ཁམས་ཕྱོགས་ཀྱི་ངེད་དྲ་བའི་གསར་འགོད་པ་བློ་སྦྱིན།
དེ་རིང་བདག་གིས་ཀྱང་ཕྲག་དོག་དང་། གཡོ་སྒྱུ། ཕྱོགས་རིས་གང་གིས་ཀྱང་མ་བསླད་པར་དགོན་སྡེའི་སྒྲིག་གཞིའི་སྐོར་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོད་ནའང་སྙམ་པའི་བསམ་པ་ཞིག་གིས་ཀུན་ནས་བསླངས་ཏེ།
གནའ་བོའི་གཏམ་དཔེར། ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད།
ཟེར་བ་བཞིན་བསམ་ཚུལ་ཞིག་བཏོན་ན། དགོན་སྡེ་སོ་སོའི་ངོས་ནས་ཚོགས་འདུ་དང་། བགྲོ་གླེང་སྐབས། ལྷག་པར་དུ་རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་འབྲི་སྐབས་སྐྱིད་ས་དང་། བདེ་ས། ཡག་ས། བཟང་ས། མང་བོ་བཤད་ཡས་ཡོད་རེད་ལགས། དེས་རང་ཉིད་ལ་ཉེན་ཁ་མེད་པར་མ་ཟད། གྲོགས་པོ་རྣམས་སེམས་དགའ་བས་གནས་སྐབས་རང་ཉིད་སྒེར་ལ་ཕན་བདེ་སྒྲུབ་མཁན་ཡང་མང་། ཡིན་ཡང་། དཀའ་ངལ་ཆེ་ས་དང་། མ་འདང་ས། སྐྱོན་ཆ་རྣམས་བཤད་མ་ཐུབ་ཚེ་དེ་ཙམ་གྱིས་དགོན་པ་སྤྱི་ལ་ཕན་འབྲས་ཆེན་པོ་མེད།
དཔེར་ན། བཅོམ་ལྡན་འདས་ཀྱིས།
བཀའ་དང་བོའི་བདེན་བཞི་གསུང་སྐབས་ཐོག་མར་སྡུག་བསྔལ་ཤེས་པར་བྱ་ཞེས་སྐྱོན་ཆ་རྣམས་གསུང་འདུག བྱས་ཙང་དགོན་སྡེ་སོ་སོའི་ངོས་ནས་ཀྱང་མ་འདང་ས་དང་།
བསྒྱུར་བཀོད་གཏོང་དགོས་ས།
གསར་གཏོད་བྱ་དགོས་ས་གང་ཡིན་བགྲོ་གླེང་གནང་རྒྱུ་གལ་ཆེན་པོ་ཞིག་ཏུ་སྣང་། འོ་ན།
བདེན་པ་དང་། གནས་ལུགས། ཁ་ཚ་དགོས་གཏུགས་ཀྱི་གཏམ་བཤད་གང་མང་སྤེལ་དགོས་ན།
རྩོད་གླེང་དང་འདྲ་བའི་དགག་སྒྲུབ་མང་བོ་རང་ཤུགས་ཀྱིས་ཡོང་གི་ཡོད་པས་མཐུན་སྒྲིལ་ལ་གནོད་དམ་ཞེ་ན།
འདིའི་སྐབས་ཤེས་དགོས་པའི་གནད་དོན་གཅིག་ནི། སྤྱིར་བཏང་དགག་སྒྲུབ་བྱེད་པ་ལའང་།
བདེན་དོན་ཆེད་དུ་དགག་སྒྲུབ་བྱེད་སྟངས་གཅིག་དང་།
ཕྱོགས་ལྷུང་གི་དགག་སྒྲུབ་བྱེད་སྟངས་གཉིས་ཡོད།
བརྗོད་བྱའི་དོན་ལ་དགག་སྒྲུབ་མི་བྱེད་པར་རྗོད་པ་པོའི་གང་ཟག་ལ་སྐྱོན་ཡོན་དང་།
མི་གཞི་དམའ་འབེབ་བཤད་པ་གཙོ་ཆེ་བའི་བླུན་པོ་ཕྱོགས་ལྷུང་གི་དགག་སྒྲུབ་བྱེད་སྟངས་འདི་ནི་མཐའ་གཅིག་ཏུ་དོར་ཏེ་མཐུན་སྒྲིལ་བྱ་དགོས།
བཅོམ་ལྡན་འདས་ཀྱིས་དཀོན་མཆོག་བརྩེགས་པའི་མདོ་ལས།༣༧༢
འཇིག་རྟེན་ང་དང་ལྷན་ཅིག་ཏུ་རྩོད་ཀྱི་ང་ནི་འཇིག་རྟེན་དང་ལྷན་གཅིག་ཏུ་མི་རྩོད་དེ།
གང་འཇིག་རྟེན་ན་ཡོད་པ་འདོད་པ་དེ་ནི་ང་ཡང་ཡོད་པར་བཞེད་དོ། །
གང་འཇིག་རྟེན་ན་མེད་པ་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། ། ཞེས་བླུན་པོ་ཕྱོགས་ལྷུང་གི་དགག་སྒྲུབ་མི་བྱེད་པར་དམ་བཅའ་བས་ངེད་ཅག་གི་ངོས་ནས་ཀྱང་དེ་ལུགས་དགོས།
མཁས་པའི་རྣམ་དཔྱོད་ཀྱིས་དགག་སྒྲུབ་བྱེད་སྟངས་འདི་ནི་མི་རུང་བ་ཞིག་མིན་ཏེ།
དཔལ་ལྡན་ཟླ་བ་གྲགས་པས། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང་།
།ཕྱི་ནས་སྟོབས་ལྡན་བདག་གིས་བརྟེན་པར་བྱ།
ཞེས་སེམས་ཙམ་པ་ཁྱེད་དང་འཇིག་རྟེན་པ་གཉིས་རྩོད་པ་གྱིས་དང་། རྒྱུ་མཚན་དང་།
རིགས་ལམ་ཡང་དག་པ་སུ་ལ་ཡོད་ནའང་ཁོ་བོས་དེ་བརྟེན་པར་བྱ་ཞེས་གསུངས་པས།
སྤྱིར་བཏང་དགག་སྒྲུབ་བྱེད་པ་མི་རུང་བ་དང་། མཐུན་སྒྲིལ་ལ་གནོད་པ་ཞིག་གཏན་ནས་མ་རེད།
དེས་ན། མཁས་པའི་རྣམ་དཔྱོད་ཀྱི་དགག་སྒྲུབ་ནི།
སྟོན་པ་བཅོམ་ལྡན་འདས་ཀྱིས་གནང་བ་ཡོད་པར་མ་ཟད།
འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱིས་ཀྱང་ཕྱག་སྲོལ་རྨ་མེད་པ་ཞིག་རེད།
ལྷག་པར་དུ་རྗེ་བདག་ཉིད་ཆེན་པོས་ཀྱང་བོད་སྔ་རབས་པའི་ལྟ་བ་ལ་དགག་སྒྲུབ་མང་བོ་བྱས་ཡོད་ཀྱང་བསྟན་འགྲོ་ལ་གནོད་པའམ་མཐུན་སྒྲིལ་ལ་གནོད་མེད།
ད་རུང་དེར་མ་ཟད།
མཉམ་མེད་ཇོ་བོ་རྗེས་བོད་ཀྱི་ཆོས་ལོག་པ་རྣམས་ལ་དགག་པ་བརྗོད་དེ་བསྟན་པར་དག་ཐེར་མཛད་པའི་ལོ་རྒྱུས་ཀྱང་ཡོད།
དེས་ན།
དགག་སྒྲུབ་བྱེད་པ་ནི་ཆོས་འདུལ་བའི་ཉམས་ལེན་མེད་པའི་རྟགས་མིན་པས་དགག་སྒྲུབ་བྱེད་ཆོག་པ་དང་།
ཁ་ཚ་དགོས་གཏུགས་ཀྱི་སྐད་ཆ། གནད་ཆེ་ས་བགྲོ་གླེང་བྱ་དགོས་ཟེར་རྒྱུ་ཡིན། འོ་ན།
དགོན་སྡེའི་ཁྲོད་དུ་གནད་ཆེ་ས་གང་ཡིན་ཞེ་ན། ཕྱིའི་ལྷ་ཁང་དང་། མཆོད་རྟེན། འདུ་ཁང་ཙམ་མ་ཡིན་པར་ནང་གི་ལུང་རྟོགས་གཉིས་ཀྱི་བསྟན་པ་རིན་པོ་ཆེ་འདི་རེད།
དེའང་། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།
།ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་པ།
།བསྒྲུབ་པ་བྱ་བ་ཁོ་ན་འོ།
།ཞེས་གསུང་པ་བཞིན་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་བྱེད་པ་གལ་ཆེན་ཞིག་ཏུ་སྣང་།
འོ་ན། གང་ལ་སློབ་གཉེར་བྱ་དགོས་ཤེ་ན། དེ་ལའང་རིགས་གཉིས་ཡོད། གནའ་རབས་ཀྱི་ཤེས་ཡོན་དང་།
དེང་དུས་ཀྱི་ཤེས་ཡོན་གཉིས་ཡོད། དང་བོ་གནའ་རབས་ཀྱི་ཤེས་ཡོན་ལ། བཟང་བོའི་ཕྱོགས་དང་།
བཟང་བོའི་ཕྱོགས་མ་ཡིན་པ་གཉིས་ཡོད། དང་བོ་བཟང་བོའི་ཕྱོགས་ནི།
རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། མདོ་སྔགས་རིག་གནས་དང་བཅས་པ་ཡོད་རེད་བསམ་བཞིན་ཡོད།
བཟང་བོའི་ཕྱོགས་མ་ཡིན་པ་ནི།
ས་ལམ་གྱི་རྟོགས་པ་གང་ཡང་རྒྱུད་ལ་སྐྱེ་བའི་ཆེད་དུ་སློབ་སྦྱོང་བྱས་མ་མྱོང་བ་དང་།
བྱེད་འདོད་མེད་པའི་གང་ཟག་གིས་ཆོ་ག་ངག་འདོན་ལྟ་བུ་དང་།
སྒོར་མོའི་ཆེད་དུ་གྲོང་ཆོག་འགྲོ་བར་ཆ་རྐྱེན་ཚང་དགོས་པའི་ཆོ་ག་ངག་འདོན་གྱི་ཡོན་ཏན་རྣམས་བཟང་བོའི་ཕྱོགས་མ་ཡིན་པའི་ཡོན་ཏན་ཞིག་ཏུ་སྣང་།
རྒྱུ་མཚན་ཁུངས་ཐུག་ས་གཞུང་མང་བོ་ཡོད། ༧ཐམས་ཅད་མཁྱེན་པས།
ཕྱི་ལ་འདྲ་ཆགས་ཀྱི་ཆོ་ག་ཕྱག་ལེན་བཏོན་པ་མ་ཡིན་པར།
དོན་ཤེས་པའི་ཐོག་ནས་ཆོ་ག་ཕྱག་ལེན་འདོན་ཐུབ་ན་ཡག་པོ་ཡོད། དོན་གང་ཡང་མ་ཤེས་པར་ཆོ་ག་བཏོན་ན་དགོས་པ་གང་ཡང་མེད།
ཅེས་པ་ནས། དུས་རྒྱུན་ཁ་འདོན་བྱས་པ་འདིས་འགྲིགས་ཀྱི་ཡོད་བསམ་ན་ནོར་བ་ཡིན།
རྒྱུད་ལ་ས་ལམ་གྱི་རྟོགས་པ་ཞིག་ཨེ་སྐྱེ་མི་སྐྱེ་ཨུ་ཚུགས་བརྒྱབ་དགོས་པ་ལས་ཉལ་བསྡད་ན་མི་འགྲིགས།
སེམས་ཀྱི་ཡོན་ཏན་ལ་ཆོག་ཤེས་བྱེད་རྒྱུ་མེད། ཕྱིའི་དངོས་པོ་ལ་ཆོག་ཤེས་བྱེད་དགོས།
ཞེས་གསུངས་པ་དང་། དེར་མ་ཟད། ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས།
ཚད་མ་གསུམ་གྱི་གཞལ་བྱའི་གནས་གསུམ་དོན། །ཅི་ཡང་མི་ཤེས་མདོས་ཆོག་གླུད་ཆོག་ཙམ།
།ཤེས་ལ་མཁས་པ་རློམ་ཡང་བླུན་པོ་སྟེ། །བླུན་པོ་དེ་འདྲ་ཕྱུགས་དང་ཁྱད་ཅི་ཡོད།
།ཅེས་གསུངས་པ་རྣམས་ལེགས་བཤད་རྨད་དུ་བྱུང་བ་ཞིག་རེད།
དེང་དུས་ཀྱི་ཡོན་ཏན་ལའང་བཟང་ངན་གཉིས་ཡོད་ཀྱང་བཟང་བོའི་ཕྱོགས། ཚན་རིག་དང་།
བཅའ་ཁྲིམས་སྐོར། འཕྲོད་བསྟེན་སྐོར། ཁོར་ཡུག་སྲུང་སྐྱོབ་སྐོར། སྤྱི་ཚོགས་སྐོར།
ཤེས་བྱའི་རྣམས་གྲངས་གསར་པ་ཁག་གི་མིང་ཚིག་གསར་པའི་སྐོར་བཅས་མང་བོ་ཡོད་པས།
དེ་རྣམས་ལ་སློབ་སྦྱོང་མ་བྱས་ན་དུས་རབས་ཉེར་གཅིག་པ་ཡིན་བཞིན་དུ་དུས་རབས་ཉེར་གཅིག་པའི་མིའི་གྲྭལ་དུ་ཚུད་དཀའ།
དཔེར་ན། བྱ་ནམ་མཁའ་རུ་འཕུལ་བར་གཤོག་པ་གཉིས་ལྡན་དགོས་པ་བཞིན།
དུས་རབས་ཉི་ཤུ་པའི་མིའི་གྲྭ་རུ་གོ་ལ་འདིར་ལོངས་སྤྱོད་པར་གནའ་རབས་ཀྱི་བཟང་བོའི་ཤེས་ཡོན་དང་།
དེང་དུས་ཀྱི་བཟང་བོའི་ཤེས་ཡོན་གཉིས་ཀ་དགོས། འོ་ན། ཁ་ཏོན་བྱེད་པ་དང་།
གྲོང་ཆོག་འགྲོ་ཡས་ལ་ཕན་ཐོགས་མེད་དམ་ཞེ་ན། ཕན་ཐོགས་ཡོད་དང་ཡོད་རྒྱུ་རེད།
མི་ཚེ་གཅིག་ལ་སྡོམ་པ་ཡག་པོ་བསྲུངས། ཁ་ཏོན་མང་བོ་བཏོན། གྲོང་ཆོག་ལ་མང་བོ་སོང་ན་ནང་བ་སངས་རྒྱས་པ་ཡིན་པ་ཙམ་ལས་ནང་ཆོས་མཐོང་མྱོང་ཡོད་པ་མ་རེད།
བཅོམ་ལྡན་འདས་ཀྱིས། ས་ལུ་ལྗང་བའི་མདོ་ལས།
དགེ་སློང་དག་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །
སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་། །
ཞེས་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ན། ནང་བ་སངས་རྒྱས་པའི་ཆོས་མཐོང་བ་དང་།
ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་མ་མཐོང་ན། ནང་བ་སངས་རྒྱས་པའི་ཆོས་མ་མཐོང་བ་གསལ་བོ་གསུང་འདུག དེས་ན།
དགོན་སྡེའི་སྤྱི་ཚོགས་ཁྲོད་དུ་ནང་ཆོས་མ་མཐོང་བའི་བླ་སྤྲུལ་རྣམས་དང་།
ནང་ཆོས་མ་མཐོང་བའི་མཁན་པོ་རྣམས་དང་། ནང་ཆོས་མ་མཐོང་བའི་དགེ་བཤེས་རྣམས་དང་།
ནང་ཆོས་མ་མཐོང་བའི་དགེ་རྒན་རྣམས་དང་། ནང་ཆོས་མ་མཐོང་བའི་མང་མ་རྣམས་ཀྱིས་ཆོ་ག་ངག་འདོན་ཇི་ལྟར་བྱས་ཀྱང་བསྟན་འགྲོ་ལ་ཕན་ཐོགས་ཆེན་པོ་མེད་པ་ཞིག་ཏུ་སྣང་།
འོ་ན། རྟེན་འབྲེལ་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད་ཟེར་ན།
ཁྱོད་གོམས་ན་བདག་འཛིན་མ་རིག་པ་ཟད་པ་འགྱུར་བ་ཞིག་ལ་གོ་བ་ལེན་དགོས་པ་ས་ལུ་ལྗང་བའི་མདོའི་ནང་དུ་རྒྱས་པ་གསུངས་འདུག
རྗེ་བདག་ཉིད་ཆེན་པོ་དགོངས་པ་རྫོགས་ཁ་ལ་དམ་པ་ཁོང་གིས།
ང་མི་མཇལ་མཁན་སྐྱེ་བོ་དེ་ཚོས་འགྱོད་སེམས་བསྐྱེད་དགོས་མ་རེད།
ངས་བཤད་པའི་མདོ་ཕྱོགས་ཕར་ཕྱིན་ཐེག་པའི་སྐབས་ཀྱི་ལམ་གྱི་རིམ་པ་དང་།
སྔགས་ཕྱོགས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་གཉིས་ལ་ཐོས་བསམ་སློབ་གཉེར་ཡག་པོ་བྱོས་དང་ང་མཇལ་བ་དང་ཁྱད་པར་མེད།
མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དངོས་སུ་ཕེབས་ནའང་དེ་ལས་ལྷག་པ་མེད།
ཅེས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པ་གསུངས་འདུག
དགོན་སྡེའི་སྤྱི་ཚོགས་ཁྲོད་དུ་ངེད་ཅག་གིས་མགོ་རིལ་རིལ་བྱས།
རབ་བྱུང་བསྒྲུབས་ཀྱང་ཕྱིའི་དངོས་པ་ལ་ཆོག་ཤེས་མ་བྱས། སེམས་ཀྱི་ཡོན་ཏན་ལ་ཆོག་ཤེས་བྱས་ན་རབ་བྱུང་སྒྲུབ་པའི་དགོས་པའང་གཏོར་ཟིན་པ་མ་ཟད།
ནང་ཆོས་རང་གིས་མ་མཐོང་།
མི་རབས་རྗེས་མ་རྣམས་ལ་ནང་ཆོས་རྩིས་མི་འཕྲོད་པའམ་སྤྲོད་རྒྱུ་མེད་པའི་ཉེན་ཁ་འདུག
དེས་ན།
ངེད་ཅག་ཚང་མས་རང་ངོས་ནས་འགོ་བརྩམས་ཏེ་ནང་ཤེས་ཡོན་ཕྱོགས་ལ་སློབ་སྦྱོང་བྱེད་པ་དང་།
རང་ཚུགས་ཐུབ་པ་ཞིག་བྱ་དགོས།
འོ་ན་སློབ་སྦྱོང་བྱེད་པ་ལ་ཆ་རྐྱེན་གཙོ་བོ་གང་ཡིན་ཞེ་ན།
སྒྲིག་གཞི་ཡང་དག་པ་ཞིག་ལ་རག་ལས་བསམ་བཞིན་ཡོད། འོ་ན། སྒྲིག་གཞི་ཡང་དག་པ་དང་།
ཡང་དག་པ་མ་ཡིན་པའི་ཁྱད་པར་གང་ཡིན་ཞེ་ན།
ཐོས་བསམ་སློབ་གཉེར་ལ་ཕན་པའི་སྒྲིག་གཞི་རྣམས་སྒྲིག་གཞི་ཡང་དག་པ་དང་།
ཐོས་བསམ་སློབ་གཉེར་ལ་མི་ཕན་པའི་སྒྲིག་གཞི་རྣམས་ཡང་དག་པ་མ་ཡིན་པའི་སྒྲིག་གཞི་ཞིག་ཏུ་སྣང་ལ།
དང་བོར་དཔེར་མཚོན་ཞིག་བཟུང་ན།
ཁམས་སྐྱེ་དགུའི་ལབ་དགོན་པ་ཡིན་ན་སྤྱི་ལོ་༡༩༩༠ཡས་མས་གནའ་སྔ་མོའི་སྒྲིག་གཞི་མང་བོ་ཡོད་པས་སློབ་སྦྱོང་ཧ་ཅང་ཞན་པའི་གནས་ཚུལ་ཡོད་ཀྱང་།
ལབ་སྤྲུལ་སྐུ་བསོད་ནམས་རྩེ་མོའི་ཐུགས་དགོངས་ལྟར་དེ་ནས་རིམ་བཞིན་གནའ་བོའི་སྒྲིག་གཞི་རྣམས་ལེགས་བཅོས་བྱས་ཏེ།
དེང་སང་མདོ་དབུས་ཁམས་གསུམ་གྱི་ན་གཞོན་རྣམས་དང་། ལྷག་པར་དུ་ཆོས་ལུགས་ཁག་དང་གྲུབ་མཐའ་རིས་མེད་ཀྱིས་སློབ་སྦྱོང་བྱ་ཡུལ་ཁོར་ཡུག་བཟང་བོ་ཞིག་ཆགས་ཡོད།
དེས་ན། དགོན་སྡེ་གང་ཞིག་ཡིན་རུང་གནའ་བོའི་སྒྲིག་གཞི་ཡིན་ཟེར་ནས་ཨུ་ཚུགས་མི་རྒྱག་པར་དེ་ལྟ་བུའི་དུས་རབས་དང་མཐུན་པའི་སྒྲིག་གཞི་འཛུགས་པ་ཤིན་ཏུ་གལ་ཆེའོ།
། ཡང་དག་པ་མ་ཡིན་པའི་སྒྲིག་གཞི་ཁ་ཤས་མཚན་གཞི་བཟུང་ནས་བཤད་ན།
རྒྱ་གླིང་རག་དུང་འབུད་པ་དང་། གར་འཆམ་རྒྱག་པ། གཏོར་ཟོར་འཕེན་པ།
ཏིང་ངེ་འཛིན་བརྟན་པོ་མེད་པར་ཧོམ་བླུག་ཡས། དཀོན་མཆོག་གསུམ་ངོས་མ་ཟིན་པར་གཟུངས་སྔགས་མང་བོ་བགྲང་ཡས།
མ་ཟད། ཚོགས་སྐད་རྒྱག་པ་དང་། གྲྭ་ཆུང་རྣམས་ཀྱིས་དུང་དཀར་ཡུན་རིང་འབུད་དགོས་པའི་སྒྲིག་གཞི་རྣམས་ཀྱིས་སློབ་སྦྱོང་གི་གོ་སྐབས་ཧ་ཅང་འཕྲོག་པས་ཚུལ་དང་མི་མཐུན་པའི་སྒྲིག་གཞི་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།
མདོར་བསྡུས་ན། སློབ་སྦྱོང་ལ་གནོད་པའི་རིགས་ཀྱི་སྒྲིག་གཞི་ཞིག་ཡིན་ཕྱིན་ཆད།
ཁྱོད་མེད་པ་བཟོ་བ་ལ་དམ་ཆོས་འདུལ་བ་དང་།
བཅོམ་ལྡན་འདས་ཀྱི་ཐུགས་དགོངས་དང་མི་མཐུན་པ་མེད་ན།
གནའ་བོའི་སྒྲིག་གཞི་ཡིན་ཡང་དོར་དགོས། དམ་ཆོས་འདུལ་བ་དང་།
བཅོམ་ལྡན་འདས་ཀྱི་ཐུགས་དགོངས་དང་འགལ་བ་མེད་པར་སློབ་སྦྱོང་ལ་ཕན་ཐོགས་པའི་སྒྲིག་གཞི་ཞིག་ཡིན་ཕྱིན་ཆད།
གནའ་བོའི་སྒྲིག་གཞི་མིན་ཀྱང་བླང་བྱ་ཞིག་ཏུ་སྣང་ངོ་། །