ས་ཡུལ་ཁྲོ་བོ་རྒྱལ་མཚན་གྱིས་གསུང་བཤད་གནང་བཞིན་པ།
ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་ནི།
༼ སློབ་ཆུང་སྐབས་དགེ་རྒན་གྱིས་初东红ཞེས་སུ་བཏགས ༽ནི། ༡༩༥༠ལོའི་ཟླ་༡༡་པར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ནན་ཕིན་རྫོང༼ ད་ལྟ་གཟི་ཚ་སྡེ་དགུ་རྫོང་ཞེས་སུ་བསྒྱུར ༽གི་སྟག་ལོ་ཡུལ་ཚོའི་ས་ཡུལ་སྡེ་བའི་རོང་ཁྱིམ་ཞིག་ཏུ་སྐྱེས།
༡༩༨༦ལོའི་ཟླ་༧པར་སི་ཁྲོན་ཞིང་ཨུའི་ཏང་གི་སློབ་གྲྭ་ནས་མཚན་ཉིད་རིག་པའི་ཆེད་ལས་སློབ་མཐར་ཕྱིན།
སྔ་རྗེས་སུ་མཛོད་དགེ་རྫོང་ཏང་གི་སློབ་གྲྭ་དང་རྔ་བ་ཁུལ་ཏང་གི་སློབ་གྲྭ་ནས་ལས་བྱེད་པའི་གཞུང་ལུགས་སློབ་གསོ་དང་གཞུང་ལུགས་ཞིབ་འཇུག་གི་ཕྱག་ལས་གནང་།
༡༩༩༠ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་རུ་སྤྱིར་བཏང་དགེ་འོས་སློབ་གསོའི་སློབ་ཁྲིད་དང་སློབ་གསོ་དོ་དམ། སློབ་གསོ་ཞིབ་འཇུག་བཅས་ཀྱི་ལས་ཀ་གཉེར་ཞིང་།
ཡུན་རིང་པོར་བོད་ཡིག་དགེ་འོས་ཆེད་སྦྱོང་འཛིན་གྲྭར་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་གནང་རིང་ལ་ལྷག་བསམ་དང་དུངས་ཞེན་གྱིས་སློབ་མའི་སྤྲོ་སྣང་དང་འདུན་པ་ལ་བསྐུལ་ཞིང་རིག་པའི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་བསྩལ།
ཁོང་གིས་སློབ་ཁྲིད་དོ་དམ་དུ“ཚད་ལྡན་དང་ཚན་རིག་དང་དམངས་གཙོ་”བཅས་ཀྱིས་དེང་རབས་སློབ་གྲྭའི་དོ་དམ་བསམ་བློའི་སྣེ་དྲངས་ཤིང་། “རྒན་མཚན་ལྡན་དང་རྟགས་གྲགས་ཅན་དང་གྲྭ་མིང་ཅན”བཅས་ཀྱི་ཐབས་ཇུས་བཙུགས་ནས་“ཀུན་སྤྱོད་ཀྱི་གཞི་ཕྱོགས་ཀུན་ལ་ཚུགས”དགོས་པའི་ལྟ་བ་ལག་བསྟར་བགྱིས།
གཞུང་ལུགས་ཞིབ་འཇུག་ཏུ་ཡང་མི་རིགས་སློབ་གསོའི་གནས་བབ་ལ་ཁུངས་བཅོལ་ནས“སློབ་གསོ་ནི་མི་རིགས་དེའི་རིག་གནས་ཀྱི་ཆ་ཀུན་ལ་ཁ་འཕྲོད་ཅིང་མི་རིགས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་ཞིག་དགོས”པའི་མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་གཞུང་ལུགས་བཏོད།
དེ་དང་འབྲེལ་ནས་“བོད་ཡུལ་སློབ་གསོ་”ཞེས་པའི་ཐ་སྙད་རྩལ་བཏོན་གྱིས་དུས་རབས་གསར་པར་ཁ་ཕྱོགས་པའི་བོད་ཡུལ་ཡུལ་ཁོངས་རང་བཞིན་གྱི་སློབ་གསོ་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གསར་པ་བཏོན།
ས་ཡུལ་ཁྲོ་བོ་རྒྱལ་མཚན་གྱིས་བརྩམས་ཤིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་༼བོད་ཡུལ་སློབ་གསོའི་མུ་སྤེལ་འཐུས་པའི་འཕེལ་རྒྱས་ཀྱི་རྣམ་བཤད༽་དང་༼བོད་ཡུལ་སློབ་གསོའི་ཞིབ་འཇུག༽藏区教育研究(汉文版)སོགས་གསུང་རྩོམ་ཁ་ཤས།
དེ་བཞིན།
ཁོང་གིས་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་ཁྱབ་ཁོངས་རིག་ཚན་མང་པོ་ལས་འཕྲོས་ཏེ་དཔྱད་རྩོམ་འབོར་ཆེན་བྲིས་ཤིང་།
༢༠༠༠ལོར་སི་ཁྲོན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་ཁོང་གི་མཚན་ཉིད་རིག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས《རིག་པའི་འོད་སྣང་དཔྱོད་ལྡན་ཡིད་འཕྲོག》ཅེས་པ་པར་དུ་བསྐྲུན། ཁོང་ལས་འཁྱུར་ངལ་གསོ་མ་བྱས་གོང་ལ་《བོད་ཡུལ་སློབ་གསོ་གླེང་སྟེགས》ཞེས་པ་འདོན་གཉེར་བྱས་པ་དང་། ལས་འཁྱུར་ངལ་གསོ་བྱས་རྗེས་རྒྱལ་མཚན་སློབ་གསོ་ཞིབ་འཇུག་ལྟེ་གནས་ཞེས་པའི་དམངས་ཁྲོད་ཀྱི་སློབ་གསོ་ཚན་རིག་ཞིབ་འཇུག་ལས་ཁུངས་ཐོག་མ་བཙུགས་ཤིང་། 《བོད་ཡུལ་སློབ་གསོ་ཞིབ་འཇུག》ཅེས་པ་གཙོ་གཉེར་གྱིས་བོད་ཡུལ་གྱི་སློབ་གསོའི་ལས་རིགས་ལ་སློབ་གསོའི་རིག་གཞུང་བསམ་བློ་བརྗེ་རེས་ཀྱི་སྟེགས་བུ་ཞིག་གམ་རིག་པའི་དགའ་ཚལ་ཞིག་མཁོ་སྤྲོད་མཛད།
མདོར་ན། ཁོང་གིས་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ནས་བཟུང་། སློབ་གསོའི་སྤྱིར་བཏང་གཞུང་ལུགས་དང་བོད་ཡུལ་སློབ་གསོའི་དམིགས་བསལ་གནས་ཚུལ་ཟུང་འབྲེལ་གྱིས་བརྗོད་དོན་རང་འཁེལ་གྱི་དཔྱད་རྩོམ་མང་པོ་བྲིས་ཏེ།
བོད་ཡུལ་དངོས་ཡོད་གནས་ཚུལ་དང་མཐུན་པའི་སློབ་གསོའི་གཞུང་ལུགས་རབ་དང་རིམ་པ་བཏོན་པ་མ་ཟད།
བོད་ཡུལ་སློབ་གསོའི་རྒྱུན་མཐུད་འཕེལ་རྒྱས་ཕྱོགས་ལ་གཞུང་ལུགས་ཀྱི་རྨང་གཞི་མཁོ་སྤྲོད་བྱས་ཡོད་དོ།
།