ས་སྐྱ་ལེགས་བཤད། ༼༢༤༽
མཁས་པ་རང་གི་ཡུལ་བས་ཀྱང་། །
ཡུལ་ཁམས་གཞན་དུ་མཆོད་པ་ཐོབ། །
ནོར་བུ་གཞན་དུ་བྲིན་པ་ཙམ། །
རྒྱ་མཚོའི་གླིང་དུ་ག་ལ་བྲིན། །
མཁས་པའི་འཕྲིན་ལས་རང་གི་ཡུལ་ལས་ཡུལ་ཁམས་གཞན་ལ་འཕེལ་ཞིང་རྒྱས་པས། དེར་སྤེལ་དགོས་པར་བསྟན་པ་དེ་ཡིན། །
ལུང་རྟོགས་ཀྱི་ཡོན་ཏན་རྩེར་སོན་པའི་མཁས་པ་ཞིག་ཡིན་ན་ཡང་། རང་གི་ཡུལ་དུ་ནང་གི་རྟོགས་པའི་ཡོན་ཏན་མི་རྟོགས་པར། རང་མཉམ་གྱི་མི་འདི་དང་འདི་ཡིན་ནོ་ཞེས། མཆོད་ཅིང་བཀུར་བ་ལ་སོགས་པའི་སྒོ་ནས་མཁས་པའི་བྱ་བ་རྣམ་གསུམ་གྱི་སྒོ་ནས་འཕྲིན་ལས་སྤེལ་བར་མི་ནུས་ལ། དེ་བས་ཡུལ་ཁམས་གཞན་དུ་སོང་བ་ན་མཆོད་ཅིང་བཀུར་བའི་སྒོ་ནས་འཕྲིན་ལས་རྒྱ་ཆེར་སྤེལ་བའི་གོ་སྐབས་ཐོབ་པ་ཡིན་ཏེ། དཔེར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་རྒུ་འབྱུང་ཞིང་། དཀོན་པའི་འདུ་ཤེས་ཀྱིས་རྒྱ་མཚོའི་གླིང་ལས་གཞན་དུ་བྲིན་པ་ཙམ། དེ་གང་ལས་བྱུང་བའི་རྒྱ་མཚོའི་གླིང་དུ་ག་ལ་བྲིན་ཏེ་མི་བྲིན་པ་བཞིན་ནོ། ཞེས་པའོ། །
མཁས་པ་རང་གི་ཡུལ་བས་ཡུལ་ཁམས་གཞན་དུ་མཆོད་ཅིང་འཕྲིན་ལས་འཕེལ་བའི་ཚུལ་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་ཞབས་སོར་བསྐྱངས་པས། གངས་ཅན་གྱི་སྐྱེ་བོ་ཀུན་གྱིས་མཆོག་དང་དཀོན་པའི་འདུ་ཤེས་ཀྱིས་སྤྱི་བོས་བཀུར་ཞིང་བཀའ་གདམས་བསྟན་པའི་གདུགས་དཀར་གཅིག་གིས་གངས་ཅན་འཛིན་མའི་ཁྱོན་ཀུན་ཁེབས་པའི་འཕྲིན་ལས་ནམ་མཁའ་དང་མཉམ་པ་བྱུང་བ་ལྟར་ལགས་སོ། །
|