མགར་བུ་འཇམ་བསམ།
འདོད་པ་སྨུག་རྒྱུ་འཚོལ་བའི་སྟེགས་བུ་ལས།།
མི་ལོ་ཉེར་གསུམ་ལྷག་ཏུ་བཞུད་ནས་བྱུང་།།
བརྩེ་སེམས་འོ་མའི་རྒྱུན་བཟང་མ་གཏོགས་པའི།།
སེམས་སུ་ཉར་བའི་ཆོས་ཤིག་མི་འདུག་བསམ།།
འདུ་འབྲལ་བསམ་ན་སེམས་པ་ཆུ་ལྟར་གྲང་།།
གྲང་ཡང་སྔོན་བསགས་ལས་དབང་ཡིན་པ་འདྲ།།
འདྲ་དང་མི་འདྲའི་ནང་ནས་རྙེད་དཀའ་བ།།
བ་འོ་ལྟར་དཀར་བརྩེ་བའི་སེམས་འདི་ཡིན།།
ལུས་ལ་བརྟེན་པའི་གསལ་རིག་ཤེས་པ་འདི།།
འདི་སྣང་སྒྱུ་མའི་གྲོང་ལ་མྱུལ་མྱུལ་ནས།།
ནས་རྡོག་གཅིག་གི་ཆེད་དུ་རྣམ་དཔྱོད་ཁམས།།
ཁམས་གསུམ་ཀུན་ལས་རྒྱལ་བ་འདི་ཀོ་མཚར།།
ཞིབ་ཏུ་བརྟག་ན་མི་སེམས་བྱིས་པ་འདྲ།།
རྒྱང་ནས་བལྟས་ཚེ་རྨ་བྱ་བཀྲག་མདངས་ཆེ།།
ཉེ་སར་བཏུད་དུས་རང་ཚུགས་འཆོར་བ་ཡི།།
འཁོར་བའི་གཤིས་འདི་ངོ་མ་དགོད་རེ་བྲོ།།
བླ་མ་མཁྱེན། གསོལ་བ་འདེབས།
གདོད་མའི་དུས་ནས་མགོན་ཁྱོད་སངས་རྒྱས་ཀྱང་།།
འགྲོ་ཀུན་བདེ་ལ་འགོད་ཕྱིར་མིར་སྤྲུལ་ནས།།
འགར་སྟོན་བརྒྱད་པའི་ཞབས་ལ་གསོལ་བ་འདེབས།།
དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།།
བྱམས་དང་སྙིང་རྗེའི་འོ་མའི་མཚོ་བཞིན་རྒྱས།།
ཤི་གསོན་དགེ་རྩ་དག་པའི་ཞིང་དུ་བསྔོས།།།
འཕགས་པ་སྤྱན་རས་གཟིགས་དང་དབྱེར་མེད་པའི།།
འགར་སྟོན་བརྒྱད་པའི་ཞབས་ལ་གསོལ་བ་འདེབས།།
ལུང་རྟོགས་བསྟན་པ་དྲི་མེད་རིགས་པའི་འབྱེད།།
བཀའ་འགྱུར་ལ་སོགས་ཕྲ་ཞིབ་སྒོ་ནས་གཟིགས།།
འཇམ་པའི་དབྱངས་དང་ངོ་བོ་དབྱེར་མེད་པའི།།
འགར་སྟོན་བརྒྱད་པའི་ཞབས་ལ་གསོལ་བ་འདེབས།།
འགྲོ་བའི་ནད་གདོན་ཕྱག་གིས་སེལ་བར་བྱེད།།
འདྲེ་དང་འགོང་བོ་ཕྲེང་བའི་ཡོངས་སུ་བྲབས།།
ཕྱག་ན་རྡོ་རྗེ་མཆོག་དང་དབྱེར་མེད་པའི།།
འགར་སྟོན་བརྒྱད་པའི་ཞབས་ལ་གསོལ་བ་འདེབས།།
བསྟན་པའི་གཞི་རྩ་རྨང་ནས་གསར་བསྐྲུན་བྱས།།
མདོ་སྔགས་བསྟན་པ་དག་ཐེར་སྒོ་ནས་སྤེལ།།
ཙོང་ཁ་པ་དང་ངོ་བོ་དབྱེར་མེད་པའི།།
འགར་སྟོན་བརྒྱད་པའི་ཞབས་ལ་གསོལ་བ་འདེབས།།
ནད་རིགས་བཞི་བརྒྱ་འཛོམས་པའི་ཐབས་ཤེས་ཡོད།།
འགྲོ་ཀུན་ནད་རྣམས་རང་གི་ལུས་སུ་སྦྱར།།
སངས་རྒྱས་སྨན་གྱི་བླ་དང་དབྱེར་མེད་པའི།།
འགར་སྟོན་བརྒྱད་པའི་ཞབས་ལ་གསོལ་བ་འདེབས།།
རང་གི་དགོན་པ་ལྷ་ཁང་གསེར་ཁང་བཞེངས།།
རང་གི་རྒྱུ་ནོར་དགོན་པ་ཡོངས་སུ་སྤྲད།།
ནོར་ལྷ་རྣམ་སྲས་མཆོག་དང་དབྱེར་མེད་པའི།།
འགར་སྟོན་བརྒྱད་པའི་ཞབས་ལ་གསོལ་བ་འདེབས།།
བཞུགས་གནས་ཁང་ཆག་རི་གྲོང་མཚམས་ཁང་འདྲ།།
སྒོམ་དང་ཉམས་ལེན་དེད་ན་མཐའ་མི་དཔོག །
མི་ལ་རས་པ་མཆོག་དང་དབྱེར་མེད་པའི།།
འགར་སྟོན་བརྒྱད་པའི་ཞབས་ལ་གསོལ་བ་འདེབས།།
ཤི་བའི་མི་དེ་འཕོ་བའི་ཡར་ལ་འདྲེན།།
བར་དོ་འཁྱམ་པའི་མི་ལ་ལམ་སྟོན་མཛད།།
མགོན་པོ་འོད་དཔག་མེད་དང་དབྱེར་མེད་པའི།།
འགར་སྟོན་བརྒྱད་པའི་ཞབས་ལ་གསོལ་བ་འདེབས།།
བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ།།
མགོན་པོ་ཁྱེད་ཀྱི་འཁོར་དུ་རབས་སྐྱེས་ཏེ།།
སྐད་ཅིག་ཙམ་ཡང་ཁྱེད་སྐུ་མི་འབྲལ་བར།།
གསུང་གི་བདུད་རྩི་འཐུང་བར་བྱིན་གྱིས་རློབས།།
རྒྱུ་དང་ཀུན་སློང་ངན་པའི་མ་བསླད་པར།།
སེམས་ཀྱི་ཚོར་བའི་ཟིན་པའི་གསོལ་འདེབས་འདི།།
ཤར་ཕྱོགས་བྷ་ག་ལ་ཡི་གྲོང་ཁྱེར་ནས།།
རྒྱང་འབོད་བླ་མ་དྲན་པའི་འབོད་སྐུལ་ཡིན།།
གངས་རིའི་ཉི་ཟླ་ཟུང་གི་ཞབས་པད་བརྟན།།
མཁས་གྲུབ་སྟག་སེང་ཁ་སྤྲོད་དགུང་དུ་འཕྱོ།།
འཚེ་མེད་ཞི་བདེའི་བསྟན་པ་དར་ཞིང་རྒྱས།།
འཇིག་རྟེན་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག །
ཁྱེད་མེད་ཤུལ་ན་ང་ལ་སྙན་ངག་ཡོད།
གང་ནས་གང་ལ་བལྟས་ན་ཁྱོད་ཉིད་འདྲ།།
ཕར་འགྲོ་ཚུར་ལ་གཅར་ན་ལྷག་ཏུ་འདྲ།།
མི་འབོལ་སེམས་པའི་ཁྱོད་ཉིད་གླེང་བ་ན།།
ང་ཉིད་སྟོང་བའི་ཁམས་སུ་ལྷུང་བ་དབེན།།
ཚོར་བ་ཚོར་བའི་འཚོལ་ན་འདོད་པ་ཡོད།།
ཐོབ་མེད་འདོད་པའི་དངོས་པོ་བསམ་གྱུར་ན།།
མི་སྐྱིད་འཚོ་བའི་ཁ་ཟས་དྲོད་མོ་དེ།།
ང་རང་ཡིན་ཞེས་བརྗོད་ཀྱང་འོས་ཤིང་འཚམས།།
ཁ་དོག་མཛེས་ཤིང་དགའ་བ་ཡིད་དུ་འཐད།།
རག་འདོད་ལག་པའི་ཡང་ཡང་བརྙབ་ན་ཡང་།།
མ་ཟིན་ལག་པའི་མཛུབ་མོ་ལྔ་བོ་ལ།།
དྲོད་ཁོལ་དབེན་ཞིང་ཡང་ཡང་འདར་བར་བྱེད།།
འདི་ལྟར་ཡིད་ཀྱི་དྲན་ཤིང་ཁྱེད་ཉིད་ལ།།
དགའ་བ་མཚོན་པའི་བརྩེ་དུང་དངོས་མ་འདི།།
རྒྱ་ནག་རྒྱལ་ས་པེ་ཅིན་སློབ་གླིང་ནས།།
དབྱངས་ཅན་རྟ་ལ་དྲངས་ཏེ་སྐུར་འདོད་སྙམ།།
ང་ལ་ལོ་སར་མེད། ཁ་གཡང་མི་དགོས།
སེམས་སུ་གསལ་ལེར་ཤར་བའི་མགོ་ཐོག་གི་ཉི་མ།།
ཟླ་བ་བདུན་པའི་ཚེས་པ་ཉེར་དགུ་ཡི་ཞོགས་པར།།
གཟུགས་སྐུའི་བཀོད་པ་ཆོས་སྐུའི་ཀློང་དབྱིངས་སུ་འཐིམས་པས།།
ད་ལོ་ང་ལ་ལོ་སར་སྐྱིད་པོ་ཞིག་མེད་དོ།།
ཁྱེད་སྐུ་ཉི་མ་འདྲ་བོ་མངོན་སུམ་དུ་བཞུགས་དུས།།
ང་ནི་རྣམ་དཔྱོད་ཅན་གྱི་གྲྭ་བཙུན་ཞིག་རེད་ཟེར།།
ད་ནི་ཁྱེད་ཉིད་ཞིང་ཁམས་གང་ཞིག་ན་ཡོད་ཀྱང་།།
ས་མཐར་འཁྱམ་པའི་བུ་ང་མགོན་སྐྱབས་རེ་མཛོད་ཅིག
ཁྱེད་ཉིད་ཕེབས་སོང་ཤུལ་ལུང་སྐྱ་བོ་ཡི་སྡེ་ན།།
དྲང་པོ་དྲང་ཐིག་མེད་པའི་སྟ་གོན་རེ་བྱས་སོང་།།
གང་ལྟར་སེམས་སུ་དྲན་པ་ཁྱེད་ཉིད་ལས་མེད་པས།།
ད་ལོ་ང་ལ་ལོ་སར་སྐྱིད་པོ་མེད་དོ།།
མྱི་ཁའི་དུག་རླངས་ས་གཞི་ཆུང་ཆུང་ལ་ཁྱབ་ན།།
མི་བུ་ང་འདྲ་འཕྲད་ན་བཟོད་གསོལ་ཞིག་མེད་པའི།།
རྡོ་སྔགས་དམ་བཅའ་བཞག་པའི་དགེ་བཤེས་ཤིག་ཡིན་ཡང་།།
ཞེ་སྡང་སྤྲུལ་ལྟར་ཆེ་ལ་ཁོག་རྒྱ་ཞིག་མེད་དོ།།
ཧ་ལ་དགེ་བཤེས་ཟེར་བ་དེ་ཙམ་ཞིག་ཨེ་རེད།།
ལོ་ངོ་འགའ་ལ་དཔེ་ཀློག་དུག་གསུམ་གྱི་རྒྱུ་རེད།།
རང་གི་ཞེ་སྡང་དགྲ་བོ་འདུལ་ཐབས་ཞིག་མེད་ན།།
ཡིན་པར་ཐལ་སོགས་མང་པོ་རྩད་རྩད་ནས་ཅི་བྱ།།
དགེ་བཤེས་དགེ་བཤེས་ཟེར་ན་ངུ་རྒྱུ་ཞིག་ཡོང་གི །
འདུལ་བ་འདུལ་བ་ཟེར་ན་དགོད་རྒྱུ་ཞིག་ཡོང་རེད།།
དོན་ལ་རང་སེམས་འདུལ་ན་ཡ་མཚན་རང་ཡིན་པའི།།
དེ་འདྲ་དེ་ཙམ་ཕལ་ཆེར་དཀོན་པོ་ཞིག་ཡིན་ནོ།།
ཐུབ་པས་ཆོས་འདི་འཚེ་མེད་ཞི་བདེ་ཡི་སྒྲུབ་ཡོད།།
ད་ལྟའི་ཆོས་འདི་གཉའ་གནོན་ཆོས་ཁྲིམས་ཀྱི་ཟིན་ཡོད།།
གང་ལྟར་བཙུན་པའི་གད་སྙིགས་མང་སོང་བས་རྟགས་རེད།།
ད་ལྟ་ཁོམ་ན་ཆོས་ཁྲིམས་གཙང་དག་ཅིག་བྱེད་དགོས།།
དོ་ནུབ་ཧ་ཅང་ཁོམ་སོང་འདི་ཙམ་ཞིག་བཞེངས་ཡོད།།
སུ་ལ་གནོད་ལ་དེ་ཉིད་གདུལ་བྱ་རུ་གྱུར་འགྲོ།།
ཚོར་བ་ཚོར་བའི་ཟིན་པའི་རྐང་ལམ་གྱི་བར་ནས།།
གོ་བདེ་སྙན་ཚིག་ནུབ་ནས་ཤར་ཕྱོགས་སུ་སྤྲིངས་ཡོད།།
|