གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 11 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/18ལྟ་ཀློག (46903)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     2014.9.15ཉིན་མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར་དུ་གངས་ལྗོངས་གྲུབ་མཐའ་ཁག་དྲུག་གི་མཁས་དབང་རྣམ་པས་གྲུབ་མཐའ་རིས་མེད་དང་།  གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན་བསྡུས་ཤིང་། གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།   ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།  དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས།   ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན།   བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ཚོགས་ཞུགས་མཛད་དེ་བཀའ་སློབ་མང་བོ་གནང་འདུག

ཚོགས་འདུ་འདིའི་དགོངས་དོན་གནད་བསྡུས་དང་གྲོས་འདེབས་ཀྱི་གྲོས་ཆོད་ཡི་གེ

གྲོས་ཆོད་དང་པོ།

        ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་སློབ་གསོ་གནང་རྒྱུ་སོགས་ཐབས་ལམ་འཇམ་པོས་བསྒྱུར་བཅོས་བྱེད་དུ་འཇུག་རྒྱུ་དང་། དེས་ཀྱང་བསྒྱུར་བཅོས་མ་བྱས་ན་དགེ་འདུན་པ་སྤྱིའི་སྒྲིག་འཛུགས་ཀྱི་ལམ་ནས་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། གནས་ནས་བྱུང་ཟིན་པ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གཞན་གྱིས་ཡར་མི་བསྡུ་རྒྱུ།

གྲོས་ཆོད་གཉིས་པ།

        དགོན་པ་སོ་སོའི་ནང་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་ཐོབ་ཐང་ངོས་ལེན་མེད་པར་རྒྱ་ཡུལ་སོགས་སུ་རང་དགར་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་མཚན་སྙན་བེད་སྤྱོད་བྱས་ཏེ་གཞན་ལ་མགོ་བསྐོར་གཏོང་བར་སྔོན་འགོག་ཡོང་བར་གདན་ས་ཁག་དྲུག་དང་ཆོས་སྡེ་གཉིས་ཀྱིས་གཅིག་གྱུར་གྱི་དཔང་ཡིག་ཚད་ལྡན་ཞིག་གཏན་ལ་འབེབ་རྒྱུ་དང་། དཔང་ཡིག་སྟེར་མཁན་གྱི་མི་སྣ་ཚད་ལྡན་རྩ་འཛུགས་བྱ་རྒྱུ། དེ་དག་ལ་སྤྲུལ་སྐུའི་དཔང་ཡིག་དགོས་པའི་རེ་བ་བཏོན་ཚེ་ངོས་འཛིན་ཚད་ལྡན་བྱས་ཡོད་མེད་དང་། ངོས་བཟུང་ཟིན་ཡང་བསམ་སྤྱོད་ཀྱི་ཐད་ནས་དཔང་ཡིག་སྟེར་འོས་མིན་ལ་ཞིབ་བཤེར་ནན་མོ་མཛད་དགོས།

གྲོས་ཆོད་གསུམ་པ།

        རབ་བྱུང་རྣམས་ཀྱིས་དགེ་འདུན་པ་སྤྱིའི་དོན་མ་ཡིན་པར་རང་དོན་དུ་ཚོང་བྱེད་པ་སོགས་དཔལ་འབྱོར་རྩོལ་སྒྲུབ་དང་གཞན་ཡང་དམེ་བྱེད་པ། སྤྱོད་ཡུལ་མ་ཡིན་པའི་གནས་སུ་ཞུགས་པ་དག་གིས་མཚོན་ཁྱིམ་པ་སུན་འབྱིན་གྱི་རྒྱུར་འགྱུར་བ་དག་སྔོན་འགོག་ཡོང་བར་དགོན་པ་དེར་གཏོགས་ཀྱི་རབ་བྱུང་རྣམས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བཤད་སྒྲུབ་གང་རུང་དུ་བསྡུ་ཅི་ཐུབ་བྱ་རྒྱུ་དང་། གནས་སྐབས་བསྡུ་མ་ཐུབ་པ་རྣམས་ལ་ལོ་རེར་ཟླ་གཅིག་ཡན་གྱི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་སློབ་གསོའི་གསབ་སྦྱོང་འཚོགས་རྒྱུ།

གྲོས་ཆོད་བཞི་བ།

ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་། དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་འབྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།

གྲོས་ཆོད་ལྔ་བ།

        སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ངོས་འཛིན་བྱེད་མཁན་དེ་ཐོབ་དང་གོ་ས་ལ་མ་ལྟོས་པར་སྡེ་དགོན་ཀུན་གྱིས་བློ་ཁེལ་ངེས་ཀྱི་མ་དགོན་རང་གི་སྐྱེས་ཆེན་དམ་པ་ཞིག་མ་གཏོགས་ངོས་འཛིན་མི་གནང་རྒྱུ། གཞན་ཡང་སྡེ་དགོན་ཡོངས་ཀྱིས་བསམ་བློ་གཅིག་གྱུར་ཡིན་པ་མ་གཏོགས་གང་ཟག་རེ་ཟུང་གིས་སྒེར་གཅོད་ཀྱི་ལམ་ནས་ཞུ་མི་ཆོག་པ་དང་། གལ་ཏེ་ཞུས་ཀྱང་ངོས་འཛིན་མི་བྱ་རྒྱུ། ངོས་བཟུང་ཡང་རང་ལོ་ཉེར་ལྔ་མ་ལོན་བར་དུ་ཁྲི་འདོན་དང་དཔང་ཡིག་སྟེར་བ་བཅས་ཀྱི་བྱེད་སྒོ་མེད་པར་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

གྲོས་ཆོད་དྲུག་པ།

       དགེ་ཚུལ་སློང་གི་སྡོམ་པ་སྟེར་ལུགས་ཀྱི་ཕྱོགས་ནས་སྡོམ་པ་གནང་མཁན་དག་གིས་སྒྲུབ་བྱེད་ཀྱི་ཆོ་ག་བློ་ལ་ཐོན་ངེས་ཤིག་དང་། བསྒྲུབ་བྱའི་ངོས་ནས་རང་ལ་ཡོ་སྤྱད་ཚང་དགོས་པ་རྣམས་ཚང་དགོས་ཤིང་། དགེ་ཚུལ་གྱིས་རགས་པ་བཅུ་དང་དགེ་སློང་གིས་ཕམ་ལྷག་བཅུ་བདུན་གྱི་སྡོམ་བློ་ལ་ཡོད་ཅིང་དོན་ངེས་པར་བྱ་བ་ཞིག་མ་མཐའ་ཡང་དགོས། གལ་ཏེ་བསྲུང་བྱའི་ཚིག་དོན་རྣམས་བློར་མ་ངེས་ཚེ་རེ་ཞིག་སྡོམ་པ་མི་སྟེར་བར་བསྲུང་བྱ་རྣམས་བསླབ་ཏུ་གཞུག་རྒྱུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 122 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: སྐྱག་ཕྲུག སྤེལ་དུས:2014/9/23
མཛད་བཞིན་པའི་ཆུ་བོ་དང་སྐྱེ་དངོས་ཡོད་དོ་ལའང་དག་ཐེར་མཛད་ནས་ཡར་བསྐྱེད་བྱ་རོགས། རྨ་ཆེན་གངས་ཀྱང་རྒུད་ནས་ཉམས་ཁའི་གནས་སུ་གྱེར་འདུག་ཟེར་དེ་ཡི་རྒུད་པའང་དག་ཐེར་གྱི་སླར་གསོ་བྱ་རོགས། དག་ཐེར་བྱ་འདོད་ཡོད་རུང་།། དག་ཐེར་དེང་ལེན་མེད་སྙམ།།ཨ་ཁུ་ཉེན་རྟོག་མེད་ན།།སྐྲག་མཁན་ཡོད་མེད་མི་ཤེས།།ཡང་ཅིག་དབང་ཤེད་མངོན་པའི།།ཐོང་ཐང་ཁྱོད་ལ་མེད་སྙམ།།སྲིད་གཞུང་ཆོག་མཆན་མེད་པའི།།བྱ་བར་ཉན་འཇོག་བྱ་དགོས།།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/23
ཁོ་ཚོས་དག་ཐེར་བྱེད་ཐུབ་པ་ང་ཡིད་ཆེས་ཡོད། ཁོ་ཚོ་ལ་རྒྱབ་སྐྱོར་ཡག་པོ་ཡོད་རེད། ལུང་རིགས་ཀྱི་རྒྱབ་སྐྱོར་ཡག་པོ་ཡོད་རེད། ཁོ་ཚོའི་ཁྲིམས་འགལ་ལས་ཀ་འདིས་བོད་མི་དམངས་ལ་དཀའ་ངལ་མང་པོ་བྱས་དང་བྱེད་བཞིན་པ་རེད། འོན་ཀྱང་ཁོ་ཚོས་ཁྲིམས་འགལ་དེ་ས་ཁུག་ཀྱོག་ན་བརྩད་གཅོད་མཁན་ཡོད་མ་རེད། བོད་པ་རྣམས་ལ་ཆོས་ཁྲིམས་ཞིག་བཞག ཁ་ལ་མི་ཉན་མཁན་རྣམས་ལྟ་ལོག་དང་དམ་ཉམས་ཀྱི་མིང་ཞིག་བཏགས་ན། ཤང་སྲིད་གཞུང་དང་མངགས་གཏོང་ཁང་གིས་བླ་མ་རྣམས་བྱ་དགའ་ཡོད་ངེས་རེད། ཚུལ་བློ་དང་བསོད་དར་རྒྱས་རྣམ་པས་ཕྱག་ལས་གལ་ཆེ་ཤོས་དེ་ཐབས་མཁས་དང་ཞི་བའི་སྒོ་ནས་ཁ་བྲལ་ལ་ངོ་རྒོལ་དང་། མི་རིགས་མཐུན་སྒྲིལ་དང་། མེས་རྒྱལ་གཅིག་གྱུར་ཐད་དངོས་ལྐོག་གང་ཐད་ནས་ཕྱག་ལས་ཡག་པོ་བྱས་དང་བྱེད་མུས་རེད། དེ་དངོས་གནས་རྒྱལ་ཁབ་དང་མི་དམངས་ལ་ཕན་ཐོགས་ཆེན་པོ་རེད། དེ་ལ་རྗེས་སུ་ཡི་རངས་ཡོད། འོན་ཀྱང་བོད་རིགས་འབྲོག་འབངས་རྣམས་ལ་དཀའ་ངལ་བཟོ་ཡས་འདི་ང་དགའ་པོ་མེད། འདི་ལ་ངས་ངོ་རྒོལ་ཡོད།
 སྤེལ་མཁན: དགེ་མེད སྤེལ་དུས:2014/9/22
སྙིགས་མ་ལྔ་བདོའི་རང་ཚང་དུག་རླངས་བཞིན་བརྡོལ་བ་འདིར་དག་ཐེར་ཡོད་པ་བདེན་ནམ། དག་ཐེར་བྱ་བ་འདི་ཡང་ལྔ་བདོའི་རང་ཚང་ཞིག་མིན་ནམ། སྔ་ནས་ལུང་གཏམ་འདུག་པའི་ལྔ་བདོའི་རང་ཚང་འདིར་དངོས་ནས་དག་ཐེར་ཡོད་པ་བདེན་ནམ། དག་ཐེར་བྱ་རྒྱུ་ཡོད་པ་ཞིག་ག་ཤེད་གང་ཞིག་ནས་གསུངས་འདུག་གམ། སངས་རྒྱས་ཀྱི་བསྟན་པ་ཉམས་རྒུད་དུ་འགྲོ་རྒྱུ་ཡིན་པ་འདིར་ཡང་དག་ཐེར་བྱ་རྒྱུ་ཡོད་དམ། དེ་ན་ལུང་གཏམ་དག་ཡང་ནོར་ཡོད་ལས་ཆེ། རྒུད་པའི་ཤུགས་འདིར་མཐུ་ཆེ་སམ། སྐྱོབ་པའི་ཐབས་འདིར་ལས་མྱུར། འཇིག་རྟེན་འདིའི་ཡོད་ཚད་སྐད་ཅིག་སྐད་ཅིག་ལ་རྒུད་ནས་འགྲོ ཤི་མི་འདོད་པའི་ནད་པ་དེའང་རང་དབང་ཅི་ཡང་མེད་པར་རང་ལུས་གཅེས་གཅེས་འདི་དོར་ནས་སོང་། ཁོས་འཇིག་རྟེན་འདིར་ཅིའི་ཕྱིར་རང་ཉིད་འཚོ་འདོད་ཀྱིས་ཕྱིར་རང་ཉིད་ལ་དག་ཐེར་བྱས་ནས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་འབུང་མི་བྱེད། ཁོས་ཅིས་བྱས་ཀྱང་མ་ཕམ་པར་འདི་ལྟར་འཇིག་རྟེན་ཕྱི་མར་བུད་སོང་། སྲང་བར་གྱི་སྤྲང་བོ་འདི་དག་གིས་ཟ་ཁང་དག་གི་སྒོ་འགྲམ་གྱི་སྙིགས་ཟོའི་ཟས་ལྷག་དག་བཏུང་ནས་འཚོ་བ་བསྐྱལ་བཞིན་འདུག ཁོ་ཚོ་ཅིའི་ཕྱིར་ཁང་བརྩེགས་ཤིག་ཏུ་གནས་སྤར་ནས་སྐྱིད་འདུག་བྱེད་པའི་དབང་མ་ཡོད་པ་རེད་དམ། ཁོ་ཚོར་བདེ་སྐྱིད་མ་དགོས་པ་ཨེ་རེད་དམ། འདི་དག་ལ་ད་བར་དུ་དག་ཐེར་བྱ་མཁན་མ་བྱུང་བ་ཅི་ཞིག་གིས་ཉེས། འུ་ཅག་གི་དག་ཐེར་ལ་ཉེ་རིང་ཡོད་སོང་བ་མིན་ནམ། རྣམ་པ་ཚོར་འདི་ཕྱོགས་ལ་དག་ཐེར་བྱ་བའི་དམིགས་འདུན་མེད་སོང་བ་ཅི་ཉེས། རྣམ་པ་ཚོའི་ཚེ་འདི་ཡི་དག་ཐེར་བསམ་གྱིན་ཡོད་དམ། ཡང་ན་ཚེ་རབས་མང་པོ་ཞིག་གིས་དག་ཐེར་བསམ་གྱིན་ཡོད། དངོས་ནས་ཁྱེད་ཅག་བདག་ཅག་གི་སངས་རྒྱས་ལས་ཀྱང་རླབས་ཆེ་ན་ཐང་། ཁྱེེད་ཅག་གི་དག་ཐེར་ནས་ཚེ་རབས་ཐམས་ཅད་ཀྱི་དག་ཐེར་ལའང་རེམ་འདེགས་བྱ་ཐུབ་ནའང་ཐང་། ཁྱེད་ཅག་གི་དག་ཐེར་ལ་སྙིང་རྗེ་ཡི་ལྟ་བ་ཞིག་འཁྲུངས་ཡོད་དམ། སྐྱོན་གྱིས་མ་གོས་པའི་ཀུན་སློང་ཡང་དག་ཅིག བདག་ཅག་གི་སངས་རྒྱས་ཉིད་ནས་སྔ་ནས་དག་ཐེར་མ་མཛད་པ་མེད་མོད། ལྔ་བདོའི་དུས་སྐབས་འདིར་ཁྱེད་ཅག་ལ་ཡང་དག་ཐེར་བྱ་དགོས་པ་ཞིག་ལྷག་སོང་པ་ཅི་རེད་དམ། ཡང་། དག་ཐེར་གྱིས་མིའི་རྣམ་ཤེས་འདྲེན་ཐུབ་བམ། གལ་ཏེ་འདྲེན་ཐུབ་ན། དག་ཐེར་ལའང་ཕྱག་བྱ་འོས། ཁོང་རྣམ་པ་ཚོས་ཆོས་གཞུང་ལ་དག་ཐེར་བྱས་པའི་ཐ་སྙད་གསར་པ་ཞིག་ཁ་སྣོན་བརྒྱབ་ནས་དགེ་འདུན་པའི་གྲས་ལ་དག་ཐེར་གྱིས་ཁྲིམས་ཤིག་སངས་རྒྱས་ལ་དྲི་མ་དགོས་པར་སྤེལ་འདོད་འདུག དངོས་ནས་དག་ཐེར་བྱ་དགོས་ན་ཆོས་གཞུང་གི་ཐ་སྙད་ཅིག་དེང་ལེན་མི་བྱ་པར་དག་ཐེར་བྱས་པའི་ཐ་སྙད་འདི་ལོ་རྒྱུས་སྟེང་འགོད་དགོས་བྱུང་པ་ཅི་རེད། དག་ཐེར་ཅིག་མ་གྲུབ་པར་དག་ཐེར་གཞན་ཞིག་གི་དབུ་བརྩོན་དགོས་པ་ཅི་རེད་དམ། བཞུད་ཟིན་པའི་བླ་མ་འདི་དག་ལའང་དག་ཐེར་གྱིས་དག་ཐེར་མཛད་ནས་འདའ་རུ་མ་བཅུག་ན་ཅིས་མི་སྐྱིད། ཅོལ་བོ་དང་ལོང་པ་འདི་དག་ལའང་དག་ཐེར་གྱིས་བྱས་རྗེས་ཤིག་འཇོག་ཐུབ་སོང་ན་མ་འོངས་པར་ཅོལ་བོ་དང་ལོང་པ་ཡི་གཏམ་རྫོགས་སོང་བ་མིན་ནམ། ཅི་ཞིག་ལ་འཇིག་རྟེན་འདིར་ཅོལ་བོ་དང་ལོང་པ་ངག་མི་འཁྲོལ་པ་དབུལ་པོ་དག་བྱུང་དགོས་སོང་པ་རེད་དམ། འདི་དག་དག་ཐེར་ལས་འདའ་སོང་བ་ཨེ་རེད་དམ། ཡང་ན་སྔོན་བྱོན་དམ་པ་དག་གིས་དག་ཐེར་བྱ་ཐུབ་མ་སོང་པ་ཨེ་རེད་དམ། དངོས་ནས་དག་ཐེར་བྱས་པ་འདིས་བཀོད་སྒྲིག་ཅི་འདྲ་ཞིག་བརྒྱག་རྩིས་ཡིན་པ་ཧ་གོ་མ་སོང་།།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/22
བླ་མའི་ལས་ཀ་གཞན་ལ་རོགས་རམ་དང་ཞབས་འདེགས་ཞུ་ཡས་རེད། བཀའ་གནང་ཡས་དང་སྒྲིག་ལམ་བཞག་རྒྱུ་ཤང་སྲིད་གཞུང་གི་ལས་ཀ་རེད། ཁོ་ཚོས་ལས་ཀ་འདི་དག་བྱེད་དུས་ཤང་སྲིད་གཞུང་དང་། མངགས་གཏོང་ཁང་གི་མི་རྣམས་下岗བྱེད་རྒྱུ་རེད། ཧཧཧཧཧཧཧཧཧ
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/22
ད་ལྟ་ཁམས་ཕྱོགས་ཀྱི་བླ་མ་རྣམས་ཀྱིས་རང་གི་སྒྲིག་ལམ་མི་སྲུང་གཞན་ལ་སྒྲིག་ལམ་བཞག་པ་དང་། མི་སེར་ལ་གཉའ་གནོན་དང་བཙན་བཀའ་གནང་ནས་སྒེར་གཅོད་ཀྱིས་རང་གི་དབང་ཤུགས་ཆེ་རུ་གཏོང་རྒྱུ། མི་སེར་ལ་ཆོས་དད་མ་བྱས་པ་དང་། ཁོ་རང་ཚོའི་ཁ་ལ་མ་ཉོན་ན་ཆོས་འབྲེལ་གཅད་རྒྱུ་སོགས་བྱ་བ་སྡུག་པོ་རེད། འོན་ཀྱང་བླ་མ་འདི་དག་ཆབ་སྲིད་ཀྱི་ངོས་ནས་བྱས་ན་བླ་མ་མང་ཆེ་བ་ཡག་པོ་རེད། ལངས་ཕྱོགས་བརྟན་པོ་རེད། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིིལ། ཁ་བྲལ་རིང་ལུགས་ལ་ངོ་རྒོལ་གྱི་ཕྱག་ལས་མང་པོ་གནང་དང་གནང་མུས་ཡིན་པ་འདི་ང་ཚོས་རྒྱབ་སྐྱོར་འོས་པ་ཞིག་རེད། །
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/9/22
གྲོས་ཆོད་བཞག་མཁན་རྣམ་པ་རྫོང་གསར་མཁན་པོ་ཕུན་ཚོགས་རྣམ་རྒྱལ་དེ་བཟང་ངན་གང་ཡིན་རྒྱུས་མེད། དེ་མིན་ཚང་མ་རང་འདོད་ཅན། ཆབ་སྲིད་ཀྱི་དབང་ཆ་དགའ་མཁན། མི་སེར་ལ་མགོ་བསྐོར་གཏོང་མཁན། རང་གི་སྒྲིག་ལམ་མི་སྲུང་ནས་གཞན་ལ་སྒྲིག་ལམ་བཞག་མཁན་ཤ་སྟག་རེད། བྱ་ཁ་ཏྭས་ཕག་ལ་ནག་པོ་ཟེར་བ་དང་གཅིག་རེད། ཚུལ་ཁྲིམས་བློ་གྲོས་མངགས་གཏོང་ཁང་གི་སོའོ་ཀྲང་བཞག་ན། ཁོང་གིས་གཟན་ཤམ་ཕུད་ལེ་ང་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། གྲོས་ཆོད་འདིའི་དམིགས་ཡུལ་རྒྱ་ནག་ལ་འགྲོ་མཁན་རྒྱ་བླ་ཁོ་རང་ཚོ་ཁ་ཤས་མ་གཏོགས་ཡོད་མི་ཆོག་ཟེར་བའི་དོན་རེད། གོ་ཐོས་ལྟར་ན་རྫོང་སར་མཁན་པོ་ཕུན་ཚོགས་རྣམ་རྒྱལ་དེ་གྲྭ་པ་ཡག་པོ་ཞིག་རེད་ཟེར། འོན་ཀྱང་ད་རེས་ཚོགས་འདུས་འདིའི་ནང་ཞུགས་པ་ང་ཧ་ལས་སོང་། གཞན་རྣམས་ནི་གཅིག་འདྲ་ཤ་སྟག་རེད་དོ། །
 སྤེལ་མཁན:  སྤེལ་དུས:2014/9/22
རེ་དེ།བྱ་བ་ངོ་མ་ཡག་པོ་རེད།ང་ཚོའི་སེར་མོ་བའི་སྡེ་ལ་བཅོས་བསྒྱུར་ཡག་པོ་མ་བྱས་ན་རིན་ཐང་བྲལ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད། ཉི་རེ་ཉིན་ཉི་རེ་བཞིན་ཉེས་ཁའི་གནས་སུ་འགྲོ་བཞིན་ཡོད་ལ། ལྷག་པར་ཏུ་གང་ས་གང་དུ་རྫུན་གྱིས་འཁོར་ལོ་སྐོར་བའི་བླ་རྫུན་དང་གྲྭ་རྫུན་དག་གིས་རང་ཉིད་ཀྱི་ལྟོ་རྒྱབ་ཁོ་ནའི་དོན་དུ་ཆོས་རྫུན་རེ་སྤེལ་ཏེ་རྒྱུ་ནོར་གཡོ་ལེན་བྱེད་བཞིན་ཡོད་པ་དང་། ད་རུང་རང་ཉིད་ལྷས་སྤྲུལ་བ་ཡིན་ཁལ་བཅས་ནས་གསང་སྔགས་ལ་གསང་ཡུམ་ཁོལ་ཟེར་བཞིན་ཆུང་མ་བླངས་ཏེ་སེམས་ཅན་ལ་མགོ་གཡོག་མགོ་སྐོར་གཏོང་བཞིན་ཡོད་པ་རེད་།བྱ་ངན་འདིས་ང་ཚོའི་དགོན་གྲོང་གཉིས་ལ་ཤུགས་རྐྱེན་སྣ་ཚོགས་ཤིག་བཟོས་སོང་། གཅིག གྲོང་བ་ཚོའི་དད་པ་དང་ཡིད་ཆེད་ཉམས་འགྲོ་བ་དང་བླ་མ་དང་གྲྭ་བ་ལ་ལྟ་གཏིང་མི་འདྲ་བ་འཛིན་གི་ཡོད་པ་འདི་བྱ་ངན་དེ་དག་གི་ཤུགས་རྐྱེན་རེད་ལ། གཉིས། དེང་སང་དགོན་པའི་ནང་གི་བླ་གྲྭ་ཚོས་ཁོ་རང་ཚོའི་རྒྱུ་ནོར་ལ་འགྲམ་ཆུ་ལྡིང་སྟེ་ གང་ས་གང་དུ་འདུར་རྒྱུགས་ལང་གི་ཡོད་ལ།དཔེར་ན་རྒྱུ་ནོར་མང་བའི་རྒྱ་རྒན་ཞིག་དགོན་པའི་ཁྲི་སྟེང་དུ་འཇོགས་པ་དང་རང་ཉིད་རྒྱ་ནང་དུ་སོང་ནས་རྒྱ་བླ་བྱས་པ་ཡོད་ཚད་སྒོར་མོའི་ཆེད་དུ་ཡིན།དེ་བས་ང་ཚོ་ལ་བཅོས་བསྒྱུར་བྱེད་དགོས་པ་དང་བྱེད་ཀྱང་རན་འདུག
 སྤེལ་མཁན: ཚེ་རིང་མཚོ་མོ། སྤེལ་དུས:2014/9/22
གྲོས་ཆོད་ལྔ་པ་ནང་དུ་སྤྲུལ་སྐུ་ངེས་འཛིན་སྐོར་བཤད་འདུག་དེ་ལ་ངའི་བསམ་ཚུལ་ལྟ་ན་གལ་སྲིད་ཡུལ་ལུང་གང་ཞིག་ལ་སྤྲུལ་སྐུ་ངེས་འཛིན་འདི་དགོས་ན་ཡུལ་ལུང་གང་དང་གང་ཡིན་པ་དེ་དང་དེའི་ཤེས་ལྡན་མི་སྣ་རྣམས་ཀྱིས་གྲོས་མོལ་བྱེད་སྟེ་མ་འདས་སྤྲུལ་སྐུ་ཞིག་ངེས་འཛིན་བྱེད་ན་དགའ་སྙོམ་དེ་འདྲ་བྱེད་ན་ཕལ་ཆེ་ཕན་ཐོག་ཞིག་ཅུང་ན་ཐང་། མ་གཏོགས་ཆུང་དུས་སུ་རང་གིས་ཟ་མ་ཡང་ཟ་མི་ཤེས་བ་ཟད་སྤྱོད་ཁང་དུ་ཡང་འགྲོ་མི་ཐམ་མཁན་ཞིག་ལ་འཛུལ་མོ་ཙུག་སྟེ་འདི་ཡུལ་གང་ཞིག་གི་སྤྲུལ་སྐུ་རེད་ཟེར་ཏེ་ཁྲི་མཐོ་པོའི་སྟེང་དུ་བཞག་ན་དེ་འདྲའི་རིགས་དེས་མ་འོངས་པ་ན་བྱ་ངན་སྣ་ཚོགས་ཤིག་བྱེད་པའི་གཉན་ཁ་ཧ་ཅང་ཆེན་པོ་འདུག་དཔེར་མཚོན་ན་དུས་སང་མིའི་ངག་རྒྱུན་ལ་དེང་དུས་ཀྱི་སྤྲུལ་སྐུ་ཟེར་ན་མི་རྣམས་ཐམས་ཅད་སྐྲུག་བྲོ་བའི་གནས་སུ་ལྷུང་འདུག་པ་དེ་ཚོ་ཚང་མ་སྤྲུལ་སྐུ་ཡིན་ལ་མིན་ལ་དེ་ཚོས་བཟོས་པ་རེད་དཔེར་ན་སྤྲུལ་སྐུ་ལ་ལས་རང་གི་དགོན་པའི་ནོར་རྫས་རང་ཉིད་ལ་དབང་བའི་ཐབས་ཤེས་སྤྲད་པ་དང་ལ་ལས་བདག་མོ་ཡིན་ཟེར་ཏེ་གཞན་གྱི་ཆུང་མ་མཛངས་མ་དག་ལ་སྒེར་གཅོད་ཀྱིས་འཁྲུག་པ་སྤྱོད་མཁན་ཡང་མྱུང་མྱུང་ཞིག་རེད་མི་འདུག་ཡང་སྤྲུལ་སྐུ་ལ་ལ་ཞིག་གིས་ནི་ཕྲག་དོག་དང་ཞེང་སྡང་གི་དབང་གིས་རང་གི་དགོན་པ་ནང་ནས་མཚོན་ཉིད་བཤད་གྲྭ་ཡང་མེད་པར་བཟོ་བའི་གོ་ཐོས་འདུག་དེ་འདྲ་ཡིན་ན་ད་ནས་བཟུང་སྟེ་རབ་ཡིན་ན་སྤྲུལ་སྐུ་ངེས་འཛིན་དེ་མཚམས་འཇོག་བྱེད་ན་བཟང་བམས་ཀི། གསེར་རྟ་བླ་རུང་སྒ་ནས་ཚེ་རིང་མཚོ་མོས།
 སྤེལ་མཁན: ལོག་སྨྲ་ཚ་གཅོད་ཀྱིས། སྤེལ་དུས:2014/9/22
ཁ་ནས་བཤད་དུས་རིས་མེད་དང་ ཞེ་ཕུག་ལ་ཕྱོགས་འཛིན་རྒྱུན་ཆད་མེད་པའི་ཚུལ་བློ་དང་། གཞན་ལ་ཞེ་སྡང་ཧ་ཅང་ཆེ་བའི་མཛོད་བརྩོན་གཉིས་ཀྱིས་བསྟན་པར་དག་ཐུབ་བྱེད་ཁུར་བྱེད་པ་ནི་ཤེས་ལྡན་ རྣམ་པ་དགོད་སྤྲོ་བའི་གནས་ཞིག་མིན་ནམ། ཁོ་ཚོ་ལ་བསྟན་པ་དག་ཐུབ་བྱེད་འདོད་ཡོད་ན་དང་པོ་ཚུལ་བློ་དང་མཛོད་བརྩོན་གཉིས་ཀྱིས་བཤད་ཚུལ་དང་ གནས་ཚུལ་ལ་བརྒྱུད་བཅོས་ཞིག་གཏང་སྟེ་དེ་ནས་བསྟན་པ་དག་ཐུབ་བྱེད་ན་ཕལ་ཆེ་ལྟ་ཡས་ཞིག་ཡོད་ན་ཐང་། དེ་འདྲ་མིན་ན་ནི་དྲི་མེད་རིག་ལམ་ འབྱེད་པའི་མཐུ་མེད་ཅིང་།རྒྱལ་བའི་བསྟན་འགྲེལ་ལོ་ཞེས་སྨ་བ། མི་འཛེས་གཏང་སྙོམ་བྱས་ན་ཤིན་་ཏུ་བཟང་།
 སྤེལ་མཁན: རིག་སྟོང་གིས། སྤེལ་དུས:2014/9/22
རྨོངས་དད་སེལ་བའ་ཐབས་ལ་མ་བརྩོན་པར། དབང་བསྒྱུར་འདོད་ཀྱིས་ཁྲིམས་ལུགས་ཀྱི་ངོ་བོར་བསྒྱུར་བ་ནི། ཅི་མི་མཚར། དཔེར་ན། དགེ་བཅུའི་ཁྲིམས་བཞིན། བྱ་བ་འདི་རྣམས་ཐོག་མར་ལེགས་པར་སྣང་ཡང་། རྗེས་སུ་སྐྱོན་ངེས་ཟིན་སླའོ།། ད་རུང་མུ་མཐུད་དུ་དཔྱད་དགོས།
  པར་ངོས་ཐོག་མ།  གོང་མ།  པར་ངོས 9/13 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
49404870
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1