ཤོན་ཀྲུའུའི་ཤེ་ཐོའོ་མཁར[1]་དུ་ཁུ་བོ་ལེས་ཡོན་དང་གྱེས་ཕྱག་ཕུལ་བ།
—— ལས་པེ།
བསྒྱུར་པ་བོ་དང་དཔྱད་མྱོང་བ། རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ།
ཁ་སང་ནི་དུས་ཀྱི་བགྲོད་པ་ཙམ་ལགས་པས་སྔར་ནས་ང་རང་བསྐྱུར་ཏེ་བུད་སོང་མོད། སེམས་པ་བཀྲུག་བའི་དོན་དེ་དག་གིས་དེ་རིང་ཡང་བདག་གི་སེམས་སུ་སྡུག་བསྔལ་བསྐྲུན།
རླུང་བུས་བྱ་ལོང་རྒྱང་དུ་སྐྱེལ། །
དེ་ལ་ལྟ་བཞིན་ཆང་དུ་རོལ། །
ཕིང་ལེའི་རྩོམ་རྩལ་ཅན་ཨན་[2]བཞིན། །
ང་ཡི་སྙན་ངག་ཤེ་ཐོའོ་འདྲ། །
དེའི་ཕྱིར་སེམས་ཚོར་གཤོག་ཐོག་བཞིན། །
ཟླ་བ་པང་དུ་འཆིང་བར་འདོད། །
གྲི་ཡིས་ཆུ་རྒྱུན་མི་ཆོད་ལ། །
ཆང་གིས་སྡུག་བསྔལ་མི་སེལ་བས། །
མི་ཚེའི་བསམ་དོན་མ་འགྲུབ་ཀྱང་། །
སང་ཉིན་རྒྱལ་ཁམས་འགྲིམས་ཏེ་འགྲོ། །
[དཔྱད་མྱོང་།]
སྤྱིར་ཕྲན་དཔྱད་ལྟ་བུ་ཞིག་འབྲི་སྣང་ཡོད་མོད། ཕྲན་ལ་ལས་པེ་ལྟ་བུའི་གནའ་བོའི་སྙན་ངག་པ་གྲགས་ཅན་དག་གི་བརྩམས་ཆོས་ལ་དཔྱད་བརྗོད་བྱེད་པའི་ཤེས་ཡོན་མེད་ལ་ཕྲན་དཔྱད་ཀྱང་དེ་བས་ཀྱང་ངོ་། ། དེ་བས་འདིར་ཁོང་གི་མི་ཚེའི་བགྲོད་ལམ་གྱི་ཀྱོག་མཚམས་མཚོན་པའི་སྙན་ངག་གྲགས་ཅན་འདི་བདམས་ཏེ་བརྩམས་ཆོས་འདིའི་ལྟག་རྒྱབ་ཀྱི་གསང་བའི་གཏམ་རྒྱུད་དེ་ལ་རྒྱང་ལྟ་ཞིག་གི་ཞོར་དུ་མྱོང་བ་རག་ཙམ་བརྗོད་པར་ཞུ།
ཇི་སྐད་དུ་རྒྱ་གར་གྱི་སྙན་ངག་སྨྲ་བ་ཆེན་མོ་ཐེ་ཀོར་གྱི་ཞལ་ནས་༼ཁྱོད་ཉིད་སྙན་ངག་མཁན་ངོ་མ་ཞིག་བྱ་འདོད་ན་ཐོག་མར་ངས་ཁྱོད་ལ་དྲི་བ་ཞིག་འདྲི། ཁྱོད་མཚན་ཉིད་པ་ཞིག་ཡིན་ནམ། དེ་ཡིན་ན་ད་གཟོད་སྙན་ངག་མཁན་ཞིག་བྱ་བའི་ཐོབ་ཐང་ཡོད་༽ཅེས་གསུང་པ་ལྟར། བརྩམས་ཆོས་འདི་ནི་རྩོམ་པ་བོ་ལམ་ལུགས་དང་སྲེད་པ་ཡི་དབང་གིས་བླུན་རྨོངས་སུ་འཁྱམས་པ་ལས་ཉམས་མྱོང་དང་ཤེས་རབ་ཀྱི་དབང་གིས་མཚན་ཉིད་ཀྱི་བདེན་པ་ཐོབ་པའི་རྟོག་པའི་མེ་ལོང་ཞིག་ཡིན་ཞིང་། མེ་ལོང་འདིའི་ནང་དུ་སྐབས་དེའི་ལམ་ལུགས་ཀྱི་དབང་སྒྱུར་དང་སྲིད་གཞུང་གི་སྒེར་འཛིན་དག་ཀྱང་གསལ་ཡོད། བརྩམས་ཆོས་འདི་ནི་རྩོམ་པ་བོ་སྲིད་གཞུང་གི་ལག་གཡོག་ལས་སྙན་ངག་གི་ལྷ་དབང་རུ་གྱུར་བའི་ཀྱོག་མཚམས་ཀྱི་འཆར་ཡན་ཆང་ཕོར་གང་ཡིན་ལ། ཆང་ཕོར་འདིའི་ནང་དུ་སྐབས་དེའི་སྲིད་གཞུང་གི་རུལ་སོང་དང་སྤྱི་ཚོགས་ཀྱི་གཉོག་འཛིང་ཁྱོན་ནས་མཚོན་པའི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཀྱང་སྦས་ཡོད། སྤྱིར་ལས་པེ་ལྟ་བུའི་མཁས་པ་ཆེན་པོ་ལ་གཞུང་ཞབས་ཙམ་དུ་མ་ཟད་སྐབས་དེའི་གོང་མ་ལྟ་བུའི་འགན་བཞེས་ཀྱང་མི་ཆོག་པ་གཏན་ནས་མེད་མོད། འོན་ཀྱང་རྒྱའི་འཆར་ཡིན་རིང་ལུགས་ཀྱི་སྙན་ངག་པ་གྲགས་ཅན་ཁོང་སྐབས་དེའི་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་རང་གི་བྱིས་དུས་ཀྱི་ཕུགས་བསམ་ལྟར་གཞུང་ཞབས་ཀྱི་བྱ་བར་ཡང་ནས་ཡང་དུ་རྒྱུགས་སྤྲད་ཀྱང་རེ་བ་བཞིན་མ་འགྲུབ་པ་མ་ཟད། ཤེས་ཡོན་དང་འཇོན་ནུས་ཅི་ཡང་མེད་པའི་དཔོན་རབས་ཀྱི་བུ་ཕྲུག་ཚང་མ་དཀའ་སྡུག་ཅི་ཡང་མི་དགོས་པར་རྫོང་རིམ་པའི་དཔོན་གནས་སུ་ཐད་ཀར་བཀོད་བཞག་གནང་།
གཡོ་རྒྱུ་ཡི་དྲི་མས་མ་གོས་པའི་ལས་པེ་ནི་སྐབས་དེར་བྱིས་པ་ཞིག་དང་འདྲ་བར་རང་ཉིད་ཀྱི་ཤེས་འཇོན་གྱིས་རང་ཉིད་སྐུ་དྲག་གི་བུ་ཕྲུག་དེ་དག་ལས་ལྷག་པར་བདེན་དཔང་བྱེད་དགོས་སྙམ་སྟེ་ཡུན་རིང་བོའི་བར་དཀའ་ལས་དང་འབད་པ་གང་མང་མང་ཞིག་མྱོང་མཐར་གཞི་ནས་རྫོང་ཕྲན་ཞིག་གི་དྲུང་ཡིག་ཏུ་བཀོད་ཅིང་ཅུང་མ་འགོར་བར་མི་གཞན་གྱི་གཡོ་འོག་ཏུ་ཚུད་ནས་གོ་གནས་ལས་རྒྱང་ཕུད་བཏང་། རྐྱེན་ངན་གྱི་གྲོགས་བཟང་འདི་དང་འཕྲད་པས་ད་གཟོད་ཁོང་གི་བསམ་བློ་ལ་རྩ་བ་ནས་འགྱུར་བ་ཐེབས་སྟེ་དཔོན་ཐོབ་དང་གོ་ས། རྒྱུ་འབྱོར་དང་ཁེ་ཕོག་ལ་ཕན་ཡོན་ཅི་ཡང་མེད་པ་ཤེས་ཏེ་མི་ཚེ་སྙན་ངག་དང་ཆང་ཕོར་གྱིས་སྐྱེལ་ཏེ་རྒྱལ་ཁམས་རིགས་པས་འགྲིམས་པའི་ལྗོངས་རྒྱུ་བ་ངོ་མ་ཞིག་ཏུ་གྱུར།
སྙན་རྩོམ་འདི་ནི་སྐབས་དེར་ཁོང་ལྗོངས་རྒྱུ་རུ་ཕེབས་ཁར་ཁུ་བོ་ལས་ཡོན་དང་ཤེ་ཐོའི་མཁར་དུ་གྱེས་ཕྱག་ཕུལ་སྐབས་བྲིས་པ་ཡིན་ཞིང་། སྙན་རྩོམ་འདིའི་མགོ་མཇུག་བར་གསུམ་དུ་འདས་ཟིན་གྱི་སྡུག་བསྔལ་ནས་གནས་བབས་ཀྱི་སེམས་ཚོར། མ་འོངས་པའི་ཐག་ཆོད་བཅས་ཧ་ཅང་མངོན་གསལ་དོད་པོའི་སྒོ་ནས་བྲིས་ཡོད་ཅིང་། འདོད་རྔམ་གྱི་བཀག་རྒྱ་ལས་འཆར་ཡན་གྱི་རང་དབང་དུ་རྒྱུ་བའི་གོ་རིམ་ཞིག་ཀྱང་ཝ་ལེར་མངོན།
རྩོམ་གྱི་དབུ་ཁྱུད་དུ་ཚིག་ལྷུག་པའི་སྒོ་ནས་༼ཁ་སང་ནི་དུས་ཀྱི་བགྲོད་པ་ཙམ་ལགས་པས་སྔར་ནས་ང་རང་སྐྱུར་ཏེ་བུད་སོང་མོད། སེམས་པ་བཀྲུག་པའི་དོན་དེ་དག་གིས་དེ་རིང་ཡང་བདག་གི་སེམས་སུ་སྡུག་བསྔལ་བསྐྲུན༽ཞེས་འདས་དོན་ལ་ཕྱིར་མིག་ཅིག་གི་ཚུལ་དུ་གླེང་སློང་ཡོད་ལ། དེ་ནས་རིམ་བཞིན་༼རླུང་བུས་བྱ་ལོང་རྒྱང་དུ་སྐྱེལ།།༽སོགས་ཐག་རིང་སའི་འཁོར་ཡུག་ནས་ཉེ་སའི་ཁོར་ཡུག་ལ་ཞིབ་འབྲི་གནང་བར་བརྟེན་སེམས་ཀྱི་འགྱུར་བ་མཚོན་པར་བྱས་ཡོད་ཅིང་རང་ཉིད་༼རྒྱལ་ཁམས་འགྲིམས་ཏེ་འགྲོ༽དགོས་པའི་རྒྱུ་མཚན་ཡང་རང་བྱུང་ཁོར་ཡུག་གི་མཛེས་པ་དང་སྒྱུ་རྩལ། རང་དབང་དང་ལྷོད་ཆགས་སོགས་སུ་ཡིད་སྨོན་འཆོར་བའི་སྒོ་ནས་རང་གི་མ་འོངས་པའི་འགྲོ་ཕྱོགས་དེ་ཡང་དག་པ་ཡིན་པར་བསྒྲུབས་ཡོད།
དེ་ནས་སླར་ཡང་༼གྲི་ཡིས་ཆུ་རྒྱུན་མི་ཆོད་ལ། །ཆང་གིས་སྡུག་བསྔལ་མི་སེལ་པས། །༽ཞེས་པའི་དཔེ་ཡི་སྒོ་ནས་རང་ལ་འཕྲད་པའི་རྐྱེན་ངན་དེ་དག་ལྡོག་ཏུ་མེད་པ་དང་རྐྱེན་ངན་དེའི་བསྐྲུན་པའི་སེམས་ཀྱི་རྨ་ཁ་འདི་ཆང་འཐུང་བ་ཙམ་གྱིས་སེལ་མི་ནུས་པས་༼མི་ཚེའི་བསམ་དོན་མ་འགྲུབ་རུང་། ། སང་ཉིན་རྒྱལ་ཁམས་འགྲིམས་ཏེ་འགྲོ། །༽ཞེས་རྒྱལ་ཁམས་རིགས་པས་བསྐོར་ནས་ལུས་སེམས་རང་དབང་བཏང་ན་ད་གཟོད་བསམ་དོན་ཇི་བཞིན་མ་འགྲུབ་པའི་སེམས་ཀྱི་རྨ་ཁ་འདི་ཡང་ཡོངས་སུ་སོས་ཐུབ་པར་འདུག་པས་རང་ཉིད་ཆང་ཕོར་དང་སྙན་ངག་གྲོགས་སུ་བརྟེན་པའི་འཚོ་བ་གསར་བ་ཞིག་གི་མགོ་རྩོམ་རྒྱུ་ཡིན་པ་དམ་བཅའ་དང་བཅས་མངོན་པར་བྱེད་ཡོད་དོ། །
2015.12.18/ཉིན་ན་གོར་མོར།
1.ཤེ་ཐོ་ནི་ཡང་ཞའི་མི་ཡིན། རྒྱལ་རབས་ལྷོ་མ《南朝》སྐབས་ཀྱི་སྙན་ངག་པ་གྲགས་ཅན་ཞིག་ཡིན།
2.ཕིང་ལེ་ནི་དཔེའི་སྒོ་ནས་ཁུ་བོ་ལེས་ཡོན་ལ་བསྟོད་པ་ཡིན་ཞིང་ཅན་ཨན་ནི་ཡུལ་ལྗོངས་ཤིན་ཏུ་མཛེས་པ་ཞིག་ཡིན།
|