མྱོས་བྱེད་ཆང་གི་ཉེས་པ་མདོ་ཙམ་བརྗོད་པ་ཀུན་ཕན་ངག་གི་བདུད་རྩི། 
 
	          གླིང་བ་བྱང་རིག་ཁོ། 
 
	དབང་བོ་འཁྲུལ་ཅིང་ཡིད་རབ་མྱོས་བྱེད་ཆང་། ། 
 
	དང་བོའི་དུས་ཉིད་ལྷ་དང་ལྷ་མིན་གྱིས། ། 
 
	རྒྱ་མཚོ་བསྲུབས་པའི་བྱ་བར་འཇུག་པའི་སྐབས། ། 
 
	འགྲོ་བའི་སྲོག་ལ་རྔམ་པའི་བརྐམ་སྲེད་ཅན། ། 
 
	དུག་གི་སྐྱེས་བུ་ཆེན་པོའི་བྱིན་མཐུ་ཡིས། ། 
 
	མྱོས་བྱེད་རྫས་ངན་འདི་ཉིད་བྱུང་བ་ཡིན། ། 
 
	གང་གི་ཆང་ཉིད་བསྟེན་པའི་རྣམ་འགྱུར་ནི། ། 
 
	སེམས་འཁྲུལ་ཡིད་གདུངས་སྐྱོ་བའི་སྡུག་བསྔལ་འབྱུང་། ། 
 
	ཆགས་པ་ངང་གིས་འཕེལ་ལ་འདོད་ཚིམ་བྲལ། ། 
 
	དོན་མེད་ཞེ་སྡང་སྐྱེ་ཞིང་གཏི་མུག་འཕེལ། ། 
 
	གཞན་གྱི་རྒྱུད་དཀྲུགས་རང་ཉིད་ཕོངས་པ་དང་། ། 
 
	ང་རྒྱལ་ཕྲག་དོག་ལ་སོགས་ཤུགས་ལས་འབྱུང་། ། 
 
	དུག་ལྔའི་ཉེས་པ་མ་ལུས་ཆང་ལ་ཚང་། ། 
 
	ཚེ་སྲོག་ཉམས་ཤིང་དུས་མིན་ལྔ་ལམ་འགྲོ ། 
 
	ལུས་ཀྱི་མདངས་འཕྲོག་པགས་མདོག་ཉམས་པར་བྱེད། ། 
 
	འཇུ་བྱེད་མ་ལག་ཀུན་ལ་ཟུག་ཚོར་བྱིན། ། 
 
	ཐ་མལ་བདེ་ཐང་མི་ཡི་འདུ་བ་འཁྲུགས། ། 
 
	སྐྱུགས་ཀྱི་སྣ་འདྲེན་བྱེད་ལ་དབང་བོ་དུབ། ། 
 
	གང་ཟོས་གང་འཐུང་མ་ཞུའི་ནད་དུ་འགྱུར། ། 
 
	ཆང་དུག་ཀླད་ཆེན་སྐྱི་རིམ་ལ་ཕོག་སྟེ། ། 
 
	ཁྲག་རྒྱུན་འཁོར་སྐྱོད་བྱེད་པར་རྐྱེན་ཐེབས་ན། ། 
 
	རིན་ཆེན་མི་ལུས་སྐད་ཅིག་ཁྱུར་མིད་གཏོང་། ། 
 
	གསང་སྔགས་སྐབས་སུ་ཆང་ཉིད་བསྟེན་པ་ན། ། 
 
	ཉམས་རྟོགས་ཡོན་ཏན་འཕེལ་ཞེས་གསུངས་ན་ཡང་། ། 
 
	སྨིན་གྲོལ་སྒོ་ལ་ཞུགས་ན་ཙམ་མ་གཏོགས། ། 
 
	ཉེས་པ་ཀུན་གྱི་གཞི་མ་ཆང་ཉིད་ཡིན། ། 
 
	བག་མེད་ཆང་ལ་རོལ་བའི་གང་ཟག་འགྲོ། ། 
 
	མི་འདོད་སེམས་ཀྱི་ཟུག་རྔུ་དྲག་པོས་མནར། ། 
 
	གཞན་གྱིས་མཐོང་ན་ཡ་ང་སྙིང་རྗེ་འཆོར། ། 
 
	རང་གིས་སྡུག་བསྔལ་མྱངས་པ་བརྗོད་ཐབས་བྲལ། ། 
 
	གསོན་ཡང་ཤི་བའི་རོ་དང་མཚུངས་པར་འགྱུར། ། 
 
	བློ་དང་དབང་བོ་ཉམས་ཤིང་ཡི་མུག་འགྱུར། ། 
 
	ངོ་ཚ་ཁྲེལ་དང་རྣམ་གཡེང་ལོག་ལྟ་སྐྱེ། ། 
 
	རྨོངས་པའི་བློ་ལ་སད་པའི་རྟོགས་པ་སྐྱེན། ། 
 
	ཉེས་བརྒྱའི་འབྱུང་རྐྱེན་ཆང་འདི་རྒྱུན་བསྟེན་ན། ། 
 
	བརྩེ་དུང་དར་དཀར་རིང་མོ་རྩད་ནས་གཅོད། ། 
 
	མཛའ་མཐུན་བྲག་གི་རི་བོ་ཆང་གིས་བསྙིལ། ། 
 
	ཆང་ནི་ཕུང་ཁྲོལ་ཀུན་གྱི་རྩ་བ་ཡིན། ། 
 
	དགེ་ཚོགས་མཐའ་དག་མ་ལུས་སྲེག་བྱེད་ཆང་། ། 
 
	མདོར་ན་ཆང་འདི་ལེགས་ཚོགས་འཇོམས་བྱེད་རྫས། ། 
 
	ཚེ་འདིའི་འདུན་མའི་བཀག་རྡོ་ཆང་ཡིན་ལ། ། 
 
	ཕྱི་མ་ངན་འགྲོར་ཁྲིད་བྱེད་ཆང་ཡིན་ནོ། ། 
   |