བོད་ཀྱི་རིག་གནས་དང་བོད་ཀྱི་ལྟ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 11 ཚེས 21 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་གླེང་བརྗོད། »བོད་ཀྱི་རིག་གནས་དང་བོད་ཀྱི་ལྟ་བ།
བོད་ཀྱི་རིག་གནས་དང་བོད་ཀྱི་ལྟ་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/2/8ལྟ་ཀློག (48077)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


འབའ་སྣང་གྲོལ།


       ང་ཚོའི་རིག་གནས་ཀྱི་ལྟ་བ་དེ་ཚེ་འདིའི་ཁ་གསོ་རྒྱབ་འགེབས་ཙམ་མ་ཡིན་པར་མི་རབས་ནས་མི་རབས་དང་ཚེ་རབས་ནས་ཚེ་རབས་བརྒྱུད་དེ་གཞན་ལ་ཕན་གདག་པ་དམིགས་ཚད་ཀྱི་གཙོ་བོར་གྱུར་བའི་རིག་གནས་ཀྱི་ལྟ་བ་ཞིག་ཆགས་ཡོད་པ་ཡིན་ལ།  དེ་བས་ང་ཚོའི་རིག་གནས་འདི་ཉམས་ལེན་དང་སློབ་སྦྱོང་གནང་བའི་སྔོན་བྱོན་མཁས་གྲུབ་རིམ་བྱོན་ཇི་སྙེད་ཅིག་བྱུང་བ་ཐམས་ཅད་ཀྱིས་རིག་གནས་འདི་ལ་བརྟེན་ནས་མཛད་འཕྲིན་བསྐྱངས་པར་མ་ཟད། ཁོང་ཚོ་ལ་ཐུན་མོང་མ་ཡིན་པའི་བྱིན་རླབས་ཀྱི་བརྒྱུད་པ་ཟེར་བ་ཞིག་དང་སྨོན་ལམ་དྲི་མ་མེད་པ་ཟེར་བ་ཞིག ད་དུང་ལུང་དང་མན་ངག་ཟེར་བའི་གནད་སྙིང་དྲིལ་བ་ཞིག་ཡོད་པས། བསྐལ་བ་མ་སྟོང་བར་དུ་རིག་གནས་འདི་དག་གིས་སེམས་ཅན་ཇི་སྙེད་ཅིག་ལ་ཕན་གདག་པར་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ནས་དུས་ད་ལྟ་ལ་ཐུག་གི་བར་དུ་བརྒྱུད་ནས་ཡོང་པ་ཡིན། དཔེར་ན། གློག་གི་སྐུད་པ་ནི་ཇི་ལྟར་རིང་ཞིང་དྲ་བར་སྦྲེལ་ཡོད་ནའང་སྐུད་ལམ་ནང་དུ་གློག་མེད་ན་འོད་འབྱེད་པའི་དོན་བྱེད་མི་ནུས་པ་ནང་བཞིན། ང་ཚོའི་རིག་གནས་འདིའི་རིན་ཐང་ནི་བྱིན་རླབས་ཀྱི་བརྒྱུད་པའི་སྟེང་ན་ཡོད་ཟེར་བའང་གནད་འདི་ལ་ཐུག་ཡོད་ལ། དམ་པ་གོང་མ་དག་གི་ཐུགས་བསྐྱེད་སྨོན་ལམ་རྣམ་པར་དག་པ་བར་མ་ཆད་པར་དུས་ད་ལྟའི་བར་དུ་རིག་གནས་འདི་དག་མཚམས་སྦྱར་ནས་ཡོང་བའི་གནད་ཀྱི་སྙིང་བོའང་དེ་ག་རང་ལགས་པས་བྱིན་རླབས་ཀྱི་བརྒྱུད་པ་འདི་ང་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་བླ་སྲོག་ལྟ་བུར་གྱུར་ཡོད། དེར་བརྟེན་ང་ཚོའི་རིག་གནས་འདི་ལ་བྱིན་རླབས་ཆིག་བརྒྱུད་ཀྱི་རིན་ཐང་དམིགས་བསལ་བ་ཞིག་ཆགས་ཡོད་པ་ཡིན་ལ། དེ་ནི་རིག་གནས་གཞན་དང་སོ་སོར་འབྱེད་པའི་རིན་ཐང་གི་ས་མཚམས་ལྟ་བུར་ཡང་སོང་གཤིས་ང་ཚོས་རང་གི་རིག་གནས་འདི་ལ་ངོས་འཛིན་མ་ནོར་བ་ཞིག་ཡོང་རྒྱུ་ནི་མི་རིགས་འདི་དང་སྐྱ་དགར་དུ་མེད་པའི་རིག་གནས་རིན་པོ་ཆེ་འདི་ཡུན་རིང་དུ་གནས་ཐུབ་མིན་གྱི་གཞི་རྩར་གྱུར་ཡོད། དེ་བས་ངས་ནམ་ཡང་ང་ཚོའི་རིག་གཞུང་གི་ཐུན་མིན་གྱི་ཁྱད་ཆོས་དང་གཞུང་ཤིང་ལྟ་བུ་ནི་དབང་ལུང་མན་ངག་སོགས་ཀྱི་སྟེང་ན་ཡོད་འདུག་ཅེས་ཡང་དང་བསྐྱར་དུ་གླེང་བའི་དགོས་དོན་ཡང་དེ་ལ་ཐུག་ཡོད་པར་མ་ཟད།  ང་ཚོའི་རིག་གཞུང་འདི་འཛམ་གླིང་གི་རིག་གཞུང་མི་འདྲ་བའི་ཁྲོད་ནས་གཞན་དྲིང་འཇོག་མི་དགོས་པའི་ཆོད་ཆེ་ཙམ་ཡོད་པའང་མདོར་དྲིལ་ན་གནད་གསང་འདི་ལ་བབས་ཡོད།

       སྤྱིར་སྐད་དང་ཡི་གེ་རིག་གནས་ཐུན་མོང་མ་ཡིན་པ་རེ་ནི་མི་རིགས་རང་མཚན་པ་ཕལ་མོ་ཆེར་ཁྱབ་མཉམ་དུ་ཡོད་ནའང་། ཐུན་མིན་དུ་གྱུར་ཚུལ་ལ་སོ་སོའི་རིག་གནས་ཀྱི་ཟབ་ཚད་དང་རིན་ཐང་གི་ངོས་ནས་འདྲ་མིན་སྣ་ཚོགས་ཤིག་འཇོག་ཏུ་ཡོད་ན། ང་ཚོའི་རིག་གནས་འདི་ཐུན་མིན་དུ་གྱུར་ཚུལ་ལ་ཡང་གོང་དུ་ཞུས་པ་ནང་བཞིན་རིག་གནས་གང་དེ་ཉིད་ཕན་བདེ་སེམས་བསྐྱེད་རིན་པོ་ཆེ་གཞི་རུ་བྱས་ནས་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱར་བའི་སྟེང་ན་གཙོ་བོ་ཡོད་པར་འདོད་ཅིང་། དེ་ཡོད་པས་ང་ཚོའི་རིག་གནས་འདི་མ་ཉམས་པར་གང་ལ་བརྟེན་ནས་རིང་དུ་གནས་པའི་ཐབས་ཁོ་ན་དབྱངས་གསལ་གྱི་ཡི་གེ་རིན་པོ་ཆེ་འདི་ལ་མ་བརྟེན་པར་གཞན་མེད་པས། བོད་པ་ཞིག་ཡིན་ཕྱིན་བོད་རང་གི་ཡི་གེ་ངེས་པར་དུ་ཤེས་དགོས་པའི་གནད་གསང་ཞིག་ཀྱང་ང་ཚོས་རྙེད་ཡོང་སྟེ།   ང་ཚོའི་བོད་ཀྱི་ཡི་གེ་འདི་ནི་ལོ་རྒྱུས་སྟེང་སློབ་དཔོན་ཐོན་མི་ཟེར་བ་ཞིག་གིས་བརྩམས་པར་གྲགས་ཤིང་།  ང་ཚོས་སྔོན་བྱོན་མཁས་པ་རྣམས་ཀྱིས་དེ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྤྲུལ་བ་དངོས་ཡིན་པར་ཆ་འཇོག་གནང་ལ། ང་རང་ལ་མཚོན་ན་ཏན་ཏན་དེ་ལྟར་ཡིན་པར་ཡིད་ཆེས་ཀྱང་བརྒྱ་ཆའི་བརྒྱ་ཡོད། གང་ལྟར་ང་ཚོས་ངེས་པ་རྙེད་ཐུབ་པ་ནི་སློབ་དཔོན་ཐོན་མི་ཁོང་མི་རང་ག་བ་ཞིག་མིན་པ་ང་ཚོས་ད་ལྟའི་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་ཡི་གེ་འདི་ལ་བལྟས་ན་ཧ་ཅང་མངོན་གསལ་རེད་ལ།  ཡི་གེ་སོ་བཞིས་སྦྱོར་ཀློག་ཙམ་ལ་བརྟེན་ནས་ཤེས་བྱ་ཐམས་ཅད་བརྗོད་བྱ་རུ་འདྲེན་ཐུབ་པའི་ཡི་གེ་འདི་འདྲ་ཞིག་བརྩམས་པ་ནི་བསམ་ཞིང་བསམ་ཞིང་ཡི་གེ་འདིའི་བྱེད་པོ་ཁོང་གི་རྣམ་དཔྱོད་ལ་ང་ཚོ་ཧ་ལས་པར་འགྱུར་ལ། མི་རང་ག་བ་ལས་འདས་པའི་རྣམ་དཔྱོད་འདི་ལ་བརྟེན་ནས་སློབ་དཔོན་ཐོན་མི་ཁོང་རྗེ་བཙུན་འཇམ་པའི་དབྱངས་ལྟ་བུ་ཞིག་གི་སྤྲུལ་བ་ཡིན་པའང་ང་ཚོས་རིགས་འདེད་དང་ཚོད་དཔག་བྱས་ཆོག་མ་ཟད། གཅིག་ཏུ་ན་རྗེ་བཙུན་འཇམ་པའི་ཟེར་བའང་རྣམ་པ་ཐམས་ཅད་དུ་དག་ཞིང་གང་ཞིག་ན་ཁྲ་ལམ་མེར་བཞུགས་པ་ཞིག་ལ་མི་ལྟ་བར་མཁྱེན་པའི་ཤེས་རབ་ཀྱི་རྩལ་གྱི་རོལ་བ་ཞིག་ལ་ངོས་འཛིན་གནང་ནའང་མི་ཆོག་པ་ཆེར་མེད་པར་སྙམ་ཡོད། ཇི་ལྟར་སྟེ་སློབ་དཔོན་ཁོང་གིས་ཡི་གེ་གསར་དུ་རྩོམ་པའི་ཚེ་ནའང་སྟབས་ལེགས་ལྟས་དབང་ཙམ་གྱིས་ནི་མ་ཡིན་པར་ཐུགས་བསྐྱེད་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་བརྩམས་གནང་ཡོད་པ་ནི་སློབ་དཔོན་ཐོན་མི་ཁོང་སྐུ་ཞི་བར་གཤེགས་ནས་ལོ་ངོ་ཆིག་སྟོང་བཞི་བརྒྱ་ལྷག་འདས་ཟིན་ནའང་། ད་དུང་ང་ཚོའི་མི་རིགས་ཀྱི་སྲོག་དབང་ཉག་ཕྲ་བ་དེ་ནི་དབྱངས་གསལ་སོ་བཞི་བོ་འདི་ལ་བརྒྱུས་ནས་ས་སྒང་འདིར་བོད་ཅེས་མཛུབ་མོ་འཛུགས་ས་ཞིག་གནས་ཐུབ་ཡོད་པ་འདིས་ཀྱང་ང་ཚོ་ལ་གསལ་བོར་གོ་བ་སྤྲད་ཡོང་བ་ཡིན་ཏེ། དུས་དེ་རིང་ང་ཚོས་དབྱངས་གསལ་རེ་རེ་བཞིན་འབྲི་ཀློག་ཤེས་པ་ནི་ང་ཚོས་གློ་བུར་དུ་མཁྱེན་པ་མ་ཡིན་པར་ང་ཚོ་ལ་དགེ་རྒན་ཞིག་གིས་དངོས་སུ་བསླབ་པ་ཡིན་ལ། དགེ་རྒན་དེ་ལའང་དགེ་རྒན་གཞན་ཞིག་གིས་ཀ་ཁ་ག་ང་ཞེས་བསླབས་ཏེ་ཡོང་བ་ཡིན་པས། དེ་ལྟར་གཅིག་སྣེ་གཅིག་སྦྲེལ་ཏེ་ལུགས་ལྡོག་གིས་ཡར་བརྩིས་ནས་དེད་པ་ཡིན་ན་ཏག་ཏག་ང་ཚོའི་ཡི་གེ་འདིའི་བྱེད་པོ་སློབ་དཔོན་ཐོན་མི་བཀའ་དྲིན་ཅན་ཁོང་རང་ལ་ཐུག་ཡོང་བ་ཡིན་ལ། སྐབས་དེ་ཤེད་ནས་ཁོང་གི་བླ་ན་མེད་པའི་ཐུགས་བསྐྱེད་ཀྱིས་ང་ཚོའི་མིག་ཟུང་ཕྱེ་བའི་ཚད་མེད་ཀྱི་སྨོན་ལམ་གནང་བ་ཡིན།  དེ་བས་བསམ་བློ་ཞིབ་མོར་བཏང་ན་ང་ཚོ་ནི་སློབ་དཔོན་ཐོན་མི་ཁོང་གི་ཐུགས་བསྐྱེད་ཀྱི་རྩེས་ཟིན་ཡོད་པ་དེ་ཧ་གོ་ཡོང་བར་མ་ཟད། སྔོན་བྱོན་མཁས་གྲུབ་རིམ་བྱོན་ཇི་སྙེད་ཅིག་བྱོན་པ་ཐམས་ཅད་ཀྱིས་ཡི་གེ་འདི་ལ་བརྟེན་ནས་ཆོས་སྲིད་ཀྱི་མཛད་འཕྲིན་བསྐྱངས་ཤིང་། སླར་ཡང་སྨོན་ལམ་རྣམ་པར་དག་པའི་མཐུ་ལ་བརྟེན་ནས་ཡི་གེ་འདི་གླེགས་བམ་སོགས་སུ་བསྡེབས་ནས་མཚམས་མ་ཆད་པར་བརྒྱུད་སྤྲོད་གནང་སའི་ཡུལ་གཅིག་པུ་དེ་ཡང་ང་ཚོ་ཆགས་ཡོད་པ་ང་ཚོས་རིགས་འདེད་ཀྱིས་རོབ་ཙམ་ངེས་པ་འདྲེན་ཐུབ་བོ།།

     དེ་བས་ངས་བསམ་པར་ནི་བོད་ཀྱི་ཡི་གེ་ཤེས་མི་ཤེས་ནི་བོད་པ་རྣམ་དག་ཅིག་ཡོང་མིན་ལ་ཐད་ཀར་འབྲེལ་ཡོད་པའི་ཚོར་སྣང་སྟེར་ཞིང་། དུས་ད་ལྟ་བོད་མི་སུ་ཞིག་གིས་རང་གི་བོད་ཡིག་ཤེས་ན་མ་མཐའ་ཡང་དེར་སློབ་དཔོན་ཐོན་མི་ནས་བརྒྱུད་པའི་དབྱངས་གསལ་སོ་བཞིའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་གནས་ཡོད་པར་བསམས་ཡོད་པར་མ་ཟད། དེ་ལ་བརྟེན་ནས་ངས་ནམ་ཡང་བོད་རང་གི་ཡི་གེ་ཤེས་མཁན་དང་མེས་པོ་བཀའ་དྲིན་ཅན་དག་གི་བར་ལ་ལས་སྨོན་གྱི་འབྲེལ་བ་ཞིག་གྲུབ་ཡོད་པར་ཏག་ཏག་ངོས་འཛིན་གནང་གིན་ཡོད་ལ། ལས་སྨོན་གྱི་འབྲེལ་བ་དེ་ལ་བརྟེན་ནས་བོད་པ་སུ་ཞིག་ཡིན་རུང་རང་གི་འདུ་ཤེས་ཀྱི་ངོ་བོ་སྲུང་འཛིན་ཐུབ་པར་ང་རང་ཡིད་ཆེས་བརྟན་པོ་ཡོད། དེ་བས་ང་ཚོ་རིགས་གཅིག་པ་དག་ཆེས་ཆེར་རྒུད་པའི་དུས་འདི་ཞིག་ལ་ང་ཚོས་རང་གི་རིག་གནས་ལ་ངོས་འཛིན་ཡང་དག་ཅིག་གནང་སྟེ་བོད་མིའི་བོད་རང་གི་ཡི་གེ་ཤེས་རྒྱུ་དེ་ནི་མི་སྒེར་བ་རེ་རེའི་དོན་དག་ཙམ་མ་ཡིན་པར་བོད་མི་རིགས་བྱིངས་ཀྱི་འདུ་ཤེས་དང་འབྲེལ་བའི་མདུན་ལམ་གྱི་གནད་དོན་ཞིག་ཏུ་གྱུར་ཡོད་པས་ན། ང་ཚོས་ཅི་ནུས་ཀྱང་བོད་རང་གི་ཡིག་རྨོངས་སེལ་ནས་མེས་པོའི་མཛད་འཕྲིན་གྱི་ཆ་ཙམ་སྐྱོང་རྒྱུ་ནི་མེས་པོའི་ཐུགས་བཞེད་འཁྲུལ་མེད་དང་ང་ཚོ་ལ་ལས་སྨོན་གྱིས་བགོས་པའི་འགན་འཁྲི་ཞིག་ཡིན་པར་བསམས་སོང་བས་ཁོ་བོའི་རྩོམ་ཆག་འདི་ལ་གཟིགས་མཁན་དག་གིས་ཐུགས་བསམ་གནང་བར་མཁྱེན་མཁྱེན་ཞུ་ལགས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41t7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/7/12
གཞན་གྱི་དགེ་བ་བྱེད་པ་ཐོས་པའི་ཚེ།། དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས།། སྙིང་ནས་དགའ་ཡི་རྗེས་སུ་ཡི་རང་ན།། དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་ཤོག།
 སྤེལ་མཁན: ཚོགས་གཉིས། སྤེལ་དུས:2015/2/8
ཡག་པོ་བྲིས་འདུག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
46003081
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1