའི་བུ་སློབ་བྱུང་ཚུལ་དུ་གསལ་ལོ།
།
རྗེ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཅན་བཟང་བཟང་ནེ་རིང་བ་འཆི་མེད་རབ་རྒྱས་ཀྱིས་ནི་རྗེའི་ཐུགས་སྲས་གཙོ་བོ་རྣམས་བསྡུས་པའི་སྡོམ་འདི་ལྟར་མཛད་དེ།
ལུང་བསྟན་རྣམ་དག་ཡོད་པའི་བུ་ཆེན་ཐུགས་སྲས་བདུན།
སྔོན་དུས་བྱ་བྲལ་མཛད་དུས་ཀྱི་ཕྱག་ཕྱི་བ་བློས་བཏང་བརྒྱད།
སྐུ་བསྙུན་དུས་བསྙུན་གཡོག་དང་། སྐུ་རིམ་རྐང་ཚུགས་མཛད་པའི་ཆུ་ཆེན་བདུན།
གདན་སའི་ལུགས་གཉིས་སྤེལ་བའི་བུ་ཆེན་མཁས་གྲུབ་བརྒྱད།
ཡི་གེས་ཐུགས་ཟིན་པའི་བུ་ཆེན་གསུམ། འཕྲིན་ལས་རྩོད་པ་མེད་པའི་བུ་ཆེན་གསུམ།
སྒྲུབ་པ་གཙོ་བོར་མཛད་པའི་བུ་ཆེན་རྟོགས་ལྡན་གྱི་མཚན་ཅན་བཞི་དང་།
རི་སྒྲུབ་གཉིས། གཞུང་ལུགས་རབ་འབྱམས་མཁྱེན་པའི་མཁས་མཆོག་གཉིས།
སྟོད་སྨད་ཀྱི་ཤེས་རབ་བཟང་བོ་རྣམ་གཉིས། བྱང་སེམས་རྣམ་གཉིས།
སེམས་དཔའ་རྣམ་གཉིས། གྲགས་པ་རྣམ་གཉིས། བཀའ་བབ་ཀྱི་བུ་ཆེན་དྲུག
སྡེ་དཔོན་གྲུབ་ཐོབ་ཀྱི་བུ་ཆེན་རྩོད་མེད་གསུམ།
རིགས་རུས་ཁུངས་བཙུན་གྱི་མཁས་གྲུབ་རྣམ་པ་གསུམ།
རྒྱལ་ཚབ་བསྟན་འཛིན་གྱི་བུ་ཆེན་རིན་པོ་ཆེ་རྣམ་པ་གསུམ།
སྡེ་དཔོན་ཐུགས་གྲོལ་གྱི་མཁས་པ་གཅིག བྱ་བཏང་སྦས་པའི་གྲུབ་ཐོབ་གཅིག
མཁས་མཆོག་ཡོངས་གྲགས་ཀྱི་ཆོས་རྗེ་གཉིས།
བྱ་བཏང་ཡོངས་གྲགས་ཀྱི་གྲུབ་ཐོབ་གཅིག་ཅེས་སྡེ་ཚན་ཚོམས་སུ་བགྲངས་སོ།
།དེ་དག་སོ་སོའི་མཚན་དང་ངོས་འཛིན་ནི་ཁོང་བས་མཛད་པའི་རྗེའི་རྣམ་ཐར་གསེར་གྱི་མཆོད་སྡོང་དུ་གསལ་ལོ།
།
པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ་རྗེ་རིན་པོ་ཆེའི་སློབ་མ་གཙོ་བོ་དག་སྡེ་ཚད་སྡེ་ཚན་དུ་བྱས་ནས་ཚོམས་སུ་བསྡུས་པ་ནི།
བླ་མ་ཆོས་འབྲེལ་གསན་པ་གསུམ། བྱ་བྲལ་ལ་མ་ཕེབས་གོང་གི་སློབ་མ་ལྔ་ཚར་བཞི།
བྱ་བྲལ་ལ་ཐེགས་དུས་ཀྱི་འཁོར་དག་པ་རྣམ་བརྒྱད། སྲས་ཀྱི་ཐུ་བོ་གཉིས།
གཉིས་པོ་དེའི་སྟེང་དུ་འཇམ་དཀར་བ་བསྣན་ཏེ་གསང་བདག་གིས་ལུང་བསྟན་པའི་འཁོར་ཁྱད་འཕགས་གསུམ།
ནང་ཐུགས་ཀྱི་སྲས་གཅིག འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི།
དབུས་གཙང་བསྟན་པའི་སྒྲོན་མེ་བཅུ། གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་དྲུག
མི་དབང་གཙུག་ན་མཛེས་པའི་ཏི་ཤྲཱི་གཉིས།
རྒྱ་ཆེན་མང་དུ་ཐོས་པའི་དབོན་སྲས་གཉིས།
སྦྱངས་པའི་ཡོན་ཏན་འཛིན་པའི་ཙོག་པུ་བ་ཆེ་ཆུང་གཉིས།
རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས།
བསྟན་པ་ཕྱོགས་མཐར་སྐྱོང་བའི་དར་ཆེན་དྲུག སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཉིས།
ས་སྐྱོང་ཆོས་རྗེ་དྲུག གསུང་རབ་མང་དུ་མཁྱེན་པའི་བསྟན་འཛིན་བརྒྱད།
མདོ་རོང་གི་མཁས་པ་བཞི། མཁས་སྤྱོད་གྲུབ་པའི་གདུང་རྒྱུད་གཉིས།
ཡ་མཚན་ཅན་གྱི་སྐྱེས་བུ་གཉིས། སྐྱེ་དགུའི་གཙུག་རྒྱན་སྤྱན་སྔ་བརྒྱད།
ཁྲི་སྟེང་མཛེས་པའི་བླ་ཆེན་བཞི། ཚོགས་པ་སྐྱོང་བའི་མཁན་པོ་བཞི།
སྡེ་དགོན་ཕྲ་མོའི་ཆེན་པོ་ལྔ། དབང་བཞིའི་སྐུར་བའི་ཆོས་བསྒོ་བ་གཉིས།
ལུང་རིགས་སྨྲ་བའི་དཀའ་བཅུ་བ་བཞི། ཚིག་དོན་སྨྲ་བའི་དཀའ་བཞི་བ་བཅུ།
བརྟུལ་ཞུགས་འཛིན་པའི་ཇོ་སྟོན་བཞི། ཚུལ་ཁྲིམས་རྣམ་པར་དག་པའི་གནས་བརྟན་དྲུག
ཚེ་བློས་བཏང་གི་རྟོགས་ལྡན་ལྔ།
ལྷ་གཟིགས་གྲགས་པ་རྒྱ་མཚོ་སོགས་བསྟན་འཛིན་བཅོ་ལྔ་རྣམས་སྡེ་ཚན་དུ་བྱས་ཏེ་བགྲངས་སོ།
།འདི་དག་གི་མཚན་དང་ངོས་འཛིན་རྣམས་ཆོས་འབྱུང་དེ་ཉིད་དུ་གསལ་བའོ།
།འདིར་ནི་ཐམས་ཅད་བརྗོད་པར་མི་ནུས་ཀྱིས་སྲས་ཀྱི་ཐུ་བོ་གཉིས་སོགས་ཡོངས་སུ་གྲགས་པ་འགའ་ཞིག་གི་རྣམ་ཐར་བརྗོད་པར་བྱའོ།
།
༼ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བཏུས།༽
|