༄༅། །སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་གི་འཛི་ཀའི་ཡུལ་ནས་སྤྱི་ཚོགས་འཆམ་མཐུན་དང་ཞི་བདེའི་བྱ་འགུལ་གལ་ཆེན་སྤེལ་ཡོད།
སྤྱི་ལོ་2015ལོའི་སྤྱི་ཟླ་2པའི་ཚེས་27ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་གི་འཛི་ཀའི་ཡུལ་ནས་སྤྱི་ཚོགས་འཆམ་མཐུན་དང་ཞི་བདེའི་བྱ་འགུལ་གལ་ཆེན་སྤེལ་ཡོད། འཛམ་གླིང་ཞི་བདེའི་ཁ་ཕྱོགས་དང་སྤྱི་ཚོགས་འཆམ་མཐུན་གྱི་བྱ་འགུལ་ཁྲོད་དང་བླངས་པ་ཆིག་ཁྲི་ལྷག་གིས་འཛི་ཁོག་གི་དགོན་ཁག་མང་དག་ཅིག་གི་མཁན་སྤྲུལ་དགེ་བའི་བཤེས་གཉེན་ཉི་ཤུ་ལྷག་དང་མི་ཆེན་སྡེ་དཔོན་ཚོ་གདན་འཛོམས་པའི་མདུན་ནས་འཚེ་མེད་ཞི་བདེའི་ལམ་ཁར་བསྙེག་པའི་དམ་བཅའ་ཁ་ཤས་བཞག་པར་ས་དེའི་དགོན་པ་ཡོངས་དང་དམངས་ཚོགས་ཡོངས་ནས་དགའ་བསུ་དང་གོང་བཀུར་ཚད་མེད་ཐོབ་འདུག
ཁ་རྩང་འཛི་ཀའི་ཡུལ་ནས་དགོན་མ་ལག་བཅུ་བདུན་གྱིས་མཉམ་འབྲེལ་ཐོག་འཛམ་ཐང་ཆོས་རྗེ་དགོན་པའི་མདུན་ཐང་དུ་འཛི་ཡུལ་སྟོད་སྨད་བར་གསུམ་གྱི་རྒན་དར་གཞོན་གསུམ་གྱིས་མཐུན་པའི་ལག་ཟུང་དམ་དུ་སྦྲེལ་ནས། འཚེ་མེད་ཞི་བདེའི་ལམ་བཟང་བརྟན་འཇགས་ཡོང་ཆེད་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པའི་སྒོ་ནས་མ་བསྐུལ་དང་བླངས་པ་ཆིག་ཁྲི་ལྷག་གིས་ཤོ་མི་རྒྱག་པ་དང་མི་རིགས་གང་ཡིན་ཡང་འཁོན་འཛིང་མི་བྱེད་པ། ད་དུང་རྐུ་འཕྲོག་བཅོམ་གསུམ་སོགས་མི་བྱེད་པ་དང་། ཡང་ན་དམངས་ཚོགས་ཁྲོད་དོན་རྐྱེན་གང་བྱུང་འདུམ་འགྲིག་ཚོགས་པའམ་ཞི་བདེ་ཚོགས་པས་གཞོག་འདེགས་བྱེད་པ་སོགས་ཡ་རབས་ཀུན་སྤྱོད་ལ་གཅིག་ཏུ་གཞོལ་བའི་དང་བླངས་པ་དག་ལ་ཆོས་རྗེ་དགོན་པས་སྦྱིན་བདག་བྱས་ཏེ་བྱ་དགའ་སྤྲད་པའི་ཡུལ་དངོས་མགོ་མཇུག་ཀུན་བཀྲ་ཤིས་པ་བྱུང་འདུག
གསལ་བཤད། ཁ་རྩང་གསར་འགོད་པས་དང་བླངས་པ་ཆིག་སྟོང་ལྷག་ཅེས་བྲིས་པ་ནོར་འདུག་པས་དེ་རིང་ཆིག་ཁྲི་ལ་བཅོས་ཡོད།
|