གཡུང་དྲུང་བོན་གྱི་བསྟན་པ་བོད་ཁ་བ་ཅན་དུ་དར་ཚུལ་སྐོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 26 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» འཛམ་གླིང་ཆོས་ལུགས། »གཡུང་དྲུང་བོན་གྱི་བསྟན་པ་བོད་ཁ་བ་ཅན་དུ་དར་ཚུལ་སྐོར།
གཡུང་དྲུང་བོན་གྱི་བསྟན་པ་བོད་ཁ་བ་ཅན་དུ་དར་ཚུལ་སྐོར།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/1/2ལྟ་ཀློག (40648)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

[རྩོམ་པ་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན།]

      སྤྱིར་ཚེ་ལོ་དཔག་མེད་ཀྱི་དུས་ལ་སོགས་ཚེ་ཡི་མིག་རེར། ལྷ་གཤེན་སྲིད་པ་གསུམ་དུ་འཚོགས་པ་རེ་བྱོན་ཞིང་། གང་ལ་གང་འདུལ་གྱི་བོན་སྒོ་མཐའ་ཡས་གསུངས་པའི་ལོ་རྒྱུས་ནི་འདིར་བཤད་ཀྱིས་མི་ལང་ངོ་། །

         བྱེ་བྲག་ཏུ་རྩོད་ལྡན་བརྒྱ་བའི་སྟོན་པ་འདི་ཉིད་ཀྱི་བསྟན་པ་དར་ཚུལ་ནི།རྒྱལ་ཁམས་སྤྱི་ལ་དར་ཚུལ་དང་། བོད་ཁ་བ་ཅན་དུ་དར་ཚུལ་ལོ། །དང་པོ་ནི་སྟོན་ ལ་ཞལ་བཞུགས་པའི་དུས་སུ་རྒྱལ་ཁམས་མང་པོར་བསྟན་པ་བཞག་ཅིང་སྤེལ་བ་ནི་བསམ་གྱིས་མི་ཁྱབ་པའོ། །མྱ་ངན་ལས་འདས་ནས་དར་ཚུལ་ནི། བདལ་འབུམ་ལས། སྟོན་པ་མྱ་ངན་འདས་རྗེས་ནས། གསུང་རབ་རྣམས་ཀྱང་ལྷོ་ཕྱོགས་སུ་འབྱུང་བར་འགྱུར་རོ། ། དེ་ནས་ཤར་དུ་བྱུང་ངོ་། ། དེ་ནས་བྱང་དུ་འབྱུང་ངོ་། ། ཞེས་པས། བྱང་ཕྱོགས་ནི་བོད་ཁ་བ་ཅན་ནོ། །
      མདོ་འདུས་ལས། མཐར་ནི་ང་ཡི་བསྟན་པ་འདི། མང་ལ་རྒྱས་པའི་བོན་སྡེ་དང་། ཉུང་ལ་འདུས་པའི་བོན་སྡེ་དང་། གསང་བ་ཟབ་པའི་བོན་སྡེ་རྣམས། ལྷ་ཡུལ་ཀླུ་ཡུལ་མི་ཡུལ་དུ། བརྒྱུད་ནས་བྱུང་སྟེ་དར་རྒྱས་སོ། ། ཞེས་དང་། སྟོན་པ་འདས་ནས་མི་ལོ་བརྒྱད་དང་ཉི་ཤུ་རྩ་བརྒྱད་ན། ལྷ་བོ་ཡོངས་སུ་དག་པ་དང་། ཀླུ་བོན་ཡེ་ཤེས་སྙིང་པོ་དང་། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི། བོན་རྣམས་འོལ་མོ་གླིང་དུ་འབྱུང་། སྟོན་པ་མྱ་ངན་འདས་རྗེས་སུ། འོལ་མོ་གླིང་དུ་བོན་རྣམས་འདུས། ཞེས་པས། ཁྱད་པར་དུ་ཡང་གསང་སྔགས་རྣམས་ནི། སྟོན་པ་འདས་རྗེས་ཡོངས་སུ་དར་ཞིང་། སྤྱིར་ཡང་ཀླུ་ཡི་ཡུལ་དུ་འཕོ་འགྱུར་ཤས་ཆུང་ལ། མིའི་ཡུལ་དུ་འཕོ་འགྱུར་ཤས་བས་ལན་གཅིག་བསྟན་པ་མི་ཡུལ་དུ་ཆ་ཕྲ་བ་ལ་ལྷ་ཀླུའི་ཡུལ་ནས་བརྒྱུད་དེ་དར་བར་བཤད་དོ། །མདོ་ལས། གཤེན་རབ་མྱ་ངན་འདས་ནས་སུ། གདུང་འཚོ་བ་མུ་ཚོ་ལྡེམ་དྲུག་གིས། བཀའ་ལ་བརྟེན་ནས་རིགས་པས་མང་པོར་ཕྱི་ཞིང་ཡོངས་སུ་རྒྱ་ཆེར་བྲིས། ཕྱེས་མུ་ཆོ་འདས་ནས་མཁས་པ་རིམ་པར་འབྱུང་། ཞེས་དང་། སྟོན་པའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན་ནས་མང་པོར། ལོ་ཙཱ་སྦྱར་ནས་ཕྱོགས་མཚམས་ཀུན་ཏུ་བསྒྱུར་ཞིང་སྤེལ། ཞེས་སོ། །
     མདོ་འདུས་ལས་ཀྱང་། དེ་ནས་འོལ་མོ་ལུང་རིང་ནས། བཀའ་ལ་རྗེས་སུ་བསྟན་པའི་བོན། ལོ་ཙྭ་བ་དྲུག་གིས། གཡུང་དྲུང་ལྷ་སྐད་ལས། རང་རང་ཡུལ་སྐད་རིགས་སོ་སོར་བསྒྱུར། དེ་ཡང་སྟག་གཟིག་ལོ་ཙཱ་དམུ་ཙཱ་ཏྲ་ཧེ་དང་། ཞང་ཞུང་ཁྲི་ཐོག་སྤར་ཚ་དང་། སུམ་པ་གྷུ་ཧི་ལི་སྤར་ཡ་དང་། རྒྱ་གར་ལྷ་བདག་སྔགས་གྲོལ་དང་། རྒྱ་ནག་ལེགས་ཏང་རྨང་པོ་དང་། ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་ཞེས་པ་སྟེ། གདུང་འཚོ་བ་མུ་ཆོའི་དྲུང་དུ་ཤེས་པའི་རྒྱུད་སྦྱངས་པའི་མཁས་པ་ཆེན་པོ་འཛམ་གླིང་གི་རྒྱན་དྲུག་པོ་དེ་དག་གིས་རྫུ་འཕྲུལ་དང་ལྡན་པས་རྒྱ་གར་རྒྱ་ནག ཕྲོམ་སྟག་གཟིག བོད་དང་། ཞང་ཞུང་ལ་སོགས་སྐད་རིགས་སུམ་བརྒྱ་དྲུག་ཅུ་བོན་ཀྱི་སྐད་དུ་བསྒྱུར་ཞིང་སྤེལ་ནས་དར་བའོ། །
        གཉིས་པ་བོད་ཡུལ་དུ་དར་ཚུལ་ལ་བཞི་སྟེ།དུས་གང་གི་ཚེ་དར་བ། ཡུལ་གང་དུ་དར་བ། རྒྱལ་གཤེན་གང་གི་རིང་ལ་བོན་གང་དར་བ། ཚུལ་ཇི་ལྟར་དར་བའོ། །དང་པོ་དུས་ནི།གཤེན་རབ་ཀྱི་བསྟན་པ་བོད་ཡུལ་དུ་སྔ་བ་ནི། བསྒྲགས་བྱུང་ལ་སོགས་ལས། བོད་དུ་བོན་སྔ་བ་ནི། རྒྱུ་ཡི་བོན་རྣམས་ཚེ་ལོ་བརྒྱ་པའི་དུས་ན་བྱུང་། འབྲས་བུའི་བོན་ནི་དགུ་བཅུའི་དུས་སུ་འབྱུང་། འབུམ་ཆེན་བླ་མེད་སྡེ་བཞི་དང་། བོན་ཐེག་པ་རིམ་དགུ་གཏན་ལ་ཕབ་ནས་བོད་ཡུལ་གཤེན་རབ་དམུས་མངའ་རིས་སུ་བསྡུས་ཞེས་པས། བརྒྱ་པར་སྟོན་པ་བོད་དུ་ལན་འགལ་བྱོན་ནས་ངར་བ་ཞིག་གོ །ཞི་ཁྲོ་རྩ་འགྲེལ་ལས། དེ་གཉིས་ཚེ་ལོ་བརྒྱ་དང་དགུ་བཅུའི་དུས་སུ་བྱུང་བར་བཤད་པ་ནི། ལོ་ཙཱ་བ་རྣམས་ཀྱིས་རབ་ཏུ་དར་བར་སྤེལ་བའི་དབང་དུ་བྱས་པ་ལ་དགོངས་པའོ། །
     གཉིས་པ་ཡུལ་ནི་གབ་འགྲེལ་ལ་སོགས་ནས་མཐོ་ཞང་ཞུང་ཁ་ཡུག་གི་རུ་མཚམས་ཁྱུང་ལུང་དངུལ་མཁར་མན་ཆད། དམའ་སུམ་པ་གླང་གི་གྱིམ་ཤོད་བྲག་ཤེ་ལེ་རྒྱ་གར་ཡན་ཆད། ལྷོ་དམ་སྒྲོ་ནག་པོ་སྙུག་མ་བུ་ཁུར་ཚུན་ཆད། བྱང་ལི་བྱི་སྒང་རིང་འཇག་མ་གླུ་ལེན་ཚུན་ཆད་དུ་དར་བར་བཤད་ཅིང་། རྒྱལ་ཁམས་ནི་རུ་བཞི་བོན་གྱི་རྒྱལ་ཁམས་སུ་བྱས། གསུངས་སོ། །
     གསུམ་པ་རྒྱལ་གཤེན་ནི་དུས་དེ་ཙམ་ན་རྒྱལ་པོ་མང་པོས་བཀུར་བ་རྗེའི་གདུང་རྒྱུད་ནི། འཛམ་བུ་གླིང་ན་མངར་ཞིང་ཆེ་བར་གྲགས་པའི་མེས་པོ་སེང་གེ་འགྲམ་ཀྱི་བརྒྱུད་པ་ནི་བོད་ལ་མེད། རྒྱལ་ཁྲིམས་མེད་ཀྱང་བོན་ཁྲིམས་དར་ལས་རྒྱས་པས། བོད་ཁམས་བདེ་ཞིང་སྐྱིད། གཤེན་ནམ་མཁའི་མདོག་ཅན་བོད་ན་བཞུགས་པའི་དུས་སོ། །
དེ་ནས་བོད་ཀྱི་རྗེ་ལ་སྔ་བ་ནི།བྱམས་མ་ལས། མང་པོ་བཀུར་བའི་རྒྱལ་རྒྱུད་ལས། འབུམ་ཕྲག་བྱེད་དང་བཅུ་གསུམ་སོང་བའི་དུས་སུ། སྐྱ་སེང་གི་སྲས་སྤྱུགས་པ། བོད་ཀྱི་ཡུལ་དུ་སྒམ་ལྷ་སྲས་དང་། ལྡོག་ལྷ་བོན་པོ་ལ་སོགས་པ་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་པོས། མཚན་བལྟས་ཁྲུས་གསོལ་རྒྱལ་པོར་ཕྱུངས་པ་ནི་གཉའ་ཁྲི་བཙན་པོའོ། །དེའོ་གོང་དུ་གཤེན་ནམ་མཁའི་མདོག་ཅན་བོད་དུ་བཞུགས་ནས་རྒྱལ་ཁྲིམས་མེད་ཀྱང་བོན་ཁྲིམས་བཟུང་བས། བོད་འདིར་རྒྱལ་པོ་བས་ཀྱང་བོན་པོ་སྔོ་བའོ། །
     དེ་ནས་ཆབ་སྲིད་འཛིན་པའི་རྒྱལ་པོ་རེ་རེའི་རིང་ལ་སྐུ་སྲུང་གི་གཤེན་རེ། འདྲེན་པའི་བོན་གསས་རེ་བཀའི་ཡི་ལོ་པན་རེ། ཐུགས་དམ་གྱི་བོན་རེ་ཡོད་པར་བཤད་པས། གཉའ་ཁྲི་བཙནཔོའི་རིང་ལ། རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་དར་ཏེ། མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་འདོད། འགྲོ་ཤེས་གླུད་གཏོང་། འདུར་ཤེས་སྲིདགཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བྱད། ཕན་ཤེས་སྨན་དཔྱད། ལྟོ་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ། ལྡིང་ཤེས་ཤ་བ། འཕུར་ཤེས་ཇུ་ཐིག འགྲོ་ཤེས་འཕྲུལ་བོན། དེ་རྣམས་ལ་ཤེས་པ་ཅན་བཅུ་གཉིས་ཟེར་རོ། ། ཤིན་ཏུ་དར་ཆེ་བ་བྱུང་ངོ་། ། དེ་ནས་ནམ་མཁའ་སྣང་བ་མདོག་ཅན་ལ་བོན་སྤྱི་སྤུངས་ཞུས་ནས་གསུངས་སོ། ། དེའི་སྲས་མུ་ཁྲི་བཙད་པོས་བསླབ་ནས་དོན་གོ ། བསྒྲུབས་པས་དོན་གྲུབ། བསྒོམ་པས་དོན་རྟོགས་ནས་སྟག་གཟིག་ལ་སོགས་འཛམ་གླིང་གི་ལོ་ཙྭ་བསྒྱུར། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྡ་བཙུགས།
      དེ་ནས་སེང་ཁྲི་བཙན་པོའི་དུས་ཡན་ཆད་གནམ་གྱི་ཁྲི་བདུན་གྱི་རིང་ལ། བླ་མ་ཆེན་དྲུག་གི་བོན་དར་ནས་ཕ་ཆེན་བླ་ན་མེད་པའི་བོན་དང་། མ་ཆེན་བླ་ན་མེད་པའི་བོན་དང་། ཐེག་ན་བླ་ན་མེད་པའི་བོན་དང་། སྤྱོད་པ་བླ་ན་མེད་པའི་བོན་དང་། འབྲས་བུ་བླ་ན་མེད་པའི་བོན་དང་། དོན་དམ་བླ་ན་མེད་པའི་བོན་རྣམས་དར་རོ། །ཞེས་བྱམས་མ་ནས་གསུངས་ཤིང་འདྲེན་པའི་དཔོན་གསས་ནི་གོང་མ་ཆེ་དྲུག་ཀུན་བོད་ཡུལ་དུ་བཞུགས་པར་མ་ངེས་ཀྱང་དེ་དག་གི་བཀའ་རྒྱུད་རྣམས་བཞུགས་པའོ། །གོང་མ་ཆེ་དྲུག་གང་ཞེ་ན། གཏིང་ཟློག་གི་རྒྱུད་ལས། ཐོག་མར་གསང་བ་འདུས་པ་རྐང་གྲངས་སུ་བཤད་དོ། །སྟག་ལ་མེ་འབར་དང་གཉིས་པོ་ནི་ཚེ་ལོ་ཁྲི་པ་མན་ཆད་ཀྱི་དུས་སོ། ། ལྷ་གཤེན་ཡོངས་སུ་དག་པ་རྩ་གསུམ་པའི་ལྷ། རྒྱལ་གཤེན་མི་ལུས་བསམ་ལེགས་ནི། མང་པོས་བཀུར་བ་གཙུག་ཁྲིའི་སྲས་ཡིན། བྱམས་མ་རིགས་ཀྱི་འཇིགས་སྐྱོ་བ་ལས་གསུངས་སོ། ། ཀླུ་གྲུབ་ཡེ་ཤེས་སྙིང་པོ་ནི། གཙུག་གཤེན་རྒྱལ་པོ་ཞེས་ཀྱང་བྱ། དབྱར་སྙན་གྱིམ་བུ་ཞེས་ཀྱང་བྱ།
     ནམ་མཁའི་སྣང་བའི་མདོག་ཅན་ནི་ཚེ་ལོ་སྟོང་པའི་ཚེ་འཛིན་མཁན་ཡིན། འདུལ་བའི་ཆ་འཛིན་གྱི་གཤེན་རྣམས་ནི། དམུ་ཙ་ཏྲ་ཧེ། སེམས་ཉིད་ཀྱི་སྤྱན་དང་ལྡན་པས་མཚན་ལྡན་ཁྱེའུ་བཞིའི་ཞལ་མཐོང་ནས། དད་པ་སྐྱེས་ཏེ་དག་པ་དྲང་སྲོང་གཅིག་རྫོགས་སུ་མཛད་དོ། །དེ་ནས་དྲང་སྲོང་ཁྲི་ལྡེ་འོད་པོ། དྲང་སྲོང་ལྷང་ལྷང་གཙུག་ཕུད། དྲང་སྲོང་ཐང་བ་ཡིད་རིང་། དྲང་སྲོང་ཐུགས་ཀར་ཡེ་ཤེས། དྲང་སྲོང་གུ་རུབ་ཡེ་ཤེས། དྲང་སྲོང་འོད་ལྷ་གསལ་འབར། དྲང་སྲོང་རྫུ་འཕྲུལ་ཡེ་ཤེས་དེ་རྣམས་རྫུ་འཕྲུལ་གྱི་ཞབས་དང་ལྡན་པས། སྐད་རིགས་མི་མཐུན་པའི་ཡུལ་མང་པོ་བྱོན། དེ་ཡན་ཆད་སྟག་གཟིག་གི་མཁན་བརྒྱུད་ཀྱི་རིམ་པའོ། །
      དེ་ནས་ཞང་ཞུང་ཡུལ་ནས་དྲང་སྲོང་ཡེ་ཤེས་ཚུལ་ཁྲིམས། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས། དྲང་སྲོང་གཙུག་ཕུད་ཚུལ་ཁྲིམས། ག་ཆུ་རྒྱལ་བ་ཚུལ་ཁྲིམས། དེ་རྣམས་ནི་ཞང་ཞུང་གི་མཁན་བརྒྱུད་ཀྱི་རིམ་པའོ། །
     དེ་ལ་བོད་ཀྱི་བླ་མ་གཉིས་ནི། ཡེ་ཤེས་རྒྱལ་བ་དང་། ཕམ་ཤི་དཔལ་གྱི་དབང་ཕྱུག་གོ། ཡ་གོང་གི་མཁན་བུ་ལྡེ་བཙུན་རབ་གསལ། ཕམ་ཤིའི་མཁན་བུ་གཅོ་བཙུན་ཡེ་ཤེས་སོ། ། ལྡེ་གཙོ་གཉིས་ཀ་ལས་ཚུལ་ཁྲིམས་མནོས་པ་ནི། མུ་ཟི་གསལ་བཟང་ཡིན་ཏེ། འདུལ་ཁྲིམས་བསྟན་པའི་མདོ་བཟུངས་ཤིང་། དེ་ཡན་ལ་བོད་དང་ཞང་ཞུང་ན་འདུལ་ཁྲིམས་ཀྱི་བསྟན་པ་དར་རོ། །
     བཞི་པ་ཚུལ་ཇི་ལྟར་དར་བ་ལ་གཉིས་ཏེ།སྒྲ་སྐད་བསྒྱུར་ཚུལ་དང་། གཏན་ལ་ཕབ་ཚུལ་ལོ། །དང་པོ་ནི།འཛམ་གླིང་རྒྱན་དྲུག་གིས་མཁས་པ་མི་བཞི་ལ་བརྒྱུད་པའོ། ཞི་ཁྲོ་རྩ་འགྲེལ་ལས། ཞང་ཞུང་སྟོང་རྒྱུན་ཡན་ཆད་ཀྱིས་མུ་ཆོ་ལྡེམ་དྲུག་གི་ཞལ་མ་ཟིན་ཡོང་། མུ་ཆོའི་སློབ་མ་བཅུ་གསུམ་གྱི་ཞལ་ཟིན་ཞེས་སོ། །དེ་ལ་བོན་འགའ་ཤས་ནི་རྒྱ་གར་རྒྱ་ནག་སུམ་པ་མེ་ཉག་སོགས་ཀུན་ལ་བསྒྱུར་ཏེ། དབུས་ན་ཡང་དེ་དག་གི་སྐད་དུ་བསྒྱུར་རོ། ། ལི་ཤུ་སྟག་རིང་གིས། སྟག་གཟིག་གི་ཡུལ་ནས་རང་འགྱུར་དུ་བསྒྱུར་ཏེ། དེ་ཉིས་དགུང་ལོ་སྟོང་དང་ཉིས་བརྒྱའི་དུས་ན་སྟག་གཟིག་ནས་བོན་གྱི་ཡང་བཅུད་ཁྲི་ ཕྲག་བཅུ་གཅིག། ཁྲུང་ཁྲུང་བྱ་རྒོད། དུར་བྱལ་བཀལ་ནས། དྲོ་ཐེབ་གཅིག་གིས་བོད་ཀྱི་གངས་རིའི་རྩར་ཕེབས། དེ་ནས་དྲོ་གཅིག་ལ་བསམ་ཡས་ལ་ཕེབས། རྒྱལ་པོའི་བླ་མཆོད་མཛད། ཅེས་ཡོངས་རྩེའི་ལོ་རྒྱུས་ལས་གསུངས་སོ། །
     དེ་ཡང་ཁ་བྱང་དཀར་ནག་ཁྲ་གསུམ་ལས། ཁྲུང་ཁྲུང་རྒྱ་ནག་ཡུལ་དུ་བབས། ཁྲིམས་ལེགས་པ་བྱུང་ངོ་། །བྱ་རྒོད་ཞང་ཞུང་ཡུལ་དུ་བབས། བོན་ཤིན་ཏུ་དར་རོ། ། དེའི་ཚེ་མཁས་པ་མི་བཞིས་བསྒྱུར་ཞིང་གཏན་ལ་ཕབས་ནས་མཐུ་ཆེན་མི་དགུས་བསྒྲུབ་ ཅིང་ཉམས་སུ་བླངས། ཞེས་པས། དེ་དག་རྣམས་ལ་ཡང་རྒྱ་གར་ནག་གི་བོན་སྐོར་རྣམས་དང་། ཞང་ཞུང་གི་བོན་དུ་གྲགས་པར་སྣང་། དུར་བྱའི་ཁལ་རྣམས་བོད་ཡུལ་དུ་བབས། འདུལ་བའི་ལུང་དང་བསྟན་པ་དར། འདུལ་བ་དང་སྡེ་སྣོད་ཁ་ཅིག་ནི། རྫུ་འཕྲུལ་ཡེ་ཤེས་ཀྱིས་སྟག་གཟིགས་ནས་ཞང་ཞུང་དུ་བསྒྱུར། བོན་ཤས་ཆེ་བ་ནི། སྟག་གཟིགས་ནས་ཞང་ཞུང་བོད་དུ་བསྒྱུར། དེའི་ཕྱིར་དབུ་ན་ཞང་ཞུང་གི་སྐད་སྨོས་པ་དེའོ། །རྩ་འགྲེལ་ལས། སྒྲ་བསྒྱུར་སྐད་མི་གཅིག་པ་སུམ་བརྒྱ་དྲུག་ཅུ། བྱེ་བྲག་ཁྲི་དྲུག་འབུམ་ལས། ཀ་པི་ཏ་ལྷ་སྐད་ལས་སངསྐྲྀ་ཏ་དག་པར་བསྒྱུར། སངསྐྲྀ་ཏ་དག་པ་ལས་སྟག་གཟིག་སྐད་ལ་བསྒྱུར། སྟག་གཟིག་སྐད་དག་པ་ལས་ཞང་ཞུང་སྐད་དུ་བསྒྱུར། ཞང་ཞུང་སྐད་དག་པ་ལས་བོད་སྐད་དུ་བསྒྱུར་ཏེ། བདལ་འབུམ་ལས། ཡུལ་བྱེ་མ་ལ་གཡུང་དྲུང་ཚལ་དུ་ཞང་ཞུང་སྟོང་རྒྱུང་གིས་བོད་གི་དབུ་ཆེན་ལ་བོན་ཁྲི་སྡེ་བཤད་ཅིང་བསྒྱུར་ཅེས་སོ། །ལོ་རྒྱུས་ཁ་ཅིག་ལས། ཁྱུང་ལུང་དངུལ་མཁར་གྱི་ཕྱོགས་བཞི་ན་སྐད་རིགས་ཟུང་བཞི་ཡོད་པ་ལ། ཞང་ཞུང་སྡེ་བརྒྱད་ཅེས་བྱ་སྟེ། དེའི་ཕྱོགས་བཞི་ན་མཁའི་པ་མི་བཞིས་ལོ་ཙྭ་བྱས་ཏེ་བསྒྱུར་བར་བཤད་དོ། དེང་སང་དེ་དག་གིཡུལ་དུ་ཤས་ཆེ་བ་བོད་སྐད་དུ་སྨྲ་བར་འདུག་སྟེ། ཁྲི་སྲོང་གི་རིང་ནས་ཞང་ཞུང་བོད་ཀྱི་འོག་ཏུ་བཙུད་པས་སོ། །
      བོད་ཀྱི་ཡི་གེ་ཡང་དེ་བཞིན་དུ་དག་པ་སྟག་གཟིགས་གི་སྤུངས་ཡིག་ཏུ་བསྒྱུར། དེ་ལ་སྨན་ཆེ་ཆུང་དུ་བསྒྱུར། སྟག་གཟིག་གི་སྤུངས་སོ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨར་བྲག་ཏུ་བསྒྱུར། སྨན་ཆུང་དབུ་ཆེན་དུ་བསྒྱུར། སྨར་ཆེན་འབྲུ་མར་བསྒྱུར། ཞེས་གྲགས་སོ། ། ཁ་ཅིག་གིས། བོད་ཡིག་ནི་སྲོང་བཙན་སྒམ་པོའི་རིང་ལ་ལོ་ཙྭ་ཐོན་མི་སཾ་བྷོ་ཊས་མཛད། རྒྱ་གར་གྱི་ཡི་གེ་ལ། ཅ་ཆ་ཇ་ཞ་ཟ་འ་དྲུག་མེད་པས་ཟ་ཧོར་ནས་བཙལ་ཏེ་བཅུགས་ཟེར་བ་ནི་བཞད་བགད་ཀྱི་གནས་ཡིན་ཏེ། བོད་ཡུལ་དུ་མགོ་ནག་མི་ཡི་སྲིད་པ་ནས་བསྟན་པའི་བོན་ཡོད་པ་ལས། ཡི་གེ་དྲུག་པོ་དེ་མེད་པ་ཡིན་ནམ། གཞན་ནས་བཙལ་དགོས་པ་ཅིའི་ཕྱིར་རོ། ། སྲོང་བཙན་གྱི་བཀའ་ཆེམས་སོགས་ནས་རྒྱ་གར་སྐད་ཀྱི་ཨེ་ཀ་དང་། ངྷརྨ་ལོ་ཀ་ནཱ་མ་སོགས་བོད་སྐད་དུ་བསྒྱུར་དུས། གཅིག་དང་ཆོས་སོགས་མ་བཏུབ་ནས་ཡི་གེ་དྲུག་པོ་དེ་གསར་དུ་བཟོས་ནས་བཅུགས་པ་ཡིན་ཟེར་བ་ཡང་འགལ་ཞིང་། གཞན་རྣམས་རྒྱ་གར་གྱི་ཡིན་པར་འདོད་པ་ཡང་ད་ལྟ་རྒྱ་གར་གྱི་ཡི་གེ་དང་བོད་ཡིག་ རྣམས་མི་མཐུན་པའི་ཕྱིར་རོ། །མ་རྒྱུད་ཐུགས་རྗེ་ཉི་མ་ལས། རྒྱ་བོད་ཡི་གེ་གཏན་ནས་མི་འདྲའོ། །ཞེས་དང་། ཁ་ཅིག་ན་རེ། བོན་བྱ་བ་གསར་བཟོ་ཡིན། ཤཱཀྱ་ཐུབ་པའི་དུས་སུ་བོན་མེད་པས། བསྟན་པ་ཆོས་སྔ་ཞེས་པ་ཡང་། ཐུབ་པས་གསུངས་པའི་གསེར་འོད་ལས། བོན་པོ་བྱ་རུ་ཅན་ཞེས་སོགས་གསུངས་པ་ངེས་མེད་དུ་འགྱུར་རོ། །
      པདྨ་འབྱུང་གནས་ཀྱིས། རྒྱ་གརཆོས་རྣམས་བོད་དུ་བསྒྱུར་བའི་ཚེ། རྒྱ་གར་ཡི་གེ་བོད་ལ་བསྒྱུར་མ་བཏུབ། ཀ་ཁ་གསུམ་ཅུ་བོན་ལ་དཔེ་རུ་བླངས། ལྷ་ཡི་མཚན་རྣམས་འབྱུང་བའི་སྒྲ་ལས་བྱུང་། སྔགས་རྣམས་མ་བསྒྱུར་རྒྱ་གར་རང་སར་བཞག ཅེས་སོ། ། དེས་ནི་ཡི་གེ་འདི་དག་དང་པོ་སངས་རྒྱས་ཀྱིས་མཛད་དེ། མདོ་ལས། ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་ཀྱང་ཕུབ། འགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད། ཚིག་གི་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་དང་། སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བསྟན། ཅེས་སོ། །
       གཉིས་པ་གཏན་ལ་ཕབ་པའི་ཚུལ་ནི།དར་ ཞིང་རྒྱས་པའི་ཤུགས་ཀྱིས་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་འཕེལ་བ་ནི། སྒྲ་འགྲེལ་ལས། དབུས་རུ་ན་འདུ་ཞིང་གནས་པའི་ས་བཅུ་གསུམ། གཡོན་རུ་ན་བདུན། གཡས་རུ་ན་བརྒྱད། རུ་ལགལ་དགུ་སྟེ་སུམ་ཅུ་སོ་བདུན་ནོ། །དབུས་རུའི་བཅུ་གསུམ་ནི།གཉན་ལོ་རལ་གསུམ་བོན་གྱི་གནས། འདམ་ཤོད་སྣར་མོ་བོན་གྱི་གནས། འཕན་ཡུལ་བྲག་དཀར་བོན་གྱི་གནས། མལ་གྲོ་ར་བ་བོན་གྱི་གནས། ཆུན་གྱི་བྲག་དམར་བོན་གྱི་གནས། ཧས་པོ་རི་ཐང་བོན་གྱི་གནས། ལྷ་ས་ཡེར་བ་བོན་གྱི་གནས། སྣམ་གྱི་རི་གད་བོན་གྱི་གནས། གནམ་མཚོ་དོ་རིང་བོན་གྱི་གནས། སྟོད་རས་ལུང་གསུམ་བོན་གྱི་གནས། སྐྱི་ཤོད་ལུང་ནག་བོན་གྱི་གནས། རེ་རྒྱང་ཤ་མཐའ་བོན་གྱི་གནས། མགོན་གོན་རྒྱལ་མོ་ཁང་དང་བཅུ་གསུམ་མོ། །གཡོན་རུའི་བདུན་ནི།འོ་ཁ་ཤུག་གཅིག། ཉང་ཡུལ་ཤིང་ནག། དབྱེ་ལུང་གང་པར། ཀོང་ཡུལ་བྲེ་སྣ། ཡར་ལུང་སོག་ཁ། ཀླུད་ཤོད་ཐར་མར། མལ་གྲོ་མཚོ་ཤོད་དང་བདུན་ནོ། །གཡས་རུའི་བརྒྱད་ནི།འུ་ཡུག་ས་ནག། ཤངས་ཀྱི་ཞོང་ཚལ། བྲུད་ཀྱི་མཁར་གདོང་། རྟ་ནག་རྐྱང་ཕུ། འཇད་ཀྱི་རྒྱང་མཁར། སྟག་ཕུ་གྲོས་ལྷས། གཙང་གི་གྱེར་ཡུག། ཟང་ཟང་ལྷ་བྲག་དང་བརྒྱད་དོ། །
    རུ་ལག་གི་དགུ་ནི། ཉང་སྟོང་སྟག་ཚལ། ཆུ་འགོ་རྡོ་རིང་། མཁར་ཆེན་བྲག་དཀར། མཚོ་རྔ་དྲིལ་ཆུང་། གཉན་རྩེ་ཐང་ཤོད། གྲམ་པ་ཁ་འུ། རག་པ་ཐང་ཟླུམ། མང་མཁར་མདོ་ཕུག། ལྷ་ཡུལ་གུང་ཐང་བོན་གྱི་འདུ་ཚོགས་བྱེད་པའི་གོམས་སོ། ། བསྒྲགས་བྱང་ལས།

     དེ་རྣམས་ན་བཞུགས་པའི་གཤེན་པོ་དྲུག་ཅུ་རྩ་དགུ་ཞེས་པ་ནི། གྲུབ་པ་ཐོབ་པའི་གཤེན་པོ་དགུ། མཁས་པ་མི་དགུ། མཐུ་བོ་ཆེ་མི་དགུ། བོན་ཆེན་བཞི་བཅུ་ཞེ་གཉིས་དང་དྲུག་ཅུ་རེ་དགུར་བཤད་པའི་གཉིས་མཚན་སྤུན་ཡིན་པར་བཤད་དོ། །དེ་ཡང་གྲུབ་པ་ཐོབ་པ་དགུ་ནི། མངའ་བདག་གྲུབ་པའི་གཤེན་དགུ་ཡོད། མཁས་པ་མི་དགུ་ནི། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། མེ་ཉག་ལྕེ་ཚ་མཁར་བུ་ཆུང་། སེ་ཤ་རི་དབུ་ཆེན། ལྡེ་གྱིམ་ཚ་རྨ་ཆུང་སྟེ་མཁས་པ་མི་བཞི་དང་། སྟག་གཟིག་ཟ་རང་མེ་འབར། རྒྱ་གར་ལྷ་བདག་སྔགས་གྲོལ། མཁས་པ་ཐ་མི་ཐད་གེ། གེ་སེར་ངམ་པ་ལྕེ་རིང་། སུམ་པ་མུ་སྤུངས་གསལ་དང་དགུའོ། མཐུ་ཆེན་མི་དགུ་འོག་ཏུ་སྟོན། བོན་ཆེན་བཞི་བཅུ་རྩ་གསུམ་ནི། རྒྱལ་གྱི་སྐུ་འཚོ་བ་བཅུ། བློན་གྱི་གྲོས་འཚོ་བ་བཅུ། རྒྱ་བོད་ཀྱི་མཐའ་སྲུང་བ་སྟོད་ན་བཅུ་གཅིག སྨད་ན་བཅུ་གཅིག་གོ །
    གཞན་ཡང་མཐུ་དང་རྫུ་འཕྲུལ་ལྡན་པ་ནི། ཞང་ཞུང་གི་བོན་པོ་གླང་མུ་ཝེར་བྱ་སང་། སུམ་པའི་བོན་པོ་ཁྲི་སྙ། གནམ་གཤེན་ཐོག་པ་ཙ། རྒྱ་བོན་ཧ་ཧ་གསལ་བ། ཨོ་རྒྱན་གྱི་བོན་པོ། ཁ་ཆེ་བྱེ་བྲག བོན་པོ་ཁ་རྒྱལ་དང་བ། ར་ལྕག་གི་བོན་པོ་བོད་ལྕགས་ཕྲུག དེ་ལ་སོགས་པ་མཐུ་རྩལ་དང་ལྡན་པ་མང་པོ་ཡོད་དོ། །
     ཞོར་ལ་མཁས་པ་ཉི་ཤུ་ངོས་འཛིན་གང་ཞེ་ན། ཁྱུང་པོ་སྟག་སྒྲ་དོན་གཙུག བྷེ་ཤོད་ཀྲམ་ཆེན་པོ། གུ་རིབ་བཙན་དོ་མི་སེར། ཕུ་ལུ་གྲུ་འཛིན་ཆེན་པོ། ལྡེ་གྱིམ་ཐང་རྨའོ། སྙ་ལི་ཤུ་སྟག་རིང་། སུམ་པ་མུ་ཕྱ་ཆེན་པོ་བདུན་ནི། སྟག་གཟིག་གི་མཁས་པའོ། གྷ་ཧས་པོ་དུག་འདུལ། ཕྱྭ་སྟག་སྒྲ་གྱེར་ཤག བ་གོར་དོད་དེ་རྒྱལ་བ། འཇང་ཚ་འཕན་སྣང་། གནུབ་མ་གཉེ་བཙན་དང་ལྡ་ནི་རྒྱ་གར་མཁས་པའོ། ཕྱི་སོགས་མོན་སར། མགར་ལྷ་བཞེར་མཆེས་པ། སྐུ་གཤེན་གྱིམ་ཐང་རྨའོ། གཤེན་དྲན་པ་ནམ་མཁའི་དང་བཞི་ནི་ཞང་ཞུང་གི་མཁས་པའོ། བོན་བློན་གསལ་ཆེན། ལྕགས་ཁྲི་ཟུར་སྡོད་ལོད། མང་པོས་ཁྲར་རོང་རྒྱལ་པོ་གསུམ་བོད་ཀྱི་མཁས་པའོ། མཁའ་འགྲོ་ཅོ་ཟ་བོན་མི་དང་ཉི་ཤུའོ། །
ལོ་པན་གཤེན་བརྒྱད་ནི། རྔམ་པ་ལྕེ་རིང་། ཟ་རང་མེ་འབར། མུ་སྤུངས་གསལ་ཏང་། དམུ་ཚ་གྱེར་མེད། བླ་ཆེན་ཁོད་སྤུངས། རྒྱུང་ཡར་མུ་ཁོད། རྗེ་རྒྱལ་ལྷ་སྒོམ། བློན་ཆེན་མུ་ཐུར་དང་བརྒྱད་དོ། །
     དེ་ལ་སོགས་པ་གཤེན་སྲས་གྲངས་ལས་འདས་སོ། །རྒྱལ་ཁམས་ནི་བོན་གྱི་རྒྱལ་ཁམས། མངའ་རིས་ནི་རྒྱལ་པོའི་མངའ་རིས། བླ་ན་རྒྱལ་ཆེ། གོང་ན་གཤེན་གཉན། བར་ན་ཁྲིམས་དམ། འོག་ན་འབངས་སྐྱིད། སྤྱི་ལ་བསྟན་པ་དར། འགྲོ་བ་བོན་གྱིས་འདུལ། རྒྱལ་གྱི་སྐུ་འཚོ། བློན་གྱི་གྲོས་འཆའ། ན་བ་གསོ། ཤི་བ་འདུར། དད་པ་ལྟ་སྒོམ་གྱིས་འདྲེན། བར་ཆད་ཚ་ཚ་ཆུ་གཏོར་གྱིས་སེལ། ཡུལ་ཁམས་ཐམས་ཅད་གསས་ཁང་དང་མཆོད་རྟེན་གྱིས་གང་། དེའི་དུས་སུ་རྒྱལ་གྱི་གོང་ན་གཤེན་གཉན་པས། སྐུ་ལ་གཟི་བརྗིད་ཆེ་བ། དབུ་སྐྲ་སིལ་མ་རྩེ་རྒྱལ་ལ། བཅད་ཅིང་གཏུབ་ཏུ་མེད་པར་དང་། དར་དཀར་པོའི་འགྱིང་ཐོད་ལ། བྱ་རྒྱལ་རྒོད་ཀྱི་ལྡེམ་འཕྲུ་བཙུགས་པ། གསེར་གྱི་བྱ་རུ་དང་། གཡུ་ཡི་ལྡེམ་མདོང་དང་། ན་བཟའ་དབྱི་དཀར་དང་། སྤྱང་དཀར་གྱི་སློག་པ་ལ། སྟག་གཟིག་གུང་གསུམ་གྱི་གོང་ལག སེང་གར་དཀར་མོའི་གཞུང་ཁེབས་བཏང་བ། ཟ་འོག་གི་འབོལ་ལྷམ། དངུལ་དཀར་གྱི་ཆབ་སྒྲོགས་བཏགས་པ། གསེར་གྱི་བུམ་པ་ཅན། ཤེལ་གྱི་བཞེས་དཀར། ཁྲི་ཁ་ནས་ཆིབས་ལ་འཛེགས་པ། ཆིབས་ཐོག་ནས་ཁྲི་ཁ་ལ་བབས། གསུམ་ལ་གཙེགས་ཆེ་བ། གཤེན་ངག་ཚིག་གསུམ་མ་བྱོན་བར་དུ་རྒྱལ་པོས་མི་གསུང་། བློན་པོས་མི་ཞུ། གཤེན་གླུ་གསུམ་མ་བླངས་བར་རྒྱལ་བློན་བྲོ་གླུ་མི་རོལ། ཐུགས་མཉེས་པའི་རྟགས་སུ། ཁྲལ་རྒྱལ་པོ་དང་མཉམ། གཤེན་ལ་བེར་ཀ་རྡེག་ན་བྲེག་མཁན་ལ་སྤྲོད། བཀོར་ནོར་བརྐུས་ན་དགུ་བཅུའི་འཇལ། གྲལ་གཡས་ཀྱི་གོང་ན་གཤེན་བཞུགས། གཡོན་གྱི་གོང་ན་བློན་བཞུགས། དབུས་ལ་རྒྱལ་པོ་བཞུགས། དམངས་རྣམས་འོག་ནས་བཀའ་ཉན་ནོ། ། བསྟན་པ་རིན་པོ་ཆེ་ཤིན་ཏུ་དར་རྒྱས་སུ་བཞུགས་སོ། ། དེ་ཙམ་ན། རྒྱ་གར་ན་ཆོས་ཡོད། རྒྱ་ནག་ན་གཙུག་ལག་ཡོད། བོད་དང་ཞང་ཞུང་བོན་མིན་པ་གང་ཡང་མེད། སྨན་དང་གཙུག་ལག་ཀྱང་བོན་གྱི་ཆ་ལག་ཏུ་ཡོད་དོ། །སྔགས་ཤས་ཆེ་དར་བ་ཞིག་གོ །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urkx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46528933
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1