བཛྲ་ཚུལ་ཁྲིམས་རྒྱ་མཚོས།
འདི་ནི་ངས་ང་རང་ལ་གདམས་པ་ཡིན།
མཆོག་གསུམ་གཏན་གྱི་སྐྱབས་ཡིན། །
གནས་ལུགས་དོན་གཉེར་གཞི་ཡིན། །
ལྷག་བསམ་སེམས་ཀྱི་བཅུད་ཡིན། །
རྩོད་ཉོག་སྤོང་རྒྱུའི་ཐལ་ཡིན། །
མ་དག་འཁོར་བའི་གནས་ནས། །
རང་སེམས་དག་པར་བསྲུང་ན། །
དྭངས་གཙང་པད་མའི་མདངས་ལ། །
སྨྲ་ངན་འདམ་གྱིས་ཅི་བྱེད། །
དམ་ཆོས་བདུད་རྩི་གཞིབས་པའི། །
ཆོས་པ་དག་མ་ཡིན་ན། །
བསམ་སྦྱོར་ངན་པའི་རྒོལ་བར། །
ཡ་ལན་སྤྲོད་དགོས་མི་འདུག །
རྒོལ་ལ་རྒོལ་ལན་སྤྲད་ན། །
རྒོལ་ངན་འཇག་རྩྭ་འཕྱུར་འཕྱུར། །
རྒོལ་བ་དབང་རྣོན་ཡིན་ན། །
ལུང་རིགས་གནད་ལ་འཁེལ་མོད། །
རྒོལ་ངན་ཡ་ཁོག་མེ་རེད། །
མེ་ལ་མར་སྣུམ་བླུག་ན། །
མེ་ལྕེ་དྲག་ཏུ་འབར་ནས། །
རྒོལ་བའི་སེམས་རྒྱུད་འཚིག་འགྲོ། །
དེ་བས་བློ་ཁོག་ཡོད་ན། །
རྒོལ་ངན་འཛུམ་གྱིས་བསུས་དང་། །
རྩོད་ངན་རང་སར་ཞི་འགྲོ། །
གནས་ལུགས་རྩོད་དགོས་མི་འདུག །
གནས་ལུགས་སེམས་ལ་བཟུང་ནས། །
གུས་ལུགས་ལུས་ལ་མངོན་པའི། །
ཆོས་མཐུན་གྲོགས་ཀྱི་སྙིང་གཏམ། །
ནམ་ཡང་སྙིང་ལ་ལོས་འཛིན། །
གནས་ལུགས་གནས་ལ་བཤད་དགོས། །
གནས་ལུགས་མི་མཐོང་མི་ལ། །
གནས་ལུགས་བཤད་ཀྱང་ཅི་ཕན། །
གནས་དང་གནས་མིན་ཤེས་དགོས། །