༄༅།
།རྔ་ཡུལ་གྱི་ཆོས་སྡེ་ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་ངོ་སྤྲོད་མདོར་བསྡུས།
སྡེ་འདི་དང་དགོན་ལག་བརྒྱད་བྱུང་ཚུལ།
༄༅། །གངས་ལྗོངས་མདོ་སྨད་རྔ་ཡུལ་ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་ནི་རབ་བྱུང་བཅུ་གསུམ་པའི་རབ་འདོད་ཆུ་བྱ་སྟེ་སྤྱི་ལོ་༡༧༥༣ལོར་ཁཱ་ཤཱི་སང་དང་སྒོ་སྔུན་སང་གཉིས་ཀྱིས་གཙོས་ཁཱ་ཤཱི་གཡང་སྡེ་ཕྱུག་མོ་དང་ཁོས་མགོ་ཨ་རྒན་བསུ་བ་རྣ་ཤུལ་སྒང་གཞོང་སོགས་ཀྱིས་ཤི་བོའི་སྔས་གཏོད་ས་དང་གསོན་པོའི་སྐྱབས་བཅོལ་སར་དགོན་པ་ཞིག་གལ་ཆེ་ཚུལ་ཡང་ཡང་བསྐུལ་བའི་ངོར་འཇམ་མགོན་ཐུབ་པའི་གདོང་འཚོབ་ཟླ་མེད་དུ་བཞེངས་པ་ཁྲོ་བོ་མི་གཡོ་བའི་རྣམ་སྤྲུལ་རྗེ་ཤར་རྩེའི་དཔོན་སློབ་ཁཱ་ཤཱི་ངག་དབང་ཕུན་ཚོགས་མཆོག་གིས་ཕྱག་འདེབས་མཛད་པ་ཡིན་ལ།
ཕྱག་འདེབས་མཛད་པ་བོ་ཁཱ་ཤཱི་དཔོན་སློབ་ངག་དབང་ཕུན་ཚོགས་མཆོག་ནི་རྒྱལ་བའི་མདུན་སར་འཕགས་མཆོག་ཤཱ་རིའུ་བུ་དང་། གཏད་རབས་ཆེན་པོ་ནག་པོ་བ། གྲུབ་པའི་དབང་ཕྱུག་ཤཱ་བ་རི། གྲུབ་བརྒྱ་སྟོན་མཛད་རྡོ་རྗེ་གདན་པ་བ་དང་། གཉེན་སྟོན་ཆེན་པོ་སྦས་པའི་རྣལ་འབྱོར། པདྨའི་རྒྱལ་ཚབ་ཀུན་སྐྱོང་གླིང་བ། གདམས་པའི་མཛོད་བརྙེས་ཁྱུང་བོ་ལྷས་པ། ཡབ་རྗེ་ཀུན་དགའ་རྒྱལ་མཚན་སོགས་གང་ལ་གང་འཚམས་ཀྱིས་འགྲོ་རྣམས་སྨིན་གྲོལ་ལ་འགོད་ཕྱིར་གསང་གསུམ་གྱི་མཛད་འཕྲིན་བརྗོད་ལས་འདས་ཤིང་། ཁོང་གིས་སྔ་ཕྱིར་དགོན་མ་ལག་སྒྲུབ་སྡེ་བརྒྱད་ཕྱག་བཏབ་པ་ལས་ཁཱ་ཤཱི་རུ་རུ་ཐང་གི་རི་ཁྲོད་ནི་ལྕགས་ཕོ་འབྲུག་སྟེ་སྤྱི་ལོ་༡༧༦༠ལོར་ཕྱག་འདེབས་མཛད་པ་དང་། རབ་བྱུང་བཅུ་གསུམ་པའི་མེ་མོ་བྱ་སྟེ་སྤྱི་ལོ་༡༧༧༧ལོར་ཨ་མདོ་སྟག་ཚང་དཔལ་གྱི་ལྷ་མོའི་གནས་ན་རི་ཁྲོད་བཀྲ་ཤིས་དགེ་འཕེལ་གླིང་ཕྱག་འདེབས་མཛད།
རབ་བྱུང་བཅུ་གསུམ་པའི་ས་ཕོ་ཁྱི་སྟེ་སྤྱི་ལོ་༡༧༧༨ལོར་སི་ཁྲོན་ཐེ་བོའི་སར་ལོ་དགེ་དགོན་པ་ཕྱག་བཏབ་པ་དང་།
རབ་བྱུང་བཅུ་བདུན་པའི་ཤིང་མོ་སྦྲུལ་༡༧༨༥ལོར་སི་ཁྲོན་རྔ་བའི་མ་མཱའི་རི་ཁྲོད་བཏབ། མཛོད་དགེ་ལྷ་སྡེའི་སར་གོས་ལ་རི་ཁྲོད་དང་། ཀན་སུའུ་ཐེ་བོའི་སར་བཀྲ་ཤིས་རི་ཁྲོད། སི་ཁྲོན་རྔ་བའི་སྣར་སྒང་རི་ཁྲོད་སོགས་དགོན་སྡེ་དང་རི་ཁྲོད་མང་བོ་ཕྱག་འདེབས་མཛད་པས་ཁཱ་ཤཱི་གཡང་སྡེ་ཕྱུག་མོ་དང་ཁོས་མགོ་ཨ་རྒན་བསུ་བ་རྣ་ཤུལ་སྒང་གཞོང་སོགས་ཀྱིས་མཚོན་པའི་རྔ་རོང་སྡེ་བཞི་དང་ཕྱི་འབྲོག་གླིང་གསུམ་ཀུན་གྱི་མཆོད་གནས་སུ་གྱུར་ཡོད།
ཕྱག་འདེབས་མཛད་པ་པོའི་སྐུ་ཕྲེང་རིམ་བྱོན།
སྐུ་ཕྲེང་དང་བོ་ཤར་རྩེའི་དཔོན་སློབ་ཁཱ་ཤཱི་ངག་དབང་ཕུན་ཚོགས་མཆོག་ནི་སྤྱི་ལོ༡༧༠༥ལོར་རྔ་བའི་ཁཱ་ཤཱི་སྡེ་བར་སྐུ་འཁྲུངས་ཤིང་༡༧༩༣ལོར་སྐུ་མྱ་ངན་ལས་འདས།
ཁཱ་ཤཱི་དཔོན་སློབ་སྐུ་ཕྲེང་གཉིས་པ་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་རྣམ་རྒྱལ་ནི་སྤྱི་ལོ་༡༧༩༤ལོར་མཛོད་དགེ་གླིང་བར་སྐུ་འཁྲུངས་ཤིང་སྤྱི་ལོ་༡༨༣༨ལོར་སྐུ་མྱ་ངན་ལས་འདས། ཁཱ་ཤཱི་དཔོན་སློབ་སྐུ་ཕྲེང་གསུམ་པ་ངག་དབང་དགེ་ལེགས་རྒྱ་མཚོ་ནི་སྤྱི་ལོ་༡༩༣༩ལོར་སོག་པོར་སྐུ་འཁྲུངས་ཤིང་སྤྱི་ལོ་༡༩༡༧ལོར་སྐུ་མྱ་ངན་ལས་འདས། ཁཱ་ཤཱི་དཔོན་སློབ་སྐུ་ཕྲེང་བཞི་བ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ནི་སྤྱི་ལོ་༡༩༡༨ལོར་རྔ་བའི་སྣ་ཤུལ་སྡེ་བར་སྐུ་བལྟམས་ཤིང་སྤྱི་ལོ་༡༩༥༩ལོར་སྐུ་མྱ་ངན་ལས་འདས། ཁཱ་ཤཱི་དཔོན་སློབ་སྐུ་ཕྲེང་ལྔ་བ་བློ་བཟང་བསྟན་པ་ཆོས་ཀྱི་རྒྱལ་མཚན་ནི་༡༩༦༣ལོར་རྔ་བའི་སྣ་ཤུལ་སྡེ་བར་སྐུ་འཁྲུངས་ཤིང་གྲྭ་ས་གང་མང་འགྲིམས་རྗེས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་ལྕགས་སྦྲུལ་སྤྱི་ལོ་༢༠༠༡ལོར་རྒྱལ་ཁབ་རིམ་པའི་སྡེ་ཁག་ནས་འཛམ་གླིང་ཕུལ་བྱུང་ཆེད་ལས་མཁས་པའི་གསེར་གྱི་རྟགས་མ་དང་། རྒྱལ་ས་ནས་མི་རིགས་ཀྱི་འོད་མདངས་སོགས་གསེར་གྱི་རྟགས་མ་དང་མཚན་སྙན་བྱ་དགའ་གང་མང་ཐོབ་པར་མ་ཟད། ཁོང་གི་མི་སེམས་འགུལ་བའི་རླབས་ཆེན་གྱི་མཛད་འཕྲིན་དང་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་རྒྱལ་ཁབ་རིམ་པའི་དཔེ་དེབ་ཚིག་མཛོད་མང་ཆེན་གྱི་ནང་དུ་བཀོད་དེ་ཁོང་གི་མཚན་སྙན་ཨེ་ཤར་གླིང་གི་རྒྱན་དུ་འཕུར་ཡོད། ད་ལྟ་ཁོང་གིས་དགོན་མ་ལག་སྒྲུབ་སྡེ་བརྒྱད་སོགས་གཅེས་པར་བསྐྱངས་ཏེ་བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་བཞིན་པའོ།
།
གདན་ས་རང་གི་མཁས་གྲུབ་རིམ་བྱོན།
དེ་ཡང་གདན་ས་རང་གི་མཁས་གྲུབ་སྐྱབས་མགོན་དམ་པའི་སྐུ་ཚ་འདུལ་བ་མཁན་པོ་བློ་བཟང་དར་རྒྱས་༼སྐུ་ཕྲེང་འོག་མ་ལ་ཚུལ་ཁྲིམས་རྒྱལ་མཚན་ཞུ༽དང་སྐུ་དཔོན་བློ་བཟང་ཆོས་འཕེལ། སྤྲུལ་བའི་སྐུ་ཕ་མཐའ་བློ་བཟང་ཆོས་རྒྱན་གྱི་སྐུ་ཕྲེང་། ཕ་མཐའ་གསེར་ཁྲིའི་སྐུ་ཕྲེང་། ཁེ་ཚང་བླ་མ་དང་རང་གྲྭ་མཁས་གྲུབ་རྣམས་ཀྱིས་སྔོན་གྱི་ཐུགས་བསྐྱེད་ཇི་བཞིན་བསྟན་དང་འགྲོ་བའི་དོན་རླབས་ཆེན་མཛད་ཚུལ་མཐའ་ཡས་ཤིང་།
ཁོང་རྣམ་པས་མཛུབ་སྟོན་འོག་གྲྭ་ཚང་རིན་པོ་ཆེས་མགོའི་སྐྱབས་འགྲོ་ནས་མཇུག་བསྟན་འབར་མའི་བར་གྱི་སྔགས་ཕྱོགས་རྒྱུད་སྡེ་བཞིའི་མཚོན་ཆོས་ཚན་མང་བོ་བློ་རྒྱུགས་དང་། འབུད་རྡུང་དཀྲོལ་གསུམ་དང་གར་ཐིག་ཕྱག་ལེན་གང་ཡོད་ཐུགས་སུ་ཚུད་པ་བྱས་ཐོག་ས་ལམ་དང་བསྐྱེད་རྫོགས་སོགས་ལ་སློབ་གཉེར་གནང་སྟེ་ཐུན་མོང་ཐུན་མིན་གྱི་རིག་གནས་ཀུན་ལ་གསན་གཟིགས་གནང་མུས་སོ།
།
འདུ་ཁང་བཞེངས་སྐྲུན་གྱི་རྣམ་པ།
དེ་ཡང་འདུ་ཁང་ཆེན་མོ་རྒྱ་ཕིབས་སུམ་རིམ་དང་སྟེང་དུ་གསེར་ཟངས་ལས་གྲུབ་པའི་གན་ཇི་ར་དང་། རྒྱལ་མཚན། རི་དྭགས་ཕོ་མོ་དང་ཆོས་འཁོར་སོགས་ཀྱིས་གཟི་འོད་འཕྲོ་བར་བྱས་ཤིང་།
ནང་ངོས་ཀྱི་ཤིང་བརྐོས་དང་ལྡེབས་རིས་རི་མོ་སོགས་གསེར་ཚོན་མ་དངུལ་རྒྱ་གང་ཆེ་བཏང་སྟེ་ཁྱད་དུ་འཕགས་པའི་བཟོ་བཀོད་ཀྱིས་བརྒྱན་པས་ལྟ་ན་སྡུག་པ་མ་ཟད། ཐ་ན་ཀྭ་འཕན་ཀྭ་ཐུམ་གདུགས་ཟོམ་སོགས་རྒྱ་སྨུག་དང་གོས་ཕྲུག་དུ་མས་སྤུས་དག་པ་སྣ་ཚོགས་བསྐྲུན་པས་ལྷའི་གཞལ་ཡས་ཁང་མངོན་སུམ་དུ་ས་འདིར་འཕོས་པ་ལྟ་བུ་ཞིག་བཞེངས་ཡོད།
སྐུ་གསུང་ཐུགས་རྟེན་དང་གནའ་རྫས་ཀྱི་སྐོར།
སྡེ་འདིའི་སྐུ་གསུང་ཐུགས་རྟེན་དང་གནའ་རྫས་ཀྱི་སྐོར་ཡང་མཐའ་ཡས་པ་ནི་སངས་རྒྱས་ཀྱི་སྐུའི་དོད་དུ་བྲིས་འབུར་གྱི་སྐུ་གཟུགས་དང་། གསུང་དབྱངས་ཡན་ལག་དྲུག་ཅུས་གདུལ་བྱའི་ཁམས་དང་རིམ་པར་ཆོས་སྟོན་པའི་དོད་དུ་སྡེ་སྣོད་གསུམ་གྱི་གླེགས་བམ་དང་། བྱང་ཕྱོགས་སོ་བདུན་གྱིས་བསྡུས་པའི་ལམ་གྱི་བགྲོད་པ་ཡོངས་སུ་རྫོགས་པའི་ཐུགས་སྤངས་པ་དང་རྟོགས་པའི་ཡོན་ཏན་གྱི་དོད་དུ་མཆོད་རྟེན་བཞེངས་པར་གསུངས་པ་ལྟར།
ཆོས་སྡེ་འདིར་ཡང་རླབས་ཆེན་བསོད་ནམས་གསོག་པའི་རྟེན་ཇི་སྙེད་ཅིག་ཡོད་པ་མ་ཟད། སྐྱབས་མགོན་ཁཱ་ཤཱི་དཔོན་སློབ་ཀྱི་བླ་བྲང་དང་། ཕ་མཐའ་ཆོས་རྒྱན་གྱི་ནང་ཆེན། ཕ་མཐའ་གསེར་ཁྲིའི་ནང་ཆེན། ཁེ་ཚང་བླ་མའི་ནང་ཆེན་སོགས་སུ་རྟེན་དང་བརྟེན་པ་མང་བོ་བཞུགས་པར་མ་ཟད། རྗེ་རིན་པོ་ཆེའི་ལྷ་ཁང་དང་། གནས་ཆུང་སྐུ་ལྔའི་ལྷ་ཁང་། དཔལ་རྟ་མཆོག་རོལ་བའི་ལྷ་ཁང་། ཀླུ་དབང་རྒྱལ་བོའི་ལྷ་ཁང་། སློབ་དཔོན་སྣང་སྲིད་ཟིལ་གནོན་གྱི་ལྷ་ཁང་། བྱང་ཆུབ་མཆོད་རྟེན་དང་པ་པིམ་འཁོར་ཆེན།
གུ་གྲགས་འཁོར་ཆེན་དང་འཁོར་ཕྲེང་རྒྱ་ཆེན་པོ་ཉམས་གསོ་བྱས་ཏེ་ལུས་ཅན་ཡོངས་ཀྱིས་ཕྱག་དང་བསྐོར་བ། མནྜལ་དགེ་བའི་མཆོད་པ་གང་བགྱིས་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་བདེ་བླག་ཏུ་འཐོབ་པའི་བསོད་ནམས་ཀྱི་ཞིང་ས་ཞིག་བསྐྲུན་པར་བྱས་སོ། །
སྡེ་འདིའི་ལོ་རྒྱུས་རྒྱས་པ་ཤེས་འདོད་ན་ཁཱ་ཤེས་རབ་རྒྱ་མཚོས་བརྩམས་པའི་རྔ་ཡུལ་གྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་གི་ལོ་རྒྱུས་ཀྱི་ས་བོན་མདོར་བསྡུས་ཏེ་བཀོད་པ་ངོ་མཚར་མཐོང་གྲོལ་དད་པའི་གསོས་སྨན་ཞེས་བྱ་བའི་གདན་རབས་ལ་གཟིགས་པར་ཞུ།
ལོ་རྒྱུས་གནད་བསྡུས།
དགོན་འདི་དགེ་ལུགས་པ་ཡིན། དགོན་བདག་ཁཱ་ཤཱི་དཔོན་སློབ་ཡིན། དགོན་འདིའི་སྲུང་མ་སྐྱེས་བུ་གསུམ་གྱི་སྲུང་མ་དང་གནས་སྐྱོང་སྐུ་ལྔ་ལས་གྲགས་ལྡན་ཡིན། དགོན་འདི་ཆགས་ས་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་གི་བྱང་ཕྱོགས་སུ་ལེའུ་གསུམ་ཙམ་ན་ཡོད། དགོན་འདིར་གྲྭ་པ་བརྒྱ་ཡས་མས་ཤིག་ཡོད། དགོན་འདིས་ཐུན་མོང་ཐུན་མིན་གྱི་རིག་གནས་དང་ལྷག་ཏུ་ལམ་སྔགས་དང་གསང་ཆེན་རྒྱུད་སྡེའི་འཆད་ཉན་གཙོ་བོར་བྱེད།
སྨོན་བྱང་།
དགེ་ལྡན་རང་ལུགས་རྩིབས་སྟོང་འཁོར་ལོ་ཆེ། །
བཤད་དང་སྒྲུབ་པའི་མཁའ་ལ་མངོན་འཕགས་ཏེ།
།
རྒྱལ་བསྟན་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་བའི། །
སྐྱབས་མགོན་དམ་པས་རིང་དུ་སྐྱོངས་གྱུར་ཅིག
།
ཡིད་དགའ་ཆོས་འཛིན་གནས་འདིར་འཕོས་འདྲ་བའི། །
བྱིན་རྟེན་བྱེ་བའི་གཏམས་པའི་འདུ་ཁང་དང་། །
གཞན་ཡང་རིན་ཐང་གཞལ་མེད་གཙུག་ལག་ཁང་། །
གཅིག་ལས་གཅིག་ལྷག་དད་པའི་ཞིང་དུ་བརྗིད།
།
འཆད་པ་སྤངས་བླང་གནད་འབྱིན་དཔལ་དུ་ཆེ། །
རྩོད་པ་ལོག་ལམ་ཀུན་འགོག་གྲོགས་སུ་དགེ། །
རྩོམ་པ་དྲན་དབང་དགེ་བའི་ཡོན་དུ་མཐོ། །
གསུམ་ལྡན་མཁས་མང་རིམ་བྱོན་སྡེ་འདིའི་རྒྱན། །
འབྲུག་དཀར་གཙང་བོ་འབབ་པའི་གཡོན་ཕྱོགས་ཀྱི།
།
སྟག་ཚང་བྱིན་ཆགས་གནས་ཀྱི་ལྷུན་པོའི་སྤོར། །
མདོ་སྔགས་ཟབ་ཆོས་བསྟབས་པའི་དྲིན་ཆེན་རྗེས།
།
ཉམས་དགའི་རི་ཁྲོད་བཏབ་པ་ངོ་མཚར་ཆེ། །
རྔ་ཡུལ་བསུ་སྨད་མཁའ་འགྲོ་འདུ་གནས་སུ། །
མགོན་དང་དམ་པའི་ཐུགས་བསྐྱེད་སྨིན་པ་ལས།
།
བྱུང་བའི་རི་ཁྲོད་བཙུན་མའི་དགོན་སྡེ་སོགས། །
དགོན་སྡེ་མ་ལག་བརྒྱད་ཀྱི་ལོ་རྒྱུས་རིང་།
།
དགེ་བཅུའི་ལང་ཚོ་དར་བབས་རྔ་བ་ཞེས། །
ཡོངས་གྲགས་བདེ་མཆོག་གནས་ཀྱི་གསེར་ལྡན་གཞིར། །
དད་པའི་བཀུར་བསྟི་སྤྲོས་པ་མཐའ་ཡས་པའི།
།
ཚོགས་གཉིས་ཞིང་ས་གཤིན་པོ་འདི་རྨད་བྱུང་། །
ཨེ་མ་བཞེད་རྒུ་ལྷུན་གྱིས་གྲུབ་པའི་གནས།
།
ཀླུ་ཆེན་ནོར་བུའི་ལྟོ་ལྗོངས་འདིའི་བྱུང་བ། །
རིག་པས་ས་མཐའ་བསྐོར་བའི་གྲུབ་འབྲས་སུ།
།
རིགས་མཐུན་གྲོགས་ཀྱི་གཟིགས་མོར་མདོ་ཙམ་སྤེལ། །
དགེ་ལེགས་སུ་གྱུར་ཅིག
http://www.himalayane.com/index.php?m=content&c=index&a=show&catid=259&id=117ཧི་མ་ལའི་རིག་མཛོད་དྲ་བའི་སྟེང་གི་ཁཱ་ཤཱི་དགོན།
|