ཁཱ་ཤེས་རབ་རྒྱ་མཚོ།
【དོན་གནད།】
ཟིན་བྲིས་འདི་ ༢༠༡༨ལོར་འཇའ་ཕན་ལ་རང་ཉིད་དངོས་སུ་སོང་སྟེ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བའི་ཚན་རིག་ལག་རྩལ་སོགས་དོན་དངོས་འགའ་བརྗེད་བྱང་དུ་བཏབ་པ་ཡིན།
གསལ་འདེབས།
འདི་ནི་མི་གཅིག་གིས་དུས་ཡུན་ཐུང་ངུ་ཞིག་ལ་ཉི་ཧོང་གི་ཕྱི་ནང་བར་གསུམ་ཆ་ཙམ་མཐོང་བ་མི་བརྗེད་པའི་རྟེན་དུ་ཡིག་ངོར་ཕབ་པ་ཡིན་མོད་ནོར་འཕྱུག་དང་དཔང་རྟགས་ཅི་ཡང་མེད་པར་འོལ་ཚོད་བྱས་པ་སོགས་ཡོད་ན་ཀློག་པ་པོས་འདོར་ལེན་བྱ་རོགས་ཞུས་པ་ལགས།
འཇའ་ཕན་གྱི་དཔལ་ཡོན་དར་ཚུལ་གནད་བསྡུས།
འཇའ་ཕན་གྱིས་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་དུས་དཀྱིལ་རྗེས་ཀྱི་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་གསར་བ་ནང་འདྲེན་བྱས་ཤིང་། སློབ་གསོ་དང་ཚན་རིག་ལག་རྩལ་གོང་དུ་སྤེལ་ཏེ་དཔལ་འབྱོར་མུ་མཐུད་དུ་སྤེལ་བས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་གཉིས་པར་གྱུར། ཐོན་སྐྱེད་ཁྱབ་ཁོངས་གལ་ཆེན་མང་བོའི་ཕྱོགས་ནས་འཛམ་གླིང་གི་མདུན་གྲལ་དུ་ཚུད།
གཅིག་དགུ་དོན་བཞི་ལོ་ནས་གཅིག་དགུ་དོན་ལྔའི་བར་འཛམ་གླིང་གི་དཔལ་འབྱོར་ཉམས་ཉེན་དེས་འཇའ་ཕན་གྱི་དཔལ་འབྱོར་ལ་རྡུང་རྡེག་དྲག་པོ་བཏང་སྟེ་འཇའ་ཕན་གྱི་དཔལ་འབྱོར་འཕེལ་ཚད་རེ་ཞིག་ཇེ་དལ་དུ་བཏང་། ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་གྱི་རྗེས་སུ་འཇའ་ཕན་གྱིས་ཚན་རིག་ལ་བརྟེན་ནས་རྒྱལ་ཁབ་དར་སྤེལ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་དཔལ་འབྱོར་འཕེལ་བར་སྐུལ་འདེད་ཆེན་པོ་ཐེབས་ཏེ་ད་ལྟའི་འཇའ་ཕན་འདི་བྱུང་བ་རེད་འདུག
དངོས་བཤུས་ཟིན་ཐོ།
རྒྱལ་ཁབ་ཅིག་ལ་མཚོན་ན་ཨོ་རྩལ་འགྲན་ཚོགས་ནི་ཐོབ་དཀའ་ཞིང་སྟོབས་ལྡན་རྒྱལ་ཁབ་ཅིག་གི་ཁྱད་ཆོས་ངོམ་སྒྲོག་གི་གོ་སྐབས་ཤིག་ཏུ་མཐོང་བས་དེ་ལ་ནུས་ཤུགས་ཡོད་ཚད་འདོན་ངེས་ཀྱང་འཇའ་ཕན་ལ་མཚོན་ན་ཡོ་བྱད་འཐུས་ཚང་དང་ཆོག་ཤེས་སྤུས་གཙང་གཙོ་བོར་འཛིན་པ་ལས་ངོམ་སོའི་ཆེད་དུ་རྒྱལ་ཁབ་དང་མི་སྒེར་གྱིས་དངུལ་ཕོན་བློས་གཏོང་མི་འདོད་ཟེར།
དེ་བས་2020ལོའི་ཏུང་ཅན་(东京)ཨོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གང་ཡིན་ཡང་ལུས་རྩལ་ཁང་སྔོན་གྱི་ལུས་རྩལ་ཁང་རྙིང་བ་རྣམས་ཞིག་གསོ་དང་སྤུས་གཙང་དུ་གཏོང་བ་ལས་གསར་དུ་བཟོ་འཆར་མེད་པ་འཛམ་གླིང་དུ་གསལ་བསྒྲགས་བྱས་འདུག
གཅིག་ནས་རྒྱལ་ནོར་གྲོན་ཆུང་དང་གཉིས་ནས་ཁོར་ཡུག་ལ་གནོད་སྐྱོན་ཉུང་དུ་བཟོ་བའི་ཆེད་ཡིན་ཟེར།
མི་མང་པོ་ཞིག་གིས་ཉི་ཧོང་གི་ཁང་བ་སུས་ཀྱང་ཉོ་ཆོག་གམ་ཞེས་དེའི་སྐོར་འདྲི་མཁན་འདུག ཉི་ཧོང་གི་ཁང་བ་རྒྱལ་ཁབ་གང་གི་མི་ཡིན་ཡང་ཉོ་ཆོག་ཟེར། ད་དུང་འཇའ་ཕན་ནས་ཚོང་གཉེར་མཁན་ཚོས་ལོ་གསུམ་གྱི་རིང་ལས་གཉེར་ལག་ཁྱེར་(营业执照)བཟོ་མི་དགོས་པས་ཚོང་ཟོག་ཉུང་ངུ་བཙོང་མཁན་ཚོར་གནས་སྡོད་ངེས་ཅན་ཞིག་ཕལ་ཆེར་མེད་ཟེར།
ཉི་ཧོང་བའི་མི་འཇོན་ཐང་ཅན་རེ་ཡིན་ཚེ་སྐད་རིགས་མང་པོ་ངེས་ཤིང་ཁོ་ཚོས་ཁ་པར་མང་པོ་ཉོ་ཟེར།
མི་གཅིག་ལ་ཁ་པར་བཞི་ལྔ་ཡོད་ས་ཡོད་ཀྱང་དེ་ནི་གནས་ངེས་མེད་དུ་བསྐྱོད་དུས་རྒྱལ་ཁབ་དང་རྒྱལ་ཁབ་བར། མི་དང་མིའི་བར། མཉམ་སྒྲུབ་ཚོང་སྡེ་དང་ཚོང་ལས་བརྒྱུད་འཚོང་གི་བར་སོགས་ལས་རིགས་དང་ལས་རིགས་བར་དུ་ལས་དོན་མི་འདྲ་བ་མང་པོ་སྒྲུབ་ཀྱིན་ཡོད་པ་མཚོན་པ་ལས། འཇའ་ཕན་པའི་ལག་ཏུ་ཁ་པར་མང་བ་ནི་རྩེད་རྒྱུར་དགའ་བ་དང་རྒྱུ་ཅན་ཡིན་མདོག་མཚོན་པ་མིན་པར་དེས་བྱིང་ཚད་ཅིག་ང་ཚོར་ར་སྤྲད་པ་ཡིན་འདུག
ཁོ་ཚོས་གཞུང་སྒེར་གང་ཡིན་ཡང་བྱ་བ་ནི་རང་གི་ལག་ན་ཡོད་པ་མ་ཟད་དེང་སྐབས་རང་ཁྱིམ་ནི་བྱ་བ་སྣ་མང་གི་ལས་སྒྲུབ་ཁང་ཡག་ཤོས་ཤིག་ཏུ་ངོས་འཛིན་བཞིན་ཡོད་པ་འདྲ།
དེ་བས་འཇའ་ཕན་ལ་མཚོན་ན་ཕྱི་འགྲིམ་སློབ་མ་མང་ཞིང་གཞུང་ལ་ལག་པ་བཟེད་དེ་འདུག་མཁན་མེད་པ་ནི།
གཅིག་བུ་རྒྱུད་གཅེས་ལང་དུ་མ་བཏང་བ་དང་། གཉིས་ནས་ཁྱིམ་གྱི་བྱིས་གཉོར་བ་སྤྱོད་ཡོན་གཉིས་ལྡན་དང་དེར་ཟླ་ཕོགས་མཐོན་པོར་སྤྲད་པ།
གསུམ་ཆུང་དུས་ནས་སློབ་སྦྱོང་གི་མཐུན་རྐྱེན་གང་ལེགས་བསྐྲུན་པ་སོགས་ལས་བྱུང་སྙམ་ལ་བྱིས་པ་ཡིན་དུས་ནས་རང་ཚུགས་ཐུབ་པའི་མི་ཞིག་བཅའ་བར་སློབ་གསོ་སྤྲད་པས་རེད།
འཇའ་ཕན་གྱི་སློབ་ཁྲིད་བརྒྱ་ཆའི་བདུན་ཅུ་དངོས་བརྒྱུད་ཕྱི་རོལ་སློབ་ཐུན་(课外活动)ཡིན་པ་ལས་ནམ་རྒྱུན་སློབ་ཁང་གཅིག་བུ་དང་ཁ་མི་འབྲལ་བ་ཞིག་གཏན་ནས་མིན་ཟེར། སློབ་ཁང་ལས་གཞུང་ལུགས་དང་བསླབ་ཚན་སློབ་དགོས་ཀྱང་ཕྱི་རོལ་གྱི་སྤྱི་ཚོགས་དང་སྐྱེ་དངོས་སོགས་ལ་དེ་བས་ཟབ་ཞུགས་དང་ངོ་སྤྲོད་རྒྱུ་ཆེས་གལ་ཆེན་དུ་འདོད། དེ་བས་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཁག་དང་གནའ་ཤུལ་སོགས་སློབ་ཐུན་འཚོགས་སའི་ཆ་རྐྱེན་ཡག་ཤོས་སུ་འདོད་ལ། སློབ་ཆུང་སློབ་མ་ཞིག་ཡིན་ཡང་སློབ་གྲྭའི་ནང་གི་གཙང་སྦྲ་སོགས་རང་གིས་འགན་འཁུར་བ་ལས་ཞབས་ཕྱི་བ་ཞིག་ཕལ་ཆེར་མེད་ཚོད་རེད།
ཁོ་ཚོས་རྒྱ་ནག་གི་(儒家思想)རུའུ་ལུགས་སོགས་དང་སྤྱི་ཚོགས་ལྟེ་སྙིང་དུ་འཛིན་པའི་སློབ་གསོ་གཙིགས་ཆེན་བྱེད་ལ།
སློབ་གྲྭ་ལས་མཐར་ཕྱིན་དུས་ཆེད་ལས་རང་བཞིན་ཅན་དང་འཇོན་ཐང་ལྡན་ཞིང་འཚོ་བར་གདོང་གཏུག་རྒྱག་ཐུབ་པའི་མི་སྣ་ཞིག་ལས་ནམ་རྒྱུན་ཕ་མའི་ཨམ་ཕྲག་ནང་གི་སྒོར་མོར་རྔམ་པ་ཞིག་གཏན་ནས་མེད་ཟེར།
འཇའ་ཕན་ལ་མཚོན་ན་མི་སྒེར་གྱི་བསམ་ཚུལ་བཅའ་ཁྲིམས་སྐྱོང་མཁན་ལ་འདོན་ཆོག་པའི་ཚད་ནི་ལོ་ན་ཉི་ཤུར་སོན་དགོས་པའང་བཤད་མོད་རང་རྒྱལ་ལ་མཚོན་ན་ལོ་བཅོ་བརྒྱད་ཡིན།
འཇའ་ཕན་གྱི་གཞུང་ཞབས་པའི་ཆེས་དམའ་བའི་ཟླ་ཕོགས་རྒྱ་ནག་གི་སྒོར་ཁྲི་གསུམ་དང་སྟོང་གསུམ་རེད།
འཇའ་ཕན་གྱི་སྒོར་མོ553,946.05དེ་འདྲ་ཞིག་ཡོད་པ་རེད། འཇའ་ཕན་གྱི་སྒོར་མོ་གཅིག་རྒྱ་ནག་གི་སྒོར་གྱི་སྐར་6ཡིན། འདི་ཡང་ཉིན་རེའི་སྒོར་མོའི་འཕེལ་འགྲིབ་ཀྱི་ཚད་ལྟར་རིན་གོང་མི་འདྲ།
འཇའ་ཕན་ནས་མིག་སྨན་ཡག་ཤོས་སུ་བརྩི་ལ་མིག་ཤེལ་གྱོན་མཁན་ཧ་ཅང་ཉུང་། ཁོ་ཚོས་ལམ་བར་དང་ཟ་འཐུང་བྱེད་སྐབས་ཁ་པར་དེ་འདྲ་བཀོལ་མཁན་མེད། གཅིག་ནས་འཕྲོད་བསྟེན་ལ་དོ་སྣང་ཆེ་བ་དང་གཉིས་ནས་སྨན་རིན་སླ་བ། གསུམ་ནས་གནོན་ཤུགས་ཆུང་བ་སོགས་མིན་ན་སྙམ།
འཇའ་ཕན་ལ་མཚོན་ན་ས་འོག་ལྕགས་ལམ་སོགས་སུ་མང་ཆེ་བ་དཔེ་ཆར་བལྟ་རྒྱུར་གོམས་ཤིང་། ས་འོག་ལྕགས་ལམ་མང་ཆེ་བ་བརྩེགས་མང་པོ་ཡོད་པ་འདྲ།
ས་འོག་ཚོང་ལམ་ཧ་ཅང་མང་བས་ཉིན་དཀར་ཕལ་ཆེར་ས་སྟེང་དུ་ཉི་ཧོང་བ་དཀོན་པོར་མཐོང་མོད་ག་ས་གང་དུ་རྒྱ་ནག་གི་མིས་གང་ཞིང་ཡུལ་སྐོར་བ་དེ་བས་ཀྱང་མང་། ཚོང་ཁང་ཆེ་ཤོས་དང་འདུ་འཛི་ཅུང་ཆེ་བའི་གནས་ལ་རྒྱ་མི་མེད་ས་ཕལ་ཆེར་མེད་པས་བརྡ་འཕྲོད་མིན་ལ་སེམས་འཁུར་མེད་སྙམ།
འཇའ་ཕན་གྱི་119མྱུར་མོར་སླེབས་ཐུབ་ཀི་ཡོད་པ་དང་ལམ་བར་སོགས་སུ་བརྙན་མིག་ཉེན་རྟོག་པ་ཧ་ཅང་མང་སྟབས་རྒྱལ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་བཀུར་བྱ་བའི་སྤྱི་ཚོགས་ཤིག་ཆགས་ཡོད་ཟེར། སྨན་ཁང་དང་དངུལ་ཁང་གང་ཡིན་ཡང་གྲལ་ཕྲེང་རང་འགུལ་གྱིས་བསྒྲིགས་པ་ལས་གང་བྱུང་སྔུན་དུ་འབུད་མཁན་དང་གུ་ཡངས་གཏོང་ས་གཏན་ནས་མེད་ཟེར། ལམ་ཐིག་སྣེ་སྟོན་བཞིན་ཡར་མར་འགྲོ་ལམ་དུའང་འཚང་ནས་འགྲོ་བ་གཏན་ནས་མེད། མི་སུ་ཡིན་ཡང་དལ་བྲེལ་ངེས་མེད་ཡིན་ཡང་དུས་ཚོད་ཀྱི་རིན་ཐང་གཅེས་སྦྲས་བྱ་བ་ནི་མི་ཚང་མར་རྒྱུན་ཤེས་སུ་ཆགས་ཡོད།
དེ་བས་རེ་འགར་དམིགས་བསལ་ཞིག་ལར་མེད་པས་ཚང་མ་འདྲ་མཉམ་ངང་སྨན་ཁང་དང་དངུལ་ཁང་སོགས་སུ་རང་འགུལ་གྱིས་གྲལ་བསྒྲིགས་ནས་ལས་དོན་སྒྲུབ་ཀྱིན་ཡོད།
འཇའ་ཕན་གྱི་གྲོང་ཁྱེར་སོ་སོའི་མཁར་ལྕོག་མང་པོར་མེ་གསོད་རུ་ཁག་གི་ཐད་འཕུར་གནམ་གྲུ་བཞག་ཡོད་པ་མང་པོ་མཐོང་རྒྱུ་འདུག ཐད་འཕུར་གནམ་གྲུས་གྲོང་ཁྱེར་གྱི་ཉེས་དོན་མང་པོའི་ཕྱོགས་ལ་རམ་འདེགས་ཐུབ་ས་ཡོད་པར་སྣང་།
འཇའ་ཕན་གྱི་མི་ངོ་མ་ཞིག་ཡིན་ན་གུས་ལུགས་གཅིག་ལ་སྤྱོད་ལུགས་མི་འདྲ་བ་མང་བོ་ཡོད་ཟེར།
སྤྱིར་བཏང་གི་མི་དག་ལ་ལུས་ཀྱི་མགོ་བོ་ཅུང་གུག་པ་དང་། ཕ་མ་སོགས་ལ་དེ་བས་ཅུང་མགོ་བསྒུར་བ།
དགེ་རྒན་སོགས་ལ་ལུས་ཀྱི་སྒར་ཚིགས་དང་བཅས་པས་ཞབས་རྡུལ་སྤྱི་བོས་བསྟེན་པ་ཞིག་ཡིན་ཟེར།
ད་སྐབས་ཁོ་ཚོས་བཤད་ན་སྔོན་མ་ལས་ཅུང་གུས་ལུགས་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་བར་གླགས་ཤིག་ཡིན་ཟེར།
དེ་ནི་དུས་རབས་དང་ཕྱི་རྐྱེན་ནང་རྐྱེན་གཉིས་ལ་རག་ལས་པ་ཞིག་ཡིན་པས་ཉི་ཧོང་བས་དེ་ལ་ཆེས་དངངས་འཚབ་སྐྱེ་བཞིན་ཡོད་པའི་དོན་དག་ཅིག་ཏུ་ངོས་འཛིན་བྱས་ཡོད་ཟེར།
འཇའ་ཕན་པས་ཟ་མ་ཟ་ཚར་དུས་དཀར་ཡོལ་སོགས་བཀྲུ་སར་རང་འགུལ་གྱིས་འཇོག་དགོས་ཤིང་རྐུབ་སྟེགས་ངེས་ཅན་དུ་སྔོན་མ་བཞིན་གྲལ་དག་པོ་འཇོག་དགོས། དེ་ཙམ་མ་ཤེས་ན་ངོ་ཚ་དགོས་པའི་གནས་ཤིག་ཏུ་འདོད་ཀྱང་། རྟག་པར་སྐད་གསེང་མཐོན་པོས་འུར་མི་རྒྱག་ལ་གློག་རྐས་སོགས་སུ་མཉམ་དུ་སོང་ན་ངོར་བལྟས་ནས་སྐད་ཆ་མི་ལབ་པ་སོགས་ཆེས་སྤྱིར་བཏང་གི་འགྲོ་འདུག་ཙམ་རེད།
དྲང་མོར་བཤད་ན་ང་རང་ཆེས་དགའ་ས་ཞིག་ཡོད་པ་ནི་འཇའ་ཕན་གྱི་སྒོར་མོ་རེད།
དེ་ཟེར་ན་ཚང་མས་སྒོར་མོ་ལ་མི་དགའ་བ་ཞིག་ཡོད་དམ་ཟེར་ངེས། དེ་ཙམ་གཏན་ནས་མིན། རྒྱུ་མཚན་ནི་འཇའ་ཕན་གྱི་ཤོག་སྒོར་ངོས་ཀྱི་མགོ་བརྙན་དག་ནི་རླབས་ཆེན་གྱི་ལོ་རྒྱུས་མི་སྣ་ཡིན་ཟེར་བ་ཙམ་མ་ཡིན་པར་ཆེས་མཐོ་བའི་ཁྲི་ཤོག་ངོས་ཀྱི་མི་སྣ་ནི་འཇའ་ཕན་སློབ་གསོ་བ་གྲགས་ཅན་ཧྥུ་ཙེ་ཡུའུ་ཅེ་བཞག་པ་དེ་རེད།
དེས་རྒྱལ་ཁབ་ཅིག་ལ་མཚོན་ན་འདས་མ་ད་གསུམ་དུ་སློབ་གསོ་གཙིགས་ཆེན་དུ་བཟུང་ཡོད་པའང་མཚོན་ཐུབ་ལ།
ད་དུང་སྟོང་ལྔའི་ཤོག་སྒོར་ངོས་ཀྱི་མགོ་བརྙན་དེ་བུད་མེད་རྩོམ་པ་པོ་ཐུང་ཁུའུ་ཡིས་ཡེ་བཞག་ཡོད་པ་རེད།
དེས་རྒྱལ་ཁབ་ཅིག་ལ་མཚོན་ན་སྐྱེས་པ་དང་བུད་མེད་ཀྱི་ཐོབ་ཐང་འདྲ་མཉམ་ཡིན་ཞིང་སུ་ལ་ཡོན་ཏན་ཡོད་ན་དེ་མཐོང་ཆེན་བྱས་ཡོད་གྲབས་སྙམ་ཞིང་།
སྟོང་ཤོག་ངོས་སུ་ཚན་རིག་པ་ཡེ་ཁུའུ་ཡིང་ཧྲི་བཞག་པ་དེས་ཀྱང་འཇའ་ཕན་གྱིས་ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་གྱི་རྗེས་སུ་ཚན་རིག་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་བཏང་བ་མཚོན་པ་མ་ཡིན་ནམ།
འཇའ་ཕན་ལ་མཚོན་ན་མ་རྩ་སྒེར་ལ་དབང་བ་དང་ཚན་རྩལ་དང་འཕྲོད་བསྟེན།
ཞིབ་ཚགས་དང་སྤུས་གཙང་ནི་རྒྱལ་ཁབ་སྐྱོང་བའི་ཐབས་དམ་པ་བཞི་ཡིན་ཟེར་བ་འདྲ།
བྱ་ཁྭ་ཏ་ནི་མི་རིགས་མང་ཆེ་བས་ཐན་བྱ་ཞིག་ཏུ་བརྩི་མོད།
འོན་ཀྱང་ཉི་ཧོང་བས་ལྷ་བྱར་བརྩི་ཞིང་རྒྱལ་ཁབ་མཚོན་བྱེད་ཀྱི་བྱ་རུ་བྱེད། བཤད་རྒྱུན་ལ་ཉི་ཧོང་བས་ཁྭ་ཏ་ནི་བློ་རིག་ལྡན་ཞིང་དང་བོ་ཁྭ་ཏས་གྲོགས་བྱས་ཏེ་འཇའ་ཕན་གྱི་རྒྱལ་ཁབ་བཙུགས་པར་གྲགས་པས་ཡུལ་གྲུ་ཀུན་ཏུ་ཁྭ་ཏ་ཧ་ཅང་མང་། ཁྭ་ཏས་རང་གི་ཟ་ཆོག་པ་གད་སྙིགས་སྣོད་ངོས་འཛིན་ཤེས་པས་གད་སྙིགས་མང་སར་ཅུང་ཁྭ་ཏ་མང་ཡང་།
ད་སྐབས་ཁོར་ཡུག་སྲུང་སྐྱོབ་དང་ཕྱི་ཡོང་མི་རིགས་མང་རྐྱེན་སྔོན་མ་བཞིན་ཁྭ་ཏའི་དབང་ཆུང་དུ་སོང་བ་དང་དགའ་ཞེན་བྱེད་མཁན་ཡང་ཇེ་ཉུང་དུ་ཕྱིན་ཡོད་འདུག
འཇའ་ཕན་གྱི་གསང་སྤྱོད་ཁང་ནི་མི་མང་པོ་ཞིག་གིས་དོ་སྣང་ཆེན་པོ་བྱེད་ས་ཞིག་ཡིན། གསང་སྤྱོད་ཁང་གང་ཡིན་ཡང་ཡག་ཤོས་སུ་བརྩི་ཆོག་པ་འདྲ། རྒྱུ་མཚན་ཁོ་ཚོས་ཕྲུ་གུ་འཇོག་ས། བྱིས་པ་ཆུང་ངུ་དང་མི་རྒན་དར་གཞོན་གསུམ་གྱི་གཏོང་ས་སོགས་གང་ལ་གང་འཚམས་བྱས་ཡོད་ལ། ད་དུང་གོན་པ་བརྗེ་ས་དང་ངོ་སྐེག་བྲི་ས་སོགས་མང་བར་མ་ཟད་ནང་གཙང་ཞིང་དྲི་ཞིམ་འཐུལ་ལ་རོལ་དབྱངས་སྙན་འཇེབས་གཏོང་བའང་རྒྱུན་ལྡན་དུ་ཆགས་ཡོད།
ཉི་ཧོང་བས་གསང་སྤྱོད་ཁང་ནི་རིག་གནས་ཀྱི་ཁོར་ཡུག་ཅིག་ལ་ངོས་བཟུང་ནས་ཡོད། དེ་ལ་གཏམ་རྒྱུད་ཀྱང་འདི་འདྲ་ཞིག་འདུག་སྟེ་སྔོན་གྲུབ་ཐོབ་བརྒྱད་ལྷ་ཡུལ་ནས་མི་ཡུལ་དུ་ལྟད་མོར་ལྟ་རུ་ཡོང་ཚེ་ནོར་བདག་གྲུབ་ཐོབ་དེ་མི་ཡུལ་དུ་རྗེས་སུ་ལུས་པས་སྤྱོད་ཁང་ནང་དུ་བསྐུངས་པར་བཤད། དེའི་ཕྱིར་རྒྱའི་རིག་གནས་ནང་གྲུབ་ཐོབ་བརྒྱད་ཡོད་ཀྱང་ཉི་འོང་བས་གྲུབ་ཐོབ་བདུན་བརྩི་སྲོལ་བྱུང་བ་རེད་འདུག
འཇན་ཕན་ལ་རུས་མིང་ཁྲི་ལྔ་ཡས་མས་ཤིག་ཡོད་ཟེར།
འོན་ཀྱང་དོན་དངོས་ཀྱི་རུས་མིང་མིན་པ་འདྲ། ཁོ་ཚོས་རྒྱལ་ཁབ་གཞན་བཞིན་རུས་མིང་ཞིག་དགོས་པར་དམངས་ལ་བཀས་བསྐུལ་ཏེ་ཟླ་གཉིས་རིང་རང་སྡོད་ས་དང་ས་མིང་སོགས་མིང་གི་སྔོན་ལ་བཞག་སྟེ་རྒྱལ་ཁབ་གཞན་ལྟར་རུས་མིང་ཞིག་བཏགས་པ་ཙམ་ཡིན་པ་རེད། དོན་ལ་འཇའ་ཕན་གྱི་རུས་ཁུངས་ཕུ་འདེད་སོགས་བྱ་རྒྱུ་མེད་ཟེར།
འཇའ་ཕན་ལ་མཚོན་ན་གྲོང་ཁྱེར་སོ་སོ་ན་གནའ་ཤུལ་མང་བ་མ་ཟད་རིག་དངོས་རྩ་ཆེན་ཧ་ཅང་མང་།
དེ་བས་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱི་རང་བཞིན་གྱི་སྲུང་སྐྱོབ་སྡེ་ཁག་བརྒྱ་ཆའི་བདུན་ཅུ་ཟིན་ཡོད་ཟེར། གང་ལྟར་བོད་ཀྱི་ནང་རྟེན་དང་རྒྱ་ནག་གི་གནའ་རྫས་བཤམས་སྟོན་ཁང་སོགས་སུ་མང་བོ་ངོས་འཛིན་བྱེད་རྒྱུ་འདུག
འཇའ་ཕན་ལ་མཚོན་ན་ལོ་རེར་ས་འགུལ་ཐེངས་སྟོང་ཕྲག་རེ་རྒྱུག་རྒྱུ་ཡོད་ཟེར། དེ་བས་འཇའ་ཕན་ལ་མཚོན་ན་ས་འགུལ་ཡོང་བ་ནི་རྒྱུན་ལྡན་ཞིག་གྱུར་ཡོད་ཀྱང་།
ཁོ་ཚོས་ཁང་བའི་འཛུགས་སྐྲུན་དང་ལམ་སོགས་ས་འགུལ་གྱི་བདེ་འཇགས་དང་འཚམ་པར་འཛུགས་སྐྲུན་བྱས་པས་འཛམ་གླིང་ན་ས་འགུལ་རྒྱུན་ཤེས་ཀྱི་ཚད་ལོན་པ་ཞིག་ཡིན་རབས་བཤད།
འཇའ་ཕན་ནས་རྐང་འབོབས་དཀར་པོ་ཞིག་བདུན་ཕྲག་གཅིག་ལ་གྱོན་ཡང་ས་རྡུལ་ནག་ནོག་གིས་བཙོག་རྒྱུ་མེད་པ་འདྲ་ཟེར་ན་རྫུན་དུ་མི་འགྱུར་སྙམ། དེ་ནི་མི་གྲངས་ཉུང་བ་དང་མཐའ་སྐོར་རྒྱ་མཚོ་ཡིན་པ།
ཁོར་ཡུག་འབག་བཙོག་མ་བྱས་པར་གཅེས་སྤྲས་བྱས་པས་ཡིན་ཞིང་། འཇའ་ཕན་གྱི་མི་ཐམས་ཅད་ལ་སྐྱེ་ཁམས་ཁོར་ཡུག་བདག་སྐྱོང་གི་འདུ་ཤེས་ཡག་པོ་ཆགས་ཡོད་པས་རི་ཆུ་ནགས་གསུམ་ཧ་ལས་པ་ཡག
སྤྱིར་བཏང་འཇའ་ཕན་ལ་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལས་མེད་ཀྱང་ཐང་རྒྱལ་ཁབ་ལ་སློབ་སྦྱོང་མང་པོ་བྱས་པས་ཉི་ཧོང་བ་དང་རྒྱ་ནག་གཉིས་ལ་རིག་གནས་ཀྱི་ཆ་མཐུན་ས་མང་བོ་བྱུང་ཡོད།
དཔེར་ན། རྒྱ་ནག་གི་ཚན་རིག་ལམ་ལུགས། རིག་གནས་ལམ་ལུགས། ཐ་ན་ཡིག་གཟུགས་ལ་སོགས་པའི་རྒྱ་ནག་ཐང་གི་གྲོང་ཁྱེར་རྣམ་པ་ཚུན་ཆད་ལ་ལད་ཟློས་དང་སློབ་སྦྱོང་བྱས་ཏེ་ཐོག་མར་རྒྱལ་ཁབ་ཀྱི་རྐང་བཙུགས།
རིམ་བཞིན་དབྱིན་ཇི་དང་ཨ་རི་སོགས་ཀྱིས་བསྟུད་མར་ཕམ་ཡང་། ཁོ་ཚོས་དཔུང་ཤུགས་ཆེ་བའི་དགྲ་བོའི་དཔལ་ཡོན་རིམ་པར་བསླབས་ནས་དེང་སྐབས་ཚན་རིག་ལག་རྩལ་སོགས་ཀྱི་ཐད་ནས་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་གྱུར་པ་དེ་རེད།
འདི་ནས་ང་ཚོས་ཤེས་དགོས་པ་ཞིག་ལ་འཇའ་ཕན་གྱིས་འཛམ་གླིང་གི་གང་ན་ཤེས་རིག་གི་ཞིང་ཁམས་ཡོད་ན་དེར་ཕྱི་འགྲིམས་སློབ་མ་མངགས་ཏེ་རང་གི་རྒྱལ་ཁབ་ལ་བྱས་རྗེས་འཇོག་མཁན་གསོ་སྐྱོང་གནངས་པའི་ཕུགས་རྒྱང་དེས་ཉི་ཧོང་བ་ཞེས་འཛམ་གླིང་གི་སྤྱོད་ཡོན་གཉིས་ལྡན་དང་ཚན་རིག་ལག་རྩལ་ཐམས་ཅད་ནང་འདྲེན་བྱས་ནས་ད་ལྟའི་སྟོབས་ལྡན་རྒྱལ་ཁབ་འདི་མངོན་གྱུར་བྱུང་བ་ནི་བསྙོན་དུ་མེད།
འཇའ་ཕན་གྱི་ཨ་མ་ཚོས་རང་ཉིད་རླབས་ཆེན་གྱི་མི་སྣར་འདོད་ཀི་ཡོད། ཁོ་མོ་ཚོས་རྒྱལ་ནོར་མི་རྒྱུད་སྐྱེ་འཕེལ་ཐུབ་པས་བུད་མེད་ཅིག་སྦྲུམས་མར་ཆགས་པ་ནས་རྒྱལ་ཁབ་ཀྱིས་སྒོར་མོ་སོགས་ཀྱིས་གཟིགས་སྐྱོང་གནང་གི་ཡོད། ཁྲོམ་གྱི་སྔོ་ཚལ་དང་ཤ་སོགས་ཀྱི་རིན་གོང་མཐོ་དམའ་ནི་མ་སྲི་ཚོའི་ལག་ཏུ་ཡོད་ཟེར།
གལ་ཏེ་འོ་མ་སོགས་ཟས་རིགས་ནང་མ་འགྲིགས་པ་ཞིག་བྱུང་ཚེ་མ་སྲི་ཚང་མ་མཉམ་དུ་རུབས་ནས་འོས་ལངས་སོགས་བྱས་ཏེ་གནད་དོན་གསེད་དཀྲོལ་བྱ་ཐུབ་ཟེར།
འཇའ་ཕན་གྱི་སྐྱེས་པ་སྒོ་ལ་སོང་ནས་ཚོང་ལས་གཉེར་ཡང་སྒོར་མོ་གསོག་ས་དེ་ཆུང་མའི་ལག་གི་དངུལ་བྱང་ཡིན་ཟེར།
ལྷོ་ཁོ་རེ་ཡའི་མ་སྲི་ཚོར་མཚོན་ན་སྐྱེས་པ་སྔ་མོ་ནས་ཁྱིམ་དུ་ལོག་ན་འདོད་ཀྱང་འཇའ་ཕན་རྣམས་དེ་ལས་ལྡོག་སྟེ་སྐྱེས་པ་ཚོས་སྒོ་ནས་ཆང་སོགས་བཏུང་སྟེ་མཚན་ཕྱེད་ཙམ་གྱིས་ཐོན་ཡོང་མ་སྲིས་བསྒུགས་ནས་མདུན་བསུ་བྱེད་དགོས་པ་འདྲ།
ད་རུང་ཡ་མཚན་པ་ཞིག་ལ་འཇའ་ཕན་གྱི་དེ་ཕོ་ལའང་ཐོབ་ཐང་དཔང་ཁྱེར་ཡོད་པར་མ་ཟད་བྱ་སྒོང་ལའང་ཨང་རྟགས་ཡོད་པས་ཟས་རིགས་ལ་ཧ་ཅང་གཟབ་ནན་བྱ་བ་འདྲ། སྤྱིར་འཇའ་ཕན་གྱི་མི་མང་ཆེ་བ་དཀར་ཟས་བསྟེན་པར་དགའ། དེ་ནི་ཐང་གི་གྲྭ་པ་ཞིག་གིས་ཚེ་རིང་བའི་ཐབས་བསྟན་པ་ཡིན་ཞེས་འཇའ་ཕན་གྱི་རྒན་པ་རྣམས་ཚེ་ཐག་རིང་བར་བཤད་ལ་ཁ་ལོ་བ་མང་ཆེ་བ་རྒན་པ་རེད།
འཇའ་ཕན་ནས་རྒྱ་ནག་གི་ཁ་ལོ་བའི་འཛིན་ཡིག་ཡོད་ན་བསྟུད་མར་ལོ་གཉིས་རིང་དོན་རྐྱེན་མ་བྱུང་ཚེ་ད་གཟོད་འཇའ་ཕན་གྱི་ཁ་ལོ་བའི་འཛིན་ཡིག་ལེན་ཐུབ་ཟེར།
ཁ་ལོ་བར་ཟླ་ཕོགས་མཐོ་ལ་བདུན་ཕྲག་གཅིག་གི་ནང་ཉིན་གཉིས་ལ་རླངས་འཁོར་ཡང་ངལ་གསོ་བ་ཡིན་ཟེར།
འཇའ་ཕན་ལ་མཚོན་ན་རླངས་འཁོར་རྫིག་པོ་གཏོང་རྒྱུ་ལ་དེ་འདྲའི་དགའ་བོ་མེད་པ་དང་ཁོར་སྲུང་རླངས་འཁོར་གཏོང་མཁན་ཧ་ཅང་མང་། ས་གནས་ཚོང་བ་དང་འགོ་བ་སུ་ཡིན་ཡང་སྤུས་གཙང་ཞིང་བདེ་འཇགས་ཁག་ཐེག་གི་རླངས་འཁོར་ཆུང་བའི་རིགས་བཀོལ་བ་མང་། གྲོང་ཁྱེར་སྲང་ལམ་གང་དུ་སོང་ཡང་ཁ་ལོ་བ་སྒྲ་དུང་རྒྱག་མཁན་གཏན་ནས་མེད་པ་འདྲ།
རླངས་འཁོར་རྫིག་པོ་གཏོང་མཁན་ནི་ཕལ་ཆེར་བྱང་ཚད་མེད་པའི་རིགས་སུ་བགྲང་བ་འདྲ།
2018/7/14ཉིན་འཇའ་ཕན་དུ་བྲིས།
|