གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 12 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/18ལྟ་ཀློག (46908)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     2014.9.15ཉིན་མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར་དུ་གངས་ལྗོངས་གྲུབ་མཐའ་ཁག་དྲུག་གི་མཁས་དབང་རྣམ་པས་གྲུབ་མཐའ་རིས་མེད་དང་།  གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན་བསྡུས་ཤིང་། གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།   ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།  དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས།   ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན།   བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ཚོགས་ཞུགས་མཛད་དེ་བཀའ་སློབ་མང་བོ་གནང་འདུག

ཚོགས་འདུ་འདིའི་དགོངས་དོན་གནད་བསྡུས་དང་གྲོས་འདེབས་ཀྱི་གྲོས་ཆོད་ཡི་གེ

གྲོས་ཆོད་དང་པོ།

        ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་སློབ་གསོ་གནང་རྒྱུ་སོགས་ཐབས་ལམ་འཇམ་པོས་བསྒྱུར་བཅོས་བྱེད་དུ་འཇུག་རྒྱུ་དང་། དེས་ཀྱང་བསྒྱུར་བཅོས་མ་བྱས་ན་དགེ་འདུན་པ་སྤྱིའི་སྒྲིག་འཛུགས་ཀྱི་ལམ་ནས་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། གནས་ནས་བྱུང་ཟིན་པ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གཞན་གྱིས་ཡར་མི་བསྡུ་རྒྱུ།

གྲོས་ཆོད་གཉིས་པ།

        དགོན་པ་སོ་སོའི་ནང་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་ཐོབ་ཐང་ངོས་ལེན་མེད་པར་རྒྱ་ཡུལ་སོགས་སུ་རང་དགར་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་མཚན་སྙན་བེད་སྤྱོད་བྱས་ཏེ་གཞན་ལ་མགོ་བསྐོར་གཏོང་བར་སྔོན་འགོག་ཡོང་བར་གདན་ས་ཁག་དྲུག་དང་ཆོས་སྡེ་གཉིས་ཀྱིས་གཅིག་གྱུར་གྱི་དཔང་ཡིག་ཚད་ལྡན་ཞིག་གཏན་ལ་འབེབ་རྒྱུ་དང་། དཔང་ཡིག་སྟེར་མཁན་གྱི་མི་སྣ་ཚད་ལྡན་རྩ་འཛུགས་བྱ་རྒྱུ། དེ་དག་ལ་སྤྲུལ་སྐུའི་དཔང་ཡིག་དགོས་པའི་རེ་བ་བཏོན་ཚེ་ངོས་འཛིན་ཚད་ལྡན་བྱས་ཡོད་མེད་དང་། ངོས་བཟུང་ཟིན་ཡང་བསམ་སྤྱོད་ཀྱི་ཐད་ནས་དཔང་ཡིག་སྟེར་འོས་མིན་ལ་ཞིབ་བཤེར་ནན་མོ་མཛད་དགོས།

གྲོས་ཆོད་གསུམ་པ།

        རབ་བྱུང་རྣམས་ཀྱིས་དགེ་འདུན་པ་སྤྱིའི་དོན་མ་ཡིན་པར་རང་དོན་དུ་ཚོང་བྱེད་པ་སོགས་དཔལ་འབྱོར་རྩོལ་སྒྲུབ་དང་གཞན་ཡང་དམེ་བྱེད་པ། སྤྱོད་ཡུལ་མ་ཡིན་པའི་གནས་སུ་ཞུགས་པ་དག་གིས་མཚོན་ཁྱིམ་པ་སུན་འབྱིན་གྱི་རྒྱུར་འགྱུར་བ་དག་སྔོན་འགོག་ཡོང་བར་དགོན་པ་དེར་གཏོགས་ཀྱི་རབ་བྱུང་རྣམས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བཤད་སྒྲུབ་གང་རུང་དུ་བསྡུ་ཅི་ཐུབ་བྱ་རྒྱུ་དང་། གནས་སྐབས་བསྡུ་མ་ཐུབ་པ་རྣམས་ལ་ལོ་རེར་ཟླ་གཅིག་ཡན་གྱི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་སློབ་གསོའི་གསབ་སྦྱོང་འཚོགས་རྒྱུ།

གྲོས་ཆོད་བཞི་བ།

ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་། དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་འབྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།

གྲོས་ཆོད་ལྔ་བ།

        སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ངོས་འཛིན་བྱེད་མཁན་དེ་ཐོབ་དང་གོ་ས་ལ་མ་ལྟོས་པར་སྡེ་དགོན་ཀུན་གྱིས་བློ་ཁེལ་ངེས་ཀྱི་མ་དགོན་རང་གི་སྐྱེས་ཆེན་དམ་པ་ཞིག་མ་གཏོགས་ངོས་འཛིན་མི་གནང་རྒྱུ། གཞན་ཡང་སྡེ་དགོན་ཡོངས་ཀྱིས་བསམ་བློ་གཅིག་གྱུར་ཡིན་པ་མ་གཏོགས་གང་ཟག་རེ་ཟུང་གིས་སྒེར་གཅོད་ཀྱི་ལམ་ནས་ཞུ་མི་ཆོག་པ་དང་། གལ་ཏེ་ཞུས་ཀྱང་ངོས་འཛིན་མི་བྱ་རྒྱུ། ངོས་བཟུང་ཡང་རང་ལོ་ཉེར་ལྔ་མ་ལོན་བར་དུ་ཁྲི་འདོན་དང་དཔང་ཡིག་སྟེར་བ་བཅས་ཀྱི་བྱེད་སྒོ་མེད་པར་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

གྲོས་ཆོད་དྲུག་པ།

       དགེ་ཚུལ་སློང་གི་སྡོམ་པ་སྟེར་ལུགས་ཀྱི་ཕྱོགས་ནས་སྡོམ་པ་གནང་མཁན་དག་གིས་སྒྲུབ་བྱེད་ཀྱི་ཆོ་ག་བློ་ལ་ཐོན་ངེས་ཤིག་དང་། བསྒྲུབ་བྱའི་ངོས་ནས་རང་ལ་ཡོ་སྤྱད་ཚང་དགོས་པ་རྣམས་ཚང་དགོས་ཤིང་། དགེ་ཚུལ་གྱིས་རགས་པ་བཅུ་དང་དགེ་སློང་གིས་ཕམ་ལྷག་བཅུ་བདུན་གྱི་སྡོམ་བློ་ལ་ཡོད་ཅིང་དོན་ངེས་པར་བྱ་བ་ཞིག་མ་མཐའ་ཡང་དགོས། གལ་ཏེ་བསྲུང་བྱའི་ཚིག་དོན་རྣམས་བློར་མ་ངེས་ཚེ་རེ་ཞིག་སྡོམ་པ་མི་སྟེར་བར་བསྲུང་བྱ་རྣམས་བསླབ་ཏུ་གཞུག་རྒྱུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 122 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30r6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བདག སྤེལ་དུས:2014/9/23
དོན་དངོས་སུ། བོད་ཁམས་ཡོངས་མ་ཟད་རང་ཅག་གྲྭ་བའི་སྡེ་ལའང་ལེགས་བཅོས་བྱ་རྒྱུ་ཤིན་ཏུ་མང་མོད། དགོན་པའི་བླ་དཔོན་རྣམ་པས་ཀྱང་ལེགས་བཅོས་ཡང་ཡང་བརྒྱབ། སྔན་ཆད་དང་ད་ལྟ་བསྡུར་ཐབས་མེད། ན་ནིང་དང་ད་ལོ་མཚུངས་ཐབས་བྲལ། རྒུད་པ་ནས་རྒུད་པའི་གནས་སུ་གྱེར་བཞིན་པ་མིག་མཐོང་ལག་ཟིན་རེད། ཡོད་ཚད་མིའི་གཤིས་ཀ་དང་འབྲེལ་བ་དམ་ཟབ་འདུག མི་ལ་རས་པའི་དུས་སྐབས་དེར་མི་ལ་རས་པ་ཚེ་གཅིག་ལ་འཚང་རྒྱ། སྐབས་འདིར་དེ་འདྲའི་དཀའ་བ་སྤྱོད་ཐུབ་མཁན་ཉིན་མོའི་སྐར་མ་ཙམ། དགོན་པའི་བླ་དཔོན་དག་ནས་རང་གི་གྲྭ་བ་ཉུང་ཤས་དེར་ལེགས་བཅོས་བྱ་ཐུབ་ན་དེ་འཐུས། རྒུད་པ་འདི་འུ་ཅག་མི་སྤྱི་ཡི་བགོས་སྐལ་ཞིག་ཡིན་ལས་འདྲ། འུ་ཅག་གི་སྟོན་པ་མཆོག་ནས་མ་གསུངས་པའི་ཆོས་ཤིག་གཏན་མེད། དེར་ཉེར་ལེན་བྱ་མཁན་མེད། མེད་སོང་པས་དབང་གིས་མཐོ་ས་ནས་སྐྲག་སྣང་གིས་དམའ་ས་འུར་ལ་གཏད། རི་བོང་ཆུང་ཆུང་ལ་གསེར་སྒ་ཆེན་པོ་བརྒྱབ། རི་བོང་ནས་ཅི་ཡིན་མ་ཚོར་པར་ཐེག་དཀའ ། བསྒྱུར་དཀའ་བ་འདི་མིའི་གཤིས་ཀ་རེད། ལྷན་སྐྱེས་ཀྱི་གཤིས་ཀ་ཡོད་མཁན་དུས་སྐབས་འདིར་དཀོན་པར་སྣང་། རིག་གཞུང་ཡོངས་སུ་རྫོགས་པའི་མཁས་པའི་གྲས་སུའང་ཞེ་སྡང་དང་འདོད་པ་སྤང་དཀའ ། རིག་གནས་ཀྱིས་མིའི་གཤིས་ཀར་ཕན་འབྲས་འབྱིན་མི་ནུས། རིག་གནས་ལན་སོང་མིན་ཡང་རང་ལ་ཡོད་ཆོག་པའི་གཤིས་ཀ་དེ་མེད་སོང་པས་ལན། དེ་ནི་མི་གཅིག་ལ་ཡོད་སོང་པའི་འགལ་འདུ་རེད། བཅོས་མི་དགོས་པའི་ལྷན་སྐྱེས་ཀྱི་གཤིས་ཀ་ཞིག་ཐོག་མ་ནས་ཡོད་ན་དེ་འཐུས། དེར་ཅི་ཡང་ཁ་སྣོན་བྱ་མི་དགོས། མ་ཎི་བགྲང་ནས་བསྡད་ཀྱང་ཆོས་འཇིག་རྟེན་གཉིས་ལ་དེ་མཐུན། བསྟོད་བསྔགས་དེར་བྱེད། ཆུ་མགོ་ནས་རྙོག་ན་ཆུ་རྔ་ནས་དྭངས་དཀའ ། ལེགས་བཅོས་རྒྱ་ཆེན་པོ་འདི་མཐའ་འཁྱོལ་དཀའ ། མ་རིག་པའི་རྒུད་པའི་ནག་ཉེས་འདས་ཀྱིན་འདས་ཀྱིན་ཧ་ལས་ཤིང་ཧང་སངས་དགོས་པ་འོང་། བདག་ཅག་གི་མགོན་གཅིག་པུ་སངས་རྒྱས་ཉིད་ནས་ཀྱང་མི་མངོན་པའི་དབྱིངས་ནས་སྙིང་རྗེ་ཡི་ཡིད་གདུང་ཡང་ཐབས་ཟད། དུས་ངན་སྙིགས་མའི་མི་རྣམས་སྙིང་རེ་རྗེ། རང་གི་རང་ལ་སྙིང་རྗེ་རྒྱུ་ལས་གཞན་ལ་སྙིང་རྗེ་རྒྱུ་དེ་ཡང་དུས་སྐབས་འདིར་འུ་ཐུག དེ་ཡང་བདག་གིས་བསམ་ན་བརྒྱུད་ནས་བགྲོད་དགོས་པའི་ལམ་ཞིག་ཡིན་པར་སྣང་། མི་བསོད་ཁྲག་འབྱིན་གྱི་ལས་ཀྱང་འཇིག་རྟེན་འདིར་འཚབ་ཆེ། ཉིན་གཅིག་ལའང་མི་མང་པོ་རྫས་མདེལ་གྱི་ཁྲོད་ནས་སྲོག་ཤོར ། གོ་ལ་འདིར་མཆི་མ་ལྷུང་བའི་དོན་རྐྱེན་བགྲང་ལས་འདས། ཡང་ན། ལེགས་བཅོས་འདི་རང་གཅིག་མ་ཡིན་པར་གོ་ལ་ཡོངས་སུ་ཁྱབ་ཆེ། ཆེ་ས་ནས་ཆེ་སར་ལེགས་བཅོས་བྱ་མི་བཏུབ། བདེ་བར་བསྙེགས་བཞིན་དུ་སྡིག་བསྔལ་རྒྱན་དུ་ལེན། དུས་སྐབས་འདིའི་མིའི་བྱ་སྤྱོད་ལ་ལེགས་བཅོས་བརྒྱག་ཐུབ་ན། ནད་ཀྱིས་གདུང་བའི་མིའི་ཕྱེད་ཀ་ལའང་བཅོས་ཐབས་ཡོད་ངེས། རྣམ་པ་ཚོའི་ཀུན་སློང་ལའང་ཡི་རང་ཡོད་ཀྱང་། ལེགས་བཅོས་འདི་མཐའ་འཁྱོལ་དགོས་ན་དུས་ཚོད་མང་པོ་མི་རླག་པར་གལ།
 སྤེལ་མཁན: ཀླུ་ཡིས། སྤེལ་དུས:2014/9/23
ཚུལ་བློ་ལ་གུས་པས་འབུལ། མི་གྲངས་ཉུང་བའི་ཉམ་ཆུང་བོད་པ་ཚང་། མི་རོ་ལྟ་བུའི་ཁྲིམས་ལུགས་སྤེལ་བ་འདི།། མི་འདོད་བཞིན་དུ་ཁྲལ་ལྟར་བཀྲམ་པ་ན།། མི་བུ་ང་རང་ཁྲོ་ན་འདི་ལ་ཁྲོ།། མི་ཡུལ་འཇིག་རྟེན་འདི་ཡི་འཁོར་བ་རུ།། མི་ཐོབ་མཁན་པོ་ཞལ་མཁས་འཁོར་དང་བཅས།། མི་འདོད་བཞིན་དུ་གཙུག་ལྟར་བཀུར་དགོས་ན།། མི་བཟོད་གཡུལ་འགྱེད་བྱེད་ན་འདི་ལ་བྱེད།། མི་མཛེས་བདག་པོས་གསུངས་པའི་སྲུང་བྱ་དང་། མི་མཐུན་པ་ཡི་ཆོས་ཁྲིམས་སྤེལ་བ་འདི།། མི་ཤེས་བཞིན་དུ་བྱེད་པ་མ་ཡིན་ནམ།། མི་བུ་ང་རང་མཚར་ན་འདི་ལ་མཚར།།
 སྤེལ་མཁན: ཀླུ་ཡིས། སྤེལ་དུས:2014/9/23
ཉམ་ཆུང་བོད་པ་ཚང་གི་འགྲོ་བ་ལ།། མི་རོ་ལྟ་བུའི་ཁྲིམས་ལུགས་སྤེལ་བ་འདི།། མི་འདོད་བཞིན་དུ་ཁྲལ་ལྟར་བཀྲམ་པ་ན།། མི་བུ་ང་རང་ཁྲོ་ན་འདི་ལ་ཁྲོ།། མི་ཡུལ་འཇིག་རྟེན་འདི་ཡི་འཁོར་བ་རུ།། མི་ཐོབ་མཁན་པོ་ཞལ་མཁས་འཁོར་དང་བཅས།། མི་འདོད་བཞིན་དུ་གཙུག་ལྟར་བཀུར་དགོས་ན།། མི་བཟོད་གཡུལ་འགྱེད་བྱེད་ན་འདི་ལ་བྱེད།། མི་མཛེས་བདག་པོས་གསུངས་པའི་སྲུང་བྱ་དང་། མི་མཐུན་པ་ཡི་ཆོས་ཁྲིམས་སྤེལ་བ་འདི།། མི་ཤེས་བཞིན་དུ་བྱེད་པ་མ་ཡིན་ནམ།། མི་བུ་ང་རང་མཚར་ན་འདི་ལ་མཚར།།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/23
ཚུལ་བློ་ལ་སོགས་རྒྱ་བླ་རྣམས། །རྒྱ་ལུགས་བོད་དུ་སྤེལ་བ་དང་། །རྒྱ་ཡི་སློབ་མ་སྐྱོང་བ་དང་། །མི་རིགས་མཐུན་སྒྲིལ་མཛད་རྗེས་ལ། །ང་ཚོས་རྗེས་སུ་ཡི་རངས་ཡོད། །འོན་ཀྱང་འབྲོག་པའི་རིག་གནས་རྣམས། །རྒྱ་ལུགས་བསྒྱུར་བ་དགོས་མེད་མཐོང་། །ཉིན་མོ་ཤ་ཟས་བཅད་རྒྱུ་དེ། །རྒྱ་ནག་སློབ་མའི་སྣང་ངོར་རེད། །བསྐལ་པ་ཆགས་དར་བའི་སྲོལ། །འབྲོག་སྡེའི་འཚོ་བ་མ་དཀྲུགས་ཤིག །དུས་རྒྱུན་ཚོགས་འདུས་བསྐོང་རྒྱུ་དང་། །ལས་དར་ལས་རྟགས་སྒྲོན་འདོད་ན། །གཟན་ཤམ་ཕུད་ནས་གཞུང་པ། །ཡིག་ཚད་གཏང་ན་ལོན་ཡང་སྲིད། །སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས། །རྒྱལ་སྲིད་སྤངས་ནས་ནགས་ལ་བྲོས། །གྲུབ་ཆེན་མི་ལ་རས་པ་ཡིས། །འཁོར་བ་སྤངས་ནས་དབེན་པར་འགྲིམས། །གྲུབ་མཐའ་དྲུག་གི་རྒྱ་བླ་རྣམས། །ཁྲེན་ཏུའུ་གྲོང་ལ་ཆོས་དར་སྒྲོན། །ཁ་ཏྭ་ཕག་ལ་འཕྱ་སྨོད་བཞིན། །གྲྭ་ཆུང་གཞན་ལ་ཁྲིམས་སྲོལ་སྒྲོགས། །ལེགས་པར་སེམས་དང་ཤེས་ལྡན་རྣམས། །འདི་འདྲའི་ཆོས་པ་ངོ་མཚར་ཅན། །སངས་རྒྱས་ཀྱིས་མ་འགྲུབ་པའི། །སྐྱེས་ཆེན་འདི་དག་གང་ནས་ཕེབས། །
 སྤེལ་མཁན: གཡུ་མིག སྤེལ་དུས:2014/9/23
སྒྲིག་ལམ་རང་བཞིན་གྱི་ཆོས་སྤེལ་ལ་གྱེས་པ། བཙན་རྐང་། ཉེ་ཆར་ལོ་ངོ་ཁ་ཤས་དང་འགྲོགས་ཏེ་ཚུལ་བློས་"དགེ་བཅུ་ཁྲིམས་"དང་དེ་མིན་དེ་དང་འབྲེལ།དངོས་ཤུགས་གང་རུང་བརྒྱུད་དེ་དགོན་སྡེའི་རིག་གནས་ཀྱིས་བྱ་འགུལ་མང་པོ་སྤེལ་ཞིང་།ལྷག་ཏུ་འཇིག་རྟེན་འཁོར་བ་དོན་ཏུ་གཉེར་མཁན་གྱི་ཞིང་ས་གཤིན་མོར་"འཇིག་རྟེན་འཁོར་བ་སྡུག་གི་རྒྱ་མཚོ་རུ་ལྟ་བའི་རིག་གནས་"གང་དེའི་དབང་སྒྱུར་གྱི་བྱ་འགུལ་མང་པོ་སྤེལ་འགོ་བརྩམས་ཏེ་དགེ་བཤེས་ཁོ་ཡིན་ང་ཡིན་ཟེར་མཁན་དག་དབེན་པའི་བྲག་ཕུག་ནས་འདུག་མ་བཟོད་པར་རྙོག་འཛིང་ཅན་གྱི་སྤྱི་ཚོགས་དོ་ར་རུ་སླེབས་ནས་ཡིག་རྨོངས་བའི་མི་སེར་དཀྱུས་མ་དག་ལ་ཆོས་ཀྱི་དགོངས་པ་དངོས་ཡིན་མིན་ཅི་ཤེས་མོད།"དམངས་ཁྲོད་ཆོས་ལུགས་"*ལྟ་བུ་དག་བཤད་ནས་ཅི་ནུས་ཅི་ལྕོགས་ཀྱིས་འཇིག་རྟེན་པའི་བསྙེག་བྱ་ནི་དོན་གྱི་སྟོང་བ་ཉིད་ལས་གང་ཡང་མིན་པ་སྒྲུབ་བཞིན་དེ་དང་མཉམ་དུ་སྒྲིག་ལམ་མང་པོ་བཅས་པས་སྒྲིག་ལམ་དང་འགལ་བའམ་སྒྲིག་ལམ་མི་བརྩི་བའི་རིགས་ལ་ཆད་པ་གཅོད་པ་ནི་"སྒྲིག་ལམ་"གྱི་ཐ་སྙད་དང་གྲིབ་མ་བཞིན་འགྲོགས་ནས་ཡོད་པ་སྨྲོས་མ་དགོས་པར་ཀུན་གྱིས་ཤེས་པར་རིག དེ་བས་དེང་སང་གི་དགོན་སྡེའི་རིག་གནས་ཀྱི་སྣང་ཚུལ་ནི་དབེན་གནས་ཀྱི་ཁོར་ཡུག་ནས་སྟོན་པ་ཤཱཀྱས་མཛུབ་སྟོན་གྱི་ལམ་ཁར་མཐའ་གཅིག་ཏུ་གཞོལ་ཏེ་སྒྲུབ་སྦྱོང་སྣ་ཚོགས་ཀྱིས་འཇིག་རྟེན་ཕ་རོལ་དེ་རོལ་བྱ་ལས་འདས་ཏེ།དགོན་སྡེ་ནང་ཕན་ཚུན་བཀག་སྡོམ་རང་བཞིན་གྱིས་འགྲོ་བ་མིའི་ཁེ་དབང་འཕྲོག་པའི་སྒེར་གཅོད་རང་བཞིན་དང་།ཕྱི་བྱ་འགུལ་སྣ་ཚོགས་སྤེལ་བར་འབད་པ་དེ་དང་མཉམ་དུ་"རྟ་འདྲོགས་རྗེས་སུ་བང་འདྲོགས་"ཟེར་བ་བཞིན་འུར་གྱིས་སྤུར་ནས་སྤྱི་ཚོགས་དང་བསྲེས་པའི་སྣང་ཚུལ་དག་ནི་དེང་སང་གི་དགོན་སྡེའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་བསྒྱུར་བའི་གོམ་ཁ་རེད། སྔ་མ་ནི་དགོན་སྡེ་ནང་གི་སྒེར་སྡོམ་རིང་ལུགས་ཀྱིས་བཀའ་འབེབས་རང་བཞིན་གྱིས་བསླངས་པའི་དོན་དག་ཅིག་ཡིན་ལ།འཇིག་རྟེན་དོན་དུ་གཉེར་མཁན་གྱི་སྐྱ་བོ་ང་ཚོས་དེ་ནི་དུངས་ཞེན་དང་མི་རིགས་རིང་ལུགས་ཀྱི་ངོས་ནས་དེ་དག་བཅོས་བསྒྱུར་ལ་རེ་བའི་སྙན་ཞུ་འབུལ་ལོས་ཆོག་མོད།སྒེར་བྱེ་བྲག་ལ་བབ་ན།ལམ་ཕྱོགས་དང་དམིགས་འདུན།ལངས་ཕྱོགས་སོགས་རྦད་དེ་ཁ་ཁར་ཡོད་པས་དེ་སྙན་ཞུ་ཙམ་དང་རེ་བའི་ཚིག་ལས་གང་ཡང་རྨོ་ཐོགས་དཀའ་ཡང་།སྒེར་སྡོམ་རིང་ལུགས་ཀྱིས་སྲུང་བྱ་མང་པོ་བཅས་པས་གྲྭ་བ་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་བརྒྱ་སྡེའི་མིག་དང་སྟོང་སྡེའི་ཁ་རེད། ཕྱི་མ་ནི་མི་གསོན་གསོན་ལ་ཟ་བས་ལག་དམར་ཚ་བོའི་སྒྲུབ་ལུགས་རེད།སྤྱིར་ཆོས་ལུགས་དར་སྤེལ་བཏང་བའི་རང་དབང་ཆོས་ལུགས་པར་ངེས་ངེས་ཡོད་ཡོད་རེད་མོད།འོན་ཀྱང་ལུགས་མཐུན་གྱི་ཆོས་ལུགས་སྤེལ་ཚུལ་ནི་འཇིག་རྟེན་པའི་མི་ལ་ལྷན་སྐྱེས་སུ་ཡོད་པའི་དགའ་སྐྱོ་ཆགས་སྡང་དག་ཐད་ཀར་གཞོམ་ཞིག་ཏུ་མི་གཏོང་བར་ཆོས་ཀྱི་དགོངས་བ་དངོས་ཏེ་བཤད་པ་ཙམ་ལས་སྲུང་བྱ་རུ་བསྒྱུར་ནས་སྒྲིག་ལམ་དང་ལམ་ལུགས་མང་པོ་བཅས་པ་དེ་ནི་མི་གསོད་ཀྱི་ལག་ཆ་བསྒྲིགས་པ་རེད། མི་ལ་མིའི་ཁེ་དབང་དང་ཐོབ་ཐང་མ་སྤྲད་པར་འཕྲོག་ན་མི་གང་དེ་བསད་པ་བཞིན།དོན་དུ་མི་གསོད་མིན་དེའང་མིའི་ཐོབ་ཐང་དང་ཁེ་དབང་གི་ཐོག་ནས་འཇོག་དགོས།འཇིག་རྟེན་པར་འཇིག་རྟེན་དོན་དུ་གཉེར་བ་བདེ་སྐྱིད་དུ་འདོད་པའི་ཐོབ་ཐང་བཀག་པ་དང་ཆོས་ལུགས་པར་འཇིག་རྟེན་ཕ་རོལ་བསྙེག་པའི་ཐོབ་ཐང་ལས་བརྒལ་ཏེ་དཔོན་པོ་ལྟ་བུའི་ཐོབ་ཐང་སྟེར་བས་ཉག་ཉོག་བསྲེས་པ་དེ་ཆོས་འཇིག་རྟེན་གཉིས་སུ་ཕངས་པའི་རྒྱུ་ངོ་མ་དེའོ།དེ་བས་འཇིག་རྟེན་པས་འཇིག་རྟེན་སྐྱ་བོའི་ཐོབ་ཐང་རྩོད་པའི་ཁེ་དབང་ཡོད་པ་གཞིར་བཞག་ཐོག་ད་ནི་ཐོབ་ཐང་ལ་བདག་པོ་བརྒྱག་པའམ་རྩོད་པའི་ལམ་ཁར་ཞུགས་ནས་ཅིས་ཀྱང་རང་ཉིད་ལ་ལུགས་མཐུན་དུ་དབང་བའི་ཐོབ་ཐང་དང་ཁེ་དབང་དག་མངའ་བར་བྱེད་དགོས་པས་དཔོན་པོའི་རིང་ལུགས་མངའ་བའི་ཆོས་དཔོན་ཚོས་ཆེ་ཆེ་རྫིག་རྫིག་གིས་བཀའ་ལུང་ཅི་རུང་བཀའ་འབེབས་ལ་ད་ནི་གྱེས་བརྡ་བཏང་ནས་རང་སྒེར་གྱི་ལམ་ལ་བུད་ན་འགྲིག གཞན་འཇིག་རྟེན་འཁོར་བ་སྲོག་ཏུ་བཅས་པའི་འ་ཅག་གིས་དགོན་སྡེའི་རིག་གནས་རེ་རེ་བཞིན་བརྟོལ་ཏེ་འབྲི་བའམ་དེ་རིང་གི་བྱས་ཉེས་ཡོད་ཚད་སང་ཉིན་གྱི་དགེ་སྒྲུབ་ཀྱིས་གཞལ་བར་འདོད་པའི་འདུལ་ཁྲིམས་ཀྱི་གསང་རྒྱ་མང་པོ་བརྟོལ་ནས་ཕར་ཕྱིན་དང་དབུ་མ་ལ་སོགས་ཀྱི་ཁ་ཕྱོགས་རེ་རེ་བཞིན་གླེང་དགོས་མེད་ལ།གླེང་ཡང་ཐུབ་མི་སྲིད་ལ།གླེང་ཐུབ་དགོས་པའི་ངེས་པའང་རྦད་དེ་མེད།དེ་བས་མི་བུ་སྲོག་རྐང་ཡིན་པའི་འཇིག་རྟེན་པའི་སྒེར་ལ་དབང་བའི་སྒེར་ལམ་དང་སྒེར་གཤིས་དེ་མི་བུ་ཐབས་སུ་ལྟ་བའི་འཇིག་རྟེན་ཕ་རོལ་བའི་གཏུམ་སྤྱོད་རིང་ལུགས་ལ་མཐའ་གཅིག་དུ་རྒོལ་བ་བརྩམ་ན་ད་གཟོད་འཇིག་རྟེན་གྱི་ཕུན་ཚོགས་དོན་དུ་གཉེར་བའི་ཁེ་དབང་དང་ཐོབ་ཐང་།མ་ཟད་དེ་བརྩོན་པའི་སེམས་རྒྱ་ལྷོད་ཡངས་སུ་བཏང་སྟེ་སྒེར་ལམ་བསྙེག་ན་ད་བཟོད་འཇིག་རྟེན་པས་རང་ངོས་ཟིན་པའི་བརྡ་རྟགས་དང་སྔོན་འགྲོའི་སྟ་གོན་ཙམ་མ་ཡིན་ནམ། *འདི་ནི་གདོད་མའི་ཆོས་ལུགས་དེ་ལས་ཅུང་བརྒལ་བའི་དམངས་ཁྲོད་དུ་གོམས་ལོབས་སུ་སོང་བའི་ཆོས་ལུགས་སུ་ཙམ། ༢༠༡༤/༤/༡༡ཉིན། སྐྱ་བོའི་མིག་ལམ་གྱི་དགོན་སྡེའི་རིག་གནས་སྣང་ཚུལ། ལྐོག་མདའ། ལོ་རྒན་པ་དང་རིག་གནས་ཏོག་ཙམ་ཤེས་པ་ལ་དགེ་རྒན་གྱི་མཚན་མི་སྦྱར་པར་རིག་གནས་དང་ལྷག་བསམ་སྔོན་དུ་སོང་བའི་སྟེང་སློབ་མའི་སེམས་ཁམས་ལ་རྒྱུས་ལོན་དགོས་པ་ནི་དགེ་རྒན་གྱི་ཆེས་མ་མཐའི་ཆ་རྐྱེན་དུ་འདོད།སྤྱིར་བཏང་འཇིག་རྟེན་པའམ་སྐྱ་བོ་ཞིག་གིས་དགོན་སྡེའི་བྱ་བ་བྱེད་སྟངས་ལ་ཁ་ལག་བསྲིངས་རྒྱུ་ནི་དེ་འདྲའི་འོས་འཚམས་ཤིག་མིན་མོད།ཡིན་ནའང་དུས་དང་སྐལ་བ་ཞིག་གིས་མི་རིགས་གཅིག་གི་ཚེ་སྲོག་ལ་བདག་པོ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་སྐད་ཆ་འགའ་ཡིག་ཐོག་ཏུ་ཕབ་པ་ཡིན།ཏག་ཏག་ཉིན་ཁ་ཤས་ཀྱི་སྔོན་ལ་ལན་གྲུ་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ནས་ཨ་མདོ་རྔ་བ་ནས་ཡིན་པའི་གྲྭ་བ་འགར་སྐད་འཕྲིན་གྱི་ལམ་ནས་དགོན་སྡེའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཏོང་སྟངས་སྐོར་གྱི་ཁ་བརྡ་མང་དག་ཅིག་ལབ་གླེང་བྱས་པ་ཡིན།སོ་སོའི་རང་རང་ས་ནས་མང་པོ་མང་པོ་ཞིག་གླེང་རྗེས་མཐུན་ཕྱོགས་ཟེར་ན་འདྲ་མང་ཁ་འཁྱེར་ཕྱོགས་ཅིག་གམ་སྡུག་མེ་མུག་མེ་འདོན་ཡོང་ས་ཞིག་ཡོད་པ་ནི་དགོན་སྡེའི་སློབ་གསོ་དང་སློབ་སྦྱོང་གི་ཁོར་ཡུག།ད་དུང་དགེ་རྒན་སོ་སོའི་དཔེ་ཁྲིད་ཀྱི་རྣམ་འགྱུར་སོགས་རེད།སྐབས་དེར་ངས་ཀྱང་ཁོང་རྣམ་པར་འདི་འདྲའི་དྲི་བ་ཞིག་བཏོན་མྱོང་།༼སྔོན་ཆད་ཡིན་ན་འདྲ།ད་བར་ཡིན་ནའང་འདྲ།གྲྭ་ཕྲུག་རྣམས་དུས་ཀུན་ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་རང་གི་དགེ་རྒན་མདུན་དུ་སློབ་སྦྱོང་ལ་འགྲོ་གིན་འདུག།ངོས་ནས་བལྟས་ཚོད་ལ་འདི་ནི་ཕྱི་ཚུལ་གྱིས་དགེ་རྒན་ཞིག་གི་མདུན་དུ་འགྲོ་བཞིན་ཡོད་པ་ལས་དོན་ལ་རང་གིས་རང་སྦྱོང་བྱས་པ་ལས་ཁྱད་པར་མི་འདུག་འདོད་ཐལ།ཅི་ཞེ་ན།དགེ་རྒན་སུ་ཞིག་གིས་བསླབ་གཞིའི་ནང་དོན་བཤད་མྱོང་།སུ་ཞིག་གིས་སློབ་ཁྲིད་བྱས་ནས་འཆད་འགྲེལ་དང་ཟིན་བྲིས་སོགས་བཏབས་མྱོང་།ཕལ་ཆེར་མེད་ཚོད་རེད།༼འདི་ནས་ཁ་གསལ་དགོས་ས་ཞིག་ཡོད་པ་ནི་ད་བར་གནང་ཁ་ང་ཚོའི་མིག་མདུན་ན་དར་བཞིན་པའི་སློབ་གླེང་དག་བཤད་ཀྱིན་མེད།འོ་ན་གང་ཡིན་ཟེར་ན་སྐལ་བ་སྟོང་ཕྲག་སྔོན་ནས་བརྒྱུད་ཡོང་བའི་འདོན་པ་བསླབ་ཚུལ།དཔེར་ན་སྐྱབས་འགྲོ་ལྟ་བུ་སོགས་གྲྭ་ཕྲུག་རྣམས་ཀྱིས་དང་པོར་སློབ་པའི་སྐབས་སུ་དགེ་རྒན་སུ་ཞིག་གིས་ནང་དོན་བཤད་ནས་འཆད་འགྲེལ་བྱས་སྟེ་ཟིན་བྲིས་བཏབས་མྱོང་ཟེར་གྱིན་ཡོད།༽དེ་འདྲ་རང་ཡིན་ས་ཨེ་རེད།༽ཁོང་རྣམ་པས་ང་ལ་ཡང་ལན་འདི་ལྟར་འདེབས་ཡོང་གི༼ང་ཚོའི་སྐབས་ཀྱི་དགེ་རྒན་རྣམ་པའི་ནང་འཆད་མཁན་དང་ཁྲིད་མཁན་གཅིག་ཀྱང་མེད་པར་མ་ཟད།ཉིན་རྒྱུན་གྱི་བློ་འཛིན་བྱེད་པའི་སྐབས་སུ་ཁོ་ཚོའི་སེམས་ཁམས་དང་བསྟུན་ཤེས་བྱེད་དགོས་པ་རེད།གལ་སྲིད་བསྟུན་ཤེས་མ་བྱས་ཚེ་གཅར་རྡུང་སྐོར་གསུམ་བྱས་ནས་ལག་པ་འཕུ་ཐུང་ལས་མི་ལོན་པ་རེ་བྱས་མྱོང་།སྐབས་དེར་གཅར་རྡུང་གི་ན་ཟུག་ལ་བསྲན་མ་ཐུབ་པར་ཀུན་ཕན་(去痛片)ཡང་མང་པོ་འཐུང་མྱོང་།༽སོགས་སྐྱུགས་བྲོ་བའི་སྣང་ཚུལ་མང་བོ་བཤད་རྒྱུ་ཡོད། སྤྱིར་དགའ་སྐྱོ་ཆགས་སྡང་གིས་གྲུབ་པའི་མྱི་བུ་རེ་རེ་ལ་ཡང་བསམ་ཚུལ་རེ་རེ་དང་འདོད་བློ་རེ་རེ།བྱ་སྤྱོད་རེ་རེ་ཡོད་པའི་གོང་གི་དྲྭ་གྲོགས་ཚོའི་སྐད་ཆ་མཐའ་གཅིག་ཏུ་བདེན་པ་དང་གནས་ལུགས་ཀྱིས་ཕྱུག་པ་ཞིག་ཏུ་བརྩི་དཀའ་མོད།ཡིན་ནའང་སྐད་ཆ་དེ་སྐད་ཆ་ཙམ་དུ་མ་བཞག་པར་དེ་དང་འབྲེལ་ཡོད་ཀྱི་རང་གི་ཁ་ཉེ་ཐག་ཉེ་ན་ཡོད་པའི་གནས་ཚུལ་རེ་འགའ་ཞིག་ལ་བསམ་བློ་བཏང་བ་ཡིན་ན།ཉེ་བའི་ལོ་ཁ་ཤས་ཀྱི་ཡར་སྔོན་རང་གི་ཚོ་ལུ་ཆུང་ཆུང་གན་གི་ནང་ལོ་གཅིག་ལ་གྲྭ་བ་སུམ་ཅུར་ཉེ་བ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་སྐྱ་སར་བབས་ཡོང་།སྐྱ་སར་བབས་པ་དེ་ཡང་དམིགས་ཡུལ་དང་ཁ་ཕྱོགས།ཕུགས་བསམ་ཡོད་པ་ཞིག་མ་ཡིན་པར་སྤྱི་ཚོགས་ཀྱི་གད་སྙིགས་སུ་འགྱུར་གྱིན་འདུགཕ་མ་དང་ཡུལ་མི་མང་བོ་ཞིག་གི་བློ་ངོར་ཁོ་བ་ཅག་ནི་འདོད་ཆགས་ཀྱིས་མགོ་བོ་མ་ནོན་པར་ལོག་འོངས་པ་ཏག་ཏག་རེད་འདོད་པའི་མྱི་རྩིས་སམ་གདེང་འཇོག་དམན་པོར་བྱེད་བཞིན་འདུག དེ་བས་དྲྭ་གྲོགས་རྣམ་པའི་སྐད་ཆ་དང་རང་གིས་གོ་མྱོང་ཐོས་མྱོང་ཡོད་པའི་སྐད་ཆ་སོགས་ཕྱོགས་གཅིག་ཏུ་སྒྲིལ་ཏེ་བག་ཆགས་རྔམ་འཐུག་གི་རྩག་པ་དྲོན་མོ་རེ་ཞིག་རིང་སར་བཞག་ནས་རང་ཚོད་ཀྱིས་ཕྱོགས་སུ་མ་ལྷུང་བའི་བསམ་བློ་ཏིག་ཏིག་ཅིག་བཏང་ཡོང་ན། འདི་ནི་གནད་དོན་ཞིག་ལོས་ཡིན་འདོད་པའི་སྲིབས་ཀ་གཅིག་གཉིས་རེ་ཀླད་རྩར་འཁོར་རྒྱུ་འདུག།དེ་གང་ཡིན་ཟེར་ན་ལོག་ཡོང་བའི་མི་མགོ་སུམ་ཅུར་ཉེ་བ་དེའི་ནང་ལོ་ན་བཞི་བཅུར་ཐོན་པ་དང་སུམ་ཅུའི་སྟོད་ན་ཡོད་པ་སོགས་ཚུད་ཡོད། སྤྱིར་ད་བར་གྱི་སྤྱི་ཚོགས་འཚོ་བའི་ནང་ངམ་བདག་གི་ཕ་ཡུལ་དུ་དམིགས་གསལ་གྱིས་བྱ་བ་རེ་ཡོད་ན་མ་གཏོགས་ལོ་ན་ཉི་ཤུ་ལོན་མ་ལོན་གྱི་མཚམས་ཤིག་ནས་གཉེན་སྒྲིག་བྱས་ནས་འཁོར་བའི་དོན་ལ་ཤི་འཐམ་རོ་འཐམ་རྒྱག་པ་ནི་ཡོངས་ཁྱབ་ཀྱི་ཆོས་ཉིད་ཅིག་ཏུ་ཆགས་འདུག་ཡོད།འོ་ན་དེ་དག་ཤེས་བཞིན་དུ་མྱི་རྒན་དེ་འདྲ་ཅིག་གློ་བུར་དུ་འཁོར་བར་ལྡིང་ཡོང་བ་བསམ་གཟས་ནས་སྐྱིད་ཀྱིས་སྡུག་ཉོས་མར་གྱིས་ཚིལ་ཉོས་པ་མ་ཡིན་ནམ།ཡིན་ན་ཡང་ལམ་ཀ་དེ་བདམས་ཟིན།ཡང་ཕྱོགས་གཞན་ཞིག་ནས་བཤད་ན་གཅར་རྡུང་སྐོར་གསུམ་གྱིས་སློབ་གསོ་སྤེལ་སྟངས་དང་རིག་གནས་ངོ་སྤྲོད་ཚུལ་ཀྱི་སྟེང་ནས་སློབ་མ་ཚོའི་དགའ་ཁ་འཁྱེར་ཕྱོགས་ལ་རང་བཞིན་གྱིས་ནག་ཐིག་ཕབས་ཡོད་པ་མ་ཟད།དགེ་རྒན་དང་སློབ་མའི་འབྲེལ་བ་སློབ་མ་དང་དཔེ་ཆའི་འབྲེལ་བ།སློབ་མ་དང་ཁོར་ཡུག་སོགས་ཀྱི་བར་ན་ངང་ངམ་ཤུགས་ཀྱིས་སུན་སྣང་གི་ཚོར་བ་སྐྱུར་བོ་ཞིག་སྐྱེས་ཡོང་བ་གདོན་མི་ཟ།དེ་བས་ད་བར་གྱི་ན་གཞོན་པའམ་གཞོན་རབས་པ་སུ་ཞིག་དེ་འདྲའི་བྲན་གཤིས་ཀྱི་ཟློས་གར་ལ་དགའ་སྲིད།གཏན་ནས་མི་སྲིད་དོ།། གོང་གི་གནད་དོན་དེ་ཟུར་ཁ་གཅིག་ནས་བཤད་ན་དགོན་སྡེ་གཅིག་གམ་ཡུལ་སྡེ་གཅིག་གི་གནས་ཚུལ་ཙམ་ཡིན་ན་ཡང་དེ་དག་དགོན་སྡེ་གཞན་ལ་ཡང་མེད་པའི་ངེས་པ་གཏན་ནས་མེད་དོ།།བོད་ཡུལ་ལུང་པའི་ས་སྟེང་ནས་དགོན་སྡེ་དང་གྲྭ་བ་ནི་ཆེས་མཐོའི་གོ་ཐོབ་ཡོད་པའི་ཚོགས་སྤྱི་ཞིག་ཡིན་པའི་རྒྱུ་མཚན་གྱིས་དེ་ལ་སྐྱོན་བརྗོད་དང་བསམ་འཆར་སོགས་བཏོན་ཚེ་མ་རུང་བ་དང་མི་འགྲིག་པ།གདོན་དུ་འཛིན་པ་ནི་ཡུལ་མི་ཚོས་རིག་གནས་པའི་སྡེ་ལ་སྐར་མ་རྒྱག་སྟངས་ཤིག་རེད་ཟེར་ན་མི་ཆོག་རྒྱུ་མེད།ཡིན་ནའང་གནད་དོན་ཆེ་མ་ཆུང་གསུམ་གང་ཞིག་ཡིན་ཡང་ཆུང་ས་ནས་མགོ་བརྩམས་ཏེ་དམའ་ས་ནས་མཐོ་སར་འགྲོ་དགོས་པའི་ཆོས་ཉིད་ལྟར་དུ་མ་གཞི་ནས་མི་བུ་སྐྱེད་སྲིང་བྱེད་པའི་ཁོར་ཡུག་ཅིག་ཡིན་པའི་ངོས་ནས་བསམ་ཚུལ་ལམ་བསམ་འཆར་མང་དུ་འདོན་པ་ནི་འཕེལ་རྒྱས་ཀྱི་རྨང་རྐང་དུ་ལྟ་དགོས་པ་ཞིག་རེད།དེ་མིན་ནམ་ནམ་ཞར་ཞར་བཟང་ངོ་རྒྱན་ནོ་སོགས་ཀྱི་ཆོ་ལོ་བསྩལ་རྒྱུ་ནི་དེ་འདྲའི་གལ་ཆེན་དུ་མ་མཐོང་ཐལ།དེ་བས་གནད་དོན་ཐད་བསམ་གཞིག་གི་བར་སྟོང་རེ་སྟེར་ཐུབ་ཚེ་ཡུལ་མི་ཚོའི་སྐར་གྲངས་མེད་ཀྱང་ཆོག་གཡང་གཅིག་བཤད་ན་གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁར་འཕྲོ་ཟེར་བ་ལྟར་དགེ་མཚན་ལྡན་པ་ཞིག་དང་དོན་སྙིང་ཡོད་པའི་བྱ་བ་ཞིག་ཡིན་ཚེ་དེ་ནི་རང་བཞིན་གྱིས་སུས་ཀྱང་བཀག་འགོག་མི་ཐུབ་པར་འབུར་ཚིགས་ཀྱིས་འགྲེངས་ཡོང་བ་དུས་ཚོད་དང་ཆོས་ཉིད་ཀྱིས་དཀར་འདོན་བྱེད་ཡོང་བ་ཞིག་རེད། བརྒྱ་བཤད་ཚིག་གི་རྩ་བ་སྟོང་སྲིབས་འོ་མའི་མར་ལོ་ཚིག་བརྒྱ་མདོར་དྲུད་ནས་བཤད་ན།དགོན་སྡེའི་སློབ་གསོའི་གནད་ཆེ་ས་དང་ཟབ་ས་དེ་སློབ་མའི་སྟེང་དུ་ཡོད་པ་མ་ཟད་དགེ་རྒན་གྱི་སྟེང་དུ་ཆེས་ཆེར་ཡོད་ཀི་སྙམ།གྲྭ་ཕྲུག་རྣམས་ལ་མ་གཞི་ནས་རིག་གནས་ཆུ་ཚད་ཧ་ཅང་ཞན་པའི་སྟེང་དགེ་རྒན་སོ་སོའི་བློ་ངོར་ཡང་སྐབས་སུ་བབས་པའི་ཁྲིད་བྱའི་དོན་མག་མོག་རབ་རིབ་ཡིན་པ་དང་ལོ་རྒྱུས་རྒྱབ་ལྗོངས་ཀྱིས་དེ་བས་སྟོང་བས་སོ།། འོ་དེ་འདྲ་ཞིག་ཡིན་སོང་ན་མི་རིགས་ཀྱི་ཚེ་སྲོག་ནི་སྐད་དང་ཡི་གེ་ལ་ཐུག་འདུག་ཞེས་མང་མང་ཞིག་གི་ཁ་ན་ཡོད་ལ་གནས་ལུགས་ལྡན་པའི་སྐད་ཆ་ཞིག་ཀྱང་རེད།དེ་བས་མི་རིགས་ལ་བདག་པོ་རྒྱག་རྒྱུ་ནི་བོད་མི་རེ་རེའི་སྟེང་དུ་བབས་པའི་འགན་འཁྲི་ཞིག་ཡིན་པས་དགོན་པ་དག་ཀྱང་ལོགས་སུ་བགར་རྒྱུ་གཏན་ནས་ཡོད་ས་མ་རེད།རྒྱུ་མཚན་དེའི་དབང་གིས་བོད་ཡིག་ལ་ཁ་མིན་སེམས་གཏིང་ནས་བདག་པོ་རྒྱག་དགོས་པ་དང་བདག་པོ་བརྒྱབ་ནའང་ངག་སྐྱོར་ཙམ་མ་ཡིན་པར་རང་གི་བརྡ་སྤྲོད་དང་མཐུན་པའི་འབྲི་ཀློག་སྦྱང་རྒྱུ་ཡང་ཧ་ཅང་ནས་གལ་ཆེན་ནང་གི་འགངས་ཆེན་རེད།གལ་སྲིད་དངོས་གནས་དྲང་གནས་ལམ་ཁ་དེ་དང་བོད་ཡིག་ལ་བདག་པོ་རྒྱག་འདོད་ཚེ་དང་པོར་སློབ་གསོ་མཁན་དང་སློབ་ཁྲིད་བྱེད་མཁན་དག་གིས་རང་ཉིད་ལ་ཏན་ཏན་འགྱུར་བ་བཟོ་དགོས་ངེས་རེད་འདོད་ཡོད། ༢༠༡༤ལོའི་ཟླ༤བའི་ཚེས་༩དགོང་མོར་རང་ཤག་ནས་བྲིས་པ་དགེའོ།། སྐྱ་བོའི་འཇིག་རྟེན་ནས་གྱེས་པར་བྱོས། སྲབ། ང་རང་གིས་དགོན་སྡེའི་སློབ་གསོའི་ཐད་ལ་སྐད་ཆ་དང་བསམ་གཞིགས་གཏོང་དོན་ནི།དགོན་སྡེ་ནང་ཁུལ་གྱི་སྒྲིག་འཛུགས་དང་སློབ་གསོའི་ཁ་ཕྱོགས་ལ་སེམས་ཁུར་བྱེད་པ་མིན་ལ་དེ་ནི་སེམས་ཁུར་ལྷག་མ་ཞིག་ཀྱང་རེད་བསམ།ཡིན་ངོ་མ་ནི་དགོན་སྡེའི་སློབ་གསོ་དེ་དགོན་སྡེ་ཁོ་ནས་སློབ་གསོ་ཞིག་ཏུ་འགྱུར་གྱིན་མེད་པར་སྐྱ་བོའི་འཇིག་རྟེན་ལ་སིམ་འཛུལ་དང་།སྐྱ་བོའི་འཇིག་རྟེན་ལ་བཀའ་ལུང་སྒྲོག་མཁན་ཞིག་ཏུ་འགྱུར་བཞིན་པ་དེ་རེད།སྤྱིར་ང་ཚོ་ལ་དགོས་པ་དང་མཁོ་གལ་ཡོད་ན་ལག་ཆ་ཞིག་གི་དོད་དུ་དང་ལེན་བྱེད་ཆོག་མོད།འོན་ཏེ་ང་ཚོ་ལ་བཀའ་ལུང་སྒྲོག་མཁན་ཞིག་ཡེ་ནས་དགོས་དོན་མེད་ལ།བཀའ་ལུང་སྒྲོག་འདོད་ཀྱི་ཀུན་སློང་དེ་ཡང་ཡོད་ཚད་རང་ཉིད་ཁོ་ན་ལྟ་བུའི་ཁ་དོག་གཅིག་ཅན་དང་རིག་གནས་སྣ་གཅིག་ཅན་དུ་གཏོང་འདོད་པ་ཅིས་མ་ཡིན། ད་ལྟའི་དུས་སུ་བོད་ཡུལ་ལུང་པའི་གཙོ་རྒྱུགས་སློབ་གསོ་ནི་དགོན་སྡེའི་སློབ་གསོ་ཆགས་བཞིན་པའི་སྣང་ཚུལ་གདའ་ལ།དེ་ནི་ཞྭ་དཔེ་ལྷམ་འགེབ་ལྟར་ཆེས་མ་འོས་པ་ཞིག་ཏུ་སེམས་ཡོད།འཇིག་རྟེན་སྤང་བར་སྐུལ་བའི་སློབ་གསོ་དེ་འཇིག་རྟེན་སྐྱོང་མཁན་གྱི་བརླན་སར་རྨོ་འདེབས་བྱེད་པ་ནི་གླེན་རྟགས་ཨ་ཙ་མ་ཞིག་མ་ཡིན་ནམ།དེ་ལས་ཀྱང་སྐྱི་གཡའ་བ་ཞིག་ནི་ཁོ་ཚོས་མང་ཚོགས་ཀྱི་དད་པ་དང་དག་སྣང་འདི་དག་བེད་སྤྱད་ནས།ཁོ་ཚོ་བཀའ་ལུང་སྒྲོག་མཁན་ཞིག་དང་མང་ཚོགས་བཀའ་དང་ལེན་བྱེད་མཁན་ཞིག་གི་དོད་ཀྱིས།ཁོ་ཚོའི་བཀའ་ལུང་ནི་ཡང་དག་དང་གཞན་གནས་ལུགས་དང་རྒྱུ་མཚན་ཅི་ཞིག་ཡོད་ཀྱང་དང་ལེན་བྱེད་མི་རིག་ཅེས་སྒོ་རྒྱག་རིང་ལུགས་པའི་སློབ་གསོའི་བཀའ་ལུང་ཐལ་བཞིན་པ་དེའོ།། དེས་ནི་མང་ཚོགས་ཀྱི་རེ་དོགས་དང་རང་མོས་རང་འདོད་ཀྱི་འཁྱེར་སོ།མཛེས་དཔྱོད་ཀྱི་མིག་ཟུང་།དཀྱེལ་ཡངས་ཀྱི་བསམ་བློ་སོགས་ཡོད་ཚད་ཀྱི་ཡོད་ཚད་སྒོ་བརྒྱབ་ཡོད་པ་རེད།དོན་ལ་མི་ཞིག་གི་སྐྱེས་ཐོབ་ཀྱི་དབང་ཆ་ཡོད་ཚད་ཀྱང་བཅད་གཏུབ་གཞོག་གསུམ་གྱིས་མེད་བརླགས་བྱས་ཡོད་པ་ཡིན། ཉེ་ལམ་གླེང་བྱ་གཙོ་བོར་ཞིག་ཏུ་གྱུར་ཡོད་པའི་ཡོངས་ཁྱབ་རིན་ཐང་གི་ངོས་ནས་ཚད་འཇལ་གནང་ན་ཡང་ཁོ་ཚོ་ནི་མི་དམངས་ཀྱི་རྩིས་ཐང་དང་རིན་ཐང་གི་ལྟ་ཚུལ་ལ་རྡོག་རོལ་གཏོང་མཁན་གྱི་གཙོ་གྲས་ཀྱི་རིགས་ཡིན་པ་བསྙོན་དུ་མེད།ལོ་རྒྱུས་འཕེལ་རྒྱས་ཀྱི་ངོས་ཐད་ནས་ཀྱང་ནག་ཉེས་ཅན་གྱི་གྲས་སུ་འཇོག་འོས་ཏེ།ལོ་རྒྱུས་འཕེལ་རྒྱས་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཉག་གཅིག་ནི་རེ་དོགས་ཀྱི་འཛིན་ལ་དེ་རེད་ལ།ཁོ་ཚོས་རྒོལ་ས་ཉག་གཅིག་ཀྱང་རེ་དོགས་ཀྱི་བསམ་བློ་དེ་ཉིད་ཡིན་པས་ཧ་ཅང་ནས་སྟབས་ཁེལ་བ་ཞིག་ཡིན།དེར་བརྟེན་དགོན་སྡེའི་སློབ་གསོ་ནི་དགོན་སྡེ་ནས་གནས་དགོས་པ་ཞིག་ལས།སྐྱ་བོའི་འཇིག་རྟེན་ལ་སིམ་འཛུལ་བྱེད་པ་དང་བཀའ་ལུང་གསེར་ཞིན་མའི་སྦྱོར་བ་དེ་ཉིད་མཚམས་འཇོག་པར་གྱིས་ཞེས་གླེང་འདོད་པ་ཡིན།རྣ་ཡས་འོན་པ་དང་མིག་ཡས་ཞ་རའི་བརྟུལ་ཞུགས་ཏེ་གཏན་ནས་འཛིན་ཐབས་མེད་པས།ང་ཚོས་ང་ཚོའི་འཚོ་གནས་ལ་བདག་རྒྱག་ཏུ་འོང་བ་ཡིན་ལ་མི་དམངས་མང་ཚོགས་ཀྱི་མགྲིན་ཚབ་བྱས་ནས་ཡོད་འོས་པ་དང་།ཁྱེར་སོང་བ་དག་གཅིག་གཅིག་གཉིས་གཉིས་ཀྱིས་རྩིས་རྒྱག་ཏུ་ཡོང་བ་ཡིན།ང་ཚོའི་འཚོ་གནས་ལ་ང་ཚོས་ཁ་ལོ་སྒྱུར་ཆོག་པ་ལས་ཁྱེད་ཅག་གིས་སྐུ་ངལ་བཞེས་མི་དགོས། རིག་གནས་སྒེར་སྡོམ་འོག་གི་ཆོས་པའི་ལག་པར་གྱེས་པ། རྣོ་ངར། སྤྱིར་བཏང་རིག་གནས་ཤིག་སྒེར་སྡོམ་གྱི་ལག་ཆར་གྱུར་སོང་ཚེ།རིག་གནས་དེས་བསྐྱེད་ཅིང་སྐྱོང་བའི་ཡུལ་དངོས་ཀྱི་སྣང་ཚུལ་དག་ནི་གླེན་རྨོངས་སམ་མུན་ནག་ཅིག་ཡིན་དུ་ངེས་ལ།དེ་ལས་ཀྱང་སྣང་ཚུལ་དེའི་ཁྲོད་སོན་ཞིང་འཕེལ་བའི་ཚེ་སྲོག་ཅན་དག་ནི་སྔར་བཞིན་དྲན་པ་དང་བར་ཐག་ཧ་ཅང་རིང་།ཏག་ཏག་འདི་ལྟར་གླེང་ནས་དཔྱད་ཚེ།ང་ལ་ནམ་རྒྱུན་འོ་སྐོལ་གྱི་རིག་གནས་སྣང་ཚུལ་དེས་སེམས་ངལ་ཅིག་ཡང་ཡང་སྟེར་བས་ད་ནི་སྣང་ཚུལ་འདིའི་རུལ་སུངས་དང་སྒེར་སྡོམ་གྱི་ཆ་དག་གླེང་བར་འོས་ལ།དོན་དམ་ངས་འདི་དག་གླེང་བ་ནི་ང་རང་འཚོ་གནས་འདིའི་ནང་གསེས་ཅིག་ཡིན་ཞིང་ངའི་འཚོ་གནས་ཀྱི་ཁ་སྲུབ་ལ་གས་ཁ་ཤོར་གྱིན་པ་དག་མ་གཟོད་པས་སོ།། ས་སྐྱེས་རྡོ་སྐྱེས་ཀྱི་སྐད་དུ་སངས་ཆོས་ནི་འོ་སྐོལ་གྱི་གཙོ་རྒྱུགས་རིག་གནས་ཤིག་ཏུ་འདོད་ཀྱིན་ཡོད་ལ།དཔྱད་ཅིང་བལྟས་ཚེ་ཡང་དེ་ལྟར་ཡིན་པས་འཚོ་གནས་འདིའི་ཕྱི་ནང་བར་གསུམ་གྱི་རྐྱེན་དང་འགལ་བ་དག་གླེང་དགོས་ཚེ།ང་ཚོའི་འཚོ་གནས་འདི་ཡུན་རིང་གཅུན་དུ་སྡོམ་བྱེད་ཀྱི་རིག་གནས་འདི་དག་མི་གླེང་མཐུ་མེད་ཅིག་ཡིན་པ་ཞར་ནས་ཤེས།མ་ཟད་རིག་གནས་རང་སྟེང་གི་ངོ་བོར་ཡང་མི་བལྟ་མཐུ་མེད་དུ་གྲུབ། སྤྱིར་བཏང་སངས་ཆོས་ནི་བོད་པའི་འཚོ་གནས་ཀྱི་སྡིངས་སུ་སིམ་ཞིང་འཛུལ་ནས་ལོ་ངོ་མང་པོ་མང་པོ་ཞིག་འགོར་ལ།མཐར་བོད་པའི་འཚོ་གནས་ཀྱི་རྣམ་ཤེས་དང་བླ་སྲོག་བྱས་ནས་ཀྱང་ཡུན་རིང་འགོར།དེ་བཞིན་སངས་ཆོས་ནི་རྒྱ་གར་ནས་དར་ཞིང་ཕྱི་རོལ་མུ་སྟེགས་པ་དང་རྒྱང་འཕེན་སོགས་དང་མི་འདྲ་བའི་རིག་གནས་ཤིག་ཡིན་ལ།རིག་གནས་རང་སྟེང་ནས་ཀྱང་མྱིའི་གཞི་རྩའི་དགའ་སྐྱོ་ཆགས་སྡང་དག་དོར་བ་བྱས་ཏེ་འཚེ་བ་མེད་པའི་ལམ་དུ་བུད་ཅིང་མཐར་ཕྱི་མ་དང་མཐར་ཐུག་ཅེས་མིའི་སྤྱི་ཚོགས་དང་ལོགས་སུ་གྱེས་དགོས་པའི་གཏན་ཚིགས་ཤིག་འགོད་ཀྱིན་ཡོད་པས།རིག་གནས་འདིའི་འཛིན་སྐྱོང་སྤེལ་གསུམ་གྱི་གཞི་འཛིན་ས་ཡང་དབེན་སིམ་ཞིག་གདམ་ཡོད་ལ་དབེམ་སིམ་སིམ་གྱི་གནས་དེར་དགོན་པ་ཞེས་བཏགས་ཡོད།རྟེན་དང་འབྲེལ་བ་དེ་འདྲ་གྲུབ་ཕྱིན་དགོན་པ་དང་དེའི་རིག་གནས་ནི་ནམ་ཡང་དབེན་སིམ་ཞིག་ཏུ་ཡོད་འོས་པ་ལས་རིག་གནས་དེ་ལག་ཆ་བྱས་ནས་རིག་གནས་གཞན་པའི་ཁྱབ་ཁོངས་དག་དོར་ཞིང་རྩ་ནས་མེད་པར་བྱས་རྗེས་ཡོད་ཚད་རིག་གནས་ཅིག་གིས་སྡོམ་པ་ནི་ནོར་འཁྲུལ་ཞིག་ཡིན་པ་མ་ཟད་མ་གཞི་རིག་གནས་དེའི་རང་སྟེང་གི་རིན་ཐང་ཡང་དོར་ཚར་བ་ཡིན་པས་དེའི་རུལ་སུངས་དང་སྒེར་སྡོམ་གྱི་ཉེས་པ་གླེང་དགོས་ཟེར་མཁན་ཚོས་རང་གི་འཚོ་བའི་བར་སྟོང་དུ་རིག་གནས་དེ་དག་རྩ་ནས་དོར་ཞིང་བཤིག་འོས་པ་ནི་ཐབས་ཤེས་ཤིག་རེད། ཉེ་བའི་ལོ་འདི་དག་ལ་ང་ཚོ་སྔར་བཞིན་དག་སྣང་དང་རྣམ་རྟོག་ལ་ཁེན་ཡོད་ཅིང་རྒྱུ་རྐྱེན་དེ་དག་གིས་ང་ཚོའི་འཚོ་ཐབས་རིག་གནས་ཀྱི་ཞིང་སར་སེར་མོ་བའི་འཚོ་སྤང་རིག་གནས་ཀྱི་དུད་སྤྲིན་འཐུག་པོར་གནས་ཤིང་ཡོད་པས།མི་བུ་སྒེར་གྱི་རིག་གནས་ཀྱི་བར་སྟོང་དག་སྔར་བཞིན་དྲན་མེད་དུ་བརྒྱལ་ཡོད་ལ།བདག་འཛིན་རིག་གནས་ཀྱི་དབུགས་ཁ་ཡང་སྔར་བཞིན་འགག་པར་གནས།དེ་བས་ད་ནས་ང་ཅག་གིས་ཟུང་འབྲེལ་དང་མཐུན་སྦྲེལ་ཞེས་རང་ཉིད་སྒྲོམ་དུ་བཅུག་བྱེད་ཀྱི་སྣང་ཚུལ་དག་ལ་གྱེས་བརྡ་གཏོང་འོས་ལ།ལན་ཆགས་ཀྱི་དྲག་ཤུགས་དག་མེད་པར་བྱེད་འོས། ལྷག་པར་ཆོས་ལུགས་ཁོ་ནས་འཇིག་རྟེན་སྐྱོང་དགོས་ཟེར་བའི་ནག་ཉེས་དག་ཐེར་འདོན་བྱེད། སྤྱིར་བཏང་སངས་ཆོས་ནི་རིག་གནས་ཤིག་ཡིན་པའི་ངོས་ནས་དེར་གནས་རིན་ཞིག་གཏན་གཏན་ཡོད་སྲིད་ན་ཡང་། འགག་ལ་ཉེ་བའི་འཚོ་གནས་སྐྱ་བོ་འདི་དང་མི་རིགས་འདི་ནི་སངས་ཆོས་ཀྱིས་སྐྱོང་མི་ནུས་པ་མིག་མཐོང་ལག་ཟིན་དུ་གྱུར། བྱེ་བྲག་ཏུ་བཤད་ན་སློབ་གསོའི་ཆ་དང་དཔལ་འབྱོར་གྱི་ཆ།འཚོ་སྡོད་ཀྱི་ཆ་སོགས་སངས་ཆོས་ཀྱིས་མི་མཁོ་དང་མི་དགོས་ཟེར་ཡོད་པ་དག་འཚོ་གནས་འདིར་མཁོ་ཞིང་དཀོན་པས་ད་ནི་རང་གི་འདོད་པ་དང་དུ་ལེན་ནས་བག་ཆགས་དེས་བསྐྲུན་པའི་དག་སྣང་གི་འཇིག་རྟེན་རྩ་དོར་བྱེད། ཆོས་ལུགས་དང་ཆོས་ལུགས་པས་འཇིག་རྟེན་པའི་འཚོ་གནས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་ཐལ་ཚིག་བསྒྲགས། དེ་བས་ཀྱང་ཆོས་ལུགས་པའི་ལག་འོག་གི་ང་ཚོའི་ཁེ་དབང་ལ་བདག་པོ་རྒྱག དགོན་སྡེའི་སྡེར་གཅོད་དང་ངོས་ཀྱི་ལངས་ཕྱོགས། --ཤེས་ཡོན་པ་དམར་གསོད་གཏོང་བ་ནི་དུས་དུས་རབས་ཤིག་འདུར་འཇུག་བྱས་པའོ། གཡུ་མིག སྒེར་གཅོད་ལ་ཕྱི་ནང་དང་ཤ་མདོག་མི་རིགས་དང་རྒྱལ་ཁབ་གང་ལའང་དབྱེ་བ་མེད་པར་ངེས་པར་དུ་རྒོལ་བ་སྤྲོད་དགོས། གནས་ཚུལ་མང་པོ་ཞིག་གི་སྐབས་སུ་འུ་ཅག་དོན་དག་ག་གེ་མོའི་མཇུག་འབྲས་ལ་ཧ་ལས་པ་དང་།ཡང་ན་དོན་དག་ག་གེ་མོ་ཞིག་གི་མཇུག་འབྲས་ལ་འཇིགས་ཡེར་ཏེ་དོན་དག་དེའི་འབྱུང་རྐྱེན་དང་གྲུབ་ཚུལ་གྱི་རྒྱུ་དང་རྐྱེན་སོགས་ལ་བསམ་ཤེས་ཡེ་ནས་གཏོང་ཐུབ་གྱིན་མི་འདུག་པས།དུས་དང་དུས་ཀུན་དུ་འཇིགས་ཡེར་བའི་དོན་དག་ཇི་སྙེད་པ་ཞིག་འབྱུང་གིན་འདུགདེའི་འབྱུང་རྐྱེན་ནི་དོན་དག་དེའི་འབྱུང་རྐྱེན་གྱི་རྒྱུ་དང་རྐྱེན་གང་ལའང་བསམ་གཞིགས་མ་བྱས་པར་ཐད་གར་དོན་དག་དེའི་མཇུག་འབྲས་ལ་ཧོར་ལྟ་བྱས་པས་རྒྱུ་མཚན་གྱིས་མ་ཡིན་གྲང་།དཔེར་ན།སྒེར་གཅོད་ཅེས་གླེང་ཡོང་དུས་མི་ཚང་མ་དེ་ལ་འཇིགས་ཤིང་དེ་ལ་སྐྲག་སྟེ་རྣམ་ཤེས་ཀྱི་རུས་རྐང་མཐའ་དག་ཧོན་འཐོར་བའི་གནས་ཚུལ་གཡེར་མོ་རེ་འབྱུང་གྱིན་ཡོད་ཅིང་།ཡང་མི་མང་པོ་ཞིག་གི་ཀུན་རྟོག་གི་ངོ་བོར་སྒེར་གཅོད་ཅེས་གླེང་ཡོང་ཚེ་དེ་ནི་ངེས་པར་དུ་སྲིད་གཞུང་ག་གེ་མོའི་ཆབ་སྲིད་ཀྱི་བྱ་སྤྱོད་ཅིག་དང་སྲིད་གཞུང་དེས་ཡུལ་སྡེའི་མངའ་དབངས་ལ་བཀོལ་བའི་བྱ་ངན་ཐབས་ཉག་གཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།བརྒྱ་ལ་དེ་ལྟར་དུ་ཡིན་སྲིད་དེ།སྒེར་གཅོད་ནི་དབང་ཡོད་གོ་ཐོབ་ཀྱིས་ཕྱུག་ཞིང་རྒྱ་འབྲས་བློ་མིག་ལྡོངས་བའི་དབང་ཆའི་ལས་ཀ་ཞིག་ཡིན་པས།དམངས་གཙོའི་སྨིན་ཚད་ཞན་པའི་རྒྱལ་ཁབ་ག་གེ་མོ་རུ་སྒེར་གཅོད་ནི་སྲིད་གཞུང་དེའི་ངོ་བོ་མཚོན་བྱེད་ཀྱི་ཆེས་སྟབས་བདེའི་ཐ་སྙད་གཟས་མོ་ཞིག་ཡིན་འདུག་མོད།ངོས་འཛིན་ཚུལ་འདི་ནི་རང་རེའི་བོད་སྤྱི་ཚོགས་ཀྱི་འདུ་ཤེས་ངོས་ཀྱི་མཚན་ཉིད་འཛིན་སྟངས་་ཆིག་རྐྱང་བ་ཞིག་ཡིན་པར་འདོད་དེ།ལྷག་པར་དུ་སྟོང་ལོ་བརྒྱད་ཀྱི་ལས་འགུལ་བྱུང་བ་ནས་བཟུང་བོད་མི་དམངས་བྱིངས་ཀྱི་སྣང་རྟོག་གི་ངོས་སུ་སྒེར་གཅོད་ལ་ངོས་འཛིན་ཚུལ་གཉིས་བྱུང་ཡོད་དེ།གཅིག་ནི་སྒེར་གཅོད་ཟེར་བ་འཇིགས་སུ་རུང་བ་ཞིག་དང་།གཉིས་ནི་སྒེར་གཅོད་ཟེར་བ་དམར་པའི་སྲིད་གཞུང་ཁོ་ནས་སྤྱོད་ཀྱིན་པའི་ཆབ་སྲིད་ཀྱི་ལས་ཀ་ཞིག་ཡིན་པ་དེའོ། ངོས་འཛིན་ཚུལ་འདི་ལས་དོན་དག་སྣ་ཁ་གཉིས་ལྷང་ལ་འབུད་ཐུབ་སྟེ།གཅིག་ནས་རང་རེའི་ངོས་འཛིན་ཚུལ་དེ་ནི་གུ་དོགས་པའི་ངོས་འཛིན་ཚུལ་ཞིག་སྟེ།ཆབ་སྲིད་སྒེར་གཅོད་ཁོ་ན་ལས་དེ་ལས་འགོངས་པའི་ཆོས་ལུགས་སྒེར་གཅོད་དང་།ལམ་ལུགས་སྒེར་གཅོད་སོགས་བྱེ་བྲག་གི་སྒེར་གཅོད་མང་པོ་ཞིག་སྣང་རྟོག་གི་ངོས་ནས་ཡལ་བར་གྱུར་ཏེ།བྱེ་བྲག་སྒེར་གཅོད་ཀྱི་ནུས་ཤུགས་ཀྱིས་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་དུ་འུ་ཅག་གི་འཚོ་བའི་གྲུ་ཟུར་རེ་རེ་ནས་སྣང་ལ་མ་སྣང་པའི་ངང་ནས་འུ་ཅག་གི་འཚོ་གནས་མདུན་ལམ་དང་། རིག་གནས་ཀྱི་འདམ་ག་སོགས་ལ་ཆག་སྐྱོན་སྣ་ཟིན་སྤུ་ཟིན་དུ་འབྱུང་གྱིན་ཡོད་པ་ནི་ང་ཅག་གི་སྒེར་གཅོད་ལ་གོ་བ་བླངས་པ་གུ་དོགས་སོང་བས་སམ་ཁྱབ་ཁོང་ཆུང་ཆུང་ཞིག་ལས་འདའ་འགོངས་བྱེད་མ་ཐུབ་པས་ཉེར་ལེན་གྱིས་མ་ཡིན་ནམ།གཞན་ཞིག་ནི་རང་ཅག་གི་སྒེར་གཅོད་ལ་ངོས་འཛིན་བྱས་པ་ཕྱོགས་འཐེན་ཅན་དུ་གྱུར་པས་"ཨ་ཕའི་ཁ་ཕོར་གཙང་མ་"རུ་བལྟ་བའི་ངོས་འཛིན་ཚུལ་ཞིག་བྱུང་འདུག་སྟེ།སྒེར་གཅོད་ཅེས་གླེང་ཡོང་དུས་དེ་ནི་དམར་པོའི་སྲིད་གཞུང་ཁོ་ནས་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བལྟས་ནས་རང་ཉིད་དང་ཁ་ཉེ་ཐག་ཉེ་རུ་འབྱུང་དང་འབྱུང་གིན་པའི་གནས་ཚུལ་ལ་སྣང་འཛིན་ཅི་ཡང་མེད་པ་དེའོ། འུ་ཅག་གི་མི་དམངས་ཀྱི་འདང་རྒྱག་ཚུལ་ཞིག་ཏུ་རང་ཉིད་ཀྱི་མཐའ་འཁོར་ཀུན་ཏུ་ཁྱབ་ཅིང་ཁ་ཐག་ཤིན་ཏུ་ཉེ་བའི་མི་རྣམས་ཀྱིས་སྒེར་གཅོད་ཀྱི་སྦྱོར་བ་གང་ཡང་ལག་བསྟར་བྱེད་མི་སྲིད་པ་སྟེ།བརྒྱ་ལ་དེ་ལྟར་དུ་འདོད་ནའང་དེ་ནི་དད་པ་ཞིག་དང་དག་སྣང་ཞིག་གམ།དགོས་དབང་དམིགས་ཡུལ་སོགས་སུ་བསྒྲུབས་ཀྱིན་ཡོད་འདུགདེ་ཡང་བྱེ་བྲག་ཏུ་བཤད་ན་རང་ཅག་གི་དགོན་པ་ཆེ་གེ་མོ་དང་དམངས་ཚོགས་བར་གྱི་ངོས་འཛིན་ཚུལ་དེ་དཔེ་གཉིས་པའི་ཟླ་རུ་འགྲོ་སྟེ།མིག་གིས་རིག་རིག་དང་རྣ་བས་ཉན་ཉན་ལ་སྒེར་གཅོད་ཀྱིས་གཡོ་སྒྱུས་རང་གི་འཚོ་བའི་དད་འདུན་དང་།མི་ཚེའི་འདམ་ག་ལ་བཞི་ཤད་བྲི་བཞིན་པ་ནི་རང་ཅག་གིས་སྒེར་གཅོད་ཟེར་བར་ངོས་འཛིན་ཡང་དག་མ་ལོན་པས་ཀླན་ཀ་དང་།འུ་ཅག་གི་བཤད་ཚུལ་ལྟར་དུ་ཡོད་ཚད་ཐུགས་འདུན་དང་དགོས་དབང་སོགས་སུ་ཁས་མཆིས་པས་མ་ཡིན་ནམ། ཁོ་བོས་དེ་ལྟར་འདོད་དོ། སྤྱི་དམངས་སྤུས་ཚད་ལྡན་པ་ཞིག་ཡོད་ན་དེ་ལས་སྤུ་དག་རྒྱུ་ལེགས་ཀྱི་རྒྱལ་ཁབ་ཞིག་འཛུགས་བསྐྲུན་བྱེད་ཐུབ་པ་དང་། རྒྱུ་འབྲས་བློ་མིག་དང་དམངས་གཙོའི་གོ་རྟོགས་མཐོ་བའི་སྲིད་གཞུང་ཞིག་ཡོད་ན།སྤྱི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ལ་རེ་སྙེག་དང་བརྩོད་ལེན་བྱེད་ཐུབ་པ་བཞིན་དུ།ལམ་ལུགས་གང་དང་ཅི་ཞིག་ཡིན་ཡང་དེ་ལ་དམངས་གཙོའི་ཁོ་ལག་རྒྱས་ཤིང་འབྲས་བུ་ཐོགས་དགོས་པ་ནི་གཞི་རྩའི་ཆ་རྐྱེན་ཞིག་ཡིད་པས།འདི་ནི་ཆབ་སྲིད་ཀྱི་སྐད་ཆ་ཞིག་ཅེས་དགོན་སྡེའི་ལམ་ལུགས་ལས་གཡོར་ཐབས་བྱེད་སར་ཡེ་ནས་མི་འགྲོ་བར་འདོད།དེ་བས་དགོན་པ་ཞིག་ལ་མཚོན་ནའང་དེ་ལ་དགོན་སྐྱོང༼寺管༽ཟེར་བ་ཞིག་དང་ཚོགས་འདུ་ལས་སྣ་ཟེར་བ་ཞིག་དགོས་དོན་ནི་དགོན་པ་དེའི་གྲྭ་མང་འདུས་པ་རྒྱ་མཚོའི་གཞི་རྩའི་སྤུས་ཚད་ཇེ་ལེགས་ཇེ་རྒྱས་སུ་གཏོང་རྒྱུ་དང་།དགོན་པའི་བློ་འཛིན་སྐྱོར་སྦྱོང་།གྲྭ་པ་རེ་རེ་མི་ཚེའི་ལྟ་ཚུལ་ཡང་དག་ཞིག་གཟུག་པར་རོགས་སྐྱོར་བྱེད་རྒྱུ་ནི། སྤྱི་ནས་བསྟན་ལ་རྒྱས་པའི་དོན་དང་། དགོས་སུ་དགོན་པ་སྤྱིའི་ཚེ་སྲོག་གི་ཉེན་ཚབ་ཞིག་ལ་བདག་སྐྱོང་དང་སྐྱོབ་ཐག༼安全带༽རྒྱོག་གིན་ཡོད་པ་དེའོ། གྲྭ་མང་གི་ལས་སྣ་འཛིན་མཁན་ཞིག་ཡིན་ན་མ་གཞི་ནས་གྲྭ་མང་སྤྱི་པའི་མི་ཚེ་དང་འཚོ་བ། འགྲོ་འདུག་ཉལ་སྤྱོད་གང་ལའང་འགན་འཁུར་དང་ལེན་བྱས་ཏེ།གྲྭ་མང་གི་བསམ་ཚུལ་དང་གྲྭ་མང་གི་འདོད་བློ།མཐར་དེད་ན་གྲྭ་པ་ར་རེར་མི་ཚེའི་ལྟ་ཚུལ་ཡག་པོ་ཞིག་བསྐྲུན་རྒྱུ་དང་བྱེ་བྲག་ཏུ་བབས་ན་གྲྭ་པ་རེ་རེ་ལ་མི་ཚེའི་འདམ་་ག་ཡག་པོ་ཞིག་སྤྲོད་ནི་ཁོ་ཚོས་ལས་དང་པོའི་གྲས་སུ་འདོད་ཅིང་ཆེས་གནད་འགག་ཏུ་གྱུར་བའི་མ་སྒྲུབ་ཚད་མེད་ཀྱི་འོས་འགན་ཞིག་ཡིན་པ་ལས།ཆོ་ལོ་རྫིག་པོ་དེ་འདྲ་ཞིག་གིས་དབང་ཡོད་བྱས་དེ་གྲྭ་པ་རེ་རེའི་མི་ཚེའི་ཡང་དག་པའི་མི་ཚེའི་འདམ་ག་དང་གྲྭ་མང་འདུས་པ་རྒྱ་མཚོའི་གཞི་རྩའི་སྤུས་ཀ་ལ་འོས་ལེན་མི་བྱེད་པར།རང་ཉིད་ཀྱི་གོ་ཐོབ་ཉི་ཚེ་བ་དེས་ཁེ་དབང་སྤྱད་དེ་ལས་ཀ་བྱེད་པ་ནི་སྤྱི་ནས་བསྟན་པ་རྒྱས་པའི་བཀག་རྡོ་དང་བྱེ་བྲག་ནས་དགོན་པ་གང་དེའི་གཞི་རྩའི་སྤུས་ཀ་ཞན་པའི་རྒྱུ་རུ་གཟད་པས་དེ་ལྟ་བུའི་ཚོགས་འདུ་ལས་སྣ་དང་དགོན་དག་རེ་རེ་ནི་བསྟན་པ་འགྲིབ་པའི་གཏེ་བོར་ཁོ་བོས་འདོད། ཤེས་ཡོན་པ་དམར་གསོད་གཏོང་བ་ནི་དུས་རབས་ཧྲིལ་བོ་ཞིག་དུར་འཇུག་བྱས་པ་རེད།ཤེས་ཡོན་པ་དམར་གསོད་གཏོང་བའི་ལག་དམར་ནི་ཉེས་ཅན་གང་ལ་བལྟས་ནའང་ཉེས་ཅན་གྱི་གཏེ་བོ་དང་ཉེས་ཅན་ཨང་དང་པོ་ཞེས་བསྒྲགས་ཆོགདེ་ཕྱིར་ཉེ་སྔོན་གྲྭ་ལམ་ཁག་ནས་འབྱོར་བའི་གསར་འགྱུར་ལྟར་མདོ་སྨད་རྔ་ཡུལ་ཀིརྟི་དགོན་གྱིས་ཕྱི་ཡུལ་ན་ལྟོ་སྐྱ་གོས་ཧྲིལ་ངང་སློབ་ལ་བརྩོན་གྱིན་པའི་གྲྭ་བ་རྣམ་པ་ཕྱིར་དགོན་ནང་དུ་ལོག་དགོས་པས་བཀའ་བསྒྲགས་པ་དང་།དེ་ལྟར་མ་བྱས་ཙ་ན་དགོན་པ་ནས་ཕྱིར་དབྱུང་བའི་གནས་ཚུལ་ཐོས་སྐབས་ཁོ་བོ་ཧ་ལས་ཤིང་ཧང་སངས་བར་བཏང་སོང་།དེ་ནི་གཞན་གང་གིས་ཀྱང་མ་ཡིན་ཏེ་ང་ནི་དགོན་པ་འདིའི་དགོན་སྐྱོང་ཀླད་སྐྱོན་ཅན་དག་ལ་ཡ་མཚར་སོང་པས་སོ། ན་ནིང་གི་སྒོར་ཤེར་དོན་རྐྱེན་དེས་བོད་མདོ་དབུས་ཁམས་གསུམ་ཀུན་དུ་སྔོན་ཆད་རྔ་ཡུལ་ཀིརྟི་དགོན་ཞེས་སྙན་གྲགས་ཀྱི་བ་དན་དགོང་ན་འཕྱར་བའི་དགོན་པ་དེའི་ངོ་སོ་དང་ཁ་ལས་རླུང་རྟ་ཁོ་ཚོས་ས་རུ་བརྡབས་སོང་ལ།ད་ལོ་ཡང་སྐྲག་རྒྱུ་འཇིགས་རྒྱུ་གང་ཡང་མེད་པར་ཕྱི་ཡུལ་ན་ཆོས་སྒོར་ཉུལ་བཞིན་པའི་གྲྭ་རྐྱང་ཅུང་བསམ་ཤེས་རྣམ་རེ་རེ་བཞིན་རང་ཉིད་ཀྱི་མི་ཚེའི་འདམ་ག་འཚོལ་བའི་ལམ་ཁ་ལས་ཕྱིར་འདྲུད་བྱས་པ་ནི་ཅིས་ཀྱང་དངངས་འཚབ་ལངས་དགོས་པའི་དོན་དག་ཅིག་མ་ཡིན་ནམ།འདི་ནི་ཁོ་ཚོས་ལས་སྣ་བ་ཟེར་བའི་ཆོ་ལོ་དེ་དབང་འཛིན་བྱས་ནས་བཟོས་པའི་ནག་ཉེས་ཆེན་པོ་ཞིག་གི་དཔེ་མཚོན་ཡིན་པ་ལས་ཁོ་ཚོས་རྫུན་དང་གཡོ་སྒྱུ།ཧམ་སེམས་དང་མནོག་ལས་ཀྱིས་དམངས་ཚོགས་ཀྱི་གཉའ་བཅག་པ་དང་དམངས་ཚོགས་ཀྱི་འཚོ་གནས་དོ་ཁུར་ལ་ཐེ་གཏོགས་བྱས་པ་ནི། མང་སོང་མེད་ན་ཉུང་མི་འདུག་པ་ནི་འུ་ཅག་གི་མང་མཐོང་ལག་ཟིན་དུ་གྱུར་ཡོད།
 སྤེལ་མཁན: 慧光 སྤེལ་དུས:2014/9/23
འཛམ་གླིང་ཤར་ཕྱོགས་ཀྱི་མཐོ་སྒང་ན་ཤི་མ་གསོན་དང་ལངས་མ་གོག་གིས་འཚོ་བའི་རང་མི་རིགས་ཀྱི་ངོ་གདོང་ལ་ཅིག་བལྟས་པ་ཡིན་ན། མི་རིགས་གཞན་པ་དང་། རྒྱལ་ཁབ་གཞན་པ་ཚོ་ལས་ལྡོག་སྟེ་རིག་གནས་ཆིག་རྐྱང་བ་ཞིག་གི་ངོ་གདོང་ལ་ཤི་འཐམ་རོ་འཐམ་བྱས་ནས་མི་ཉན་མི་རུང་གི་དགག་སྒྲ་ཁྲོབ་ཁྲོབ་དུ་གཡུགས་ཀྱིན་ཡོད། མ་གཞི་དུས་རྒྱུན་ང་ཚོའི་མགོ་ཐོག་གི་བུམ་པ་དང་ལྕེ་ཐོག་གི་བདུད་རྩི་རུ་བཀུར་བའི་མི་རྒན་སྐོར་ཞིག་ཕྱོགས་ཞེན་དང་རིག་གཞུང་གིས་ཟས་ཏེ་རང་ཉིད་མ་གཏོགས་མྱི་རུ་མི་བརྩི་བས་ལན། མང་ཚོགས་མང་པོ་ཞིག་ཀྱང་རི་བོང་ཅལ་འདྲོགས་ཀྱི་ཚུལ་གྱིས་ཁོ་ཚོའི་བྲན་དུ་གྱུར་བས་རང་ཉིད་ཀྱི་དཔྱོད་ཤེས་བཀོལ་བའི་ལག་རྩལ་ཞིག་གཏན་ནས་ཡོད་ཚོད་མ་རེད། དེ་ལྟར་མི་ལོ་ག་ཙམ་ཞིག་འགོར་བའི་དེ་རིང་གི་དུས་སུ་ངོ་ཚ་ཁྲེལ་མེད་དང་ཕྱི་ཡག་ནང་སྟོང་གི་ངོ་གཉིས་མ་སྐོར་དང་སྐོར་བྱས་ཏེ་རང་རང་ས་ནས་ཟློས་གར་ལ་ཕྱོགས་མགོ་བརྩམས། ཟློས་གར་མ་ཡིན་པའི་ཟློས་གར་དེ་དག་གིས་ང་ཚོ་གཞི་ནས་གཉིད་མགོ་བརྩམས། སྐབས་ཐོག་འདིར་ཚོར་ཤེས་དང་དཔྱོད་ཤེས་རྣོ་བའི་སྨྲ་ལྕེ་ཅན་རེ་འགའ་ཞིག་གིས་དྲང་བདེན་གྱི་དར་ཆ་ཅི་ལྟར་བསྒྲེངས་ཀྱང་། རྒྱབ་རི་བརྗིད་པའི་ངོ་གཉིས་མ་ཚོའི་ཁ་ནང་ལ་ཡོང་ཡོང་གི་ངན་འདོགས་དང་སྡུག་དམོད་བཏང་སྟེ་འདི་ནི་༼ལྟ་ལོག་པའོ༽སྤྱི་ཚོགས་ནས་མཐའ་སྤྲོད་གཏོང་དགོས་ཚུལ་གྱི་བརྡ་བསྟན། ཁ་ཕྱོགས་དང་དམིགས་ཡུལ་བོར་བའི་མང་ཚོགས་དག་གིས་གནས་ལུགས་དང་རྒྱུ་མཚན་མེད་པར་དེ་ལྟར་ཏུ་མེད་བརླག་གཏོང་གིན་འདུག དོན་ངོ་མར་ཁོ་ཚོས་ཅི་འདྲ་ཞིག་ལ་ལྟ་ལོག་པ་དང་ཅི་ཞིག་ལ་མཐའ་སྤྲོད་གཏོང་དགོས་པ་སོགས་ཤེས་ཀྱིན་མེད་མོད། བག་ཆགས་རྙིང་བའི་ངན་གོམས་ཤིག་གིས་ཁྲིམས་མེད་ལུགས་མེད་ཀྱི་བླ་སྤྲུལ་རེ་འགའ་ཞིག་དང་དཔོན་པོ་རེ་འགའ་ཞིག་གི་རྗེས་སུ་ཐོབ་འབྲས་མེད་ཀྱང་འདུར་ཀྱིན་འདུག ཡིན་ནའང་ཁོ་བོས་ནི་ནམ་ཡང་ལྟ་ལོག་པ་ཞེས་པའི་རྫིག་མིང་ཆེན་པོ་འདི་སྦྱོར་སའི་མི་བུ་ཞིག་མི་ཡུལ་འདིར་ཡོད་མི་སྲིད་དེ། བརྒྱ་ལ་ཡོད་པའི་དབང་དུ་བཏང་ན་མི་བུ་ཡོད་ཚད་ལྟ་ལོག་པ་རེད། དེ་མིན་རིག་གནས་ཆིག་རྐྱང་བ་ཞིག་གི་ངོ་གདོང་ནས་ལྟ་བ་ལོག་དང་མ་ལོག་གི་ཚད་འཇལ་བ་ནི་བསམ་གཞིག་དང་དཔྱོད་ཤེས་ཀྱིས་མ་ཟིན་པའི་སྐད་ཆ་ལྷག་མ་ཏག་ཏག་རེད་འདོད་ཀྱིན་ཡོད། ཡང་གཅིག་བཤད་ན་མི་བུ་སོ་སོས་རང་གི་བསམ་ཚུལ་དང་། དྲན་ཚུལ། འདོད་ཚུལ་སོགས་འདོད་མོས་ལྟར་འདོན་སྤེལ་བྱེད་ཆོག་པ་ནི་འཛམ་གླིང་མྱི་ཁྱིམ་ཀུན་ལ་མཁོ་བའི་ཀ་ར་བུ་རམ་ཞིག་ཡིན་པ་མ་ཟད་མེད་ཐབས་མེད་པའི་འཚོ་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། སྐད་ཆ་བཤད་མཁན་ཟེར་ན་འདྲ་ལྟ་ཚུལ་འདོན་མཁན་དག་ལ་དགའ་བསུ་མེད་བཞིན་དུ་ཁོ་བོས་འདི་ལྟར་ཁ་ཞིག་གྲགས་པ་འདི་ཡང་། མ་འོངས་པའི་གོམ་པ་སྤོ་སྟངས་ཀྱི་ཆེད་དུ་ཡིན་ཟེར་ན་མི་ཆོག་རྒྱུ་མེད་མོད། ཡང་གཅིག་བཤད་ན་གནད་དོན་གང་ལ་ཡོད་ན་མཛུབ་མོ་དེ་ལ་ཀེར་རྒྱུ་ནི་རང་གི་ཤ་ཚ་ཚུལ་ཞིག་དང་སྙིང་ཉེ་ཚུལ་ཞིག་ཡིན་ཞེས་བརྗོད་ཀྱང་ཆོག དེ་བས་སྐད་ཆ་འདི་ཅི་ཞིག་ལ་བཤད་དགོས་སོང་བ་རེད་ཟེར་ན། ཕྲག་དོག་དང་ང་རྒྱལ་གྱིས་བཏུམས་པའི་ཕྱི་ཡག་ནང་བཙོག་གི་མཁས་རྒན་སྐོར་ཞིག་གིས་མཁས་འདོད་དང་གྲགས་འདོད་རྒྱལ་འདོད་ཆེད་དུ་སྦྱོར་བ་གང་མང་སྤྱད་པའི་བྱ་བྱེད་ལས་གསུམ་ལ་མ་འཐད་པའི་བརྡ་ཙམ་ཡིན། རང་གིས་སྲུང་དགོས་པ་དང་བསྒྲུབ་དགོས་པ་སོགས་བཞག་ནས་དམིགས་ཡུལ་དང་ལམ་ཁ་མི་གཅིག་པའི་སྤྱི་ཚོགས་ཞིག་ལ་འགྲོ་འདུག་སྤྱོད་གསུམ་ཁྲིད་པ་ནི་ཨ་རེ་གླེན། སྐད་ཆ་དམར་རྗེན་དུ་ཕུད་ན་མང་དག་ཅིག་ལ་བག་ཆགས་རྙིང་བའི་ངན་གོམས་ཤིག་གིས་ཉན་འདོད་དང་ལྟ་འདོད་མེད་ལས་ཆེ་མོད། དེ་བས་ཁྱེད་ཀློག་པོ་ལ་དཔེ་ཞིག་གིས་ཡང་བསྐྱར་བཤད་ན།༼ཁྱིམ་ཚང་ཞིག་ལ་བུ་སྤུན་གཉིས་ཡོད། གཅིག་རི་དྭགས་རྔོན་པར་དགའ་བ་དང་གཅིག་ནི་ཚེ་ཐར་གཏོང་བར་དགའ་བ་ཡིན་ན་འདི་གཉིས་ཀྱིས་མ་འོངས་པའི་འཚོ་བ་ལ་གྲོས་ཁ་བྱེད་རྒྱུ་ནི་རི་བོང་རྩྭ་ཟན་དང་སྤྱང་ཀི་ཤ་ཟན་གྱི་གཏམ་རྒྱུད་ལས་མ་འདས་སོ།། ཡིན་ནའང་སྔར་བཞིན་འཚོ་བ་རོལ་དགོས་པ་ཐག་ཆོད་རེད། གལ་སྲིད་ཁྱོད་རང་དེ་གཉིས་ལ་ལམ་སྟོན་མཛད་མཁན་ཞིག་ཡིན་ན་ཅི་ལྟར་བྱ་རྩིས་ཡོད།༽དེ་བས་འཇིག་རྟེན་ཕུན་ཚོགས་ཀྱི་འདོད་པ་དོར་མཁན་ཞིག་དང་འཇིག་རྟེན་ཕུན་ཚོགས་ཀྱི་འདོད་དོན་གཉེར་མཁན་གཉིས་ཀྱི་རྩ་བའི་ལམ་ཁ་མི་གཅིག་པ་དང་དམིགས་ཡུལ་མི་གཅིག་པའི་རྒྱུ་མཚན་གྱིས། མདོར་བཤད་ན་རང་ཉིད་ཀྱི་ལམ་ཁ་ལ་རང་ཉིད་འགྲེངས་ཏེ། རང་ཉིད་ཀྱི་བྱ་བ་རང་ཉིད་ཀྱིས་བསྒྲུབ་རྒྱུ་ནི་ཏག་ཏག་ཚད་ལྡན་གྱི་མི་བུ་ཞིག་གི་ལས་ཀ་ཡིན་རྒྱུ་རེད་འདོད།
 སྤེལ་མཁན: ཕོད་རྒོད། སྤེལ་དུས:2014/9/23
ཚུལ་བློའི་འཁོར་གྱི་གླད་མེད་གྲྭ་རྒན་ཚོར།།ནོར་འཁྲུལ་ཁྲི་མ་འབུམ་གྱིས་གི་འདུག་པས།།སྒྲིག་ལམ་བཞག་རྒྱུའི་ཐོབ་ཐང་དིལ་འབྲུ་ཙམ།།དབེན་ཞིང་སྟོང་པས་ཐུགས་བསམ་གཞེས་རོགས་གནང་།།
 སྤེལ་མཁན: བཙན་མེ་འབར། སྤེལ་དུས:2014/9/23
རུས་པ། དེ་རིང་གི་དུས་འདིར་ནུབ་བྱང་ཚང་གི་ལྟེ་བ་བྱེད་ས་ནས་བོད་ཀྱི་ཡུལ་གྲུ་གང་སར་རིག་གནས་བགྲོ་གླེང་དང་བསམ་བློ་གཙུབ་བརྡར་བྱེད་སའི་ཁོར་ཡུག་ཅིག་ཚ་ཚ་འུར་འུར་གྱིས་གྲུབ་འདུག ཆེ་ས་ནས་བཤད་ན་དེ་ལྟར་རེད། ཁོར་ཡུག་དེ་ལྟ་བུའི་བདག་པོའམ་རྐང་འཛིན་པ་ལྟ་བུར་གྱུར་བ་དག་གཙོ་བོ་བོད་ཀྱི་ན་གཞོན་སློབ་མ་དག་དང་གྲྭ་བ་མར་ལོག་དག་རེད། དེ་ཡང་གཙོ་བོ་དུས་རབས་ཀྱིས་རང་རེ་ལ་བཏོན་པའི་ཆ་རྐྱེན་དང་འགན་འཁྲི་རེད། འགན་འཁྲི་དེ་ཡང་ཕྱོགས་གཅིག་ནས་ན་གཞོན་དག་གི་ལང་ཚོའི་ངར་ཤུགས་དང་སྡེབ་ནས་མངོན་དང་མངོན་བཞིན་པ་འདི་རེད། འདི་ནི་དོན་དངོས་ཀྱི་སྟེང་ནས་བལྟས་ན་ཤིན་ཏུ་ནས་ཀྱང་དགའ་འོས་པ་ཞིག་རེད། དེ་ཡང་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། ལོ་རབས་བརྒྱད་བཅུ་ཡས་མས་ནས་བོད་ཀྱི་ཤེས་ཡོན་པའི་སྡེ་རུ་ལང་ཚོའི་ངར་ཤུགས་གསར་བ་འདི་དང་ལང་ཚོའི་ངར་ཤུགས་ཀྱི་མཆེད་སྟངས་གསར་བ་འདི་མགོ་འབུས་པ་ཞིག་རེད། དེ་ནས་ད་ལྟའི་བར་དུ་ད་དུང་མུ་མཐུད་དེ་དངོས་ཡོད་ཀྱི་དོན་སྙིང་མ་ཤོར་བའི་ཐོག་ནས་མཆེད་བཞིན་ཡོད་པ་རེད། དེ་དག་ཀྱང་གཙོ་བོ་ན་གཞོན་ཤེས་ཡོན་པའི་སྟེང་ནས་མངོན་ཞིང་མཆེད་ཀྱི་འདུག མི་རབས་གསར་བ་འཚར་ལོངས་བྱུང་བའི་ལོ་རྒྱུས་ཀྱི་དུས་རིམ་དེའི་ཁྲོད་དུ་དྲང་མོར་བཤད་ན། དྲང་ལྡོག་གཉིས་ཐད་ནས་བཤད་བྱ་མང་པོ་ཞིག་ལུས་ཡོད་བཟོ་འདུག་མོད། ད་རེས་ཁོ་བོས་རང་གི་མིག་སྔའི་གནས་སྟངས་འདི་ལ་གདོང་གཏད་དེ་རང་དང་མཉམ་པའི་ན་གཞོན་གསར་བའི་རིག་གནས་བགྲོ་གླེང་དང་བསམ་བློ་བརྗེ་རེས་ཀྱི་ཁོ་ར་ཁོར་ཡུག་འདིར་འབྱུང་བཞིན་པའི་སྣང་ཚུལ་སྣ་ཚོགས་ལ་དྲང་ལྡོག་གཉིས་ཆས་ཟླས་ཕྱེས་པའི་ལྡོག་ཕྱོགས་ཀྱི་སྣང་ཚུལ་འགའ་ཞིག་དམར་རྗེན་དུ་བཏོན་ཏེ་ཚང་མའི་སྤྱན་སྔར་འགྲེམ་རྒྱུ་ཡིན། འདི་རིགས་ཀྱི་ཕྱི་ནང་གཉིས་ཀྱི་ཡོད་རྒུ་རྩལ་སྤྲུགས་ཐེངས་གཅིག་མ་བྱས་ན་ཁོང་ཚོས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་ནས་རིག་གནས་བགྲོ་གླེང་དང་བསམ་བློ་གཙུབ་བརྡར་གྱི་ཁོར་ཡུག་བག་སྤྲོ་པོ་འདིར་རྨ་འབྱིན་དང་ཞབས་འདྲེན་ཞུ་ཡི་འདུག སྤྱིར་བཤད་ན་རང་རེ་ཚོས་ད་ལྟ་རིག་གནས་བསམ་བློ་བགྲོ་གླེང་ཟེར་ན་ཅུང་ཆེ་སོང་ཟིག་མོད། ལྟ་ཚུལ་དང་བསམ་ཚུལ་བགྲོ་གླེང་ཟེར་བ་ཞིག་ཀུན་གྱི་ཁ་ན་རླུང་ལྟར་རྒྱུ་བཞིན་ཡོད་པ་དེའི་གོ་བ་གཞིར་བཞག་གི་ཐོག་ནས་ལབ་ན་འུ་ཚོར་ཡང་ཏག་ཏག་འཚམས་འདུག་སྙམ། མ་ཟད་རང་རེ་ཚོའི་ཁ་ནས་འུར་རྐྱང་བྱེད་པའི་བྱ་བ་ཚང་མ་ཆུང་ས་ནས་བརྩམ་དགོས་ཟེར་བའི་རྩ་དོན་དང་མཐུན་པ་རེད། དེས་ན་གཙོ་བོ་བཤད་དགོས་རྒྱུ་དེ་གང་ཡིན་ཟེར་ན། དེ་རིང་གི་དུས་འདིར་བགྲོ་གླེང་ཆེ་མ་ཆུང་གསུམ་གང་འདྲ་ཞིག་འཚོགས་ན་ཡང་ན་གཞོན་དག་བགྲོ་གླེང་དེ་དག་གི་གྲས་སུ་ཞུགས་པར་སྤྲོ་བ་དང་གོ་སྐབས་གཉིས་ག་ཡོད་གི་འདུག མ་ཟད་མི་རང་རང་སོ་སོའི་གང་ལ་གང་མཚམས་ཀྱིས་འུར་ཡང་སྤྲོ་ཐུབ་ཀྱི་འདུག དེ་ནི་ཤིན་ཏུ་འགྲིག་པ་རེད། དགའ་བསུ་དང་ཡི་རངས་ཚད་མེད་ཡོད། ཡིན་ན་ཡང་གཙོ་བོ་བཤད་བསམ་རྒྱུ་དེ་ལྡོག་ཕྱོགས་ནས་སྣང་ཚུལ་གང་འདྲ་འབྱུང་གི་འདུག་ཟེར་བ་དེ་ཡིན། དེ་ནི་ན་གཞོན་རེའགའི་རྒྱུད་ན་ཁྱད་མཚར་ཆེ་བའི་སྤོབས་པ་ཞིག་གི་ངན་ཤན་ཐེབས་ཀྱི་འདུག མེས་པོའི་སྐད་དུ་བླུན་སྤོབས་ཟེར་བ་དེ་ཡིན་པ་རེད། དེ་གང་འདྲ་རེད་ཟེར་ན། དཔེར་ན་ཁ་བརྡ་ཞིག་གི་ཁྲོད་ནས་གཞན་གྱི་གདོང་ལ་འབུད་པའི་རིག་གནས་སྙིང་སྟོབས། བསམ་བློའི་ཟབ་ཚད་ཡོད་ན་དེ་ནི་ངེས་དོན་གྱི་དཔའ་བོ་རེད་ཟེར་གི་ཡོད་མོད། དེ་ལྟར་མིན་པར་རང་གིས་ཅི་ཡང་བཤད་རྒྱུ་མ་ཆུད་ན་ཡང་ད་དུང་ཕ་རོལ་པོའི་བཤད་པའི་གནས་ལུགས་ལ་ངོས་ལེན་དང་གདེང་འཇོག་མེད་པར་ཨུ་ཚུགས་ཀྱི་བཤད་རྒྱུ་ཞིག་ཡས་བཅད་ མས་བཅད་བྱས་ནས་སྒྲིག་ཡོང་མཁན་འདུག དེ་ལྟར་བྱེད་པ་ལ་ངོ་ཚ་དང་ཁྲེལ་གཞུང་ཙིག་སྐྱག་ཙམ་ཡང་མི་འདུག དེ་རིང་གི་དུས་འདིར་ང་ཚོར་དགོས་པའི་ངོ་ཚ་དང་ཁྲེལ་གཞུང་ཟེར་བ་འདི་དང་འདི་འདྲ་བ་དག་རེད། དོན་དག་འདི་ལ་བསམ་བློ་བཏང་ན་མ་གཞི་ནས་མི་ཞེས་པ་འདིར་ངོ་ཚ་དང་ཁྲེལ་ཟེར་བ་ཞིག་མེད་ན་འགྲིག་གི་མེད་པ་འདྲ། འདི་རིགས་ཡར་སྔོན་ཞིག་ལ་གུ་ཡངས་དང་སྒམ་དཀྱེལ་སོགས་དོན་སྙིང་གསར་བའི་ངོས་ནས་གླེང་སྟེ་མི་རབས་གསར་བའི་ཤེས་ཡོན་པ་ཡོངས་ཀྱིས་དགའ་བསུ་དང་དང་ལེན་ཐོབ་པ་རེད། དེ་ལ་ད་ལྟའི་སྐབས་ལའང་རང་ངོས་ནས་བལྟས་ན་ཏག་ཏག་འགྲིག་འདུག་སྙམ་པ་ལས་བསམ་ཚུལ་ཅི་ཡང་མེད། གོང་ནས་བཤད་པ་ལྟར་གཞན་གྱི་གནས་ལུགས་ལ་གཞོལ་བའི་བསམ་ཚུལ་ལ་ངོས་ལེན་མེད་པར་མ་ཟད། ད་དུང་དེའི་ཁ་གཏད་ནས་བཤད་རིན་ཅན་གྱི་སྐད་ཆ་ཚིག་གཅིག་མེད་ན་ཡང་པར་པུར་ཞིག་བཤད་པའི་སྙིང་ཁམས་ཅན་གྱི་ནད་ངན་འདི་གུ་ཡངས་སྒམ་དཀྱེལ་གྱི་རིག་གནས་སྙིང་སྟོབས་དང་ལེན་བྱེད་ས་ནས་ཐེབས་པའི་ངན་ཤན་ཞིག་ཡིན་འདུག ནད་གསོ་བྱེད་ཀྱི་སྨན་བཏུང་ན་ཞོར་སྐྱོན་ཟེར་བ་ཞིག་ཡོད་པ་དང་འདྲ་བོ་འདུག སྤྱིར་ཡིན་ན་གནས་ལུགས་ཟེར་བ་དེ་ལྟོས་ནས་གྲུབ་པའི་གནས་ལུགས་ཤིག་མ་གཏོགས་གཞན་གང་ལའང་མ་ལྟོས་པའི་གནས་ལུགས་ཤིག་གླེང་སར་མི་འགྲོ་བ་རེད། ད་དུང་ནན་ཏན་གྱིས་བཤད་ན། དཔེར་ན། ན་གཞོན་གཉིས་ཀྱི་བར་ལ་བསམ་ཚུལ་དང་ཡང་ན་ལྟ་བའི་ཐོག་རྩོད་པ་འདྲ་བོ་བྱུང་བར་ཆ་བཞག་ན། རྒོལ་སྔ་མའི་གཤད་པའི་ལྟ་ཚུལ་དེར་དོན་ལ་གནས་མིན་དེ་ཕྱི་རྒོལ་གྱིས་དཔྱད་དགོས་པ་རེད། གལ་ཏེ་རྒོལ་སྔ་མའི་ལྟ་ཚུལ་དེའི་གོ་བ་རང་རྒྱུད་ལ་འདྲོངས་ཏེ། འདྲོངས་ནས་མ་ཚད་དེའི་ཁ་གཏད་ནས་རང་ཉིད་ལ་ལྟ་ཚུལ་དོན་ལ་གནས་པ་འཆད་རྒྱུ་ཡོད་ན་འཆད་དགོས་པ་རེད། འཆད་མ་ཐུབ་ན་སྡར་གཤིས་རེད། འཆད་ཐུབ་ན་སྙིང་སྟོབས་རེད། སྤོབས་པ་རེད། འཆད་རྒྱུ་ཡོད། འཆད་ཀྱང་ཐུབ་བཞིན་དུ་མི་འཆད་ན་གཡོ་སྒྱུའི་ཁུག་མགོ་ཚད་པ་རེད། ངན་འཁྲབ་བཙོག་འཁྲབ་བྱས་པ་རེད། སྔ་མ་ལས་སྟོབས་ཆེ་བའི་གནས་ལུགས་འཆད་རྒྱུ་མ་རག་ན་ཁོའི་བཤད་པའི་གནས་ལུགས་རང་ངོས་ནས་ཁས་ལེན་དགོས་ནི་རེད། བླངས་མ་ཐུབ་ན་གུ་དོགས་རེད། ཁ་རུབ་རེད། མེད་བཞིན་དུ་ཡོད་ཁུལ་བྱས་ཏེ་ཡར་བཤད་མར་བཤད་བྱས་ན་བླུན་སྤོབས་རེད། རང་གི་སྐད་ཀྱིས་བཤད་ན་ཁྱད་མཚར་ཅན་གྱི་སྤོབས་པའམ་འོད་མེད་པའི་སྤོབས་པ་ཟེར། གནས་ལུགས་ཀྱིས་མི་ཐུལ་བའི་མི་དེ་འདྲ་ལ་རྡོ་དང་ཁུ་ཚུར་ཟེར་ན་སྙན་མོ་ཞིག་མིན་ཡང་དེ་མིན་ཐབས་དང་བཀོད་པ་ཟད་པ་རེད། ཨ་ལ་དེ་འདྲའི་ཐབས་རྡུག་གི་ལས་ལ་འདོད་འདུན་ཁྱོན་ནས་མེད། ཨ་མཚར་ཡིན། སྤྱིར་རིག་གནས་བགྲོ་གླེང་གི་ཁོར་ཡུག་ཏུ་གུ་ཡངས་དགོས་པ་དེ་དངོས་གནས་ཡག་པོ་རེད། གཞན་གྱི་གནས་ལུགས་ལ་ངོས་ལེན་དང་གདེང་འཇོག་ཐུབ་པའི་གུ་ཡངས་ཀྱི་ཆ། རང་གི་གནས་ལུགས་དང་རྒྱུ་མཚན་བཤད་ཐུབ་པའི་སྤོབས་སེམས་ཀྱི་ཆ། དེ་དག་གི་བར་ནས་ངན་འཁྲབ་བཙོག་འཁྲབ་མི་བྱེད་པར། ཕྱི་གསལ་ནང་གསལ་གྱི་ཁྱད་ཆོས་འཛིན་པའི་དྭངས་གཙང་གི་ཆ་སོགས་ཚང་ན་འགྲིག རིག་གནས་གསར་བ་ཟེར་བ་དེ་དངོས་གནས་དེ་འདྲའི་སྙིང་སྟོབས་དང་དགེ་མཚན་གྱི་བདེན་སྐྱོང་གི་ངོས་ནས། རང་རེ་ཚོས་ལུས་ཤ་ཁྲག་ནས་ཆད་པའི་གཅེས་ཕྲུག་བཞིན་དུ་པང་དུ་བླངས་བ་མིན་ནམ། ཡིན་ན་ཡང་། དེང་སང་སྐྱག་ཕྲུག་འདི་དག་གིས་དེ་ལྟ་བུའི་གུ་ཡངས་དང་སྙིང་སྟོབས་ཀྱི་ངོ་བོ་འང་གཞན་ཞིག་ཏུ་བསྒྱུར་འགྲོ་གི་འདུག ཡང་ན་ཁོང་ཚོ་བགྲོ་གླེང་འདྲ་མིན་སྣ་ཚོགས་སུ་གཞུགས་རྒྱུའི་གྲངས་ག་སོ་སོ་སློབ་ཐུན་ལ་བཞུགས་པའི་ཁ་གྲངས་ལས་ཀྱང་མ་མང་ན་མི་ཉུང་བའི་ཚོད་ཡིན་པས། ཆོས་དྲེད་ཆོས་ཀྱིས་མི་ཐུལ་ཟེར་བ་ལྟར་དུ། ཁོང་ཚོས་ཀྱང་རིག་གནས་གསར་བའི་དོན་སྙིང་ཡོད་པའི་སྐད་ཆ་མང་པོ་དག་ཡར་མར་ནས་ཚར་མང་པོ་བྱས་ནས་གོ་མྱོང་ཡོད་པས་རེད། དོན་གྱིས་མི་སྒེར་གྱི་བསམ་གཞིག་ཟབ་མོ་སོང་ཡོད་ས་ཕལ་ཆེར་དཀོན་གི དེ་དག་དཔེར་ཆགས་བཞག་ན། བོད་ནང་ན་ཆོས་པ་ཡིན་ཟེར་བའི་རྒན་པོ་རྒན་མོ་ལོ་ལོན་དག་དང་འདྲ་བར་ཆོས་ཀྱི་ དོན་ལ་གོ་བ་རགས་རིམ་ཙམ་ཡང་མེད་ན་ཡང་ཁོང་ཚོའི་རྒྱུད་ལ་སོང་ནས་སྐད་ཆ་དེ་ལྟར་བཤད་ན་རྒས་སེམས་འཁྲུག་སྟེ་ཆུང་བྱིས་པ་སྣབས་དྲུད་ཡིན་དུས་ནས་ཁ་འདི་ལ་མ་ཐུག་གི་བར་དུ་བླ་མའི་མདུན་ནས་ཆོས་ཞུས་ནས་ཡོང་བ་ཡིན་ཟེར་ནས་ཤེས་མདོག་ཁ་བོ་སྟོན་པ་དང་ཇི་འདྲའི་འདྲའང་། ཁོང་ཚོ་ཆོས་ཚོགས་ལ་སོང་བའི་ཁ་གྲངས་བགྲང་ན་གྲངས་ཀྱིས་མི་ཆོད་ཀྱང་དོན་གྱིས་ཆོས་ལ་བསམ་གཞིག་ཟབ་མོས་སྒྲོ་འདོགས་ཆོད་ནས་རང་རྒྱུད་ལ་ལོན་ཡོད་པ་ཉིན་མོའི་སྐར་མ་ལྟར་རེད། དེ་བས་ཆོས་ཞུས་པ་མང་དྲགས་པས་ཆོས་ཀྱིས་རང་རྒྱུད་ལ་བླུན་སྤོབས་དང་གཞན་གྱིས་བཤད་པའི་རྒྱུ་མཚན་ཡང་དག་ལ་ཁས་ལེན་དང་གདེང་འཇོག་བྱེད་འདོད་མེད་པའི་ལྟ་བ་སྐྱུག་བྲོ་བ་ཞིག་འཁྱེར་ཡོང་བ་རེད། ན་གཞོན་འདི་དག་ཀྱང་དེ་དག་དང་ཆ་འདྲ་བོ་དངོས་གནས་འདུག བགྲོ་གླེང་འཚོགས་སར་བཞུགས་གྲངས་མང་དྲགས་པས་བགྲོ་གླེང་གི་དོན་སྙིང་ཡང་མག་མོག་ཅིག་ལས་རང་རྒྱུད་ལ་གཏིང་ཚུགས་པ་ཞིག་དང་མཛུབ་མོ་འཛུགས་ས་ཏག་ཏག་ཅིག་རྙེད་གི་མེད་ཚོད་རེད། གོ་ལོ་ཐོས་ལོས་མྱི་ཚེ་བཅད་ནས། ཡིན་མིན་གཉིས་ཀ་གང་ཡང་ཁས་མི་ལེན་ནི་ཏག་ཏག་རེད་འགྲོ་ཡི་འདུག དེ་རིང་སང་གི་རིག་གནས་བགྲོ་གླེང་དང་བསམ་ཚུལ་ཞིབ་བརྡར་གྱི་མཁའ་དབུགས་སུ་འདི་འདྲའི་རིགས་ནི་ཆར་རྗེས་ཀྱི་ཤ་མོ་བཞིན་དུ་རྡོལ་བཞིན་འདུག བོད་ཀྱི་བསམ་བློ་གུ་ཡངས་དང་རིག་གནས་སྙིང་སྟོབས་ཟེར་བའི་མི་རབས་གསར་བའི་གཅེས་ནོར་འདི་དག་གི་ངོ་བོ་ལ་འབག་བཙོག་བཀྱེ་ཡི་འདུག གཞན་ད་དུང་མི་བཤད་ཐུ་མེད་ཅིག་ཡོད་པ་དེ་གང་རེད་ཟེར་ན། ཡང་མང་པོ་ཞིག་ལ་གཞུང་ལུགས་དང་བསམ་བློའི་རྒྱབ་ལྗོངས་ཅི་ཡང་མེད་པར་རང་གིས་ ཉོག་བཤད་ཁོ་ན་བྱེད་ནི་མང་པོ་འདུག ཡང་གཞུང་ལུགས་དང་བསམ་བློ་བཤད་ནི་ཅན་པོ་ཁྱོད་དང་འུ་གཉིས་མི་མཛའ་ཡི་ཟེར་ནས་ལྡོག་འདྲི་བྱེད་ན་ཐང་མོད། ཏག་ཏག་རེད། ལོ་ན་ཚོད་ཀྱི་ཆ་ནས། འཚོ་བའི་མྱོང་གོམས་ཀྱི་ཆ་ནས་སོགས་ཕྱོགས་གང་གི་ཆ་ནས་བལྟས་ན་ད་རུང་ཆེ་ས་དེ་འདྲ་ནས་བཤད་ན་མི་མཛའ་བ་བདེན་མོད། གོ་དགོས་པ་ཞིག་ལ་ཁོ་བོས་འདིར་བཤད་པའི་གཞུང་ལུགས་དང་བསམ་བློ་ཟེར་བ་དེ་ཁོར་ ཡུག་ངེས་ཅན་ཞིག་གི་ངོས་ནས་སམ། ཡང་ན་རང་རེ་ཚོའི་ཐད་ནས་བཤད་གི་ཡོད་པ་འདི་ཤེས་དགོས། གནད་འདི་མ་ཤེས་ན་གོ་རྒྱུ་མེད་ནས་འདྲི་བ་འདི་འདྲ་ཡོང་ཉེན་ཆེ་གི་བསམ་ནས་གསལ་ བཤད་བྱས་ཡོད། སྤྱིར་ཡིན་ན་འདིར་ཁོ་བོས་ན་གཞོན་དེ་དག་རེ་རེ་བྱས་ཏེ་མྱིང་བཟུང་སྐད་འགུག་གི་ཡི་གེའི་ལས་ག་ཛ་དྲག་ཆེ་ཐག་ཆོད་པ་ཞིག་སྤེལ་ན་འདོད་མོད། ད་རེས་ཁོང་ཚོར་སྙིང་རྗེ་དང་གུ་ཡངས་ཅུང་ཟད་སྒོམ་ནས་ཚེ་ཐར་ལ་གཏོང་འཇོག རྗེས་ནས་གཟབ་གཟབ་གྱིས་མ་གཏོགས་ཉེན་ཁ་ཆེན་པོ་འདུག དམག་ལ་འགྲོ་ནི་ཞིག་ཡིན་ན་ཁྲབ་རྨོག་འཁོར་གསུམ་གྲ་སྒྲིག་བྱས་ནས་འགྲོ་དགོས་པ་ལྟར། བགྲོ་གླེང་ལ་སོང་ནའང་ལྟོས་བཅས་ཀྱིས་བཤད་རྒྱུ་ཅུང་ཟད་ཀླད་པའི་ནང་ན་མེད་ན། བགྲོ་གླེང་ལ་ཞུགས་རྒྱུའི་སྤོབས་པ་ཞིག་གང་ནས་རྙེད། རྙེད་པར་མི་འགྱུར་བ་ཁོ་ཐག་རེད། ཡིན་ན་ཡང་དེ་རིང་གི་རིག་གནས་བགྲོ་གླེང་གི་འདུ་ར་ན་དེ་ལྟ་བུ་ན་གཞོན་བགྲོ་གླེང་གིས་དྲེད་པ་མང་པོ་མཐོང་རྒྱུ་འདུག རང་ཅག་ཚང་མ་ན་གཞོན་ཡིན་པས་ན་གཞོན་གྱི་ལང་ཚོ་ཡོད་དགོས་ཟེར་ནས་འུར་རྒྱག་གི་འདུག དེ་ཁས་ལེན་དང་གདེང་འཇོག་བྱེད་གི་ཡོད། མ་ཟད་རང་ཉིད་ཀྱང་དེ་ལྟར་བཤད་མཁན་དག་གི་གྲས་ཡིན། ཡིན་ཡང་ཁྱེད་ཅག་ཚོའི་ན་གཞོན་གྱི་ལང་ཚོའི་ཟིལ་ཤུགས་ཟེར་བ་དེ་རམ་འདེགས་མེད་པའི་གླུ་སྐད་ཅིག་དང་འདྲ་བོ་འདུག མ་གཞི་རམ་འདེགས་མེད་པའི་གླུ་སྐད་ཅིག་འཇིག་རྟེན་ལ་འབྱུང་བའི་དཔེ་མེད་ཀྱང་། རམ་འདེགས་བོར་བའི་གླུ་སྐད་ཅིག་དང་ཉེ་བར་མཚུངས་ཟེར་ན་དེ་བས་ཡག་འདུག རང་ཅག་བོད་ཀྱི་དེ་རིང་གི་ན་གཞོན་གསར་བ་དག་རིག་གནས་གསར་རྙིང་གི་དགག་སྒྲུབ་ཀྱི་སོ་མཚམས་སུ་འགྲེང་། རང་གི་བློ་མིག་ལ་དཔང་བཙུགས་ཏེ་ན་གཞོན་གྱི་ལང་ཚོའི་ཟིལ་ཤུགས་ངོམ་བཞིན་ཡོད་ཟེར་ན་འགྲིག དེ་ཡང་གང་རང་ཉིད་མི་འཐད་མི་མོས་པའི་གནས་དང་། ཡང་ན་རང་གི་བློ་ཁ་དང་གཤིས་སྤྱོད་ལ་མི་མཐུན་པའི་སྤྱི་ཚོགས་སྣང་ཚུལ་དང་། རིག་གནས་བསམ་བློ་དག་ལ། གཞན་དྲང་མི་འཇོག་པའི་རྣམ་དཔྱོད་ཀྱི་སོ་ཁ་སྤྱད་དེ་དགག་བཞག་ཚ་ནན་གནད་ལ་ཁེལ་བ་འཕངས་ན་རང་དབང་མེད་པར་རང་སེམས་ལ་ང་རྒྱལ་དང་སྤོབས་པ། སྙིང་སྟོབས་སོགས་བསྐལ་བའི་མེ་དཔུང་འབར་འབར། དུས་མཐའི་ཆུ་ལོག་རྒྱུག་རྒྱུག་བྱས་ཡོང་ན་དེ་ནི་ན་གཞོན་གྱི་ལང་ཚོའི་ཟིལ་ཤུགས་དང་མངོན་སྟངས་རྨ་མེད་པའོ།། ལང་ཚོ་ལང་ཚོ་ཟེར་ནས་ཁ་ནས་བཤད་རྒྱུ་ཡོད་ཡོད་འདྲ་བ། བཤད་རྒྱུ་མེད་མེད་འདྲ་བ། ཁོག་ལ་འཆར་རྒྱུ་ཡོད་ཡོད་འདྲ་བ། མེད་མེད་འདྲ་བ་དེ་འདྲ་དེས་དེ་རིང་སང་ས་གོམ་གང་ཡང་ཆོད་གི་མི་འདུག ལྐུགས་པའི་བུ་རིམ་གྱི་རོ་ལ་མྱོང་བའི་ངང་ཚུལ་འདྲ་བ་ཟེར་བའི་སྐད་ཆ་ཞིམ་པོ་ཞིག་ཡོད་པ་དེ་ན་གཞོན་གྱི་ལང་ཚོའི་དུས་སྐབས་ལ་སྦྱར་ནས་བཤད་ན་འཚམས་པོ་ཁྱོན་ ནས་མི་འདུག ལང་ཚོའི་དུས་སྐབས་ཀྱི་ན་གཞོན་དག་གིས་ལང་ཚོ་ཟེར་བ་ཆེད་གཏད་མ་ཡིན་པའི་ངང་ནས་མངོན་དགོས་ཀྱི་ཡོད། གཞན་ཡང་ལང་ཚོ་ལང་ཚོ་ཟེར་ནས་ལང་ཚོ་ལ་ངེས་རྟོགས་ཅི་ཡང་མེད་པའི་སྐྱག་ཕྲུག་དག་ ལ་ད་རེས་གོ་སྐབས་འདི་བརྒྱུད་ནས་ན་གཞོན་གྱི་ལང་ཚོ་ཟེར་བ་ངོ་སྤྲོད་ཅིག་ཞུས་ན་འདོད། མ་གཞི་ན་གཞོན་གྱི་ལང་ཚོ་ཟེར་བ་དེ་སྤྲོ་སྣང་གིས་བརྟས་པ། བྱ་བ་གང་ལ་གདོང་ཐུག་ཚེ་ཧོལ་རྒྱུགས་བྱེད་ཐུབ་པ། བསམ་གཞིག་སྔོན་སོང་གི་ཆ་མེད་པ། དེ་ཡང་དཔེར་ན་གྲ་སྒྲིག་དང་དམིགས་ཡུལ། མཐའ་འབྲས་སོགས་ལ་འགན་ཁུར་དང་སྔོན་རྟོག་གི་འདུ་ཤེས་མེད་པ་ལྟ་བུ་རེད། གཞན་བྱ་བ་ཆེ་ཆུང་གང་ཞིག་གི་སྔོན་ནས་ང་རྒྱལ་དང་སྤོབས་པའི་སྙིང་ཁམས་གཞོམ་མི་ཐུབ་པ་ལྟ་བུ་རེད། ལང་ཚོ་ནི་སྐར་མདའ་བཞིན་དུ་མཛེས་ཤིང་ཡལ་སླ་བ་ཞིག་རེད་ཟེར་བའི་བཤད་སྟངས་དེ་ཡང་འདི་ལྟ་བུའི་ངོས་འཛིན་གྱི་སྟེང་ནས་ཐོན་པའང་འདྲ། ལོ་ཚོད་ཀྱི་ཆ་ནས་ཕལ་ཆེར་གཅོ་ལྔ་ནས་བཅུ་དགུ་ཡས་མས་སུ་བཞག་ན་འགྲིག སྐབས་དེ་ཤེད་དུ་མི་དག་ལ་ལུས་ཤུགས་དང་སེམས་ཤུགས་གཉིས་ནི་དྲག་ཏུ་འཕྱོ་བའི་ཆུ་ཡི་རྦ་རླབས་བཞིན་དུ་འགོག་པའི་གནས་སུ་མ་གྱུར་བ་ལྟ་བུ་རེད། དེ་ནི་ཏག་ཏག་ལང་ཚོའི་སྐྱེ་སྟོབས་ཀྱི་དཔལ་སྟུག་པོར་འཛིན་པའི་དུས་ཚོད་时光རེད། དེ་ནི་གཙོ་བོ་ཕྱིའི་སྐྱེ་ཁམས་དང་འབྲེལ་བ་དམ་པོ་ཡོད་པས་རིན་ཐང་གིས་གཞལ་རྒྱུ་ཡོད་པའི་ཆོས་སུ་身外之物གཏོགས་པས་མི་རིང་བར་རྒུད་ཅིང་ཉམས་པར་འགྱུར་བ་ལས་མ་འདས། གཞན་ལང་ཚོ་ཟེར་བའི་བརྡ་དོན་འདིའི་གོ་བ་གཏིང་ཟབ་ས་ནས་བླངས་ན་གོང་དུ་བཤད་ཡོད་ལ་མདོར་བསྡུས་ན་མིའི་སྙིང་སྟོབས་དང་བློ་ཁོག་དཔའ་ངར་ཞིག་ལ་གོ་དགོས་སོ།། ལང་ཚོ་ནི་མཁའ་ལམ་ནས་མཆེད་པའི་སྐར་མདའ་ལྟར་དུ་མཛེས་ཤིང་སྙིང་ལ་སྡུག་མོད་སྐད་ཅིག་གིས་ཡལ་ནས་འགྲོ་བ་ཞིག་རེད་ཟེར་མཁན་དག་གི་སྐད་འབོད་དེ་ལང་ཚོ་ཟེར་བའི་ བྱེ་བྲག་གི་མངོན་སྟངས་ཕྲ་མོ་ཞིག་གིི་མཐོང་སྣེ་ནས་རྙེད་པའི་སྐད་འབོད་ཅིག་རེད་ལ། ལང་ཚོ་ནི་ལྗང་མདོག་གི་རྣམ་པས་རྟག་ཏུ་རྒས་རྒྱུ་འཁོགས་རྒྱུ་མེད་པའི་འགྱུར་མེད་ཐེར་ཟུག་གི་སྡོང་བོ་ཞིག་རེད་ཟེར་ནི་ཚོའི་སྐད་འབོད་དེ་ལང་ཚོའི་མངོན་ སྟངས་ཀྱི་བྱེ་བྲག་ཆ་ཤས་ཆར་སྨག་ཁྲོད་ཀྱི་གློག་འགྱུ་ལྟ་བུའི་མཐོང་སྣེ་དང་མངོན་སྟངས་དག་ཐེད་ལ་བོར་ནས་སྤྱི་ཁོག་ཅིག་ལ་ཤི་འཐམས་རོ་འཐམ་བྱས་ནས་བརྒྱབས་པའི་སྐད་འབོད་ཅིག་རེད། ཁོ་བོས་བཤད་ན་ན་གཞོན་གྱི་ལང་ཚོ་ཟེར་བ་དེ་དོན་གྱིས་གོང་དུ་ཡང་འགྲེལ་ཡོད་མོད། སོ་སོས་མི་ཐུབ་པ་དང་མི་འཇོན་པ་ཅི་ཡོད་འདོད་པའི་ངར་ཤུགས་ཅན་གྱི་བསམ་པ་བཅོས་མ་མིན་པ་ཞིག་གིས་སྣ་དྲངས་ཏེ། འཇིག་རྟེན་འདིའི་ཕྱི་གརྟན་པ་སྣོད་ཀྱི་འཇིག་རྟེན་ནས་ནང་གཡོ་བ་བཅུད་ཀྱི་སེམས་ཅན་གྱི་བར་དུ་དགེ་སྡིག་ལེགས་ཉེས་ཀྱིས་ས་མཚམས་སྣ་ཚོགས་བསྒོས་ཏེ་ཁྲ་ཁྲ་རིག་ རིག་ཅིག་བཟོས་ཡོད་པ་དེའི་ཕྱོགས་གཅིག་ལས་གཡོལ་ཅི་ཐུབ་དང་ཕྱོགས་གཅིག་ལ་མགོ་བོ་བཏུད་པའི་ལམ་ལ་བཞུགས། བཞུགས་པ་དེ་ཡང་རང་གི་དམིགས་ཡུལ་དང་དགོས་འདོད་གང་ཞིག་སྐོང་ཨེ་ཐུབ་ཀྱི་འདོད་འདུན་གཏིང་ལ་སྦེད་པའི་འཁོར་བའི་སྡིག་སྒྲིབ་ཆེན་པོ་དེའི་གཟེབ་ཏུ་མ་ལྷུངས་བའི་སྔ་རོལ་དུ། བཅོས་མིན་བསམ་པའི་ངར་ཤུགས་ཅིག་གིས་རྒྱབ་ནས་འདེད་མཁན་མེད་ཀྱང་། དེད་པ་ལྟར་དུ་འཇིག་རྟེན་ཡོངས་ཀྱི་སྔོན་རོལ་ནས་སྤྲིན་དཀར་བཞིན་རབ་ཏུ་འཕྱོ་ཞིང་རྒོད་པའི་སྐབས་དེ་རེད། དེ་ནི་ལུས་སེམས་གཉིས་ཆ་ནས་མངོན་དགོས་པའི་ལང་ཚོ་རིགས་ཤིག་རེད། གོང་དུའང་བཤད་ཡོད། གཞན་དེ་བསམ་བློའི་སྟེང་ནས་མངོན་དགོས་པའི་ལང་ཚོ་རིགས་ཤིག་རེད། དེ་ཡང་གོང་དུ་བཤད་ཡོད་དོ།། སླར་སྨྲས་པ། བཤད་ལ་དགའ་བས་ཕུ་མདའ་ལུང་ཤོད་ཀྱིས།། མྱི་ཚེ་སྐྱེལ་བའི་ཚུལ་ལ་དགའ་བས་མིན།། མ་བཤད་ཐབས་མེད་ལས་སུ་སྣང་བ་འདི།། དེ་རིང་ཁོ་བོའི་བསྐོས་ཐང་ཡིན་པ་འདྲ།། དེ་ལྟ་བས་ན་སྙན་དང་མི་སྙན་ཅི་རིགས་ཀྱི།། ཚིག་གི་མཚོན་ཆའང་རེ་ཟུང་ཙམ་ཡང་ཤོར་ནས་གདའ།། འོན་ཏེ་རྒོད་ལ་ཤོར་བའི་ལང་ཚོའི་སྣང་བ་འདིས།། དགོངས་དག་ཞུ་གསོལ་དགོས་ཚེའང་ཅུང་ཟད་དཀའ་ཚོད་རེད།།
 སྤེལ་མཁན: འབྲོང་སྲས།། སྤེལ་དུས:2014/9/23
ཕྲག་དོག་དུག་ཆུའི་མྱོས་པའི་བྱིས་པ་ཚོར།། ཡིག་ནོར་ཁྲི་མ་འབུམ་གྱིས་གང་འདུག་པས།། དགག་པ་རྒྱག་རྒྱུའི་ཡོན་ཏན་དིལ་འབྲུ་ཙམ།། རབ་ཏུ་དབེན་པས་སློབ་སྦྱོང་ལེགས་པོ་མཛོད།།
 སྤེལ་མཁན: ས་ལན་སྒྲོལ་མ། སྤེལ་དུས:2014/9/23
མཛོད་བརྩོན་དང་ཨ་ཀི་ཚུལ་བློ་གཉིས་ནི་གཞན་ལ་སྒྲིག་ཁྲིམས་བཞག་རྒྱུར་ཧ་ཅང་དགའ་པོ་ཡོད་མཁན་ཞིག་རེད་དཔེར་ན་མཛོད་བརྩོན་གྱིས་རྔ་བ་ཀི་ཏེ་དགོན་ནང་དུ་སྒེར་གཅོད་བྱེད་སྟེ་ཀི་དགོན་འདི་ཉིད་ལ་གནའ་སྔ་མོའི་དུས་ནས་ཡུལ་སྲོལ་གོ་ཞིག་གང་ཡོད་པ་དེ་ལས་དུས་སང་དུས་རབས་ཀྱི་འགྲོ་གཏང་ཟེར་བའི་སྐད་ཆ་དེ་ཤེས་ཀི་མེད་ ཀི་དགོན་འདིར་གནའ་སྔ་མོ་ནས་སྒྲིག་ཁྲིམས་གང་ཡོད་དེ་དེ་བཞིན་ཡིན་ཟེར་བའི་ཁྲིམས་ཤིག་བཞག་པ་དང་།མ་ཟད་རྭ་རྒྱ་བུ་མའི་བགྲོ་གླིང་སྐབས་སུ་ལྷ་རམས་པ་ལྷོ་བ་འབྲུག་གྲགས་དང་ལྷ་རམས་པ་མདུན་མ་འཇམ་དཔལ་བློ་ཤེལ་གཉིས་ཀྱིས་མི་གོ་སར་དམ་པ་ཁོང་གཉིས་ལ་མཛོད་བརྩོན་གྱིས་མི་སྙན་པའི་སྐད་ཆ་སྣ་ཚོཊ་ཤིག་བཤད་ཡོད་པ་དེ་ཡང་ངས་གོ་སོང་དེ་འདྲ་ཡིན་ན་གཞན་ལ་ཁོ་ལྟ་བུ་ཞིག་གིས་ཁྲིམས་ཤིག་བཞག་དགོས་ཟེར་ན་དེ་ལ་མཚོན་ཡས་གང་ཡང་ཡོད་ནི་མ་རེད། ཨ་ཁི་ཚུལ་བློ་ལྟར་བུ་མཚོན་ན་ཡང་གཞན་ལ་ཁྲིམས་བཞག་རྒྱུ་ལ་ཧ་ཅང་དགའ་པོ་ཡོད་མཁན་ཞིག་ཡིན་པར་གང་ཟག་རེ་གཉིས་ཀྱིས་སྨྲོས་ཅི་དགོས། དཔེར་མཚོན་ན་དགེ་བཅུའི་ཁྲིགས་ཤིག་བཞག་སྟེ་བོད་པའི་འབྲོག་པ་ཐམས་ཅད་སྡུག་ལ་སྦྱར་ཡོད་པ་དེ་རེད་། ཐེངས་དང་པོར་དགེ་བཅུའི་ཁྲིམས་ཡིན་ཟེར་ཏེ་མགོ་ལ་རན་པ་མེད་པའི་ཞྭ་ཆེན་པོ་ཞིག་བཞགས་སོང་དེ་དུས་ང་རང་མཚོན་ན་ཕལ་ཆེ་ཨ་ཁི་ཚུལ་བློས་བཞག་པའི་ཁྲིམས་དེ་ཡིན་རྒྱུ་རེད་དྲན་འོན་ཀྱང་དེ་ནས་རིམ་གྱི་ལོ་གཅིག་གཉིས་ཀྱི་རྗེས་ནས་ཁྲིམས་དེ་ནི་མང་རེ་མང་རེ་གུང་འཕེལ་དུ་བུད་སོང་། ད་དུས་སང་ཁྲིམས་དེ་ལ་སུམ་བཅུ་ལྷག་བཞི་བཅུ་ལ་ཉེ་བ་ཞིག་འདུག་དེ་འདྲ་ཡིན་ན་ཨ་ཁི་ཆོས་རྒྱལ་ཚང་གི་ཇ་ཡིག་ཆེན་མོ་དེ་ལའང་འགྱུར་བ་ཞིག་གཏང་དགོས་རྒྱུ་རེད། དེ་ལ་ཡང་ཁོ་ཚོས་ཁྲིམས་ཤིག་བཞག་དགོས་རྒྱུ་རེད་ཧ་ཧ་ད་དཀའ་ཡིས་མི་བ་ཁི་ཨ། གོ་ཐོས་ལྟ་ན་ཨ་ཁི་ཚུལ་བློ་ལ་རྒྱ་ནག་ལ་རྒྱ་མོ་ཆུང་མ་ཞིག་ཡོད་པ་མ་ཚད་ཕྲུག་གུ་ཞིག་ཀྱང་འདུག་ཟེར་གཏམ་དེ་བདེན་མིན་མི་ཤེས་ཀྱང་གང་ལྟ་དཔྱོད་གཞི་ཞིག་ཡིན་ནི་རེད། ད་དེ་མོ་ཞིག་ཡིན་ན་ནམས་ཡང་རྨོངས་དད་ཆེ་བའི་ཡུལ་ལུང་གང་དང་གང་ལ་ཁྲིམས་དང་ཁྲིམས་ཟེར་བའི་འགྲོ་རྗེས་སུ་ཁྲིམས་དེ་དང་འགལ་ཚུལ་རྨོངས་དད་ཅན་གྱི་དགོན་པ་བཞི་བཅུ་ལྔ་བཅུ་ཞིག་དང་ཆོས་འབྲེལ་གཅད་ན་དེ་འོས་པའི་བྱ་བ་ཞིག་ཨེ་ཡིན་ནམ། དེ་འདྲ་རྐྱང་རྐྱང་བྱེད་སྡད་བ་ཡིན་ན་མ་འོངས་པ་ན་ཆོས་དད་རང་མོས་ཟེར་བའི་རང་དབང་དེའང་འཕྲོག་པ་མིན་ནམ། ད་དུང་མུ་མཐུད་དུ་དགེ་བཅུའི་ཁྲིམས་ལ་ཤུགས་སྦྱར་བ་ཡིན་ན་འབྲོག་པ་ཐམས་ཅད་རྒྱ་ཆགས་ནང་འགྲོ་བ་མ་ཟད་རུང་བ་དེ་ཚོ་ཡང་རྒྱ་ཆགས་ནང་དུ་འགྲོ་མཁན་ལོ་རེ་བཞིན་ཇེ་མང་རེད་དེ་འདྲ་ཡིན་ན་མ་འོངས་པ་ན་བོད་མི་རིགས་ཟེར་བ་དེ་རྩ་མེད་དུ་འགྲོ་བའི་གཉེན་ཁ་ཆེན་པོ་ཞིག་ཡོད་པ་མིན་ནམ། ད་ནི་ ཨ་ཁི་དངོས་གནས་བསམ་བློ་ཡག་པོ་ཞིག་གཏང་རོགས། ས་ལན་སྒྲོལ་མས་བླ་རུང་ཇོ་མོ་སྒ་ནས།
  པར་ངོས་ཐོག་མ།  གོང་མ།  པར་ངོས 8/13 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
49420475
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1