ས་སྐྱ་ལེགས་བཤད། ༼༢༣༽
བློ་དང་ལྡན་ན་མ་སྨྲས་ཀྱང་། །
རྣམ་འགྱུར་ཉིད་ལས་བསམ་པ་གོ །
བལ་པོའི་སེའུ་མ་ཟོས་ཀྱང་། །
ཁ་དོག་ཉིད་ལས་བྲོ་བ་ཤེས། །
བློ་གྲོས་དང་ལྡན་པ་ཞིག་ཡིན་ན། དུ་བ་ལས་མེ་དང་། ཆུ་སྐྱར་ལས་ཆུར་ཤེས་པ་ལྟར། ཕྱིའི་རྣམ་འགྱུར་ལས་ནང་གི་བསམ་པ་གོ་བར་བསྟན་པ་དེ་ཡིན། །
འབྲས་བུ་ལས་རྒྱུ་དཔོག་པའི་རྣམ་དཔྱོད་ཀྱི་བློ་གྲོས་དང་ལྡན་པ་ཞིག་ཡིན་ན། ངག་ནས་འདི་ལྟར་སེམས་ཞེས་མ་སྨྲས་ཀྱང་། ཕྱི་ལུས་ཀྱི་རྣམ་འགྱུར་ལས་ནང་བསམ་པའི་བསམ་ཚུལ་གོ་བར་ནུས་ཏེ། དཔེར་ན། བལ་པོ་སེའུ་སྟེ་སེ་འབྲུ་ཁ་ལ་དངོས་སུ་མ་ཟོས་ཀྱང་། ཁ་དོག་སྔོ་སེར་སོགས་ལས་རོའི་མངར་སྐྱུར་གྱི་བྲོ་བ་ཤེས་པར་ནུས་པ་བཞིན་ནོ། ཞེས་པའོ། །
ཕྱིའི་རྣམ་འགྱུར་གྱིས་ནང་གི་བསམ་པ་གོ་བའི་ཚུལ་ནི་སྔར་རབ་བྱུང་གཞོན་ནུ་ཞིག་རང་ཉིད་ཆོས་པ་རྣམ་དག་ཡིན་པའི་བློ་གདེང་དང་བཅས་ཏེ། རབ་བྱུང་གི་རྟགས་དང་བྲལ་ཏེ་ནགས་ཁྲོད་དུ་རྒྱུ་བ་ན། ནགས་ཀྱི་ལྷས། རབ་བྱུང་རྟགས་དང་བྲལ་བའི་འདུལ་འཛིན་ཁྱོད། །ཉམས་ལེན་ནམ་མཁའི་མེ་ཏོག་འཐུ་བ་ལ། །ངལ་བ་བསྟེན་པའི་རང་སྙན་སྤྲིན་གྱི་སྒྲར། །མ་སྒྲོགས་མི་བརྟུལ་ཞུགས་ཀྱི། །རྟགས་ཙམ་དོར་ལ་བབ་ཅོལ་ཀླན་ཀ་སྤོངས། །རྒྱལ་ཐབས་བྱ་བ་ལས་ཀྱི་འཁོར་ལོ་ཅན། །སྡོམ་བརྩོན་ཕྱོགས་མཐར་བསྐྱོད་པའིཾ་ཆཾ་བྱད་ཡིན། །བྱས་པས། ནགས་ཀྱི་ལྷས། དུ་བའི་གཙུག་ཕུད་མཁའ་དབྱིངས་འཁྱིལ་མཐོང་ལས། །སྲེག་བྱེད་གཏུམ་པོ་གནས་ཤེས་ཇི་བཞིན་དུ། །ཕྱི་ཡི་སྤྱོད་ལས་ནང་རྒྱུས་མ་རྟོགས་ན། རྗེས་དཔག་རིག་པ་ཤེས་བྱའི་གྲངས་ལས་བུད། །ཅེས་པ་ལྟར་བློ་གྲོས་དང་ལྡན་པ་ཞིག་ཡིན་ན། ཕྱི་ལུས་ངག་གི་སྤྱོད་པ་ལས་ནང་སེམས་ཀྱི་ཁྱད་པར་རྟོགས་པ་གསུངས་པ་ལྟར་རོ། །༼ཀླན་ཀ་སྟེ་སྙན་ཀའམ་རྩོད་གཞི་ལ་གོ །༽
|