རྩོམ་པ་པོ། དུང་དཀར་རིན་པོ་ཆེ།
ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་ནི་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་(སྤྱི་ལོ་༡༡༨༢)ལོར་ས་སྐྱར་ཡབ་དཔལ་ཆེན་འོད་པོ་ཆེ་དང་ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཞི་པའི་ལྕགས་མོ་ཕག་(སྤྱི་ལོ་༡༢༥༡)ལོར་ཡུལ་ལང་གྲུར་སྐུ་གཤེགས། ཁོང་གི་ཆུང་མིང་ལ་དཔལ་ལྡན་དོན་འགྲུབ་ཅེས་ཞུ། རྗེས་སུ་ཁུ་བོ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ། དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་རིག་པ་དང་། བཟོ་རིག་པ། སྐར་རྩིས་རིག་པ། སྒྲ་རིག་པ། གསོ་བ་རིག་པ། ཕར་ཕྱིན། དབུ་མ། འདུལ་བ། མཛོད། གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་པ་འཆད་ཉན་དང་ལག་ལེན་འཁྱོལ་ཐུབ་པའི་མཁས་པར་གྱུར། དེའི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་པའི་མུ་སྟེགས་མཁས་པ་འཕྲོག་བྱེད་དགའ་བོ་སོགས་རྩོད་པས་བཏུལ་ནས་རལ་བ་བྲེགས། དགུལ་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔ་བར་ས་སྐྱའི་གདན་སའི་ཁྲིར་ཕེབས། ཆོས་ཀྱི་འཆད་ཉན་ཡིན་རིང་མཛད་པས་སྐལ་ལྡན་བུ་སློབ་མང་དུ་བསྐྱངས། དགུང་ལོ་རེ་གཉིས་པར་སོག་པོའི་རྒྱལ་པོ་ཨོ་གོ་ཏའི་སྲས་གཉིས་པ་གོ་དན་གྱིས་གདན་ཞུས་ལྟར་ཚ་བོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། འགྲོ་མགོན་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་ལང་གྲུར་ཕེབས། དགུང་ལོར་རེ་བཞི་པར་རྒྱལ་པོ་གོ་དན་དང་ཞལ་འཛོམས་མཛད་ནས་བོད་གཅིག་གྱུར་ཡོང་བར་ཕན་པའི་སྐུར་ཡིག་བོད་ལ་བཏང་། ཁོང་ནི་ས་སྐྱ་གོང་མ་རྣམ་ལྔའི་ནང་གི་བཞི་བ་ཡིན། ཁོང་གི་གསུང་རྩོམ་ནི་པོད་གསུམ་བཞུགས་ཤིང་གྲགས་ཆེ་བ་ནི་(ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས་)དང་། (ཚན་མ་རིགས་གཏེར་) (ལེགས་བཤད་རིན་ཆེན་གཏེར) (གཞུང་ལུགས་ལེགས་པར་བཤད་པའི་བསྟན་བཅོས་) (ཚིག་གཏེར་) (རོལ་མོའི་བསྟན་བཅོས་) (མཁས་པ་འཇུག་པའི་སྒོ་) བཅས་སོ། །
|