དེ་རིང་འདིར་བསམ་ཚུལ་ཅུང་ཙམ་ཞུ་འདོད་བྱུང་། དྲྭ་གྲོགས་ཚོས་དགོངས་འཆར་གནང་རོགས་ཞུ།
ང་ཚོ་བོད་མི་རིགས་ཀྱི་གནས་སྟངས་ལ་བསམ་ན། སྔར་གྱི་དམ་པ་གོང་མ་རྣམ་པས། ལྟོ་གོས་གཏམ་གསུམ་ལ་གྱོང་གུད་སྤྲད། ཉིན་མོའི་ཟས་དང་མཚན་མོའི་གཉིད་བཅག དཀའ་སྤྱད་ངལ་དུབ་ལ་མགོ་མ་སྒུར། གང་ཤེས་རྒྱུད་ཐོག་ལ་སྦྱར། གང་བཤད་དོན་ཐོག་ལ་གནས། བསྟན་འགྲོ་སྙིང་ལ་བཅངས་ནས། གཞུང་ལུགས་རབ་འབྱམས་རྒྱ་མཚོའི་དགོངས་དོན་ཚུལ་བཞིན་དུ་སྦྱངས། སྦྱང་འབྲས་མངོན་དུ་གྱུར། གྲུབ་འབྲས་གངས་ཅན་པའི་ལ་རྒྱའི་གཡུ་རལ་དུ་གྱུར། དུས་རབས་ཉེར་གཅིག་པ་འདིར་མི་རྣམས་འདོད་ཡོན་གྱིས་སྨྱོས་ནས། དཀའ་ཚེགས་དང་སེམས་སྡུག་འགོག་མི་ཐུབ་པ། གཞན་རྒྱུ་ཟ་འདོད་ཀྱི་ཧམ་སེམས། གཞན་ལ་རྒོལ་འདོད་ཀྱི་ཞེ་སྡང་། གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་སོགས་ཀྱིས་མནར་ནས་ཡོད་པའི་སྐབས་སུ། བོད་བརྒྱུད་ནང་བསྟན་འདི་ཉིད་ནི། འཆི་བ་མེད་པ་ཚེའི་བདུད་རྩི། ན་བ་མེད་པ་སྨན་གྱི་བདུད་རྩི། ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིར་གྱུར་ཐུབ་པ་དེ། དམ་པ་གོང་མ་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ཡིན་པ་ལས། དམ་ཆོས་ལོག་པར་སྤྱད་ནས། ཁྲི་དང་དབུ་གདུགས་རྩོད། ཐོབ་དང་གོ་ས་རྩོད། ཆོལ་ཁ་དང་ཆོས་ལུགས་རྩོད། གཞན་རྒྱུ་གཡོ་རྒྱུས་བླངས། ཆོས་ལུགས་ཀྱི་དར་ཆ་རྫུན་མ་ཀླད་ལ་འཆར། གཅིག་ན་ལྟ་བ་རྣམ་དག་མེད་རབས་བཤད། ཉིག་ན་སྤྱོད་པ་གཙང་མ་མེད་རབས་སོགས་བཤད་ནས། སྤྱི་ཚོགས་ཁ་མཐོར་གཏང་། ཡུལ་ལུང་ཁྲག་ལ་བསྒྱུར། ཆིག་སྒྲིལ་གྱི་ནུས་པ་བཅོམ་མཁན་དེ་ཚོ་ག་ལ་ཡིན། དེ་ཚོ་ནི་ཡང་དག་པ་དང་། བདེན་པ་མ་ཡིན་པ་སོགས་ད་ལམ་གཞི་ནས་ཤེས་འགོ་ཚུགས་ཡོད། འདི་ནི་མདུན་ལམ་ཡིན་ལ། རྒྱལ་ཁའི་ལམ་ཆེན་ཡང་ཡིན། འདི་ནི་དཀའ་ཚེགས་ཀྱི་མཇུག་འབྲས་ཡིན་ལ། ཤེས་ཡོན་གྱི་ནུས་སྟོབས་ཀྱང་ཡིན། འདི་ནི་དམ་པ་གོང་མ་ཚོའི་དཀའ་སྤྱད་ཀྱི་ཕན་ཡོན་ཡིན་ལ། བདེན་པ་རྒྱལ་གྱུར་གྱི་ལས་འབྲས་ཀྱང་ཡིན། དེས་ན་ཚང་མས་དྲང་བདེན་དང་ལྷག་བསམ། ཤེས་ཡོན་དང་འབད་བརྩོན་འདི་ཁོ་ནར་མུ་ནས་མུ་མཐུད་དེ། ལམ་ཁ་གཅིག་ཏུ་བསྐྱོད་དགོས་ལ། སྤྱི་ཡོངས་ནས་བཤད་ན་སྐྱོད་བཞིན་པ་རེད་སྙམ། འགའ་ཞིག་གིས་སྡུག་ས་རྐྱང་རྐྱང་ནས་གླེང་བཞིན་པ་འདི། ད་དུང་ཡང་སྤྱི་ཚོགས་སེམས་ཤུགས་གཅོག་ཐབས་ཤིག་ཡིན་མོད། དེ་ལ་འཇིགས་དགོས་དོན་མེད་ལ། འདི་ལྟ་བུ་ཡོད་ངེས་པ་དེ་ཤེས་དགོས། དེ་ལྟར་ཤེས་ན་སྔོན་འགོག་བྱེད་ཐུབ་ལ། རྒྱལ་ཁ་ཡང་འཐོབ་ངེས་པ་ནི་གདོན་མི་ཟའོ། །
ཤེལ་དཀར་ལྷུན་པོས།
|