ས་སྐྱ་ལེགས་བཤད། ༼༢༧༽
སེམས་ཅན་གཞན་དང་རྗེས་མཐུན་པའི། །
སྤྱོད་པ་ཤེས་ན་མཁས་པ་ཡིན། །
དུད་འགྲོ་ཡིན་ཡང་རིགས་མཐུན་རྣམས། །
ཁྱུ་གཅིག་ཏུ་ནི་མི་གནས་སམ། །
སེམས་ཅན་གྱི་སྤྱོད་པ་དང་རྗེས་སུ་མཐུན་པར་སྤྱོད་པ་ནི། གཞན་རྗེས་སུ་འཛིན་པའི་རྒྱུ་དང་། འཇིག་རྟེན་མི་ཆོས་ཀྱི་རྩ་བ་ལགས་པས། དེའི་ཚུལ་ལ་འབད་དགོས་པར་བསྟན་པ་དེ་ཡིན།
སེམས་ཅན་གྱི་ཁམས་མོས་པ་ཇི་ལྟ་བ་བཞིན་དུ། གང་ལ་གང་འདུལ་གྱི་རྗེས་སུ་མཐུན་པའི་སྤྱོད་ལམ་བྱེད་ཤེས་པ་ནི། གཞན་རྗེས་སུ་འཛིན་ཞིང་། ཀུན་དང་མཐུན་པ་འཇིག་རྟེན་མི་ཆོས་ཀྱི་རྩ་བ་ཚུགས་པའི་མཁས་པ་ཡིན་ཏེ། དཔེར་ན། བླང་དོར་ལ་རྨོངས་པའི་དུད་འགྲོ་ཡིན་ཡང་། རིགས་མཐུན་སྤྱོད་ལམ་མཚུངས་པ་རྣམས་ཁྱུ་གཅིག་ཏུ་གནས་པ་བཞིན་ནོ། ཞེས་པའོ། །
དེ་ཡང་ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། གྲོང་པའི་དཔོན་དང་ཁ་ལོ་བསྒྱུར་གྱུར་ཞིང་། །མགྲོན་དཔོན་ཁྱིམ་བདག་དང་ནི་རྒྱལ་པོ་དང་། །བློན་པོ་མདུན་ན་འདོན་དང་ཕོ་ཉ་དང་། །བསྟན་བཅོས་ཚུལ་ཤེས་སྨན་པ་མཁས་གྱུར་ནས། །ཞེས་གསུངས་པ་ལྟར་སེམས་ཅན་སོ་སོའི་སྤྱོད་ཚུལ་དང་མཐུན་པའི་སྒོ་ནས་གནས་སྐབས་ཡིད་དགའ་ཞིང་། མཐར་བདེ་བའི་ས་ལ་འགོད་པ། བྱང་ཆུབ་སེམས་པ་སྐྲ་མཛེས་ཞེས་བྱ་བ་སྨན་པར་གྱུར་པས། ཚོང་པའི་བུ་མོ་འདོད་ཆགས་ཀྱིས་སྨྱོས་ཤིང་། ཁྱོ་བོ་ཤི་བའི་རོ་ཕྲག་པས་ཁུར་བ། དབུགས་དབྱུང་བའི་ཕྱིར། དེའི་སྤྱོད་པའི་རྗེས་སུ་སྤྱོད་པ། བུད་མེད་འཆི་བའི་རོ་ཟླ་བ་དྲུག་ཕྲག་ཏུ་བསྣམས་ཏེ། དེའི་སྡུག་བསྔལ་སེལ་ཐབས་མཛད་པ་བཞིན་ནོ། །
|