འཛམ་གླིང་གི་དཀར་ཟས་ཀྱི་ཉིན་མོ།
ཕྱི་ལོ ༢༠༡༤ / ༡༡ / ༢༥ / འཛམ་གླིང་དཀར་ཟས་ཀྱི་ཉིན་མོ་འདིར་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་དཀར་ཟས་འབོད་སྐུལ་དཔྱད་གླེང་ཐེངས་གཉིས་པའི་གྲོས་ཚོགས་དབུ་ཚུགས་པས་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་ཞུ།
དཀར་ཟས་ཟ་མཁན་ཞིག་ཡིན་ན་བྱས་རྗེས་ཆེན་པོ་བཅུ་འཇོག་ཐུབ།
གཅིག དཀར་ཟས་ཟ་མཁན་གཅིག་གིས་ཉུང་མཐའ་ཡང་ལུག་གསུམ་དང་ཟོག་བཅུ་གཅིག ཕག་ཞེ་གསུམ་དང་བྱ་གཅིག་སྟོང་གཅིག་བརྒྱ། ཉ་དང་ཞ་སྨི་ས་ཡ་གཅིག་བཅས་སྐྱོབ་ཐུབ་བོ། །
གཉིས། གལ་སྲིད་མི་ཞིག་གིས་དཀར་ཟས་ཟ་རྒྱུའི་གདམ་ག་བྱས་ཚེ། དེས་ཕྱིར་འབྱིན་པའི་ཐན་རྫས་བརྒྱ་ཆ་བཅོ་བརྒྱད་མར་ཆགས་ཐུབ་པ་མ་ཟད་ལོ་རེར་ཏུའི་གཅིག་ཚེགས་ལྔ་ཡི་དབྱང་གཉིས་ཐན་འགྱུར་རྫས་ཕྱིར་མི་གཏོང་བར་ཉུང་འཕྲི་བྱེད་ཐུབ་བོ།།
གསུམ། གལ་སྲིད་གོ་ལའི་ཐོག་ཏུ་གནས་པའི་མི་ཡོངས་ཀྱིས་དཀར་ཟས་གསོལ་བ་ཡིན་ན། ད་གཟོད་ས་ཞིང་བརྒྱ་ཆ་སུམ་ཅུ་སྤྱོད་པ་ཙམ་གྱིས་མི་ཡོངས་རྫོགས་ཁ་གསོ་ཐུབ། དེ་ནས་བཟུང་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་ཡོངས་སུ་བྲལ་ཐུབ་ཅིང་ས་ཞིང་ལའང་རྫས་འགྱུར་གྱི་ལུད་མཁོ་དོན་མེད། དེའི་སྟབས་ཀྱིས་རྗེས་སོར་ས་ཞིང་དག་གིས་ཀྱང་གཞི་ནས་དབུགས་ངལ་གསོ་ཐུབ་པ་མ་ཟད་ས་ཞིང་གིས་རྫས་འགྱུར་ལུད་ལ་རྒྱབ་རྟེན་བྱེད་མི་དགོས་པར་སྔར་ཡོད་ཀྱི་རང་ཚུགས་དེའང་སླར་སོས་ནས་ཉམས་པ་སོར་ཆུད་བྱ་ཐུབ་བོ།།
བཞི། ས་ཞིང་སྤྱི་ཆིང་གཅིག་གིས་ཞོག་ཁོག་ཟ་མཁན་གྱི་མི་ཉེར་གཉིས་སམ་ཡང་ན་འབྲས་ཟ་མཁན་གྱི་མི་བཅུ་དགུ་གསོ་ཐུབ། ཡིན་ནའང་ཟོག་ཤ་ཟ་མཁན་གྱི་མི་གཅིག་གམ་ལུག་ཤ་ཟ་མཁན་གི་མི་གཉིས་མ་གཏོགས་ཁ་གསོ་མི་ཐུབ་བོ།།
ལྔ། མིག་སྔར་འཛམ་གླིང་ཡོངས་ཀྱིས་ལོ་རེར་སྒོ་ཕྱུགས་གསོ་སྤྱད་ཀྱི་འབྲུ་རིགས་དེས་མི་གྲངས་དུང་ཕྱུར་ཉི་ཤུ་ཡི་བཟའ་རྒྱུ་ཏན་ཏན་འདང་ངེས་རེད་ལ། བཀྲེས་ལྟོགས་ཀྱིས་མནར་བཞིན་པའི་མི་གྲངས་དུང་ཕྱུར་བཅུ་ལ་ཉེ་བ་དག་གི་གནད་དོན་དེའང་ཏན་ཏན་ཐག་ཆོད་ཐུབ། དཀར་ཟས་ཟོས་ན་འབྲུ་རིགས་ཏུན་དུང་ཕྱུར་བདུན་གྲོན་ཆུང་བྱེད་ཐུབ། འདི་ནི་འཛམ་གླིང་འབྲུ་རིགས་ཡོངས་ཀྱི་ཕྱེད་ཀ་ཡིན། ས་ཞིང་ཆེ་ནས་སྤྱི་ཆིང་དུང་ཕྱུར་སོ་བཞི་ཙམ་ཚད་ལས་བརྒལ་ཡོད།
དྲུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་བཀོད་པ་ལྟར་ན། གོ་ལའི་ཁྱོན་ཡོངས་དྲོད་ཚད་མཐོ་རུ་འགྲོ་བའི་རྒྱུ་རྐྱེན་ཉག་གཅིག་ནི་དམར་ཟས་ལ་བརྟེན་དྲགས་པའི་རྐྱེན་གྱིས་ཡིན་པས། འཛམ་གླིང་ཡོངས་ཀྱིས་ཁ་ཟས་ཀྱི་གོམས་སྲོལ་བསྒྱུར་བཅོས་བྱས་ཏེ། དཀར་ཟས་གཙོ་བོར་བྱས་ན་ད་གཟོད་ཀུན་ལ་དབང་བའི་གོ་ལ་གཅིག་པུ་འདི་སྐྱོབ་ཐུབ་ཅེས་བརྗོད་འདུག་གོ།
བདུན། དམར་ཟས་ཟ་མཁན་གྱི་ཤ་རྒྱགས་ཚད་ཚད་ལས་བརྒལ་བའི་གནས་ཚུལ་ཏེ་དཀར་ཟས་པ་ལས་ལྡབ་དགུ་ཡིས་མཐོའོ།།
བརྒྱད། དཀར་ཟས་ལ་བརྟེན་ན་མིའི་རིགས་ཀྱི་ཚེ་ཐག་ལོ་བཅོ་ལྔར་བསྲིངས་ཐུབ་བོ།།
དགུ། དཀར་ཟས་ལ་ཁྲག་ཤེད་དང་མཁྲིས་ཕྲུམ་དམའ་རུ་གཏོང་བའི་ནུས་པ་ལྡན་ལ་གཟའ་ནད་སྔོན་འགོག་གི་ནུས་པའང་ལྡན། འཕར་རྩ་རེངས་པའི་ནད་ལེགས་བཅོས་དང་སྙིང་ནད་ཅན་གྱི་ཚེ་སྲོག་གི་ཉེན་ཁ་བརྒྱ་ཆ་ལྔ་བཅུ་མར་ཆགས་ཐུབ། སྙིང་ནད་གཤགས་བཅོས་སྐབས་ཀྱི་ཉེན་ཁ་བརྒྱ་ཆ་ཉི་ཤུ་མར་ཆགས་པའི་ནུས་པ་ཡོད།
བཅུ། དཀར་ཟས་མཁན་གྱིས་དམར་ཟས་པའི་བརྒྱ་ཆ་ལྔ་བཅུ་ཡི་ཁྲག་རིལ་དཀར་པོ་མ་གཏོགས་མི་མཁོ། ད་དུང་དམར་ཟས་མཁན་ལྟར་རིམས་འགོག་ནུས་པ་ཡོད་ལུགས་གཅིག་པ་རེད། འདི་ནི་འཇར་མན་གྱི་ངན་སྐྲན་ཞིབ་འཇུག་ལྟེ་གནས་ཀྱིས་བཤད། དེང་རབས་ཀྱི་མི་དཀར་ཟས་ཟ་མཁན་དང་མི་ཟ་མཁན་སུ་ཡིན་རུང་གོང་གི་ཚན་པ་བཅུ་ཡི་ངོ་མཚར་བའི་བྱས་རྗེས་དག་ལ་མི་བལྟ་རང་བལྟ་རེད། དེ་ཡང་མི་ལ་ཤས་ཤིག་གིས་ཁྱོད་ཀྱིས་ནུས་བསྲི་གློག་སྒྲོན་ཞིག་བརྗེ་བོ་རྒྱག་པ་དང་མཉམ་བསྲེས་སྒུལ་ཤུགས་འཕྲུལ་འཁོར་ཞིག་ཉོས། ལྕང་མ་བཙུགས་པ་སོགས་བྱས་ན་ཆོག་ངེས་རེད་ཅེས་བརྗོད་སྲིད། ཡིན་ནའང་ལྟོས་འཇོག་གི་སྒོ་ནས་རང་ཉིད་ཀྱི་བཟའ་བཏུང་གི་གོམས་གཤིས་བསྒྱུར་བ་བརྒྱུད་དེ་གོ་ལའི་དྲོད་ཚད་དལ་དུ་འཇུག་པའི་ཚད་མཐོའི་ནུས་པ་དང་སྟབས་བདེ། གྲོན་ཆུང་དང་མྱུར་མོ། ནུས་ལྡན་ཞིག་གང་ནའང་ཡོད་མི་སྲིད་དོ།། ཞེས་པ་འདི་ནི་པོ་ཏཱ་ལས་ལྷ་བབས་དུས་ཆེན་ལ་ཆེད་དམིགས་ཀྱིས་བོད་སྐད་དང་བོད་ཡིག་བཀོལ་མཁན་དག་ལ་ལེགས་སྐྱེས་ཤིག་གི་ཚུལ་དུ་བསྒྱུར་བས་ཤིས་གྱུར་ཅིག