ཨ་ལགས་བཞག་པ་རིན་པོ་ཆེའི་བཀའ་སློབ་ཚན་བཤུས།8—14
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 11 ཚེས 23 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »ཨ་ལགས་བཞག་པ་རིན་པོ་ཆེའི་བཀའ་སློབ་ཚན་བཤུས།8—14
ཨ་ལགས་བཞག་པ་རིན་པོ་ཆེའི་བཀའ་སློབ་ཚན་བཤུས།8—14
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/1/10ལྟ་ཀློག (8892)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བརྒྱད་པ།

ཟླ་བ་གྲགས་པའི་རྗེས་འབྲང་རེད།  ཁོང་གིས་མཛད་པའི་དབུ་མའི་བསྟན་བཅོས་མང་དུ་ཡོད་ཀྱང་གཙོ་བོ་གསུམ་ནི། གཅིག་ནི། རྩ་བ་ཤེས་རབ་ཀྱི་འགྲེལ་བ་ཚིག་གསལ། གཉིས་ནི། དབུ་མ་འཇུག་པ་དང་དེའི་རང་འགྲེལ། གསུམ་ནི། བཞི་བརྒྱ་པའི་འགྲེལ་བ་དང་བཅས་པ་དཔེར་གལ་ཆེན་པོ་རེད། དེ་ནས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་དང་། དེའི་རང་འགྲེལ་དང་བཅས་པ། དེ་ནས། ཤེར་ཕྱིན་གྱི་མདོ་སོགས་ལ་ཁུངས་གཏུག་དགོས་རེད། དཔེར་ན། དབུ་མ་འཇུག་པ་ཡིན་ན་རབ་བྱེད་དྲུག་པ་ནི། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་ཡིན་ཙང་།  ཤེར་ཕྱིན་རང་གི་འགྲེལ་བ་དང་། རབ་བྱེད་དང་བོ་ནས་བཅུ་པའི་བར་ནི་སྤྱིའི་རྒྱལ་ཆེ་བའི་ལམ་གྱི་རིམ་པ་བཤད་པས་ཤེར་ཕྱིན་ནང་གི་ས་བཅུའི་འགྲེལ་བ་ཡིན་ཀྱང་། ཁྱད་པར་དུ་མདོ་སྡེ་ཕབ་པོ་ཆེའི་ནང་གི་མདོ་སྡེ་ས་བཅུ་པའི་འགྲེལ་བ་རེད། ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་དེའི་རང་འགྲེལ་དང་བཅས་པ་རྒྱལ་ཆེ་བ་བཤད་པའི་དབང་དུ་བཏང་ན་དེའི་འགྲེལ་བ་རེད། འོ་དེ་འདྲའི་མདོ་དང་བསྟན་བཅོས་ལ་ཡར་ཁུངས་གཏུགས་ནས་དཔེ་ཆ་ཡག་པོ་བལྟ་དགོས་རེད། དེ་ནས། འདུལ་བ་ཡིན་ནའང་སེར་སྨད་ཡིག་ཆ་སྨད་སྡོམས་གཞི་བཞག་རེད། དེ་ནས། འདུལ་ཊཱིཀ་ཐར་ལམ་གསལ་བྱེད། མཚོ་ཊཱིཀ་ཉི་མའི་འོད་ཟེར། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ། དེའང་ཁུངས་གཏུགས་ས་བཞི་ཡོད་པས། གཅིག་ནི། འདུལ་བ་ལུང་གཞི་དང་། ལུང་རྣམ་འབྱེད། ལུང་ཕྲན་ཚེགས། གཞུང་བླ་མའམ། གཞུང་དམ་པའང་ཟེར། དེ་རྣམས་འདུལ་བ་ལུང་སྡེ་བཞི་རེད། ད་ལྟའི་དུས་བཀའ་འགྱུར་ནང་ན། ཀ་དམ་པ་ནས་འདུལ་བའི་སྐོར་པོ་ཏི་བཅུ་གཉིས་འདུག དེ་ཚོར་ཁུངས་གཏུགས་ཏེ་སློབ་སྦྱོང་བྱ་རྒྱུ་ཁོ་བོའི་རེ་བ་ཡིན། དེ་ནས། མངོན་པ་མཛོད་ལ་ཆ་བཞག་ན། མཛོད་རྩ་བ་ནི། བྱེ་བྲག་བཤད་མཛོད་ཆེན་མོའི་འགྲེལ་བ་རེད། དེ་ལའང་རང་འགྲེལ་ཡོད་རེད། མ་ཟད། སེར་སྨད་ཡིག་ཆ་མཛོད་འགྲེལ་ཉིན་བྱེད་དབང་པོ། མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཛོད་འགྲེལ་མངོན་པའི་རྒྱན། འོ་དེ་ལྟ་བུའི་དཔེ་ཆ་ཡག་པོ་མང་བོ་ཡོད་ཀྱང་། འདིའི་མངོན་པ་མཛོད་གང་གི་འགྲེལ་བ་རེད་ཟེར་ན། བྱེ་བྲག་བཤད་མཛོད་ཆེན་མོའི་འགྲེལ་བ་རེད། འོ་ན། བྱེ་བྲག་བཤད་མཛོད་ཆེན་མོ་གང་གི་འགྲེལ་བ་རེད་ཟེར་ན། མངོན་པ་སྡེ་བདུན་གྱི་ནང་ནས་ཀ་ཏྱ་ནས་མཛད་པའི་ཡེ་ཤེས་ལ་འཇུག་པ་ཟེར་བ་ཞིག་ཡོད་རེད། དེའི་འགྲེལ་ཆེན་རེད་འདུག འོན་ཀྱང་ང་རང་ཚོ་བོད་ལ་ཀ་ཏྱ་ནས་མཛད་པའི་ཡེ་ཤེས་ལ་འཇུག་པ་ཟེར་བ་ཞིག་ཡོད་མ་རེད། མངོན་པ་སྡེ་བདུན་གྱི་ནང་ནས་བོད་ལ་ག་རེ་ཡོད་རེད་ཟེར་ན། མོའུ་འགལ་གྱི་བུས་མཛད་པའི་གདགས་པའི་བསྟན་བཅོས་ཀྱི་སྡེ་ཚན་གསུམ་ཐམ་པ་ཡོད་པས། ད་ལྟ་བསྟན་འགྱུར་གྱི་ནང་གི་མངོན་པའི་བོད་དང་བོའི་ནང་དུ་ཡོད་རེད། དེ་མ་གཏོགས་མངོན་པ་སྡེ་བདུན་ག་ང་ཚོ་བོད་ལ་ཡོད་མ་རེད། ཤཱ་རིའི་བུས་མཛད་པའི་ཆོས་ཀྱི་ཕུང་པོ་ཡོད་མ་རེད། མོའུ་འགལ་གྱི་བུས་མཛད་པའི་གདགས་པའི་བསྟན་བཅོས་ཆ་ཚང་བ་ཡོད་མ་རེད། ཀ་ཏྱ་ནས་མཛད་པའི་ཡེ་ཤེས་ལ་འཇུག་པ་ཡོད་མ་རེད། བྱས་ཙང་།

དགུ་བ།

ང་རང་གིས་རེ་བར་ད་ལྟའི་དུས་དགེ་བཤེས་ཉི་ཤུ་ཐམ་པ་གདན་དྲངས་ཏེ། དགྱ་ཡིག་སློབ་ཏུ་བཅུག་པའི་རྩ་བའི་དམིགས་ཡུལ་ནི། མངོན་པ་སྡེ་བདུན་དང་། ལུང་སྡེ་བཞི་ཆ་ཚང་བ་བོད་ཡིག་ཐོག་ཅིག་བསྒྱུར་ཐུབ་ནའང་སྙམ་དུ་བསམ་བློ་བཏང་ཡོད། ག་རེ་རེད་ཟེར་ན། ང་ཚོའི་དཔེ་ཆ་བ་ཞིག་ཡིན་ཕྱིན་ཆད་མངོན་པ་སྡེ་བདུན་ཟེར་ནས་ལབ་མི་ཤེས་མཁན་གཅིག་ཀྱང་མེད། འོན་ཀྱང་མངོན་པ་སྡེ་བདུན་མིག་གིས་མཐོང་མྱོང་མེད། དེ་འཕྲོག་རླག་ཆེན་པོ་ཞེ་དྲག་རེད། ཡོད་ཀྱང་གང་ན་ཡོད་ཤེས་ཡོད་མ་རེད། དེ་བཞིན་ལུང་སྡེ་བཞི་ཟེར་བ་འདི་ཡང་། འདུལ་བ་ལུང་སྡེ་བཞི་དང་། མདོར་བསྡུས་ལུང་སྡེ་བཞི་ཟེར་བའི་ཆ་ཚང་བཤད་ཤེས་ཀྱི་ཡོད་ཀྱང་། མདོར་བསྡུས་ལུང་སྡེ་བཞི་བོད་ཡིག་ཐོག་མ་རྩ་བསྒྱུར་ཐུབ་ཡོད་མ་རེད། ད་ལྟར་དགྱ་ནག་གི་ཡི་གེ་བཀའ་འགྱུར་ཐོག་འདུག དེ་ཚོ་ཡང་མ་འོངས་པར་བོད་ཡིག་ཐོག་བསྒྱུར་ཐུབ་ན། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་བྱུང་ས་རེད་བསམ། དེ་ཚོ་ཚང་མ་རྩ་ཆེན་པོ་ཞེ་དྲག་རེད། སངས་རྒྱས་ཀྱི་བཀའ་རེད། ང་ཚོའི་དཔེ་ཆ་མང་བོའི་ནང་དུ་དེ་དག་གིས་ལུང་དྲངས་ཡས་ཡོད་ཀྱང་། གཞུང་དེ་དག་དཔེ་ཆ་ངོ་མ་དེ། ང་ཚོའི་ཤེས་ཡོད་མ་རེད། བྱས་ཙང་མངོན་པ་མཛོད་ཡིན་ན་དེ་འདྲ་ཞིག་དང་། མདོར་ན་ཕྱོགས་ཐམས་ཅད་དུ་སློབ་གཉེར་ཕུན་སུམ་ཚོགས་པ་ཞིག་གནང་རོགས། དེ་ནས། སྔགས་ཀྱི་གཞུང་ལ་ཆ་བཞག་ན། དཔལ་གསང་བ་འདུས་པ་ཡིན་ན། རྩ་རྒྱུད་ལ་ལེའུ་བཅོ་བརྒྱད་ཡོད་རེད། ལེའུ་བཅུ་བདུན་ནི་རང་གཞུང་རེད། ལེའུ་བཅོ་བརྒྱད་པ་ནི། ལེའུ་བཅུ་བདུན་པོ་གཞུང་ཇི་ལྟར་འགྲེལ་ནས་ཉམས་སུ་ལེན་ཚུལ་རེད། བྱས་ཙང་དེའི་ཐད་ཀ་རྒྱ་འགྲེལ་མང་བོ་ཡོད་ཀྱང་། ཁྱད་པར་དུ་རྗེ་བདག་ཉིད་ཆེན་པོ་ནས། ད་ལྟར་ངེད་ཅག་གིས་ངག་འདོན་བྱ་རྒྱུའི་དཔལ་གསང་བ་འདུས་པའི་ཆོ་གའི་ཁུངས་འདྲ་བོ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་སྒྱུ་ཟེར་བའི་ཚིག་བཅད་མ་ཞིག་ཡོད་རེད། དེའང་རྩ་རྒྱུད་ཡིན་ཟེར་བའི་ཆེད་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཚན་ཟེར་བ་ཞིག་གི་ནང་། བདག་བསྐྱེད་ཀྱི་ནང་ན་ཚིག་ག་རེ་ག་རེ་ཡོད་པ་དེ། རྩ་རྒྱུད་ཀྱི་ནང་གི་ཚིག་འདི་འདི་རེད་ད་ཟེར་ནས་ངོ་སྤྲོད་ས་མདོ་ཚན་ཟེར་བ་ཞིག་ཡོད་རེད། འོ་དེ་དེ་བཞིན་རྣམ་བཞག་རིགས་པ་ལ་སོགས་པ་དང་།  སློབ་དཔོན་འཕགས་པ་ལྷས་མཛད་པའི་གཞུང་དང་། ཀླུའི་བྱང་ཆུབ་ལ་སོགས་པའི་གཞུང་མང་བོ་ཞིག་དང་།  དེར་མ་ཟད།  གསང་བ་འདུས་པ་ཁོ་རང་ལའང་རྩ་རྒྱུད་ཙམ་དུ་མ་ཟད་བཤད་རྒྱུད་ལའང་ལྷ་མོ་བཞེས་ཤིག་གི་རྒྱུ་ཟེར་བ་འདྲ་བོ་དང་།  བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལ་སོགས་པའི་བཤད་རྒྱུད་མང་བོ་ཡོད་རེད།  དེ་ཚང་མ་ཡག་པོ་ཤེས་ན། གསང་བ་འདུས་པའི་བསྐྱེད་རྫོགས་སྒོམ་པའི་སྐབས། འོ་འདིའི་ཁ་ཐུག་ལ་བསྐྱེད་རིམ་རགས་པ་རེད་ད།  འཆི་བ་ཆོས་སྐུ།  བར་དོ་ལོངས་སྐུ།  སྐྱེ་བ་སྤྲུལ་སྐུའི་ཁ་ཐུག་རེད། འདི་མན་ཆད་བསྐྱེད་རིམ་ཕྲ་མོ་རེད་ད། ཁྲ་ཐིག་གི་རྣམ་བཞག་དང་། སྟེང་གི་སྣ་རྩེ་འོག་གི་སྣ་རྩེའི་ཐིག་ལེ་སྒོམ་པའི་ཚུལ་ལ་བརྟེན་ནས་བདེ་སྡུག་གི་དགའ་ཞེན་ཡེ་ཤེས་འདྲེན་ཚུལ་རེད། འདི་མན་ཆད་ལུས་དབེན་གྱི་རིགས་བརྒྱ། རིགས་ལྔ། རིགས་གསུམ། རིགས་གཅིག་ཏུ་འཆར་བའི་ཚུལ་རེད་ད། འདི་མན་ཆད་རྡོ་རྗེ་བཟླས་པ་དང་། བདེ་མཆོག་ལ་བཤད་ན་གཏུམ་མོ་སྒོམ་ཚུལ་རེད་ད།

བཅུ་བ།

འདི་མན་ཆད་སེམས་དབེན་དཔེའི་འོད་གསལ་རེད་ད། འདིའི་གོང་དུ་སྒྱུ་མའི་སྐོར་མ་དག་སྒྱུ་ལུས་སྒོམ་ཚུལ་གསལ་བ་སྐོར་གསུམ། འཆི་བ་ཆོས་སྐུ་གསལ། བར་དོ་ལོངས་སྐུ་གསལ། སྐྱེ་བ་སྤྲུལ་སྐུ་གསལ་བཏབ་པའི་སྐོར་རེད་ད། འདི་མན་ཆད་དོན་གྱི་འོད་གསལ། བདེ་མཆོག་ཡིན་ན་དོན་གྱི་འོད་གསལ་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་སྒོམ་ཚུལ་དང་། གསང་བ་འདུས་པ་ཡིན་ན་དོན་གྱི་འོད་གསལ་སྒོམ་ཚུལ་དང་། འདི་མན་ཆད་དག་པ་སྒྱུ་ལུས་སློབ་པ་ཟུང་འཇུག་སྒོམ་ཚུལ་རེད་ད། དེ་ནས་རིམ་བཞིན་མི་སློབ་པ་ཟུང་འཇུག་སྒོམ་སྐབས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་སོང་བསམ་པ་འདྲ་བོ་དང་། དེའང་ཕར་ཕྱིན་ཐེག་པའི་སྐབས་དང་། སྔགས་ཀྱི་ཐེག་པའི་སྐབས་མ་ནོར་བར་ས་ལམ་གྱི་རིམ་པ་བགྲོད་ཚུལ་འདི་འདྲ་ཞིག་རེད་བསམ་ནས་ཡག་པོ་ཞིག་ཤེས་ན། མདོ་སྔགས་གཉིས་ཀ་ཤེས་པ་རེད་མ་གཏོགས་ཆོ་ག་སྔོག་ཤེས་པ་ཙམ་དང་། སྔགས་འདོན་ཤེས་པ་ཙམ་དང་། དཔེ་ཆ་ལ་རྟགས་གསལ་གཏོང་ཤེས་པ་ཙམ་གྱིས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། སངས་རྒྱས་སར་གང་འདྲ་ཞིག་སླད་འགྲོ་ཤེས་ཡོད་མ་རེད། འཇིག་རྟེན་གཏམ་དཔེ་ལ། ལྷ་ཁང་ནང་དུ་དབང་རྡོ་གཡུག་པ་བཞིན། ཞེས་དབང་རྡོ་འཕེན་ན་ལྷའི་སྣ་ལ་ཕོག་དང་སྤྱན་ལ་ཕོག་ཤེས་རྒྱུ་མ་རེད། དཔེ་དེ་བཞིན་རེད་འདུག བྱས་ཙང་ངེས་པར་དུ་གྲྭ་བ་ཚང་གིས་མདོ་སྔགས་གཉིས་ཀར་སློབ་གཉེར་ཡག་པོ་གནང་དགོས། དཔེར་ན། བདེ་མཆོག་ལ་ཆ་བཞག་ན། བདེ་མཆོག་གི་རྩ་རྒྱུད་ལ་ལེའུ་ལྔ་བཅུ་ང་གཅིག་ཡོད་རེད། བདེ་མཆོག་གི་བཤད་རྒྱུད་ལ་སམ་བྷོ་ཊའི་རྒྱུད་ལ་སོགས་པ་བཤད་རྒྱུད་ཆེན་པོ་བཞི་དང་། ཡན་ལག་གི་རྒྱུད་མང་བོ་ཡོད་རེད། དེ་ཚོ་ཡང་བཀའ་འགྱུར་གྱི་ནང་དུ་འདུག་ཨ། འཇིགས་བྱེད་ལ་ཆ་བཞག་ན། རྩ་རྒྱུད་ལ་བརྟག་པ་གསུམ་པ་དང་། བརྟག་པ་བདུན་པ་ལ་སོགས་པ་དང་། དེའི་འགྲེལ་བ་ལ་ལི་ཏ་བཛྲ་ལ་སོགས་པས་མཛད་པའི་ཆོ་ག་ནས་རྗེ་རིན་པོ་ཆེའི་གཞུང་བར་ས་ལམ་གྱི་རིམ་པ་བགྲོད་ཚུལ་དང་། འདིའི་ཁུངས་ཐུག་སའི་གཞུང་ཡར་གི་ན་ཡོད་རེད་བསམ་པ་འདྲ་བོ་དང་། རྒྱུ་མཚན་འདི་ལ་བརྟེན་ནས་འདི་གསུང་པ་རེད་ཅེས་གོ་བ་ཡག་པོ་རྒྱག་ཡས་ཡོད་ན། གཞུང་ལུགས་སྡོམ་པ་ཤར་བའི་ཉམས་ལེན་དངོས་གནས་དྲང་གནས་དེ་རེད། ཁྱད་པར་དུ་རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ལས། མདོ་ཕྱོགས་ཕར་ཕྱིན་ཐེག་པའི་སྐབས་ཀྱི་ལམ་གྱི་རིམ་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་གཉིས་ཧ་ཅང་རྩ་ཆེན་པོ་ཡིན་ཙང་། རྗེ་བདག་ཉིད་ཆེན་པོ་དགོངས་པ་རྫོགས་ཁ་ལ་ཁག་ཆེན་འདྲ་བོ་ང་མི་མཇལ་མཁན་སྐྱེ་བོ་དེ་ཚོས་འགྱོད་སེམས་བསྐྱེད་དགོས་མ་རེད། ངས་བཤད་པའི་མདོ་ཕྱོགས་ཕར་ཕྱིན་ཐེག་པའི་སྐབས་ཀྱི་ལམ་གྱི་རིམ་པ་དང་། སྔགས་ཕྱོགས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་གཉིས་ཡག་པོ་ལྟོས་དང་ང་མཇལ་བ་དང་ཁྱད་མེད། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་དངོས་སུ་ཕེབས་ནའང་དེ་ལས་ལྷག་པ་མེད། ཅེས་གསུང་པ་རེད། བྱས་ཙང་ང་རང་ཚོས་རྗེ་རིན་པོ་ཆེའི་བཀའ་དགོངས་ཇི་བཞིན་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སློབ་གཉེར་ཡག་པོ་སྤུས་དག་པོ་གནང་རོགས་ཟེར་ནས་ཁྱེད་རྣམ་པ་ཚོར་མང་དུ་ཐོས་པར་རྒྱལ་ཆེར་བཙལ་བའི་མཁས་ཟེར་བའི་སྐད་ཆ་དེ་ཡིན།

བཅུ་གཅིག

ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བའི་བརྩོན་ཟེར་ན། ཆོས་གང་ཤེས་པ་དེ་དག་ཐམས་ཅད་ཁ་ནས་བཤད་ཤེས་པ་ཙམ་མ་ཡིན་པར་ཐུགས་ཐོག་ལ་སྦྱར་ནས་ཉམས་སུ་ལེན་དགོས་རེད། དཔེར་ན། ལམ་རིམ་ཆེན་མོ་ལ་ཆ་བཞག་ན། ལམ་རིམ་ཆེན་མོ་ཧ་ཅང་རྒྱས་ཀྱང་དོན་དག་མདོར་བསྡུས་ན་དམིགས་སྒོ་བཅུ་མ་གཏོགས་ཡོད་མ་རེད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བདེ་ལམ་དང་། བློ་བཟང་ཡེ་ཤེས་ཀྱི་མྱུར་ལམ་ལ་བལྟས་ན་དམིགས་སྒོ་བཅུ་མ་གཏོགས་ཡོད་མ་རེད། ག་རེ་རེད་ཟེར་ན། ལམ་གྱི་སྔོན་འགྲོའི་དམིགས་སྒོ་ལྔ་དང་། ཐེག་ཆེན་ལམ་གྱི་འཇུག་སྒོའི་དམིགས་སྒོ་གཉིས། ཐེག་ཆེན་ལམ་གྱི་་་་་་་་དམིགས་སྒོ་གསུམ་ཡོད་དེ་ག་རེད། ཐེག་ཆེན་ལམ་གྱི་སྔོན་འགྲོའི་དམིགས་སྒོའི་ལྔ་ནི། བཤེས་གཉེན་བསྟེན་ཚུལ་ཀྱི་དམིགས་སྒོ་དང་གཅིག་རེད། དལ་འབྱོར་དོན་ཆེན་རྙེད་དཀའ་དང་དམིགས་སྒོ་གཉིས་རེད། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་དམིགས་སྒོ་དང་གསུམ་རེད། སྐྱེས་བུ་འབྲིང་དེ་ལ་ཐར་པ་དོན་གཉེར་གྱི་བློ་བསྐྱེད་པའི་དམིགས་སྒོ་དང་བཞི་རེད། ཐར་པར་སྒྲུབ་པའི་ལམ་གྱི་རང་བཞིན་གཏན་ལ་ཕབ་པའི་དམིགས་སྒོ་དང་ལྔ་རེད། དེ་ལྔ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་བསྐྱེད་གོང་དུ་བསྒོམ་དགོས་པའི་དམིགས་སྒོ་ཟེར་དགོས་རེད། དེ་རེ་རེར་ལའང་ནང་གསེས་མང་བོ་ཡོད་རེད། དཔེར་ན། དགེ་བའི་བཤེས་གཉེན་བསྟེན་ཚུལ་ལའང་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའི་ཉོན་མོངས། བསམ་པས་བསྟེན་ཚུལ་དང་། སྦྱོར་བས་བསྟེན་ཚུལ། དེ་ནས། དལ་འབྱོར་དོན་ཆེན་རྙེད་དཀའ་ལའང་དལ་བ་འབྱོར་བ་དོན་ཆེ་བ་རྙེད་དཀའ་བ་བསམ་པ་འདྲ་བོ་དང་། དེ་ནས། སྐྱེས་བུ་ཆུང་ངུར་འཆི་བ་མི་རྟག་པ་ངན་འགྲོའི་སྡུག་བསྔལ་སྐྱབས་འགྲོ་ལས་འབྲས་བཞི་དང་། སྐྱེས་བུ་འབྲིང་གི་ཐར་པ་དོན་གཉེར་གྱི་བློ་སྐྱེས་པ་ལའང་འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ་དང་། འཁོར་བ་བྱེ་བྲག་གི་སྡུག་བསྔལ་བསམ་པ་འདྲ་བོ་དང་། འོ་དེ་ནས། ཐར་པར་སྒྲུབ་པའི་ལམ་གྱི་རང་བཞིན་གཏན་ལ་ཕབ་པའི་དམིགས་སྒོ་ལའང་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པ། བསླབ་པ་ཤེས་རབ་ཀྱི་བསླབ་པ་གསུམ་དང་། ཁྱད་པར་དུ་ཚུལ་ཁྲིམས་ཀྱི་བསླབ་པ་བསྟན་བསམ་པ་འདྲ་བོ་མང་བོ་ཡོད་རེད། དེ་ནས། ཐེག་ཆེན་ལམ་གྱི་འཇུག་སྒོའི་དམིགས་སྒོ་གཉིས་ནི། རྒྱུ་འབྲས་མན་ངག་བདུན་གྱིས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་དང་། བདག་གཞན་མཉམ་བརྗེས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་གཉིས་རེད། དེ་གཉིས་ལ་བློ་སྦྱངས་ནས་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཞིག་རང་རྒྱུ་ལ་སྐྱེས་སོང་ན་ཁྱེད་རང་ཐེག་ཆེན་ཚོགས་ལམ་ཆུང་ངུར་ཞུགས་ཚར་བ་རེད། སེམས་བསྐྱེད་ཉེར་གཉིས་ཀྱི་ནང་ནས་འདུན་པའི་གྲོགས་དང་ལྡན་པའི་ས་ལྟ་བུའི་སེམས་བསྐྱེད་རང་རྒྱུ་ལ་སྐྱེས་ཚར་བ་རེད། རྒྱན་ལས། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་གསུང་པ་བཞིན་གདམས་ངག་བཅུ་ལ་ཉམས་ལེན་བྱེད་རན་པ་རེད།

བཅུ་གཉིས།

དེ་ནས། ཚོགས་ལམ་འབྲིང་ལ་བསམ་པར་བྱེད། ཚོགས་ལམ་ཆེན་པོ་སྒོམ་པར་བྱས་ནས་རིམ་པ་བཞིན་འཇུག་རན་པ་རེད། དེ་འདྲ་ཡིན་ཙང་ཐེག་ཆེན་ལམ་གྱི་འཇུག་སྒོའི་དམིགས་སྒོའི་གཉིས། རྒྱུ་འབྲས་མན་ངག་བདུན་གྱི་ཉམས་ལེན་དང་། བདག་གཞན་མཉམ་བརྗེའི་ཉམས་ལེན། དེ་ནས། ཐེག་ཆེན་ལམ་གྱི་་་་་་་་དམིགས་སྒོམ་གསུམ་ཡོད་རེད། ག་རེ་རེད་ཟེར་ན་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པ། བསླབ་པ་ཤེས་རབ་ཀྱི་བསླབ་པ་དང་གསུམ། དེ་ནས། དང་བོ་ལ། བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པའི་གྲོགས་སུ་གྱུར་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ངོ་བོ་གྱུར་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟེར་བའི་ཕར་ཕྱིན་གསུམ་ཡོད་པས། དེ་ལ་འདུན་པ་བསྐྱེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅས་བཞི་ཡོད། དེའི་སྒང་ལ་ངོ་སྤྲོད་འདྲ་བོ་བསམ་གཏན་དང་། ཤེས་རབ་ཀྱི་ཕར་ཕྱིན་གཉིས་ཡོད་ཀྱང་། ཉམས་ལེན་བྱ་ས་གཙོ་བོ་དེ་བཞི་པོ་དེ་རེད། དེའང་སྦྱིན་པ་ལ་ཆ་མཚོན་ན། མི་འཇིགས་པའི་སྦྱིན་པ། ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ་དང་གསུམ། ཚུལ་ཁྲིམས་ལ་གསུམ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ། བཟོད་པ་ཡིན་ན། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ། ཆོས་ལ་ངེས་ཤེས་ཀྱི་བཟོད་པ་དང་གསུམ། བརྩོན་འགྲུས་ལ། མ་ཞེན་པའི་བརྩོན་འགྲུས་དང་། ཡོངས་སུ་མི་ངལ་བའི་བརྩོན་འགྲུས། ལམ་ཡོངས་སུ་འཛིན་པའི་གོ་ཆའི་བརྩོན་འགྲུས་དང་གསུམ་ཡོད། དེ་རྣམས་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཉམས་ལེན་རེད། དེ་ནས། བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པའི་ཉམས་ལེན་ལ་ཞི་གནས་རེད། དེ་ལ་སེམས་གནས་དགུ་སྒོམ་པ་དང་། འདུ་བྱེད་དྲུག་བསྟེན། ཡིད་བྱེད་ལྔ་བསྟེན། ཉེས་པ་ལྔ་སྤངས་འདུ་བྱེད་བརྒྱད་ཟེར་བའི་སྒོ་ནས་བྱིང་རྒོད་གཉིས་དང་བྲལ་བའི་ཏིང་ངེ་འཛིན་ཁྱད་པར་ཅན་ལུས་ཤིན་སྦྱངས་དང་སེམས་ཤིན་སྦྱངས་ཀྱི་བདེ་བའི་ངོ་བོ་གྱུར་པའི་ཞི་གནས་མཚན་ཉིད་པ་སྐྱེས། དེ་ལ་བརྟེན་ནས་ལྷག་མཐོང་བསྒོམ་དགོས་རྒྱུ་ཡོད་རེད། དེ་ལའང་འཇིག་རྟེན་པའི་ལྷག་མཐོང་ལ་མཚོན་ན། མཚན་ཉིད་སོ་སོར་རིག་པའི་ཡིད་ལ་བྱེད་པ་དང་། མོས་པའི་ཡིད་ལ་བྱེད་པ་དང་། རབ་ཏུ་དབེན་པའི་ཡིད་ལ་བྱེད་པ་དང་། དགའ་སྡུད་ཀྱི་ཡིད་བྱེད་དང་། དཔྱོད་པའི་ཡིད་བྱེད་དང་། སྦྱོར་བའི་མཐའི་ཡིད་བྱེད་དང་། སྦྱོར་བའི་མཐའི་འབྲས་བུ་ཡིད་བྱེད་ཀྱི་བར་ཡིད་བྱེད་བདུན་སྒོམ་ཚུལ་ནི། སྤྱིར་བཏང་ལྷག་མཐོང་སྒོམ་ཚུལ་རེད། ལྷག་པར་དུ་སྟོང་བ་ཉིད་ལ་དམིགས་པའི་ལྷག་མཐོང་སྒོམ་ཚུལ་ནི། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་ལས་གསུང་པ་ལྟར། དགག་བྱ་ངེས་པའི་གནས། ཁྱབ་པ་ངེས་པའི་གནས། བདེན་པའི་གཅིག་བྲལ་གྱི་གནས། བདེན་པའི་དུ་བྲལ་གྱི་གནས་བཞིའི་ཐོག་ནས་ཆོས་དང་གང་ཟག་གི་བདག་མེད་པའི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཏེ་བསྐྱེད་ནས་ལྷག་མཐོང་ཆེན་མོ་ནང་དུ་འགྲོ་དགོས་རེད། བྱས་ཙང་། དེ་བསླབ་པ་ཤེས་རབ་ཀྱི་བསླབ་པ་དང་། བསླབ་གསུམ་ཉམས་སུ་ལེན་ཚུལ་དེ་འདྲ་ཞིག་རེད། དེ་ནས། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ནས་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་མཐར་ཕྱིན་པའི་བར་ཉམས་ལེན་བྱེད་ཡས་དེ་འདྲ་རེད། ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན། ཟེར་བ་བཞིན་དེ་འདྲ་ཞིག་གནང་དགོས་རེད། ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་། ཞེས་བསྟན་ཟེར་བ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་།

བཅུ་གསུམ།

དགོས་སུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ་བསྔོ་དགོས་ཡོད་རེད། འགྲོ་ཞེས་པ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བ་དང་། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པའི་ཆེད་དུ་བསྔོ་དགོས་ཡོད་རེད། ང་རང་ཚོ་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ཕྱིན་ཆད་དེ་ལྟ་བུའི་བསྟན་འགྲོའི་དོན་སྒྲུབ་མཁན་ཞིག་བྱུང་བ་ཡིན་ན་དངོས་གནས་དྲང་གནས་ཁ་བཤད་དོན་ལ་གནས་པས་ཡག་པོ་ཞིག་བྱུང་བ་རེད། བྱས་ཙང་། ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་། ཞེས་བསྔོ་བས་བཟང་ཞེས་པ་དེ་ལྟ་བུ་ཞིག་ཡིན་པས་ང་རང་ཚོ་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་དགོས་ན། དེ་ལྟ་བུ་ཞིག་གནང་རོགས་གནང་ཟེར་ནས། དེ་རིང་ང་རང་ཐེངས་དང་བོ་འདིར་མཇལ་བའི་སྐབས་ངོ་སྤྲོད་འདྲ་བོ་མདོ་བསྡུས་ཤིག་རྟེན་འབྲེལ་གྱི་ཆེད་དུ། མང་དུ་ཐོས་པ་རྒྱ་ཆེར་བཙའ་བའི་མཁས། །ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན། །ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་། །ཞེས་པ་ལྟ་བུའི་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་བྱེད་དགོས་ཟེར་ནས་ང་རང་གི་རེ་བ་འདྲ་བོ་དེ་ཡིན། དེའང་མཇུག་བསྡུས་ས་འདྲ་བོ་གང་ཡིན་ཞེ་ན། མདོ་ལས། དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་བཀའ་ཐུབ་བདེ། །ཞེས་གསུང་པ་བཞིན་ངེད་ཅག་དགེ་འདུན་ཚང་མར་ཕྱི་ནང་གི་བར་ཆད་མང་བོ་འབྱུང་སྲིད་རེད། འོན་ཀྱང་། ཐུགས་མཐུན་ཁྲིམས་གཙང་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེང་སང་དུས་སྙིགས་མའི་དབང་གིས་ག་ས་ག་ལ་ཡིན་ནའང་། བཤད་སྒྲུབ་ཀྱི་བསྟན་པ་ཡག་པོ་རྒྱས་ཡོང་བའི་སྐབས་སུ་བར་ཆད་འདྲ་བོ་བྱུང་ནས་འདྲ་མི་འདྲ་འོང་ཡས་ཉེན་ཁ་ཡོད་རེད། བྱས་ཙང་། ཚང་མས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་དགོངས། འགྲོ་བ་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་པར་དགོངས། ཁྱད་པར་དུ་རྗེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་གསེར་གྱི་ཡང་ཞུན་ལྟ་བུ་འདི་མི་ཉམས་དར་ཞིང་རྒྱས་པར་དགོངས་ཤིང་། རྣམ་པ་ཚང་མ་ཐུགས་མཐུན་ཁྲིམས་གཙང་བའི་སྒོ་ནས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན། བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ཐམས་ཅད་མི་ཉམས་དབྱར་གྱི་མཚོ་ཆེན་བཞིན་ཁྱེད་དགེ་འདུན་པ་ཚང་མས་ཐུགས་སྨོན་སྐྱབས་འཇུག་གནང་རོགས་བྱོས་ཟེར་ནས་རེ་བ་འདྲ་བོ་དེ་ཡིན། དེ་ནས། ང་དེ་རིང་འདི་འོང་བྱས་དགའ་བོ་ཞེ་དྲག་བྱུང་། འདིར་དགུང་ལོ་བགྲེས་པོ་མང་བོ་བཞུགས་འདུག དགུང་ལོ་གཞོན་ཞན་མང་བོ་བཞུགས་འདུག ད་ངའི་རེ་བ་དང་སྨོན་ལམ་འདྲ་བོ་ག་རེ་རེད་ཟེར་ན།

བཅུ་བཞི།

ངེད་སྟོང་སྐོར་དགོན་པ་འདིས་མཚོན་པའི་ཞྭ་སེར་ཅོད་པན་འཆང་བའི་ཆོས་སྡེ་ཆེ་ཆུང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བའི་སྒོ་ནས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན། བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ཐམས་ཅད་མི་ཉམས་དབྱར་མཚོ་ལྟར་གོང་ནས་གོང་དུ་འཕེལ་བར་དང་། དེ་ནས། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་༧གོང་ས་བླ་མེད་རྣམ་སྤྲུལ་སྐྱབས་མགོན་རྒྱལ་བའི་དབང་བོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་གཙོ་བྱས་པས་ཕྱོགས་བཅུའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ལ་བཞུགས་ཡོད་པ་དེ་དག་ཐམས་ཅད་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། རྣམ་དཀར་གྱི་མཛད་བཟང་དེ་དག་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ་བ་དང་། ཐུགས་ཀྱི་བཞེད་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། དེའི་མཐུ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ནད་ཡམས། དུས་འཁྲུགས། སེར་སྲུབས། བཙའ་ཐན་ལ་སོགས་པའི་མིང་ཡང་མི་གྲགས་ཤིང་། ཆར་ཆུ་དུས་སུ་བབ་པ། ལོ་ཕྱུགས་རྟག་ཏུ་ལེན་པ། འགྲོ་བ་ཐམས་ཅད་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་དུས་རྟག་ཏུ་ལོངས་སྤྱོད་པར་བྱེད་པ་ལ། སྐྱབས་གནས་བླ་མ། ཡི་དམ། སངས་རྒྱས། བྱང་སེམས། དཔའ་བོ། མཁའ་འགྲོ། ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏུ་གསོལ་ཟེར་བ་ལས་མང་བོ་ཞུ་དགོས་ཡས་མི་འདུག ད་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ། །
          བཀའ་སློབ་འདི་གཙོ་བོ་སྟོང་སྐོར་དགོན་དུ་གནང་བ་ཡིན་ཡང་། རིས་སུ་མ་ཆད་པའི་ཆོས་སྡེ་ཆེ་ཆུང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལ་ཕན་ཞིང་ནད་འཇོམས་པར་བྱེད་པའི་སྨན་ལྟ་བུ་ཞིག་བརྩིས་ཤིང་། བསྟན་འགྲོའི་ཞབས་འདེགས་སུ་དམིགས་ཏེ་བློ་སྦྱིན་རང་གིས་ཟིན་བྲིས་ཕབ་ཀྱང་། བཀའ་སློབ་འགའ་ཞིག་ཚིག་མི་གོ་བ་དང་། འགའ་ཞིག་དོན་མི་གོ་བར་མ་ཟད་འདིའི་ཐད་ཞུ་དག་བྱེད་རྒྱུའི་སྐོར་ལའང་རང་ཉིད་ཀྱིས་འགན་འཁུར་རྒྱུ་ཡིན། དེས་ན་ནོར་འཁྲུལ་ལམ་ཞན་ཆ་དང་ནོངས་པ་གང་མཆིས་གཟུར་གནས་མཁས་དབང་དག་གིས་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་ཡོད།

སྟོང་སྐོར་དགོན་དུ་གནང་བའི་བཀའ་སློབ་ཁག་བཅུ་བཞི་ཡོད།



ཁམས་ཀྱི་གསར་འགོད་པ་བློ་སྦྱིན་གྱིས།


ཨ་ལགས་བཞག་པ་རིན་པོ་ཆེའི་བཀའ་སློབ་ཚན་བཤུས།  1——4

ཨ་ལགས་བཞག་པ་རིན་པོ་ཆེའི་བཀའ་སློབ་ཚན་བཤུས།5—7




གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xun1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འགར་རྩེ་ཚུལ་ཁྲིམས། སྤེལ་དུས:2015/3/16
སྣ་མང་གཞུང་ལུགས་རྣམ་དཔྱོད་འཕྲུལ་གྱིས་བཞིབས།།སྣ་མང་སྐད་ཀྱིས་རྣམ་འདྲེན་བསྟན་པ་སྤེལ།།སྣ་མང་གདུལ་བྱ་རྣམ་དག་ཆོས་སྐུའི་སར།།སྣ་མང་ཐབས་ཀྱིས་རྣམ་ཀུན་འགོད་པ་མཚར།།ཨ་ལགས་བཞག་པ་རིན་པོ་ཆེ།ཐུགས་རྗེ་ཆེ།
 སྤེལ་མཁན: ཞོགས་སྤྲིན། སྤེལ་དུས:2015/1/11
ཨ་ལགས་བཞག་པ་མཆོག་དང་ཡིག་འགོད་བ་གཉིས་ལ་སྐུ་དྲིན་ཆེ་རྒྱུ་བཅས་སོ།།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
46026950
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1