པདྨའི་ན་གཞོན་རྩོམ་འབྲི་བ་འགའི་མཉམ་བྲིས་སྙན་ངག་བདམས་བཀོད།
སྟོན་མཇུག
ཐ་སྐར།
ཁྱེད་ཀྱི་གྲིབ་གཟུགས་ཁྲོད་ནས་བྱ་ཁྱུ་འཕུར་རྗེས་སུ
ཡུལ་ལྗོངས་འདིའི་ཁ་དོག་ཡལ་སོང
དེའི་རྗེས་སུ
སྨིན་མའི་ནང་དུ་ཁ་བ་མཐུག་པོ་བབས་འདུག
དིང་གླིང་དཀྲོལ་བཞིན་པའི་བར་སྐབས་ཤིག་ལ
ངས་ཕ་ཡུལ་གྱི་བྲང་གཞུང་དང་རྟ་ཁྱུ་དྲན
ཚོར་འདུ་ཡི་རྦ་རླབས་དྲག་ཏུ་སྐྱོམ་ཞིང
ཞེ་འདང་གིས་བསྐྲུན་པའི་ཕ་ཡུལ
སེམས་ཀྱི་གཙང་བོའི་ངོགས་ན་དལ་གྱིས་འཕྱོ
རྨི་ལམ་གྱིས་སྲེག་གིན་པའི་ལོ་ཟླའི་ཀློང་ནས
ལྷན་འཛོམ་གྱི་སྐལ་བ་ཧ་ཅང་ཕྲ་བས་ནམ་མཁར
དུས་ཆད་ཤིག་གི་དགོས་མཁོ་བྲིས་རྗེས
ང་རང་ཉི་ནུབ་ཀྱི་ས་ཚུགས་མཐའ་མར་གནས
ཞོགས་པ་རེ་རེའི་མིག་རྒྱང་ཁྲོད་དུ
ཚེ་སྲོག་གི་ལོག་ཕེབས་དང
རང་ཉིད་ཀྱི་མིག་ཀོང་ནས་སྙིང་ཁམས་འཁྲིགས་པ་མཐོང་བྱུང
སེམས་ཀྱི་ནགས་ཚལ་མེ་ལ་ཤོར་བས
དགུན་ཁའི་ནང་སྙིང་ལ་ལག་སྙོབ་ཐེངས་ཤིག་བྱས
བྷོ་ཏི་ལེའར། ང་ཕྱིར་ལོག་མི་འདོད།
དུར་བྱང་།
བྷོ་ཏི་ལེའར
ང་ཕྱིར་ལོག་མི་འདོད
ང་ལྷིང་འཇགས་ལ་ཧ་ཅང་དགའ་ལ
ལྷིང་འཇགས་ཀྱི་ངང་ནས་གླུ་དབྱངས་ཉན་པར་མོས
བྷོ་ཏི་ལེའར
ཁེར་རྐྱང་གི་གླིང་ཕྲན་བརྒལ་ན་ཡང
ས་སྲོས་འདིར
མཚན་མོའི་ཡོལ་བ་དྲུད་ནས
ཁྱོད་ཀྱི་སེམས་ཁ་རུ
ང་རང་གཉིད་དུ་ཡུར
བྷོ་ཏི་ལེའར
མེ་ཏོག་གིས་བརྩེ་དུང་མཚོན་པ་ཡིན་ནམ
ཧ་ཅང་ཡིད་ཆེས། ང་རང་ཧ་ཅང་ཡིད་ཆེས།
ང་རང་སྡིག་ཉེས་ཀྱིས་འགྱེལ་སོང
མཇུག་མཐར་ཨང་རྟགས་ཉེར་གསུམ་བྲིས་པའི
ནད་ཁང་ནང་ལ་ང་རང་ལོག་ནས
མི་ཚེ་ཧྲིལ་བོ་མཚོན་པའི
སྒྲུང་བརྩམས་རིང་བོ་ཞིག་གྲུབ་པའི་རེ་བ་བཅངས་ཡོད
ནམ་ཟླས་བསེད་པའི་སྒྲུང་།
གཤིན་པོ།
གྲང་འཁྱགས་ཀྱིས་ཁྱོད་རང་མ་མནར་དུས
ཁྱོད་ཀྱིས་འཇིག་རྟེན་འདིིའི་དགུན་ཟླ་ཤིན་ཏུ་གྲང་བར་མི་གླེང་རོགས
གལ་ཏེ ནང་སེམས་ཀྱི་ཆུ་ཕྲན་འཁྱག་པས་བསྡམས་ཚེ
ངས་རང་གི་ཚེ་ནོམ་གྱི་དྲོད་རླབས་ཁྱེར་དེ་བསྲོ་བར་བྱ
བྲེལ་འཚུབ་ཀྱིས་ཁྱོད་རང་མ་གཅུན་དུས
ཁྱོད་ཀྱིས་མི་ཚེ་འདིའི་དུས་ཚོད་ཐུང་དྲག་འདུག་མི་གསུང་རོགས
གལ་ཏེ ནང་སེམས་ཀྱི་དར་ལྕོག་རླུང་གིས་བསེད་ཚེ
ངས་རང་གི་ཚེ་སྲོག་གི་ཡོལ་བ་ཁྱེར་དེ་སྲུང་བར་བྱ
སྐྱོ་ཡུས་ཀྱིས་ཁྱོད་རང་མ་གཙེས་དུས
ཁྱོད་ཀྱིས་མི་ཚེ་འདིའི་གོ་རིམ་སུན་སྣང་གིས་གྲུབ་འདུག་མི་གསུང་རོགས
གལ་ཏེ ནང་སེམས་ཀྱི་གླུ་ཆུང་སྐྱོ་བས་བསུབ་ཚེ
ངས་རང་གི་རྣམ་ཤེས་ཀྱི་རོལ་མོ་བརྡུང་ནས་སངས་བར་བྱ།
སྟོན་ཁ་འདི་ཚར་ལ་ཉེ་དུས།
པིར་བ།
ཁྱོད་ཀྱི་ཁོར་ཡུག་གི་སྐྱེད་ཚལ་དུ།
ཡིད་ལ་མི་རན་པའི་ལོ་མ་དེ་དག་གིས། འཚང་ག་ཤིག་ཤིག
གད་སྙིགས་བཞིན་སྤུངས་ཡོང་ངམ།
ཡང་ན། སྟོན་ཁ་འདི་ཚར་ལ་ཉེ་དུས།
ཁྱོད་ཀྱི་ནང་སེམས་ཀྱི་ངང་སྒུག་གི་ཞེན་ཆགས་དེ་དག
ཁ་བ་སྲབ་མོ་འདིའི་ཞེ་རྩ་རུ་དྲོད་ལམ་ལམ་གྱིས་ཚེས་ཡོང་ངམ།
གཙང་བོའི་རླབས་ཕྲེང་བཞིན་གཡོ་བའི་ལམ་འགྲམ་གྱི་མི་ཚོགས་འདི་དག
གཅིག་རྗེས་གཉིས་མཐུད་དུ་གོན་པ་ཇེ་མཐུག་ཏུ་སོང་རྗེས།
སྟོན་མཇུག་འདི། འུ་ཚོའི་འཚོ་བའི་ནང་གི་སྟོན་ཁ་བཞིན།
ཡུན་རིང་ལ་སྒོར་ཆད་བྱུང་བའི་སྐྱེས་པ་ཆང་རྐྱལ་དེ་དག་དང་འདྲ་བ་ལ།
ཐག་རིང་ནས་སླེབས་ཡོང་བའི།
འགྲུལ་བ་འདི་ཚོར་ཇི་འདྲའི་གྲང་ཤིང་འཁྱགས་ནའང་།
ལག་པ་འདར་བཞིན། ཨ་ཆུ་ཟེར་བཞིན།
སྟོན་མཇུག་གི་ཁངས་སྐྱ་འདི་ལ་ཞེ་སེམས་ཅི་ལྟར་གླན་ནའང་།
དེ་ནི་སྐད་ཅིག་ཙམ་རེད།
དགུན་ཁ་བསླེབ་ལ་ཉེ་བའི་སྐབས་སུ།
ཁོ་ཚོ་ནི་རང་སེམས་དྲོ་ཤག་ཤག་གི་རང་ཡུལ་དུ་ལོགས་འགྲོ།
དེ་བས། འུ་ཚོར་སྟོན་མཇུག་གི་ཁ་བ་ཆུང་ཆུང་འདི་ཁོ་ན་ལ་དགའ་མི་འོས།
ཁ་བ་ཆུང་ཆུང་འདི་ཞི་ཚར་རྗེས།
གྲང་རླུང་རབ་ཏུ་རྒོད་པའི་དགུན་ཁ་ཞིག་ཚེས་འོང་།
ཉི་མ་དང་ཟླ་བའི་དྲོད་ཚད་ཀྱང་ཇེ་དམའ་རུ་འགྱུར་འགྲོ།
དེ་ནི་མེ་སྒོང་ཁོ་ནས་གྲང་ལྷགས་གསོ་དགོས་པའི་འཚོ་བའི་མཚན་མོ་ཞིག་ཡིན།
ཚོར་བའི་ཕུང་པོ།
_____སི་རི་ཡ་ལ་ཕུལ་བ།
སད།
ནང་སེམས་ཀྱི་ཟབ་སར་ལུས་པའི་མི་སེར་ཡ
ང་ནི་ཁྱེད་ཀྱི་ཐག་རིང་ན་ཡོད ཐག་ཉེ་ན་ཡོད
ཆེས་སྤྱིར་བཏང་གི་བོད་པ་ཞིག་ཡིན
ཁྱེད་ཀྱིས་ང་རང་ངོ་ཤེས་མི་སྲིད
ཁྱེད་ཀྱིས་ང་རང་ངོ་མ་ཤེས་ན་ཆོག་མོད
ཁྱེད་ཀྱིས་ང་དང་ཁྱོད་ཀྱི་འདྲ་ས་གཙོ་བོ་སྟེ
ཉི་འོད་ཀྱི་མགྲོན་པོ་ཡིན་པ་ཅིས་ཀྱང་ཤེས་དགོས
ང་ཡི་གམ་འདིར་སྡུག་བསྔལ་ཚོར་མཁན་དཀོན
ཉི་འོད་ཀྱི་གཤོག་པ་ངོ་ཤེས་མཁན་ཨ་ཅང་དཀོན
དེ་བས་ཚེ་སྲོག་གི་དྭངས་གཙང་བཙལ་ཏེ
ཁྱེད་ལ་ནང་གཏམ་ཞིག་གློད་ཆོག་པར་ཞུ
ཁྱེད་ཀྱི་ཆེད་དུ་ཆང་རག་དགའ་ཞིག་འཐུང་མ་ཐུབ
ཁྱེད་ཀྱི་ཆེད་དུ་མཆོད་མེ་རྐོང་གཅིག་སྦར་མ་ཐུབ
ཚོར་བ་ཕྲ་མོའི་ཕག་གི" སི་རི་ཡ "ལགས
ཁྱེད་རང་དགོངས་པ་མི་འཚོམ་རོགས
ང་ནི་ཁྱེད་དང་ལྷན་དུ་ཡོད
ངས་ཁྱེད་ལ ང་རང་ཁྱེད་ལ་དགའ་ཞེས་བརྗོད་འདོད
ངས་ཁྱེད་ལ ང་རང་ཁྱེད་ཀྱི་འཚོ་བར་ཆ་རྒྱུས་ཡོད་ཅེས་བརྗོད་འདོད
དེ་ནི་ཁྱེད་བཞིན་དུ་རང་ཉིད་སྨག་རུམ་ལས་འཚར་བས་ཡིན
དེ་ནི་ཁྱེད་བཞིན་དུ་ང་རང་སྡུག་བསྔལ་གྱིས་གཟིར་བས་ཅི་ལ་མིན
ཤི་གསོན་ཁ་ཁར་ཕྱེས་པའི
ཡུགས་ས་དང་དྭ་ཕྲུག་གི་ཚོགས
ཁྱེད་ཀྱིས་དཀོན་མཆོག་ལ་འཁང་ར་མི་ཉན
སོ་སོའི་ངོས་ནས་འཇོན་ཐང་གིས་ཕོངས་ན
དཀོན་མཆོག་ཀྱང་ཨུ་ཐུག་ངེས
སྙིང་ཉེ་བའི་མི་སེར་ཡ
རང་ཉིད་ལ་དམའ་འབེབས་མི་རུང
འུ་ཚོས་སྔར་བཞིན་སྐྱ་རེངས་འཚོལ་དགོས
མུན་པ་གོས་སུ་གྱོན་པའི་འུ་ཚོ་སྤུན་ཡིན
གངས་རིའི་ཚུར་རོལ་ནས་ཁྱེད་ལ་སེམས་པ་གླན་ཡོད
ཁྱེད་ཀྱིས་ཁྱེད་རང་མ་གཏོགས
འཇིག་རྟེན་འདི་ཞི་བདེས་ཁྱབ་ཡོད་བསམ་མི་རུང
ང་དང་ཁྱོད་ཀྱི་འཚོ་སྟངས་ཤིན་ཏུ་འདྲ
ད་དུང་་་་་་
ད་ནས་བཟུང གདུག་རྩུབ་ཀྱི་ལག་པ་དེ་དག
ད་ནས་བཟུང མནར་གཅོད་ཀྱི་འོ་དོད་དེ་དག
བསྐལ་བ་ནས་བསྐལ་བའི་བར་དུ ཞི་ཞིང་འཇམ་པར་ཤོག |