བཙན་པོའི་མགར་གྱི་དྲ་བའི་གླེང་སྟེགས། ༼ ཁག་ལྔ་བ།༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 27 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གླེང་སྟེགས་བཅར་འདྲི། »བཙན་པོའི་མགར་གྱི་དྲ་བའི་གླེང་སྟེགས། ༼ ཁག་ལྔ་བ།༽
བཙན་པོའི་མགར་གྱི་དྲ་བའི་གླེང་སྟེགས། ༼ ཁག་ལྔ་བ།༽
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/1/26ལྟ་ཀློག (37834)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འབྲོག་པ་དང་ནོར་ལུག་ནི་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཆ་ཚང་ཞིག་ཡིན།

བཙན་པོའི་མགར་གྱི་དྲ་བའི་གླེང་སྟེགས།  ༼ ཁག་ལྔ་བ།༽

གདན་ཞུའི་སྐུ་མགྲོན།  བྲ་ཁྱོམ་དཔལ་བཟང་།

 གསར་འགོད་པ།   མགར་དམག

 དུས་ཚོད། ༢༠༡༣ལོའི་ཟླ་༡༡པའི་ནང་།


  ཀ  ཡ་གྲོགས་པོ་བདེ་མོ།

  ཁ  ཁྱོད་བདེ་མོ།

 ཀ  དེ་རིང་བདག་གིས་དུས་ཚོད་འདི་འདྲ་ཞིག་བེད་སྤྱད་ནས། ཁྱོད་ལ་ཁ་བརྡ་ཐུང་ཐུང་ཞིག་བྱེད་ན་འདོད་ཡོད།

  ཁ   ཡ་ཡ།

 ཀ    དང་ཐོག་རང་གི་གོ་ཐོས་ལྟར་ན་ཁྱོད་ཀྱིས་བྱེ་ཐང་སྲུང་སྐྱོབ་ཀྱི་བྱ་བ་འདི་གཉེར་ནས་མི་ལོ་དྲུག་ཙམ་ཞིག་འགོར་ཡོད་ཚོད་རེད་ཟེར་གི དེ་ན་ཁྱོད་རང་ཉིད་ལ་འཚོ་བ་ག་འདྲ་ཞིག་གི་ཟུར་གང་འདྲ་ཞིག་ནས་ལས་ཀ་འདི་གཉེར་བའི་ཀུན་སློང་ངམ་བསམ་པ་སྐྱེས་སོང།

 ཁ   སྤྱིར་བཤད་ན་ཕལ་ཆེར་མི་ལོ་ཉི་ཤུ་ལྷག་གི་སྔོན་དེར་ང་ཚོ་བྱིས་པ་ཡིན་པའི་སྐབས་སུ་ཁྱོད་ཀྱིས་ཀྱང་ཤེས་གསལ་ལྟར་ང་ཚོའི་ཕ་ཡུལ་འདིར་བྱེ་མ་དེ་འདྲ་ཆེན་པོ་མེད་ཀྱང་། མི་ལོ་རེ་རེ་བཞིན་འདས་པ་དང་བསྟུན་ནས་བྱེ་མའི་རྒྱ་ཇེ་ཆེ་ཇེ་ཆེར་གྱུར་མཐར་ད་ལྟ་གཞི་ནས་བརྒྱ་ཆའི་སུམ་ཅུ་ལྷག་ཅིག་བྱེ་མར་གྱུར་འདུག་པས།   ངོ་མ་བཤད་ན་རང་གི་བུ་རབས་ཚ་རྒྱུད་རྣམས་ཀྱི་འཚོ་རྟེན་གྱི་གནས་ཀྱང་འབོར་ལ་ཉེ་བའི་གནས་བབ་འདི་འདྲ་ཞིག་ལ་སླེབས་བྱུང་བ་དང་གཅིག  གཉིས་ན་ཕྱི་ནང་གང་རུང་ནས་རྩྭ་ཐང་བྱེ་འགྱུར་སྐོར་གྱི་ཚོགས་འདུ་རབ་དང་རིམ་པ་ཚོགས་ཀྱང་ཚང་མས་བཤད་རྒྱུ་ནི་ནོར་ལུག་མང་དྲགས་པ་དང་འབྲོག་པ་མང་དྲག་པ་སོགས་ཀྱི་རྐྱེན་ཡིན་སྟབས།  འབྲོག་མི་གཏན་སྡོད་དང་འབྲོག་ལས་ཞིང་ལས་ཅན་དུ་བསྒྱུར་རྒྱུ་སོགས་ཀྱི་ལས་ཀ་མང་པོ་ཞིག་ལག་བསྟར་བྱེད་ཀྱིན་པ་འདི་རེད།   བདག་གིས་རྒྱུན་དུ་བསམ་གྱིན་བསམ་གྱིན་དོན་ངོ་མའི་གནད་དོན་ནི་དེ་འདྲ་ཞིག་ཏུ་མིན་པར་སྣང་ཡོང་པས་ད་གཟོད་བྱ་བ་འདི་གཉེར་བ་ཡིན།

ཀ    ཁྱོད་རང་ཉིད་བྱ་བ་འདི་ལ་མ་འཇུག་པའི་ཡར་སྔོན་དེར་བོད་རང་གི་སློབ་གསོ་མ་ཡིན་པའི་སློབ་གསོ་གཞན་པ་ཟེར་ན་འདྲ་དེ་མིན་ཕྱི་གླིང་གི་གྲོགས་པོ་གཞན་དག་གིས་བསམ་བློ་དང་ཀུན་སློང་ཀུན་ཐད་ནས་ཤུགས་རྐྱེན་ཐེབས་པ་འདྲ་ཨེ་ཡོད།


ཁ  དམིགས་གསལ་གྱིས་ཁ་ཕྱོགས་དང་མཛུབ་སྟོན་བྱེད་མཁན་ད་སྔ་ཐུག་མ་མྱོང་མོད། ལོ་འགའི་སྔོན་ལ་སོག་པོ་དང་ཕྱི་སོག་གཉིས་ལ་འགྲོ་མྱོང་། ས་དེ་གའི་རྩྭ་ས་བྱེ་འགྱུར་གྱི་གནས་ཚུལ་ཡང་ཕལ་ཆེར་འདི་ཕྱོགས་དང་གཅིག་འདྲ་རེད། སྐབས་དེའི་ཚོགས་ཐོག་ཏུ་ཡང་མཁས་པ་ཚོས་རྩྭ་ས་བྱེ་འགྱུར་གྱི་གནད་དོན་ནི་སྔོན་གོང་ནས་བཤད་ཟིན་པ་བཞིན་འབྲོག་པ་མང་དྲགས་པ་དང་ནོར་ལུགས་མང་དྲགས་པས་རེད་ཅེས་པའི་གཏམ་དེ་མ་གཏོགས་གང་ཡང་མི་འདུག སྤྱིར་མི་མང་པོ་ཞིག་ནི་ཆེད་མཁས་ཤིག་གིས་གཏན་ཚིགས་འགོད་པའི་བཤད་ཕྱོགས་བཞིན་བསམ་བློ་འཁོར་རྒྱུར་དགའ་མོད། ཡིན་ཡང་ང་ཚོས་དེའི་ལྡོག་ཕྱོགས་ནས་བསམ་བློ་ཞིག་གཏོང་རྒྱུ་ན་དེ་ཡང་དེ་འདྲ་རྐྱང་པ་ཞིག་ག་ལ་ཡིན། ངས་བཤད་འདོད་པ་ནི་ང་ནི་ཁོང་ཚོ་དང་མི་འདྲ་བར་འབྲོག་ས་ནས་ལག་ཆགས་སྟབས་དེ་ལ་དེ་འཚམས་ཀྱི་བསམ་ཕྱོགས་ཤིག་འདུག་པས་སྔར་བཞིན་རང་གིས་རང་གི་ལམ་ཁ་འདི་འདེམས་པ་ཡིན་ཟེར་བ་དེ་རེད།


ཀ    རེད་རེད། ཁྱེད་རང་ལ་ལས་ཀ་འདི་གཉེར་བའི་མི་ལོ་འདི་དག་གི་རིང་དུ་དཀའ་ལས་ཟེར་ན་ཆོག ཡང་ན་གཞན་གྱི་རྒྱབ་སྐྱོར་མ་ཐོབ་པ་ཡིན་ན་ཡང་འདྲ། གང་ཐད་ནས་བྱ་བ་འདི་འདྲ་ཞིག་གཉེར་བར་དཀའ་ཁག་གང་དག་བརྒྱུད་མྱོང་ཡོད།


ཁ   དཀའ་ཁག་མང་པོ་ཞིག་ཡོད་ནི་རེད་མོད། གཙོ་ཆེ་ཤོས་ནི་རྒྱལ་ཁབས་ཀྱི་རྩ་ཁྲིམས་ལ་བསྟུན་དགོས་པ། ཚོགས་པའི་སྒྲིག་ཁྲིམས་ལ་ཡང་བསྟུན་དགོས་པ། དེ་ནས་འབྲོག་པ་མང་ཚོགས་ཀྱི་བསམ་བློར་བསྟུན་ཅི་ཐུབ་བྱེད་དགོས་པ་སོགས་ཀྱི་གནད་དོན་འདི་རིགས་ཀྱི་བར་ནས་དཀའ་ཁག་མང་པོ་ཞིག་དང་ཕྲད་དགོས་པ་མ་ཡིན་ནམ། ད་དུང་དེ་དག་རེ་རེ་བཞིན་སྲུང་པའི་སྒོ་ནས་དམིགས་ཡུལ་གཅིག་འགྲུབ་དགོས་སོང་ནི་རེད་པས། ད་ཡིན་ན་གར་འཁྲབ་དགོས་པ་རེད། ཧ་ཧ་ཧ། ངོ་མ་ཟུར་རེ་རེ་ལ་གང་བསྟུན་གང་མཐུན་ཞིག་མ་བྱས་ན་ཟུར་རེ་རེ་ནས་རྒྱབ་སྐྱོར་མི་ཐོབ་ལ་གལ་ཏེ་རྒྱབ་སྐྱོར་མ་ཐོབ་ན་བྱ་བ་ཡང་འགྲུབ་ཐབས་མ་ཡོད་པ་རེད། ཐེངས་ཤིག་ལ་དཀར་མཛེས་ས་ཁུལ་དུ་ཉིན་འགར་བྱ་བ་ལས་རྗེས་ཕྱིར་མཛོད་དགེའི་ས་ཁུལ་དུ་ཡོང་ནས་ལས་ཀ་ལས་ཀྱིན་པའི་སྐབས་སུ་རྒན་པོ་ཞིག་གིས་བདག་ལ་ཁྱོད་ཀྱིས་བྱ་བ་འདི་ལས་ནོ་ང་ཚོ་ལ་ངོ་མ་ཕན་ཐོག་ཡོད་མོད་ཁྱོད་རང་ལ་ཡང་གང་ཞིག་ན་སྒོར་མོ་མང་པོ་ཞིག་ཡོང་ཀི་ཡོད་རྒྱུ་རེད་ལ་ཟེར།   སྐབས་དེར་བདག་ངོ་མ་ཡིད་ཆད་བྱུང་།  གང་ལྟར་སྤྱི་ཚོགས་ཀྱི་ཟུར་གང་རུང་ལ་ཡང་ལྟག་སྒོ་ཟ་བའི་ནད་ཡམས་ཤིག་ཁྱབ་ཆེན་པོར་དར་ཡོད་པས་ཡིན་ཡང་སྲིད། གང་ལྟར་སྐད་ཆ་དང་ལྟ་ལྟངས་འདི་འདྲའི་རང་ལ་བལྟས་ཡོང་དུས་ངོ་མ་སེམས་སྐྱོ་བོ་བྱུང་གི་ཡོད།


ཀ    ཁྱོད་ཀྱི་བྱ་འདི་གཉེར་དགོས་ན་མང་ཚོགས་ཀྱི་རྒྱབ་སྐྱོར་མི་དམན་པ་ཞིག་དགོས་སྟབས་ཁྱོད་ཀྱི་སློབ་གསོའི་བྱེད་ཐབས་གང་ཞིག་སྤྱད་ནས་མང་ཚོགས་ལ་སློབ་གསོའམ་ཁ་བརྡ་བྱས་མྱོང་།

ཁ    རེད། ངོ་མ་བྱ་བ་འདི་གཉེར་ན་ས་གནས་མང་ཚོགས་ཀྱིས་རྒྱབ་སྐྱོར་ནི་ཕལ་ཆེར་བྱ་བ་འདི་འགྲུབ་པའི་ཆ་རྐྱེན་གལ་ཆེན་ཞིག་རེད་ཟེར་ན་ཡང་མི་ཆོག་རྒྱུ་མེད་སྙམ།  ངས་གཙོ་བོ་དགོན་པ་ཁག་གི་མཁན་པོ་དང་བླ་མ་ཆེ་ཁག་དག་ལ་དོན་འདི་ཡར་ཞུ་བྱས་རྗེས་ཁོང་ཚོས་མང་ཚོགས་ལ་ས་ཆུ་སྲུང་སྐྱོང་བྱེད་དགོས་པའི་རྒྱུ་རྐྱེན་དང་དེ་དག་སྲུང་སྐྱོང་བྱས་ན་དགེ་བའི་ལས་སྒྲུབ་སྟངས་ཤིག་ཡིན་པ་སོགས་ཀྱི་རྣམ་པའི་སྟངས་ནས་སློབ་གསོ་གཏོང་གི་ཡོད་ལ།   ཞོར་དུ་རང་གིས་དེངས་རབས་ཀྱི་རིག་པའི་བཤད་ཕྱོགས་ལྟར་སྐད་ཆ་འགའ་ཡང་བཤད་ཀི་ཡོད།༼སྐབས་དེ་འདྲ་ཞིག་ལ་བདག་གིས་སློབ་ཆུང་གི་སློབ་མ་སྐོར་ཞིག་ལ་རྩྭ་མགོ་བསྡུ་རུ་བཅུག་མྱོང་མོད། ངས་ཁོ་ཚོར་དེའི་སྐོར་གྱི་ཁ་བརྡ་མང་པོ་ཞིག་བྱས་མ་མྱོང་། རྒྱུ་གཅིག་ཡོད། གལ་ཏེ་དེ་རིང་ངས་ཁོང་ཚོར་སྐད་ཆ་མང་པོ་ཞིག་ལབ་སོང་ཡང་ཁོང་ཚོ་ནི་བྱིས་པ་ཡིན་པས་ཆེན་པོ་ཞིག་ལ་བསམ་བློ་ཐོང་རྒྱུ་མ་རེད། ཡང་གཅིག་ན་ཁོང་ཚོའི་སློབ་ཁྲིད་ཀྱི་དུས་ཚོད་ཆུད་ཟོས་སུ་གཏོང་གི་འདུག   ཡིན་ཡང་དེ་རིང་གི་རྩྭ་མགོ་བསྡུ་བ་ནི་འབྲོག་པའི་བྱིས་པ་ཞིག་ལ་མཚོན་ན་མཛེས་སྡུག་གི་ཕྱིར་དྲན་གཅིག་ཡིན་པ་ཐག་གིས་ཆོད།  དེ་ན་ཁོང་ཚོ་རྗེས་ཕྱོགས་སུ་སློབ་གྲྭ་ཆེ་འབྲིང་ཁག་ཏུ་སོང་ན་སྡོད་ཁང་ཡིན་ན་འདྲ་འཛིན་གྲྭ་ཡིན་ན་འདྲ།   གང་ལྟར་བྱིས་པའི་སྐབས་ཀྱི་བྱ་བ་མང་པོ་ཞིག་ལ་ཕྱིར་དྲན་དང་ཁ་བརྡ་བགྱི་སྲིད་པས། གལ་ཏེ་དེ་རིང་གི་སློབ་མ་གཅིག་གིས་ངས་ཆུང་དུས་ཀྱི་སྐབས་སུ་ཉིན་གཅིག་ལ་རྩྭ་མགོ་བསྡུ་མྱོང་ཞེས་བཤད་ན། སློབ་གྲོགས་ཚོས་དེ་མ་ཐག་ཅིའི་ཕྱིར་ཞེས་འདྲི་སྲིད་པས།  སྐབས་དེར་ཁོའི་སེམས་ལ་ཏན་ཏན་ཕ་ཡུལ་གྱི་བྱེ་ཐང་ཆེན་པོ་དང་དེ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་འཆར་སྲིད་པས་མཐར་ཁོས་དེ་རིང་ངས་ཁོ་ཚོར་རྩྭ་མགོ་བསྡུ་རུ་བཅུག་པའི་དགོས་པ་དང་གནད་དོན་ཡང་གསལ་བོར་རྟོག་སོང་བ་མ་ཡིན་ནམ། དེ་ལྟར་ན་འདི་འདྲའི་རང་སྔོག་གི་བསམ་གཞིགས་རེ་རེ་ནས་མ་འོངས་པ་ན་ཁོ་ཡང་འཛམ་གླིང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་རླབས་ཆེན་གྱི་མི་སྣ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཡང་གཏན་ནས་མེད༽དེ་ལྟར་བྱས་ན་ཕན་ཐོག་ཀྱང་ཆེན་པོ་ཞིག་ཡོད་ཀི་འདོད།


ཀ  ཁྱོད་རང་ལ་མཚོན་ན་གཅིག་རང་གིས་ལག་པ་འགུལ་ནས་ཁོར་ཡུག་ལེགས་བཅོས་ཀྱི་ཕྱོགས་ལ་བྱ་བ་བསྒྲུབས་པ་དང་གཉིས་རང་གིས་སེམས་ངལ་གྱི་འགྲོ་གྲོན་ཕུལ་ནས་སློབ་གསོའི་བྱ་བ་རབ་དང་རིམ་པ་སྤེལ་ཡང་སྤྱི་ཚོགས་ཀྱིས་ད་དུང་ཁྱོད་ལ་སྐད་ཆ་འདྲ་མིན་སྣ་ཚོགས་ཀྱིས་ལན་པ་སྤྲད་དང་སྤྲོད་ཀྱིན་པས།  མི་བུ་རང་ག་བ་ཞིག་གི་ངོས་ནས་བཤད་ན་བསམ་པའི་བཟོད་སྒོམ་དང་ལས་ཀྱི་སྡུག་ཐེག་མིན་ལ་ཡང་ཚད་ཅིག་ཡོད་ངེས་པས།ཁྱོད་ཀྱིས་འདི་འདྲའི་དཀའ་ལས་ཁྲོད་ནས་ལས་ཀ་འདི་བསྐྱུར་དགོས་སྙམ་པའི་འདུན་པ་སྐྱེས་མྱོང་ངམ་།


ཁ  ངོ་མ་རེད།  མཚམས་ལན་རེར་རང་གིས་མི་ཐེག་པའི་བཤད་ཡམས་དང་མྱི་ཁའི་གནོན་ཤུགས་ཀྱིས་བཙུར་ཡོང་དུས་བྱ་བ་འདི་བསྐྱུར་འདོད་ཀྱི་བསམ་པ་ཡང་སྐྱེས་མྱོང་།   མང་ཚོགས་ཀྱིས་ལག་རྩལ་དང་སྒོར་མོ་མེད་རབས་ཀྱི་དཀའ་ཁག་མང་པོ་བཤད་ནས་བྱ་བ་འདི་ལ་རྒྱབ་སྐྱོར་མི་བྱེད་པ་དང་།  ཐེངས་ཤིག་ས་གནས་སྲིད་གཞུང་གི་ཚོགས་འདུ་ཞིག་གི་ཐོག་ཏུ་ས་འདིའི་གའི་མང་ཚོགས་ཀྱི་མགོ་ཁྲིད་རྣམས་ལ་ཁྱེད་ཚོའི་ས་རུ་མི་ཞིག་གིས་ཕྱིའི་རྒྱལ་ཁབ་ཀྱི་སྒོར་མོ་ཁུར་ནས་བྱ་བ་མང་པོ་ཞིག་སྒྲུབ་ཀྱིན་ཡོད་མོད།འདི་ལ་ཁྱོད་ཚོས་བསམ་བློ་ཡག་པོ་ཐོངས།  ནམ་ཞིག་ཕྱིའི་རྒྱལ་ཁབ་དེ་དག་གིས་ཁྱེད་ཚོའི་ས་དེ་ཁོང་ཚོའི་ཡིན་ཟེར་ན་ད་ཅི་བྱེད་སོགས་ཀྱི་ངན་སྐུལ་ཡང་བཏང་མྱོང་།  ངས་འབྲོག་པ་ཚོ་བཙོང་ནས་ང་རང་གི་ཁ་རྒྱབ་གཡོག་གི་འདུག་སོགས་བཤད་ཡོང་ན་ངོ་མ་དཀའ་མོ་ཞིག་ཡིན་མོད།ཡང་གོམ་པ་གང་རེ་གང་རེ་བྱས་ནས་སོང་ན་དེ་ཡང་དེ་འདྲ་འགྲུབ་མི་སྲིད་པ་ཞིག་མ་ཡིན་ལ་དེ་དང་དེ་མཚུངས་ཀྱི་ཐབས་བཀོད་རེ་ཡང་རྙེད་ཡོང་གི།  ད་ཡིན་ན་བྱ་བ་འདི་འདྲ་ཞིག་ལ་འཕྲད་སྲིད་ཀྱང་ངས་རང་ལ་དེར་བསྟུན་གྱི་ཐབས་བཀོད་ཅིག་ཡོད་བསམ་ཡོད།

ཀ  སྐབས་འདིར་ཐོན་དུས་ངས་ཁྱོད་ལ་དྲི་བ་གསར་བ་ཞིག་འདྲི་འདོད་བྱུང་།དེ་ནི་ཁྱོད་བྱ་བ་འདི་འདྲ་ཞིག་ལ་མ་འཇུག་པའི་ཡར་སྔོན་དེར།  ཏག་ཏག་ཁྱོད་ནི་བོད་རང་གི་རྩོམ་རིགས་གཙོ་བྱས་སྙན་ངག་སོགས་མང་ཙམ་འབྲི་མཁན་ཞིག་ཡིན་པ་ངས་ཤེས་ཡོད།  ད་དུང་ཁྱོད་ཀྱིས་ཕྱི་གླིང་གི་བརྩམས་སྒྲུང་གྲགས་ཅན་རྒྱལ་མོ་མྰ་རེ་ཞེས་པ་ཞིག་བོད་རང་གི་སྐད་ཡིག་ཏུ་བསྒྱུར་བ་མ་ཟད།རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་མང་དག་ཅིག་གིས་དགའ་བསུ་ཡང་མི་དམན་པ་ཞིག་ཐོབ་ཡོད་ཀི། ཡིན་ན་ཡང་ངས་ངོ་མ་འདང་མི་ཕོག་ས་ཞིག་ནི་ཁྱོད་ཀྱིས་དག་ཏག་བྱ་བ་འདི་བསྐྱུར་ནས་བྱེ་ཐང་སྲུང་སྐྱོང་གི་བྱ་བ་འདི་ལ་ཅིའི་ཕྱིར་འཇུས་པ་ཡིན།

 ཁ  ངོ་མ་རེད།  བྱ་བ་འདི་ཡིན་ན་ད་སྐབས་རང་ལ་ཡང་མགོ་ན་བཞིན་པའི་སྒང་ཡིན།  དེང་ཐོག་བདག་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་འགྲིམ་བཞིན་པའི་སྐབས་སུ་རྩོམ་ཡང་བྲིས་མྱོང་ལ། དབྱིན་ཇིའི་ཡང་དེ་ལ་དེ་མཚམས་ཤིག་སློབ་མྱོང་། རྐྱེན་དེ་འདྲ་ཞིག་གིས་རང་གིས་རྒྱུན་དུ་ཕྱི་གླིང་གི་བརྩམས་སྒྲུང་ཐུང་ངུ་དག་བསྒྱུར་བ་ཡིན།  སྐབས་དེར་གསར་བུ་རེད།  རང་སྣང་ཡང་ཆེན་པོ་ཞིག་ཡོད་པས་རང་གིས་གང་བྲིས་གང་བསྒྱུར་ཡག་གི་འདོད་མྱོང་།  སྐབས་དེར་བདག་གིས་སྒྱུར་བཞིན་པའི་སྒྲུང་དེབ་དེ་དག་ལ་དེབ་གྲངས་བཞི་བཅུ་ལྷག་ཅིག་འདུག་པས་སྐབས་རེར་སྒྲུང་དེབ་དག་ལ་ལག་པས་བྱིལ་བཞིན་མ་འོངས་པ་ན་རང་ལ་ཡང་བརྩམས་ཆོས་འདི་འདྲ་ཞིག་ཡོད་རྒྱུ་རེད་སོགས་འདོད་མྱོང་།  ཧ་ཧ་ཧ།  སྐབས་དེར་དཔེ་དེབ་གཅིག་བསྒྱུར་ཚར་དུས་ངོ་མ་དེང་སང་བྱེ་མའི་ནང་དུ་རྩྭ་སྐྱེས་ཡོང་བ་དང་འདྲ་པོ་འདུག  སྐབས་ཤིག་ལ་རང་གིས་ད་རུང་དབྱིན་ཇིའི་འདི་དེ་ལས་ཀྱང་ལེགས་པོ་ཞིག་སྦྱོང་དགོས་འདོད་ནས་པེ་ཅིན་དུ་སོང་བ་ཡིན།   འཚོ་བའི་དཀའ་ཁག་གི་དབང་གིས་ཉིན་གཅིག་གི་ཉིན་ཕྱེད་ལ་ལས་ཀ་ལས་ཤིང་ཉིན་ཤས་ཙམ་གྱི་རིང་ལ་སློབ་སྦྱོང་བྱས་ནས་འཚོ་བའི་ཆེད་དུ་ཆུ་བསྐྱེལ་བ་དང་དཔེ་མཛོད་ཁང་དུ་དཔེ་ཆའི་ཁ་བྱང་འབྲི་བ་སོགས་མང་པོ་ཞིག་བྱས།   ཡིན་ཡང་སློབ་སྦྱོང་ལེགས་པོ་ཞིག་བྱེད་མ་ཐུབ།དེ་ནས་ཕྱིར་ཕ་ཡུལ་དུ་ཐོན་ནས་ལྗོངས་རྒྱུ་སྣེ་ཤན་པ་བྱས།  དེ་ཡང་སླ་མོར་བཤད་ན་འཚོ་བ་ཁོ་ནའི་ཆེད་ཡིན།   གང་ལྟར་བར་དེ་འདྲ་ཞིག་ནས་ད་གཟོད་བྱ་བ་འདི་ལག་སོན་བྱུང་བ་རེད།   བྱ་བ་འདི་ཡང་ཕྱི་གླིང་གི་ལས་ཁུངས་ཀྱིས་གཙོ་ཁྲིད་བྱས་ཡོད་སྟབས་དུས་ཚོད་ཀྱི་བཅད་པ་ལྟར་འགྲོ་དགོས་པས་རྩོམ་འབྲི་རྒྱུ་དང་བསྒྱུར་རྒྱུ་གང་ཐད་ནས་དུས་ཚོད་མ་སླེབས་པ་རེད།ཁྱོད་ཀྱིས་ཀྱང་ཤེས་གསལ་ལྟར་ད་སྐབས་ཀྱི་ང་ཚོས་བྱ་བ་འདི་ཇི་འདྲ་བྲེལ་བྲེལ་ལོང་ལོང་ཞིག་ཡིན་པ་འདི་རེད།   གནས་ཚུལ་འདི་དག་གི་འོག་ནས་རང་ཉིད་སྔར་བཞིན་བྱ་བ་འདི་ལ་འཇུ་དོན་ཡང་དམིགས་ཡུལ་གཉིས་ཡོད།   གཅིག་རང་གི་ཕ་ཡུལ་འདི་སྔོ་ལྗང་ཅན་དུ་བསྒྱུར་རྒྱུ།  གཉིས་འཛམ་བུ་གླིང་ལ་རྩྭ་ཐང་གི་བདག་པོ་ནི་ནམ་ཡིན་ཡང་འབྲོག་པ་རང་ཡིན་པ་ལས་འབྲོག་པ་ནི་རྩྭ་ཐང་བྱེ་འགྱུར་གྱི་གཏེ་བོ་ཞིག་མིན་པ་ར་སྤྲོད་རྒྱུ།  སྤྱིར་འབྲོག་པ་དང་རྩྭ་ཐང་ནི་སྐྱེ་ཁམས་ཀྱི་མ་ལག་ཆ་ཚང་ཤིག་ཡིན་སྟབས་དེ་ནི་སྐུད་པ་དཀར་ནག་གིས་འབྲེལ་བ་ལྟར་གཅིག་ཆད་སོང་ན་གཅིག་པོ་དེ་རང་ཤུགས་ཀྱིས་ཉམས་མུས་སུ་འགྲོ་སྲིད།  ཡ་གླིང་ཆུ་མཛོད་ཡང་གཏོར་བརླག་བྱེད་བྱེད་ཀྱི་རྒྱུ་གཙོ་བོ་ནི་འབྲོག་པ་མེད་པར་བཏང་བ་ནས་མགོ་ཚུགས་པ་ཡིན།དེ་ནི་བདག་གིས་སྐད་ཤུགས་ཆེན་པོས་བཤད་འདོད་པ་ཞིག་ཡིན་པ་མ་ཟད་བཤད་ཀྱང་སྤོབས།  དཔེར་ན་ཕྱི་སོག་ལྟ་བུ།ང་ཚོས་མིག་མཐོང་ལག་ཟིན་དུ་གྱུར་ཟིན་པ་འདི་རེད།


ཀ  གོང་ནས་ཁྱོས་བཤད་པ་བཞིན་འབྲོག་པ་ནི་རྩྭ་ཐང་བྱེ་བསྒྱུར་གྱི་གཏེ་བོ་མིན་ཞེས་པའི་གླེང་ཕྱོགས་འདི་མི་མང་པོ་ཞིག་གིས་


བདེན་པར་རློམ་དགོས་ན་དེ་ལ་ཡང་བདེན་པའི་ར་སྤྲོད་ཀྱི་ཐབས་སམ་ངེས་དོན་ཞིག་ཅིས་ཀྱང་དགོས་སྟབས་ཁྱོད་ཀྱིས་ཐབས་དང་རིག་པ་གང་འདྲ་ཞིག་གིས་བདེན་པ་ར་སྤྲོད་ཀྱིན་ཡོད།


ཁ  རེད།  གཅིག་ཡིན་ན་ཁ་ལྕེ་འཇོན་པོ་ཞིག་དགོས་ལ་གལ་ཏེ་དེ་མ་འཛོམས་ན་བརྙན་དང་བརྙན་བསྡུར་བ་དང་པར་དང་པར་གཏུག་ནས་ར་སྤྲོད་དགོས་ཀྱི་རེད།  ལོ་རེ་རེའི་འཕེལ་རིམ་དང་ལྗང་མདོག་གི་འཕེལ་ཚད།  འབྲོག་པ་མང་ཚོགས་ཀྱི་འཚོ་བའི་བྱེད་སྒོ་རེ་རེ་ནས་ལྗང་མདོག་གི་རྩྭ་ཐང་བར་ཕན་ཚུན་སྐྱེ་ཁམས་མ་ལག་འཁོར་རྒྱུགས་ཀྱི་ཚད་ཇི་འདྲ་ཞིག་ཡིན་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འབྲོག་པ་ནི་རྩྭ་ཐང་གི་བདག་པོ་གཅིག་པུ་ཡིན་པའི་གསལ་བསྒྲགས་བྱེད་ཀི་ཡོད།  དེ་མིན་ཚོགས་པ་མང་པོ་ཞིག་དང་ན་ནིང་ཧྥོས་ཅན་ནེ་ཡ་སློབ་གྲྭ་ཆེན་མོ་རུ་རྒྱལ་ཁབ་ཉི་ཤུ་ལྷག་གི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཆེད་མཁས་མི་སྣ་ཁག་དང་ཝ་ཧྲིན་ཏོན་ནས་མ་ཅིག་ཚོགས་པ།  ཀི་ལིན་པེ་ཡ་སློབ་གྲྭ་ཆེན་མོ་སོགས་མདོར་ན་འཛམ་བུ་གླིང་གི་ཁོར་ཡུག་གི་གནད་དོན་གླེང་ས་མང་པོ་མང་པོ་ཞིག་ནས་བོད་ཁུལ་གྱི་རྩྭ་ཐང་བྱེ་འགྱུར་གྱི་གནད་དོན་ནི་བོད་རང་གིས་ཐག་གཅོད་དགོས་པ་དང་།  འབྲོག་པའི་རྩྭ་ཐང་བྱེ་འགྱུར་གྱི་གནད་དོན་ནི་འབྲོག་པ་རང་གིས་ཐག་གཅོད་པ་ལས་ཕྱིའི་ཆེད་མཁས་མི་སྣ་དང་ཕྱིའི་ཚོགས་པ་ཞིག་གིས་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མ་ཡིན།    དེ་བས་འབྲོག་པ་རང་ནི་རྩྭ་ཐང་གི་བདག་པོ་ཡིན་པ་དང་འབྲོག་པ་རང་ལ་རྩྭ་ཐང་བྱེ་འགྱུར་གྱི་གནད་དོན་ཐད་གཅོད་བྱེད་ཀྱི་ཐབས་བཀོད་ཏན་ཏན་ཡོད་ཀི།དཔེར་ན་ཐེངས་ཤིག་ལ་ང་ཚོས་བྱེ་མའི་ནང་དུ་རྩྭ་མགོ་བཏབ་རྗེས་རྩྭ་མགོ་བྱེ་མའི་འོག་ཏུ་གནོན་པའི་སྐབས་སུ་རྩྭ་མགོ་གཅིག་རེ་གཅིག་རེ་བྱས་ནས་བྱེ་མའི་འོག་ཏུ་གནོན་དགོས་ན་གཞི་ནས་དུས་ཚོད་མང་པོ་ཞིག་འཕྲོ་བརླག་ཏུ་གཏོང་འགྲོ་སྟབས་ལྕགས་ཁེམ་གྱིས་སློག་པ་དང་རྩྭ་མགོ་རུམ་གྱིས་བྱེ་མའི་འོག་ཏུ་གནོན་སྐབས།   འབྲོག་པ་རྒན་པོ་ཞིག་གིས་དེ་འདྲ་དཀའ་མོ་བྱེད་མི་དགོས།ནོར་བརྒྱ་ལྷག་དེད་ཡོང་ནས་བྱེ་མའི་ནང་དུ་ཕར་སྐོར་ཚུར་སྐོར་ཞིག་བྱས་ན་ད་གཞི་ནས་རྩྭ་མགོ་བྱེ་མའི་འོད་དུ་སླ་མོར་གནན་སོང་བ་མ་ཡིན་ནམ་ཟེར།དེ་ངོ་མ་རེད་འབྲོག་པ་རང་ལ་རང་གི་བྱེད་ཐབས་མཆོག་གྱུར་ཞིག་ཡོད་པ་ཁོ་ཐག་མ་ཡིན་ནམ།   དེ་ལྟར་བསམ་བློ་ཡག་པོ་ཞིག་བཏང་ན་ཕྱིའི་ཆེད་མཁས་དང་ཕྱིའི་བསམ་བློ་རྐྱང་བས་འབྲོག་པའི་འཚོ་བ་ལ་བསྒྱུར་བཀོད་བཏང་ཡོང་ན་ད་གཞི་ནས་གནད་དོན་མང་པོ་ཞིག་ཐོན་ཡོང་གི་ཡོད་པ་མ་གཏོགས།འབྲོག་པ་རང་གི་དགོས་མཁོ་དང་འབྲོག་པ་རང་གི་འདོད་བློ་ལྟར་རིམ་གྱིས་འགྱུར་ཡོང་ན་འབྲོག་པ་དང་ནོར་ལུག་ནི་རྩྭ་ས་བྱེ་འགྱུར་གྱི་དགྲ་བོ་མ་ཡིན་པར་གྲོགས་པོར་གྱུར་སོང་བ་མ་ཡིན་ནམ།   དོན་ངོ་མའི་འབྲོག་པའི་རྩྭ་ས་བྱེ་མར་འགྱུར་བའི་གནད་དོན་གཙོ་བོ་ནི་འབྲོག་པ་དང་མི་ལོ་མང་པོ་ཞིག་ལ་འདྲིས་ཤིང་འགྲོགས་པའི་ན་འདམ་དེ་དག་ལ་ཕྱིའི་ཆེད་མཁས་པ་མང་པོས་རྨ་ཁ་བཟོས་ཤིང་ཁྲག་རྒྱུན་རྩད་ནས་བཅད་པས་འབྲོག་པའི་རྩྭ་ས་བྱེ་ཐང་དུ་འགྱུར་བའི་མགོ་ཚུགས་པ་རེད་ལ།  སྐབས་དེར་འབྲོག་པ་མང་ཚོགས་ཀྱིས་ན་འདམ་ནི་རང་གི་འཚོ་བའི་ཁྲོད་ན་མེད་ཆོག་པའི་བསམ་བློ་དང་གླེང་ཕྱོགས་གཅིག་ཀྱང་བཏོན་མྱོང་མེད།  དེ་ལྟར་ཕྱིའི་ཆེད་མཁས་པ་དག་གིས་འབྲོག་པའི་གནས་བབ་དང་འཚོ་བ་ལ་བསྒྱུར་བཀོད་གཏོང་དགོས་ཟེར་ན་བར་དེ་ནས་བསམ་བློ་ཞིག་བཏང་ནས་སྐད་ཆ་ཞིག་ངེས་པར་བཤད་དགོས་སོང་། སྤྱིར་འབྲོག་པ་རང་གིས་རང་སྔོག་སྒོས་རང་གི་འཚོ་བའི་མ་ལག་རེ་རེ་ལ་བསྒྱུར་བ་གཏོང་དགོས་ཟེར་ན་དེ་ལ་བདག་གིས་རྒྱབ་སྐྱོར་དང་ཡིད་རང་ཡོད།   རྒྱུ་མཚན་ཁོ་ཚོས་ལྟོག་ན་ཟས་ཟ་ཤེས་ལ་གྲང་ན་རང་དང་འཚམས་པའི་གོས་གོན་ཤེས་པས་སོ། །

 ཀ  གང་ལྟར་བྱ་བ་༼རྩོམ་རིག་ལ་འཇུག་པའི་བྱ་བ༽གང་ཞིག་རང་ལ་ཐོབ་བཞིན་ཏུ་བཏང་ཟིན་པ་དང་མ་ཐོབ་པ་ཞིག་གི་མགོ་ལ་དམ་པོར་འཇུ་དང་འཇུས་བཞིན་པའི་དུས་ཀྱི་བར་གླེགས་འདི་འདྲ་ཞིག་ནས་རང་ལ་སེམས་ཚོར་ག་འདྲ་ཞིག་འདུག


ཁ    སྤྱིར་མི་ནི་དེ་འདྲ་ཞིག་སྟེ།དེ་རིང་ཅང་མ་འཁྱོངས་རུང་སང་ཉིན་ད་དུང་ཆེན་པོ་ཞིག་བསྒྲུབ་རྒྱུ་འདོད་པའི་བསམ་བློ་དེས་རྒྱུན་དུ་རང་ལ་སེམས་གསོ་བྱེད་ངེས་མོད།  ཡིན་ཡང་རང་ལ་མཚོན་ན་རེ་བ་ཡང་དེ་ཡིན།ད་འདི་ལྟར་བྱ་བ་འདི་ལ་འཇུས་པ་ནས་བཟུང་རྗེས་ཕྱོགས་ཚོགས་པ་ཡོད་ན་ཆོག་མེད་ཀྱང་རུང་གང་ལྟར་མི་ལོ་བཅུ་གྲངས་ཤིག་ལ་ད་དུང་ཡང་མི་བསྐྱུར་འདོད་ད།  རྒྱུན་དུ་འགྲུལ་བཞུད་ཀྱི་ཁྲོད་དུ་བསམ་བློ་མང་པོ་ཞིག་གཏོང་གི་ཡོད།  གཅིག་རང་གིས་ད་སྐབས་འབྲོག་པ་གཙོ་བྱས་ཕྱི་གླིང་གི་གྲོགས་པོ་མང་པོ་ཡིན་ན་འདྲ་དེ་ལ་དེ་མཚམས་ཀྱི་རིག་གནས་སོགས་གང་ཐད་ནས་འབྲེལ་བ་ལེགས་པོ་ཞིག་བྱེད་ཀྱིན་པ་འདི་རང་གི་གོ་སྐབས་ཤིག་གམ་ཡང་ན་རྗེས་ཕྱོགས་སྔར་བཞིན་རྩོམ་རེ་འབྲི་བའི་སྐབས་ཀྱི་ཆ་རྐྱེན་ཡང་རེད་འདོད་ཀི་ཡོད། གཉིས་དེ་ལྟར་ས་གང་ཞིག་ལ་འགྲོ་བའི་སྐབས་སུ་ད་ཐེངས་བྱ་བ་འདི་ཇི་ལྟར་ལས་རྒྱུ་དང་ས་དེ་གའི་མང་ཚོགས་ལ་ཇི་ལྟར་ཁ་བརྡ་བྱེད་རྒྱུ་སོགས་བསམ་བློ་མང་པོ་མང་པོ་ཞིག་དང་ལྷན་དུ་ནམ་ཡིན་ན་འགྲོ་བཞིན་ཡོད།  སྐབས་ལན་རེར་དེ་ལྟར་བསམ་བློ་མང་པོ་ཞིག་བཏང་ཡོང་བའི་སྐབས་སུ་སེམས་པ་ཡང་ཀློང་ཀློང་བོར་འགྱུར་འགྲོ་བའི་སྐབས་དེ་ལ་མ་ཎི་རེ་བཏོན་པ་ཡིན།ད་དུང་ཅུང་མི་སྐྱིད་པའི་སྐབས་སུ་གཉིད་ནི་ཡིན།   ཧ་ཧ་ཧ།

ཀ    ཁྱོད་ཀྱིས་བྱ་བ་འདི་གཉེར་བ་ནས་བཟུང་བོད་ཀྱི་ས་ཆ་གང་མང་ཞིག་ཏུ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་འདི་སྤེལ་བར་སོང་ཡོད་ཚོད་རེད།   དེ་ན་ཁྱོད་རང་གིས་བལྟས་ན་ས་ཕྱོགས་གང་ཞིག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་འདི་ལ་བཟུང་བའི་རྣམ་འགྱུར་ལེགས་པ་དང་ས་ཕྱོགས་གང་ཞིག་གིས་རྣམ་འགྱུར་བཟུང་བ་ཞན་ཙམ་དུ་འདུག


ཁ     སྤྱིར་བཤད་ན་བོད་པ་ཚང་མ་འདྲ་མཉམ་རེད་འདུག   དམིགས་གསལ་གྱི་མི་འདྲ་ས་ཟེར་ན་འདྲ།  གང་ལྟར་ངོ་མ་བཤད་ན་བྱ་བ་འདིའི་རིགས་ལ་བཟུང་བའི་རྣམ་འགྱུར་དེ་འདྲ་ལེགས་པོ་མི་འདུག  ཡིན་ཡང་དེ་གནད་དོན་ཆེན་པོ་ཞིག་མ་རེད་འདོད་ཀི།  གཙོ་བོ་ནི་རང་གིས་བྱ་བ་འདི་མང་ཚོགས་ལ་ཁྱབ་བསྒྲགས་བྱེད་བྱེད་ཀྱི་སློབ་གསོའི་ཐབས་ལམ་མམ་བྱེད་ཐབས་ངོས་ཀྱི་གནད་དོན་རེད་འདོད།     ལོ་འགའི་སྔོན་གངས་དཀར་རི་བོའི་འདབས་ནས་ཁོར་ཡུག་གཙང་སྦྲའི་བྱ་བ་ཞིག་ལས་མྱོང་།  སྐབས་དེར་རང་གིས་མང་ཚོགས་ཚོར་སྒོར་མོ་བྱིན་ནས་བྱ་བ་འདི་ལས་རོགས་བྱེད་དུ་བཅུག་པ་ཡིན་མོད།  ཡིན་ཡང་སྐབས་དེར་མང་ཚོགས་ཚོར་ཡང་དེའི་སྐོར་གྱི་ཁ་བརྡ་ཡང་མང་པོ་བྱས་མྱོང་།  དཔེར་ན་ཀློག་རྫས་གཅིག་ཆུ་ནང་དུ་གཡུག་ན་མི་གཅིག་གི་ཚེ་གང་གི་འཐུང་ཆུ་བཙོག་པོར་བཟོ་བ་མ་ཟད་ཞིང་ནང་དུ་གཡུག་ན་ལོ་རེ་ནས་ལོ་རེར་ཞིང་ལ་གནོན་ཐེབས་ཀྱི་ཤུགས་ཇེ་ཆེ་ནས་ཇེ་ཆེ་ཡིན་རབས་སོགས་བཤད་ནི་ཡིན།   གང་ལྟར་བྱ་བ་ལས་ཀྱིན་པའི་སྐབས་སུ་ངས་ཁུག་མ་དྲུག་ཙམ་བསྡུ་ཚར་དུས་ཁོང་ཚོས་ཁུག་མ་གཉིས་ལྷག་རེ་མ་གཏོགས་བསྡུ་ཐུབ་ཀི་མི་འདུག   དེའི་རྐྱེན་གཙོ་བོ་ཁོ་ཚོས་བྱ་བ་འདི་རང་སྟོབས་ཀྱིས་དང་དུ་མ་བླངས་པས་ལན་པ་རེད།   སྐབས་དེར་ངས་ངོ་མ་ཁོང་ཚོར་དཀའ་བཞིན་འདུག་འདོད་ནས་རི་འདབས་ཀྱི་དགོན་རྙིང་ཞིག་ཏུ་སྒར་བརྒྱབ་ཡོད་པས་དེར་མངགས་ནས་ཁྱོད་ཚོས་ཇ་སྐོལ་དང་ང་རྗེས་ནས་ཡོང་ཟེར་ནས་ཁོ་ཚོ་འགྲོ་རུ་བཅུག་པ་ཡིན།   དེ་ནས་ངས་དུས་ཚོད་གཅིག་ལྷག་ལ་གད་སྙིགས་བསྡུས་རྗེས་སོང་བ་ན་ཁོང་ཚོས་ཇ་འཐུང་གིན་འདུག   ངས་ཁོས་ཚོ་དང་མཉམ་དུ་ཇ་འཐུང་བ་ཡིན།   སྐབས་དེར་ཅུང་ཞིག་ཆད་འདུག་པས་སྟན་ཐོག་ཏུ་ཅུང་ཙམ་ལ་ངལ་གསོས་པ་ན་གཞི་ནས་གཉིད་ལོག་སོང་།ཡིན་ཡང་གཉིད་ལས་སད་དུས་ཕལ་ཆེར་ང་དུས་ཚོད་གཅིག་ལྷག་ལ་གཉིད་སོང་འདུག   སྦྲ་སྒོར་བུད་དུས་ཁོང་ཚོ་གཅིག་ཀྱང་མི་འདུག་ངའི་སེམས་སུ་ཁོང་ཚོ་གད་སྙིགས་བསྡུ་བར་སོང་ཚར་འདུག་འདོད་ནས་མྱུར་དུ་རི་འདབས་སུ་ཕྱིན་དུས་ཁོང་ཚོ་གཅིག་ཀྱང་མི་འདུག   སྐབས་དེར་དེའི་ཉེ་འགྲམ་དུ་མཆོད་རྟེན་ཞིག་རྩིག་གིན་ཡོད་པས་ཁོང་ཚོ་དེ་རུ་སོང་ནས་རྡོ་ཕ་བོང་ཆེན་པོ་རེ་ཁུར་ནས་དེ་ན་ལས་ཀ་ལས་ཀྱིན་འདུག    ཏག་ཏག་སྐབས་དེ་ལ་གད་སྙིགས་འདི་འདྲ་ཡང་མོ་ཞིག་རྡོ་གན་འདྲ་ལྕི་མོ་ཞིག་ཡིན་རུང་ད་དུང་ཁོ་ཚོས་སུན་སྣང་གང་ཡང་མེད་པར་རེམ་གྱིན་པ་དེ་ཅུང་ཡ་མཚར་མོད།    རྗེས་སུ་བསམ་བློ་ཞིག་བཏང་ན་མ་གཞི་ཁོ་ཚོས་ལས་གསོག་གི་འདུག    ཧ་ཧ་ཧ།   ངོ་མ་ཧ་གོ་ས་མ་རེད།   གང་ལྟར་གད་སྙིགས་ཁུག་མ་བརྒྱད་ཅུ་ལྷག་ཕྱགས་ཤིང་རྟ་རུ་བཀལ་ནས་ཉིན་ལམ་གཉིས་སུ་ཡོང་བ་ཡིན།སེམས་སུ་གད་སྙིགས་འདི་འདྲ་ཞིག་བསྡུས་ཚར་དུས་ད་ནི་རྗེས་ཕྱོགས་གད་སྙིགས་འདོར་མཁན་ཞིག་ཅིའི་ཡོད་སྙམ།   ཡིན་ཡང་ཟླ་གཉིས་ཀྱི་རྗེས་སུ་ཕྱིར་སོང་དུས་ཡང་སྔར་བཞིན་ཁྲ་ལེབ་བེར་གྱུར་འདུག   ངོ་མ་སེམས་སྐྱོ་བོ་བྱུང་ཐལ།     མ་གཞི་སློབ་གསོ་བྱེད་ཐབས་དེ་འགྲིག་མི་འདུག་པ་རྗེས་སུ་ཤེས་ཐལ།    དེ་ནས་རྫོང་གསར་སྒྲུབ་གྲྭ་བཤད་གྲྭ་སོགས་ཀྱི་མཁན་པོ་ཚོའི་མདུན་དུ་སོང་ནས་དོན་དག་ཐམས་ཅད་བཤད་རྗེས།    ཁོང་རྣམ་པ་ཚོས་དགའ་གུས་ཆེན་པོས་དོན་དེ་ང་ཚོས་མ་ཤེས་ནི་རེད།    དོན་འདིའི་ཕན་ཞིག་ཐོག་ན་རྒྱབ་སྐྱོར་ལོས་བྱེད་གསུངས་ནས་ཁོང་ཚོས་མང་ཚོགས་ཀྱི་དབང་ཐོག་ཞིག་ནས་དེ་ལྟར་གསུངས་སོང་།  སྤྱིར་ང་ཚོའི་མི་རིགས་འདི་རིག་པ་ཅན་ཞིག་ཡིན་ལ་རང་གི་དོན་དག་དང་གནད་དོན་ཅི་ཡོད་རང་གིས་ཐག་བཅད་ནས་ད་ཐུག་བར་ཡོང་ནི་རེད།   ཡིན་ཡང་དེ་རིང་འདྲ་ཞིག་ལ་མཚོན་ན་གད་སྙིགས་ཟེར་བའི་ཁོར་ཡུག་ལ་འབག་བཙོག་དང་གནོད་འཚེ་ཚབས་ཆེན་བཟོ་མཁན་འདི་འདྲ་ཞིག་བྱུང་ཡོད་པ་ང་ཚོས་མ་ཚོར་བ་རེད་ལ་ང་ཚོའི་ངོས་ནས་མ་ཡོང་ནི་ཡང་རེད།   ཡིན་ཡང་ང་ཚོའི་མི་རིགས་འདི་ས་གཙང་ས་རི་མཐོ་ས་ཆུ་བོ་ཀུན་གྱི་མགོ་ཁུངས་སུ་གནས་པའི་མི་རིགས་ཡིན་སྟབས་ང་ཚོས་འདི་འདྲའི་ཆུ་མགོ་གཅིག་ལ་འབག་གཙོག་བཟོས་སོང་ན།   ཆུ་བོ་དེས་དེ་ཁུར་ནས་གྲོང་ཁྱེར་ཏེ་མི་གྲངས་སྟོང་ཕྲག་མང་པོ་འདུས་པའི་ས་རུ་འགྲོ་སྲིད།   དེ་ནས་དེ་བཞིན་རྒྱ་མཚོ་ཆེན་པོར་འདྲེས་སྲིད།    དེ་བས་རྒྱ་མཚོ་ཆེན་པོ་དེ་མ་འཛད་བར་དུ་ཁྱོད་ཀྱི་ཉེས་པར་ཡང་འཛད་པ་མེད་པ་རེད།    དེ་མིན་ཁྱོད་ལ་ཆུ་མགོར་བཙོག་པ་བཟོ་མི་རུང་འདོད་པའི་བློ་ཞིག་སྐྱེས་ན་ཆུ་དེའི་ཁྱོད་ཀྱི་བློ་དེ་ཁུར་ནས་རྒྱ་མཚོར་འདྲེས་སྲིད་པས།     རྒྱ་མཚོ་མ་འཛད་བར་དུ་ཁྱོད་ཀྱི་བློ་བཟང་པོ་འདི་ཡང་འཛད་ཐབས་མེད།   ད་དུང་ཁྱོད་ཀྱིས་ཕུ་ཐུང་ཡར་ལ་ལྡོག་ཞིང་ཆུ་ནང་གི་གད་སྙིགས་གཅིག་ཡར་ལ་བླངས་ན་ཆུ་དེས་ཁྱོད་ཀྱི་དགེ་བའི་ལས་འདི་ཁུར་ནས་སྔར་བཞིན་རྒྱ་མཚོར་འདྲེས་སྲིད་པས་ཁྱེད་ཀྱི་དགེ་བ་དེ་ཡང་རྒྱ་མཚོ་མ་འཛད་བར་དུ་འཛད་མི་སྲིད།     དེ་འདྲ་བྱས་ན་ཁྱོད་ཀྱིས་མ་ཎི་འདོན་པ་ལས་ཀྱང་དགེ་བ་ཆེ་ནི་རེད་སོགས་ཀྱི་གསུང་མང་པོ་ཞིག་འབྱོན་སོང་སྟབས་མང་ཚོགས་ཀྱི་ལྷག་བསམ་རྣམ་དག་གིས་གད་སྙིགས་བསྡུ་མགོ་བརྩམས་སོང།


ཀ  ཁྱོད་ཀྱིས་བྱ་བ་འདི་གཉེར་བ་ནས་བཟུང་དེ་དུས་གཅིག་གི་དུས་ཚོད་ཆེས་རིང་ཤོས་བཀོལ་ནས་བྱ་བ་ལས་ས་དེ་གང་ཞིག་དང་བྱ་བ་གཙོ་བོ་གང་ཞིག་ལས་མྱོང་།

ཁ    དཀར་མཛེས་ས་ཁུལ་རེད།   མི་ལོ་བཞི་ལྷག་དེ་གར་བྱ་བ་འདི་གཉེར་བ་ཡིན།    ཁོར་ཡུག་སྲུང་སྐྱོབ་གཙོ་བྱས་བྱེ་མའི་ལས་ཀ་ཡང་ཉུང་ངུ་རེ་ལས་མྱོང།


ཀ  རེད།  དེ་ན་ད་དེ་ཙམ་གྱིས་ཆོག་ནི་བྱེད་མང་པོ་ཞིག་བཤད་ན་ཉོག་འགྲོ་གི།   མཐར་ཁྱོད་ཀྱིས་རྗེས་ཕྱོགས་འགྲུལ་བཞུད་ཁྲོད་ཀྱི་ལས་ཀ་འདིའི་མཐའ་མཇུག་གི་དམིགས་ཡུལ་ལམ་རེ་སྨོན་དེ་ག་འདྲ་ཞིག་བཅང་ཡོད།   དེ་མིན་རང་གི་མི་ཚེའི་ཁྲོད་ཀྱི་ཆེས་འོད་སྟོང་ལྡན་པའི་ཕུགས་བསམ་འདི་འགྲུབ་ཆེད་སྟ་གོན་ག་འདྲ་བྱས་ཡོད།

ཁ  རང་གིས་བྱ་བ་འདི་འདྲ་ཞིག་གི་ལས་ལ་འཇུས་ནས་བཟུང་སེམས་རྣམ་དག་གིས་ལས་ཀྱིན་ཡོད།   སྒྲུབ་ཀྱིན་ཡོད།   བརྒྱ་བཤད་སྟོང་བཤད་ཀྱང་འབྲོག་པའི་འཚོ་བ་དང་འབྲོག་པའི་བདེ་སྐྱིད་ཀྱི་ཆེད་དུ་ལང་གི་ཡོད།    བྱ་བ་འདི་ལས་དང་ལས་ཀྱིན་པའི་སྐབས་སུ་མི་སུ་དང་གང་ཞིག་ལ་ཐུག་ཀྱང་བདེན་པ་དང་གནས་ལུགས་ཀྱི་ཆེད་དུ་མི་སུ་ལ་ཡང་སྐད་ཆེན་པོའི་སྐད་ཆ་དྲང་མོར་བཤད་ཀི་ཡོད།   མཐར་རང་གི་ཆེས་དམིགས་ཡུལ་ཆེ་ཤོས་དེ་ག་རེ་ཡིན་ཟེར་ན་ཕྱིའི་རིག་གཞུང་དང་ཕྱིའི་མ་ལག་གང་ཞིག་གིས་འཚོ་གནས་གང་ཞིག་ལ་ཡང་ཐད་ཀར་འགྱུར་བ་གཏོང་མི་ཆོག་པ་དང་བཏང་ཡང་འཚོ་གནས་དེ་དང་ཁོར་ཡུག་དེ་རྒུད་པའི་ལམ་དུ་བསྐྱེལ་བ་ལས་གང་ཡང་མིན་པའི་ལྟ་བ་དེ་ར་སྤྲོད་རྒྱུ་དེ་ཡིན།

 ཀ       མཐར་ཉིད་ཀྱིས་བདག་གི་བཅར་འདྲི་འདི་དང་དུ་བླངས་པར་བཀའ་དྲིན་ཆེ་ཞུ་བ་དང་།   གྲོགས་ཀྱི་བྱ་བ་ཐ་དག་ལམ་འགྲོ་ཡོང་བར་ཤོག


ཁ  ཁྱེད་ཀྱི་བྱ་བ་ལམ་འགྲོ་ཡོང་བའི་སྨོལ་ལམ་ངས་འདེབས།


       བྲ་ཁྱོམ་དཔལ་བཟང་།


     གསལ་བཤད། ཐེངས་འདིའི་བཅར་འདྲི་ཐུང་ཐུང་འདི་ཉིད་ཡིག་ངོར་ཕབ་པའི་གོ་རིམ་ནས་ཁ་སྐད་གཙོ་ཆེར་བྱས་ནས་བྲིས་ཡོད་སྟབས་ཀློག་པོ་གང་མང་ཞིག་གི་ཀློག་འདོན་ལ་དཀའ་ཁག་ཅུང་རེ་ཡོད་སྲིད་མོད།དེ་ཡང་བདག་གིས་གྲོགས་པོ་ཁོང་གི་བརྗོད་འདོད་ཀྱི་སྐད་ཆ་ལ་རྨ་ཕབ་པར་དོགས་པའི་ཚུལ་གྱིས་ཁ་སྐད་ལ་སྦྱོར་ཆེ་བར་བྱས་པ་ཡིན་ནོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74wa བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: གངས་ཆུ་ཐིགས། སྤེལ་དུས:2015/3/31
གྲོགས་དཔལ་བཟང་གི་བསམ་པ་ལ་ནམ་ཡང་རྒྱབ་སྐྱོར་དང་རྗེས་སུ་ཡི་རིང་ཡོད། གཞན་གྲོགས་ཁོང་གི་བསམ་དོན་མཐའ་དག་ལྷུན་འགྲུབ་ཡོང་བར་སྨོན།
 སྤེལ་མཁན:  སྤེལ་དུས:2014/2/9
དངོས་བཅར་གཏམ་གླེང་འདི་ལ་ཉན་རྒྱུ་ཡོད་ཀི
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
46532959
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1