བོད་གདོད་མའི་སྐབས་ཀྱི་གནས་ཚུལ།༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས་དྲངས།༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 11 ཚེས 21 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» བོད་ཀྱི་རྒྱལ་རབས། »བོད་གདོད་མའི་སྐབས་ཀྱི་གནས་ཚུལ།༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ
བོད་གདོད་མའི་སྐབས་ཀྱི་གནས་ཚུལ།༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས་དྲངས།༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/11/21ལྟ་ཀློག (33764)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བོད་གནའ་རབས་ཀྱི་ལོ་རྒྱུས་བཤད་པ།

 ༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས་དྲངས།༽

གནའ་བོའི་དུས་ནས་འཛམ་གླིང་མཐོ་སྒང་འདིར། །

རབས་དང་རིམ་བཅས་རིགས་རྒྱུད་མ་ཆད་པར། །

ལོ་གྲངས་བསྐལ་པའི་ཚད་དུ་བྱོན་པའི་གཏམ། །

རྒྱུས་ཡོད་མཁས་དབང་རྣམས་ཀྱི་ཞལ་ལས་འབྱུང་། །

དང་པོ། བོད་གདོད་མའི་སྐབས་ཀྱི་གནས་ཚུལ།

      ༡ བོད་མིའི་ཐོག་མ་བྱུང་ཚུལ།

      དེ་ཡང་སྤྱིར་འགྲོ་བ་མིའི་རིགས་རྒྱུད་ཀྱི་ཐོག་མ་ཇི་ལྟར་བྱུང་བའི་ཐད་ལ་དངོས་གཙོ་རིང་ལུགས་པའི་འགྲེལ་བཤད་མ་བྱུང་གོང་འཛམ་གླིང་ཐོག་གི་མི་རིགས་སོ་སོར་བཤད་ཚུལ་ཅི་རིགས་ཤིག་ཡོད་པ་རེད། དངོས་གཙོ་རྩོད་སྒྲུབ་རིག་པའི་ལྟ་བ་ཁྱབ་གདལ་དུ་སོང་རྗེས་མི་རྣམས་ཀྱིས་མིའི་ཐོག་ནི་གནའ་བོའི་སྤྲ་རིགས་ལས་རིམ་གྱིས་འགྱུར་ཡོང་བའི་འཕེལ་འགྱུར་སྨྲ་བའི་བཤད་ཚུལ་དེར་ཡིད་ཆེས་བྱེད་ཀྱིན་ཡོད། དེ་བཞིན་རང་རེ་བོད་མིའི་རིགས་རྒྱུད་ཀྱི་ཐོག་མ་བྱུང་ཚུལ་ཡང་འགྲོ་བ་མིའི་རིགས་ཀྱི་སྤྱིའི་དར་ལུགས་དང་ཀུན་ནས་མཚུངས་པར་སྤྲ་མི་ནས་འགྲོ་བ་མིར་གྱུར་པའི་གོ་རིམ་ངེས་ཅན་དེ་བརྒྱུད་མྱོང་བར་མ་ཟད། བོད་རང་ས་རང་ནས་སྐྱེ་འཕེལ་བྱུང་བའང་སྔ་མའི་ལོ་རྒྱུས་དང་དེང་གི་ཚན་རིག་བཅས་ཀྱི་ཐད་ནས་བདེན་དཔང་བསྙོན་དུ་མེད་པ་ཞིག་གྲུབ་ཡོད་པ་ལགས་མོད། འོན་ཀྱང་ད་སྔའི་ལོ་རྒྱུས་སྨྲ་བ་ཁ་ཤས་ཀྱིས་རང་རེ་ཁ་བ་ཅན་རྣམས་འཁོད་པའི་ཡུལ་གྲུ་འཛམ་གླིང་ཡང་རྩེར་གྲགས་པའི་མདོ་དབུས་མཐོ་སྒང་འདིའི་དུས་ཕྱིས་ཀྱི་གནམ་གཤིས་དང་སའི་ཆགས་རིམ་བཅས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས། གནས་འདིར་མིའི་འགྲོ་བ་ཐོག་མར་དར་བའི་ཆ་རྐྱེན་མི་འཛོམ་སྙམ་པ་དང། རང་རང་གི་དགོས་འདོད་ལྟར་བོད་མི་རིགས་འདི་ཡུལ་ཕྱོགས་གཞན་ཞིག་ནས་མཆེད་དེ་གཞི་ཆགས་པར་སྨྲ་བའི་བཞེད་ཚུལ་མི་མཐུན་པ་འགའ་རེ་བྱུང་། དེ་དག་ལས་ཁྱབ་ཆེ་བ་ནི་བོད་མིའི་ཐོག་མ་རྒྱ་གར་ནག་གཉིས་ལས་མཆེད་པར་འདོད་པ་དེ་སྔོན་ཆད་ཤུགས་ཅུང་ཆེ། དེ་ཡང་རྒྱ་གར་ནས་ཆད་པར་འདོད་པ་ནི་གཙོ་བོ་༼ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་༽ཞེས་པ་ལས་སྔོན་སྐྱ་སེང་བུ་ལྔ་དང་སྒྲ་ངན་དཔུང་ཚོགས་བཅུ་གཉིས་འཐབ་པ་ན། "རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ། གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ། །"①ཞེས་འབྱུང་བ་འདི་ཁུངས་བྱས་ནས། བོད་ཀྱི་ནང་པའི་ཆོས་པ་འགའ་རེ་དང་དེང་གི་མཁས་པ་རེ་གཉིས་ཀྱིས་བཞེད་ཚུལ་འདི་བདེན་པར་འཛིན་ཡང། རང་རེའི་མཁས་པ་བྱིངས་བཞེད་ཕྱོགས་དེ་ལ་མི་འཐད་པར་མ་ཟད། ནེའུ་པ་པཎྜི་ཏའི་༼སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་༽ཞེས་པ་དང་༼ཆོས་འབྱུང་མཁས་པའི་དགའ་སྟོན་༽དང་༼སུམ་པ་ཆོས་འབྱུང་༽སོགས་སུ་དགག་བཞག་ཀྱང་མཛད་ཡོད་པ་བཞིན་བཞེད་ཚུལ་དེ་ཁུངས་བཙུན་པར་མི་འདོད་དེ། སྐྱ་སེང་བུ་ལྔས་འཐབ་པའི་དམག་འཁྲུག་དེ་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ལྔ་བརྒྱ་ཙམ་ལ་བྱུང་བ་རྒྱ་གར་གྱི་ལོ་རྒྱས་རྣམས་སུ་ཡོངས་སུ་གྲགས་པར་བཤད་པས། བོད་ཡུལ་དུ་དེའི་སྔོན་ལ་མིའི་འགྲོ་བ་བྱུང་ཡོད་པས་མི་ཚད། ༼དེབ་ཐེར་སྔོན་པོ་༽དང་༼རྒྱལ་རབས་འཕྲུལ་གྱི་ལྡེ་མིག་༽སོགས་ལས་“བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པའི་གནོད་པ་མེད་ཅིང་།”②ཞེས་གསུངས་པའང་ཚན་རིག་གི་བཤད་ཚུལ་དང་ཡོངས་སུ་མཐུན་པར་སྣང་ངོ་། །

      ཡང་རྒྱ་ནས་མཆེད་པར་འདོད་པ་ནི་གཙོ་བོ་རྒྱའི་ཡིག་ཚང་འགའ་རེར་ཐད་ཀར་རྒྱ་ལས་བྱུང་བར་བཤད་མེད་ཀྱང་། བོད་རིགས་ནི་ནུབ་ཆཱང་གི་རྒྱུད་ལས་མཆེད་པ་དང་ཆཱང་ནི་མ་གཞི་བོད་ཤར་མཐར་གནས་པའི་རིགས་རྒྱུད་ཆེན་པོ་རྒྱའི་ལོ་རྒྱུས་དང་འབྲེལ་བ་ཟབ་པའི་མི་རྒྱུད་རྣམས་ནུབ་ཏུ་སོང་བའི་རིགས་རྒྱུད་དང་བོད་ཁུངས་གཅིག་པ་ཡིན་ཚུལ་གྱི་ལུགས་དེ་སྔོན་ཆད་རྒྱ་རིགས་མཁས་པ་ཕལ་ཆེར་གྱིས་བཞེད་ཚུལ་དེ་གཙིགས་སུ་འཛིན་ཡང་། དེང་སང་ཕལ་ཆེར་རྒྱ་ཡིག་གི་༼བོད་རིགས་ལོ་རྒྱས་བསྡུས་པ་༽ཞེས་པ་ལས། རྒྱ་ཡིག་གི་དཔེ་རྙིང་དུ་མཚོ་བོད་མཐོ་སྒང་གི་མི་རིགས་ཁག་ལ་ཆེས་ཐོག་མའི་དུས་སུ་“ནུབ་ཆཱང་”ཞེས་པའི་སྤྱི་མིང་སྤྱད་ཡོད། གནའ་རབས་ཀྱི་ནུབ་ཆཱང་གི་ཁོངས་སུ་ཆད་ཁུངས་མི་འདྲ་ཞིང་ཐར་ཐོར་དུ་གནས་པའི་ཚོ་པ་མང་པོ་ཡོད་ཅིང་། ནུབ་ཆཱང་དང་ནང་ལོགས་ཀྱི་ཡུལ་མིའི་བར་དུ་འབྲེལ་འདྲིས་དམ་པོ་བྱུང་བ་དང་བསྟུན་ནས། ལོ་རྒྱུས་སྨྲ་བ་ཚོའི་དེའི་ཐད་ཀྱི་ངོས་ཟིན་ཀྱང་རིམ་བཞིན་ཇེ་ཟབ་ཏུ་སོང་ཡོད། ༼ཧན་ཤར་མའི་ལོ་རྒྱུས་ལས་ནུབ་ཆཱང་གི་ལོ་རྒྱུས་༽ནི་མཚོ་བོད་མཐོ་སྒང་གི་གནའ་བོའི་ནུབ་ཆཱང་གི་སྐོར་གསལ་ཙམ་བཀོད་པའི་ད་ཡོད་དཔྱད་གཞིའི་ཡིག་རིགས་ནང་གི་སྔ་ཤོས་ཡིན་འོས་ཤིང་། དེའི་ནང་བརྗོད་པའི་“ཡུའེ་སོས་”དང་“མའོ་ཉིའུ་”ཚོ་པ་སོགས་བོད་ཡིག་ཏུ་འཁོད་པའི་“བོད་ཀ་གཡག་དྲུག་”དང་འབྲེལ་བ་ཡོད་སྲིད། ༼ཐང་གི་ལོ་རྒྱུས་གསར་མ་ལས་བོད་ཀྱི་ལོ་རྒྱུས་༽ཞེས་པའི་ནང་དུ་བོད་ཀྱི་མེས་པོའི་འབྱུང་ཁུངས་སྐོར་གྱི་ངག་རྒྱུན་དེ་བས་ཞིབ་གསལ་ལྡན་པའི་སྒོ་ནས་འཁོད་ཡོད་པ་སྟེ། དེའི་སྐོར་ཁྲུན་ཆིའུ་དུས་རབས་ལ་བསྙེགས་ཏེ་“རྨ་ཆུ་དང་། ཙོང་ཆུ། འབྲི་ཆུ། ཁྲོ་ཆུའི་རྒྱུད་བཅས་སུ་ཐར་ཐོར་དུ་གནས་”པའི་གནའ་བོའི་ནུབ་ཆཱང་ལ་ཚོ་པ་བརྒྱ་དང་ལྔ་བཅུ་ཙམ་ཡོད་ཅིང། དེའི་ནང་རྒྱང་ཁད་རིང་ཤོས་“བྷོད་ཆཱང་”དང་"ཐང་མའོ"ཡིན་ཚུལ་བརྗོད། དེ་གཉིས་ནི་བོད་ལྗོངས་སུ་བྱུང་བའི་ཚོ་པ་སྔ་ཤོས་ཡིན་པར་འདོད། དེ་མིན་ད་དུང་བོད་ཀྱི་"བཙན་པོ་ཐོག་མས་རང་ཉིད་ལྷ་ལས་ཆད་པར་བརྗོད་ཅིང་། མིང་ལ་འོ་ལྡེ་སྤུ་རྒྱལ་དུ་འབོད་པས་དེ་ཉིད་རུས་སུ་བྱས་"ཚུལ་བཅས་བཀོད་ཡོད།

      མདོར་ན། གོང་འཁོད་བོད་ལྗོངས་ས་ཁུལ་ནས་རྙེད་པའི་གནའ་བོའི་མིའི་རིགས་སྐོར་གྱི་གནའ་དཔྱད་རྒྱུ་ཆ་དང། བོད་རིགས་དམངས་ཁྲོད་ཀྱི་ངག་རྒྱུན། བོད་རྒྱའི་ཚད་ལྡན་ཡིག་ཆར་བཀོད་པ་བཅས་ཚང་མས་བོད་རིགས་ཀྱི་མེས་པོ་རྣམས་གནའ་བོའི་དུས་ནས་མཚོ་བོད་མཐོ་སྒང་དུ་འཚོ་བཞིན་ཡོད་པ་དང་། དུས་ཡུན་རིང་པོའི་ནང་མེས་རྒྱལ་ནུབ་ཕྱོགས་ཀྱི་མི་རིགས་ཁག་དང་ལྷན་འདྲེས་བྱུང་བ་བརྒྱུད། ད་ལྟའི་བོད་ལྗོངས་དང་། ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན་སོགས་སུ་བཀྲམ་པའི་བོད་མི་རིགས་གྲུབ་པར་བདེན་དཔང་བསྙོན་དུ་མེད་པ་བྱས་ཡོད།③ཅེས་བཀོད་པའི་ལུགས་ལྟར་སྨྲའོ། །


      སྤྱིར་ཆཱང་བྱ་བ་ནི་རྒྱ་ཡིས་གནའ་དུས་བོད་མི་གཙོས་པའི་ལྷོ་ནུབ་ཕྱོགས་སུ་གནས་པའི་མི་རིགས་འགའི་སྤྱི་མིང་དུ་འབོད་དེ། དེའི་ནང་གསེས་སུ་ཚོ་བ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པར་བཤད་ལ། ཆཱང་བྱ་བའི་མིང་ཏིས་ཆཱང་དང་རོང་ཆཱང་ནུབ་ཆཱང་སོགས་འབོད་ཚུལ་སྣ་ཚོགས་བྱུང་མྱོང་བས། དེ་ནི་རྒྱའི་གནའ་མིའི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་སྐབས་དེར་བོད་ཡུལ་ན་འཁོད་པའི་རུས་རྒྱུད་ཚོ་བ་ཁག་ལ་ཆཱང་དང་བྷོད་ཆཱང་ལྟ་བུའི་མིང་གིས་བོས་ནས་མི་རིགས་སུ་བཀར་བ་མ་གཏོགས། བོད་རང་ལ་དེ་ལྟར་གྲགས་ལུགས་མེད་པས་རིགས་རྒྱུད་གཞན་མིན་པར་ངེས་ལ། ཆིན་རྒྱལ་ཁབ་ཀྱིས་ཆཱང་པ་སྐོར་ཞིག་ཆམ་ལ་ཕབ་པས་དེ་དག་ལྷོ་ནུབ་ཏུ་བྲོས་པ་དང་། ཡང་ལེང་ལྷོ་མའི་མི་འཕན་མྱི་བྱ་བའི་རྒྱུད་ལས་སྤུ་རྒྱལ་བཙན་པོ་བྱུང་ཟེར་ཀྱང་། དེ་ལས་དང་པོ་སྤྱི་ལོའི་སྔོན་གྱི་ལོ་བཞི་བརྒྱ་ལྷག་དང་། ཕྱི་མ་སྤྱི་ལོ་བཞི་བརྒྱའི་ནང་གི་བྱུང་བ་ཡིན་པས། དེའི་སྔོན་ལ་བོད་ཡུལ་དུ་མིའི་འགྲོ་བ་ཡོད་པའང་གོང་འོག་ནས་སྨྲ་བ་བཞིན་ལགས་ཤིང་། སྤྱིར་ལོ་རྒྱུས་སྟེང་དུ་རིགས་རྒྱུད་གཅིག་ལས་མི་རིགས་དུ་མ་གྱེས་པ་དང་མི་རིགས་སོ་སོ་ཕན་ཚུལ་འདྲེས་འགྱུར་བྱུང་བ་སོགས་ཀྱི་གནས་ཚུལ་སྣ་ཚོགས་འབྱུང་སྲིན་མོད། འོན་ཀྱང་དེ་ཙམ་ལ་བརྟེན་ནས་གཅིག་ཁུངས་གཅིག་བྱེད་པ་དང་ལྷག་པར་དུ་བོད་མིའི་ཐོག་མ་ཡིན་གཅིག་མིན་གཉིས་སུ་ཆཱང་ལས་འབྱུང་དགོས་པའི་ངེས་པ་མེད་ཅིང་། ཆཱང་ཡང་ངེས་པར་དུ་རྒྱ་རིགས་དང་ཁུངས་གཅིག་ཡིན་དགོས་པའི་ངེས་པ་དེ་བས་ཀྱང་ག་ལ་ཡོད།

      དེ་ལྟར་ཀུན་གྱིས་མཁྱེན་གསལ་ལྟར་མིའི་རིགས་ཀྱི་ཐོག་མ་ནི་གནའ་བོའི་སྤྲ་མིའི་རིགས་ནས་གྱེས་ཏེ་རིམ་གྱིས་མིར་གྱུར་པ་ཡིན་ལ། དེ་ཡང་ཐོག་མར་འགྲེང་བས་འགྲོ་ནུས་པར་བརྟེན་ལག་པས་རང་བྱུང་གི་རྡོ་དང་དབྱུག་པ་བཟུང་ནས་རི་དྭགས་རྔོན་པ་སོགས་ཀྱི་ངལ་རྩོལ་དང་། ཁྱད་པར་དུ་མིའི་འགྲོ་བ་འཕེལ་རྒྱས་ཀྱི་གོ་རིམ་སྣ་ཚོགས་བརྒྱུད་པས། རིམ་གྱིས་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་སྐད་རིགས་བྱུང་ནས་སྨྲ་ཤེས་དོན་གོ་བའི་མཚན་ཉིད་ཅན་དུ་གྱུར་པ་དང་། གཙུབ་ཤིང་ལས་མེ་བླངས་ཏེ་ཟས་རིགས་ཚོས་པར་སྤྱོད་པ་དང་གོས་སུ་ཤིང་ལོ་དང་རི་དྭགས་པགས་པས་གཡོག་པ་སོགས་མིའི་རིགས་ཀྱི་འཚོ་བའི་མགོ་བརྩམས་པ་ཡིན་ལ། དེ་མཚུངས་སུ་རང་རེའི་བོད་མི་རིགས་ལའང་རང་གི་རིགས་རྒྱུད་ཀྱི་ཐོག་མ་སྤྲེའུ་དང་བྲག་སྲིན་མོ་བྱ་བའི་སྤྲ་མིའི་རིགས་ཀྱི་སྲོག་ཆགས་གཉིས་ལས་འཕེལ་བའི་གཏམ་རྒྱུད་སྔ་མོ་ནས་གྲས་ཆེ་ཞིང་། ཕྱིས་སུ་ཇོ་བོ་རྗེ་དང་གྲུབ་ཐོབ་དངོས་གྲུབ་གཉིས་ནས་གཏེར་ལས་བཏོན་ཟེར་བའི་༼བཀའ་ཆེམས་ཀ་ཁོལ་མ་༽དང་༼མ་ཎི་བཀའ་འབུམ་༽གཉིས་སུ་དེ་རྒྱས་པར་འཁོད་པ་བརྟེན་། བོད་ཀྱི་དེབ་ཐེར་དང་ཆོས་འབྱུང་སོགས་ལོ་རྒྱུས་ཀྱི་ཡིག་ཚང་ཕལ་ཆེ་བར་བཤད་ཚུལ་འདི་འབྱུང་མོད། འོན་ཀྱང་གཏེར་སྟོན་གཉིས་ཀྱིས་རང་གི་དགོས་མོས་ལྟར་སྤྲེའུ་དེ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་དེ་ཇོ་མོ་ཁྲོ་གཉེར་མའི་སྤྲུལ་བར་བསྒྱུར་བའི་དབང་གིས་དེང་སང་གི་མིས་བལྟས་ན་གཏམ་རྒྱུད་ཀྱི་རིན་ཐང་ཆུང་བར་སོང་ནའང་། ང་ཚོས་དེའི་ཕྱི་ཚུལ་གྱི་རྣམ་པ་ཙམ་ལ་མ་གཞིགས་ཏེ་དོན་གྱི་སྙིང་པོ་ལ་བརྟགས་ཚེ། རང་རེའི་བོད་ཀྱི་རིགས་རྒྱུད་ཐོག་མ་གང་ནས་བྱུང་བའི་ཐད་ལ་འཚོལ་ཞིབ་བྱུང་བ་སྟེ། ཚན་རིག་མ་དར་བའི་དུས་ལ་རང་གི་མེས་པོའི་གོང་མ་ནི་སྲོག་ཆགས་སྤྲ་མིའི་རིགས་ལས་གྱེས་པའི་ཚན་རིག་དང་ཕྱོགས་མཐུན་པའི་བཤད་ཚུལ་འདི་ནི། མི་རིགས་གཞན་པ་ལ་ལས་མིའི་ཐོག་མ་ལྷའི་དབང་པོས་བསྐྲུན་པ་དང་། ཡང་ན་འཇིམ་བཟོས་ཡིན་ཟེར་བའི་བཤད་ཚུལ་དགོད་བྲོ་བ་དེ་དག་དང་བསྡུར་ན་བརྒྱ་འགྱུར་སྟོང་འགྱུར་གྱིས་མངོན་པར་མཐོ་བའི་བསམ་བློ་དང་རིགས་ལམ་དེ་ལ་ངོ་མཚར་མི་དགོས་སམ་སྙམ་མོ། །དེ་བཞིན་དེང་དུས་ཚན་རིག་ཞིབ་འཇུག་གི་ཐབས་ལམ་ལ་བརྟེན་ནས་ས་གཤིས་རིག་པ་དང་གནའ་རྫས་རྟོག་ཞིབ་རིག་པ་བཅས་ཀྱི་ཐད་ནས་དངོས་ཡོད་རྒྱུ་ཆ་དང་གནའ་ཤུལ་འབོར་ཆེན་པོ་དཔེར་ན། བོད་ལྗོངས་གཉའ་ལམ་དང་། དིང་རི། ཆུ་གོང་། ཉིང་ཁྲི། ཆབ་མདོ་ཁ་རུབ་དང་རྔུ་མདའ། འབྲུ་ཆུའི་སྟོད་རྒྱུད་དང་རྨ་ཆུའི་འབབ་ཡུལ་ནས་མདོ་སྨད་ཤིང་ཀུན་གྱི་བར་ནས་ཐོན་པའི་དཔང་རྟགས་གྱ་ནོམ་པས་ར་སྤྲོད་བྱུང་བ་ནི། བོད་ཡུལ་མདོ་དབུས་མཐོ་སྒང་འདིར་འདས་པའི་ལོ་ངོ་ལྔ་སྟོང་ཡར་སྔོན་གྱི་རྡོ་ཆས་གསར་པ་སྤྱོད་པའི་དུས་སྐབས་ནས་བཟུང་། རང་རེའི་མེས་པོ་གོང་མ་རྣམས་གནས་འདིར་འཚོ་གཞེས་ཀྱིས་དཀའ་ངལ་མང་པོ་སེལ་ཞིང་། ཧུར་བརྩོན་གྱིས་རང་བྱུང་ཁམས་ལ་འཐབ་རྩོད་དང་བསྒྱུར་བཀོད་ངོས་འཛིན་བཅས་བྱས་ནས། རང་གི་ལག་པ་གཉིས་ལ་བརྟེན་ནས་མཛེས་སྡུག་ཕུན་སུམ་ཚོགས་པའི་ཡུལ་གྲུ་འདི་གསར་གཏོད་དང་འཛུགས་སྐྲུན་བྱས་པར་བརྟེན། རང་ཉིད་ཡུལ་ཁམས་རྒྱ་ཆེན་པོ་འདིའི་བདག་པོར་གྱུར་པའི་བདེན་དཔང་བྱུང་དང་འབྱུང་བཞིན་ཡོད་པ་འདི་ལགས་སོ། །


      མཆན།

①  ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་༡༩༩༥ལོར་བསྐྲུན་པའི་༼བསྟན་འགྱུར་དཔེ་བསྡུར་མ༽ཞེས་པའི་དེབ་དང་པོའི་ཤོག་ངོས་༡༢༧པར་གསལ།

②  འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་༼དེབ་ཐར་སྔོན་པོ་༽གཤམ་ནས་༽དེབ་སྔོན་༽ཞེས་བཀོད་པ་རྣམས་དེབ་འདི་ལ་གོ་དགོས། ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༥ལོར་པར་དུ་བསྐྲུན་པའི་སྟོད་ཆའི་ཤོག་ངོས་༦༠པར་གསལ།

③  རྒྱ་ཡིག་གི་དེབ་༼藏族简史༽ཞེས་པ་འདི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་༡༩༨༥ལོར་པར་དུ་བསྐྲུན། ཤོག་ངོས་༡༣ནས་༡༤བར་གསལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmes བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46004956
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1