ས་སྐྱ་ལེགས་བཤད། ༼༣༠༽
རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང་། །
རྒྱལ་པོའི་བང་མཛོད་ནོར་གྱིས་མིན། །
འདོད་ཡོན་སྤྱད་པས་མི་ངོམས་ཤིང་། །
མཁས་པ་ལེགས་བཤད་ཀྱིས་མི་ངོམས། །
མཁས་པ་ལ་ལེགས་བཤད་ཀྱིས་མི་ངོམས་པ་དེ་གསུམ་གྱི་སྒོ་ནས་བསྟན་པ་དེ་ཡིན། །
དེ་ཡང་རྒྱ་མཚོ་ཆེན་པོར་ཆར་དང་ཆུ་བོ་ཐམས་ཅད་བབས་ཀྱང་དེས་མི་ངོམས་པ་སྟེ། དེས་ཚིམས་ནས་དེར་ཆུ་ཆར་མི་བསྡུ་བའི་སྐབས་མེད་པ་དང་། རྒྱལ་པོའི་བང་མཛོད་གསེར་དངུལ་སོགས་ཀྱིས་ཁེངས་ནས་མི་བསྡུ་བའི་སྐབས་མེད་པ་དང་། འདོད་པ་ཡོན་ཏན་ཇི་ཙམ་སྤྱད་པ་དེ་ཙམ་གྱིས་ངོམས་མེད་སྲེད་པ་འཕེལ་བ་ལྟར། མཁས་པ་རྣམས་ཀྱང་ཐོས་པས་བློ་གྲོས་ཇི་ཙམ་འཕེལ་བ་དེ་ཙམ་གྱིས་ལེགས་བཤད་གཏམ་གྱིས་ངོམས་མེད་དོན་གཉེར་སྐྱེ་བར་འགྱུར་རོ། ཞེས་པའོ། །
དེ་ཡང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོས། རྣམ་དག་རིགས་པའི་སྟོབས་ཀྱིས་གསུང་རབ་དོན། །ཇི་བཞིན་འབྱེད་ལ་གཞན་དྲིང་མི་འཇོག་པའི། །མཁས་པའི་གམ་དུ་མཐའ་ཡས་གསུང་རབ་ལ། །ངོམ་པ་མེད་པའི་ཐོས་པ་བྱེད་པར་ཤོག །ཅེས་ཇི་སྐད་གསུངས་པ་ལྟར། མདོ་དབུས་གཙང་ཁུལ་གྱི་ཡོངས་སུ་གྲགས་པའི་མཁས་པ་ཀུན་ལས་ལེགས་བཤད་ཀྱི་སྐྱེས་བཞེས་ཏེ། དེས་ཀྱང་ངོམས་པ་མེད་པར་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་པར་བཞེད་པ་མཁས་པ་གཞན་གྱིས་བཞུགས་དགོས་པའི་གསོལ་བ་གདབ་དགོས་བྱུང་བ་བཞིན་ནོ། །
|