ཨ་མཁར་བ་དགེ་འདུན་བསྟན་འཛིན་ངོ་སྤྲོད་མདོར་བསྡུས།
ཨ་མཁར་བ་དགེ་འདུན་བསྟན་འཛིན་ནི་སྤྱི་ལོ་༡༩༦༣ལོའི་ཟླ་༩པའི་ཚེས་༡༠ལ། རྔ་བ་རྫོང་ཆོས་རྗེ་མ་ཡུལ་ཚོའི་ཨ་མཁར་རུས་སུ་གཏོགས་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཁོང་གི་ཆུང་མིང་ལ་པདྨ་སྐྱབས་ཟེར་ཞིང་རང་ལོ་དྲུག་བདུན་ཙམ་ནས་ས་གནས་དེའི་སློབ་ཆུང་དུ་ཞུགས་ནས་མི་ཚེའི་སློབ་སྦྱོང་གི་མགོ་བརྩམས། ཡིན་ནའང་སྐབས་དེར་སྤྱིར་སློབ་སྦྱོང་གི་ཆ་རྐྱེན་ཞན་པ་དང་། ལྷག་པར་དུ་མི་རིགས་ཀྱི་རིག་གནས་དར་ཁྱབ་མ་སོང་ཞིང་།
མང་ཚོགས་ལ་ཡང་སློབ་སྦྱོང་གི་གོ་རྟོགས་དང་འདུ་ཤེས་ཆེས་ཞན་པའི་དབང་གིས་ཁོ་རང་ལ་ལོ་རིམ་གཉིས་པ་ཙམ་རེར་སློབས་སྐབས་སློབ་གྲོགས་གཞན་པ་ཚོ་གནག་ཕྱུགས་ཀྱི་རྫི་བོ་བྱེད་དུ་བུད་འགྲོ་བ་སོགས་ཀྱིས་རྐྱེན་པས་ཁོ་རང་ཡང་སློབ་མ་གསར་བ་ཙོའི་གྲས་སུ་མར་ཕབ་ནས་ཡང་བསྐྱར་ལོ་རིམ་དང་པོ་ནས་བཏོན།
དེ་ལྟར་ཐེངས་འགའ་ལ་བསྐྱར་འདོན་བྱས་མཐར།
སྤྱི་ལོ༡༩༧༦ལོ་སྟེ་རང་ལོ་བཅུ་གསུམ་ཐོག་ལ་ས་གནས་སློབ་གྲྭའི་དམངས་སྒྲུབ་དགེ་རྒན་དུ་བསྐོས།
དེ་ནས་བཟུང་སློབ་གསོའི་ལས་རིགས་ལ་ཞུགས་ཏེ་འབྲོག་པའི་སློབ་བུ་མང་པོར་འོད་སྟོང་གི་མདུན་ལམ་སྟོན་པར་མཛད།
དེའང་ཁོང་གིས་བཤད་རྒྱུར། དེ་ནི་ང་རང་ལ་འཇོན་ཐང་བཟང་བས་དགེ་རྒན་དུ་བསྐོས་པ་མིན་ལ།
ས་དེར་ཤེས་ཡོན་ཅན་གྱི་མི་སྣ་མེད་པས་ལན་པ་རེད་ཟེར།
སྤྱི་ལོ་༡༩༧༨ལོ་ནས་སྲིད་ཇུས་ལྷོད་ཡངས་སུ་སོང་བ་དང་བོད་ཡིག་སློབ་སྦྱོང་བྱེད་ཆོག་པ་ནས་བཟུང་མཚོ་སྔོན་ནས་ཐོན་པའི་སློབ་ཆུང་སྐད་ཡིག་དེབ་དང་པོ་ཞིག་དང་། མི་རོ་རྩེ་སྒྲུང་གི་དཔེ་ཆ་ཐེད་ཧྲུལ་མགོ་མཇུག་མི་ཚང་བ་ཞིག་ལག་སོན་བྱུང་བས་བོད་ཡིག་རང་སྦྱོང་བྱས།
སྤྱི་ལོ་༡༩༨༠ལོ་སྟེ་རང་ལོ་བཅུ་བདུན་ཐོག་ལ་རྔ་ཡུལ་ཀིརྟིའི་དགོན་ཆེན་དགེ་ལྡན་ལེགས་བཤད་གླིང་ནས་རབ་ཏུ་བྱུང་ཞིང་མཚན་ལ་བློ་བཟང་དགེ་འདུན་བསྟན་འཛིན་རྒྱ་མཚོ་ཞེས་གསོལ།
སྤྱི་ལོ་༡༩༨༡ལོར་རྔ་བ་རྫོང་སློབ་གསོ་ཅུས་ནས་བོད་ཡིག་གི་རྒྱུགས་ལེན་བྱ་འགུལ་ཞིག་སྤེལ་སྐབས་སུ་ཁོང་གིས་རྒྱུགས་ཚད་ལྡན་འཕྲོད།
དེར་ཁོང་ལ་སློབ་ཆུང་དགེ་རྒན་དངོས་ཀྱི་མཚན་གནས་ཐོབ་ཅིང་གཞུང་སྒྲུབ་དགེ་རྒན་བྱས།
སྤྱི་ལོ༡༩༨༧ལོ་ནས་ཆོས་རྗེ་མ་ཡུལ་ཚོའི་སློབ་གཙོའི་ལས་འགན་མི་ལོ་བརྒྱད་ཙམ་ལ་ཁུར་ཅིང་ཞོར་དུ་སློབ་ཁྲིད་གང་འཚམས་གནང་།
སྤྱི་ལོ༡༩༩༥ལོར་རྔ་བ་རྫོང་སློབ་གསོ་ཅུས་སློབ་དཔྱོད་ཁང་དུ་བྱ་བ་ལས།
སྤྱི་ལོ༡༩༩༧ལོ་ནས་ཀིརྟིའི་དགོན་ནང་བསྟན་གཞོན་ནུའི་རིག་སློབ་ཁང་དུ་སློབ་གཙོའི་འགན་བཞེས།
སྤྱི་ལོ༢༠༠༣ལོ་ནས་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའམ་ཁཱ་ཤཱིའི་ཚོང་རམས་པ་བོན་ཚེས་བཙུགས་པའི་རྔ་ཡུལ་ཚོང་བའི་སློབ་གྲྭའི་སློབ་གཙོ་གཞོན་པའི་ལས་འགན་བཞེས་པ་སོགས་མི་ཚེ་ཧྲིལ་བོ་སློབ་གསོའི་ལས་དོན་འབའ་ཞིག་གིས་འཁྱོལ་བར་མཛད།
དེ་དག་གི་ཞར་ལ་དགེ་བའི་བཤེས་གཉེན་རབ་འབྱམས་པ་ཨ་ཁུ་བློ་གྲོས་ཚང་གི་མདུན་ནས་སུམ་རྟགས་སོགས་རིག་གནས་སྐོར་དང་།
ཁྱད་པར་དུ་བྱང་ཆུབ་ལམ་རིམ་སོགས་མདོ་སྔགས་ཀྱི་གཞུང་གང་མང་གསན་བཞེས་མཛད།
གཞན་ཡང་བཀའ་དྲིན་ཅན་ཨ་ཁུ་དམུ་དགེ་བསམ་གཏན་ཚང་ལས་ཀྱང་བརྡ་སྤྲོད་སྐོར་འགའ་ཞིག་ཐོབ་པའི་སྐལ་བ་བྱུང་།
ཤར་ཡོངས་འཛིན་འཇིགས་མེད་ཐེག་མཆོག་ཚང་ལས་སྙན་ངག་སོགས་རིག་གཞུང་གང་མང་ཞིག་ལྗགས་ཁྲིད་དང་ལུང་རྒྱུན་བླངས།
ཀིརྟིའི་དྲུང་ཡིག་ཆེན་མོ་ཨ་ཁུ་ཆོས་འཕེལ་ཚང་དང་། ཉིད་ཀྱི་སྐུ་ཞང་ཨ་མཁར་བློ་བཟང་རྒྱ་མཚོ་སོགས་བཤེས་གཉེན་དམ་པ་དུ་མ་ལས་ཡིག་གཟུགས་དང་རིག་གནས་ཀྱི་སྐོར།
མདོ་སྔགས་ཟབ་རྒྱས་ཀྱི་ཆོས་བཀའ་མང་པོར་གསན་སྦྱོང་གནད་སྨིན་མཛད།
དེ་ལྟར་ཁོང་རང་ལོ་བཅུ་གསུམ་བྱིས་པའི་གནས་སྐབས་ནས་ད་བར་དུ་མི་རིགས་སློབ་གསོའི་ལས་དོན་བསྒྲུབས་དང་སྒྲུབ་མུས་སུ་བཞུགས་ཤིང་།
དེའི་ཞར་ལ་སློབ་གྲྭའི་ནང་ཁུལ་སློབ་དེབ་དང་། ཡིག་གཟུགས་མ་ཕྱི། རྒྱལ་བུ་ཟླ་མཛེས་ཀྱི་རྟོགས་བརྗོད་སྙན་ངག་ཚིགས་བཅད་མ། ལམ་རིམ་དམིགས་ཁྲིད་ཉུང་ངུ་འཇུག་བདེ་སོགས་ཉེར་མཁོ་གནད་དུ་ཐིངས་པ་འགའ་བརྩམས་ཏེ། སློབ་གྲྭའི་མཚན་སྙན་དང་གསར་སློབ་པ་མང་པོ་ལ་ཤེས་ཡོན་དང་འཇོན་ནུས་སྤྲད།
མདོར་ན་མི་ལོ་བཞི་བཅུའི་རིང་ལ་མི་རིགས་ཀྱི་སློབ་གསོ་དང་དགེ་རྒན་གྱི་ཕྱག་ལས་ཁོ་ནས་མི་ཚེ་འདའ་བར་བྱས་ཏེ་མཛད་རྗེས་མི་དམན་པ་བཞག་པ་དང་།
དེ་ནས་༢༠༡༣ལོ་ནས་ལས་འཁྱུར་ངལ་གསོ་བྱས་ན་ཡང་།
ད་དུང་ཐག་ཉེ་རིང་གི་དགོན་སྡེ་དང་སློབ་གྲྭ་མང་པོར་རིག་གནས་ཀྱི་ཁྲིད་དང་མི་ཚེའི་བསླབ་བྱ་སོགས་ཕན་གང་ཐོགས་གནང་བ་སོགས་རགས་བསྡུས་ཙམ་ཡིན།
ཕྱག་ལས་དེ་དག་གི་ཞར་ལ་རང་ཉིད་ཀྱི་དགའ་ཕྱོགས་སམ་ཡང་ན་མཐའ་འཁོབ་ཀྱི་སློབ་གྲྭ་ཚོར་དགེ་རྒན་དཀོན་པས་སློབ་ཁྲིད་ཀྱི་དགོས་མཁོའི་དབང་གིས།
རི་མོ་དང་རོལ་མོ། གོས་བཟོ་དང་འཚེམ་དྲུབ། ཤིང་ཆས་བཟོ་རྩལ་སོགས་རྣམ་པ་སྣ་ཚོགས་ལ་རང་སྦྱོང་བྱས་པའི་འབྲས་རྟགས་སུ། བཅའ་སྡོད་སློབ་གྲྭའི་སློབ་གླུ་ཚིག་དབྱངས་དང་བཅས་པ་གསར་རྩོམ་དང་།
སྣུམ་ཚོན་གྱི་ལམ་ནས་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་དང་བཅུ་གཅིག་པ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ།
གུང་ཐང་བསྟན་པའི་དབང་ཕྱུག ཁང་སར་དབོན་སྤྲུལ་བསྟན་པའི་དབང་ཕྱུག རྨེའུ་ཆོས་རྒྱལ་དཔལ་མགོན་འཕྲིན་ལས་རབ་བརྟན་སོགས་ཀྱི་སྐུ་ཐང་པར་བྲིས་མ་གསོན་ཉམས་ལྡན་པ་མང་དུ་བྲིས་དང་འབྲི་བཞིན་ཡོད།
ད་ལྟ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་སུང་ཤན་ཆའོ་གནའ་རྫས་ཚོང་རའི་Bཁུལ་གྱི་ཉིས་ཐོག་ཏུ། ཨ་མཁར་བའི་བོད་རིག་པ་འཛིན་སྤེལ་ལས་སྒྲུབ་ཁང་ཞེས་པ་གསར་དུ་བཙུགས་ནས་གཞོན་སྐྱེས་ཕྱི་རབས་པ་ཚོ་ལ་སུམ་རྟགས་དག་གསུམ་དང་། སྙན་ངག་མངོན་བརྗོད། བོད་ཀྱི་ཡིག་གཟུགས་སྣ་ཚོགས། ཨ་མདོའི་སྒྲ་སྙན་བདུང་ལེན་དཀྲོལ་སྟངས།
ནུབ་ཕྱོགས་ནས་དར་བའི་སྣུམ་ཚོན་རི་མོ་སོགས་གནའ་དེང་གི་རིག་པ་མང་པོ་ཁྲིད་སྤེལ་གྱི་ཕྱག་ལས་གནང་བཞིན་ཡོད་པ་བཅས་ཁོང་གི་ལོ་རྒྱུས་ཉུང་ངུ་ཞིག་ཨ་མཁར་མཁན་མིང་བ་ཐུབ་བསྟན་ཆོས་འཕེལ་གྱིས་བྲིས་སོ།
།
ཨ་མཁར་བ་དགེ་འདུན་གྱི་བརྩམས་ཆོས།
སྟོན་པ་ཐུགས་རྗེ་ཅན།《སྣུམ་ཚོན་རི་མོ》བྲིས་པའི་མ་ཕྱི་དང་བྲིས་མ་ཆ་གཤིབ།
གུང་ཐང་བསྟན་པའི་དབང་ཕྱུག ཨ་མཁར་བས་སྣུམ་ཚོན་རི་མོ་འབྲི་བཞིན་པ།
སྣུམ་ཚོན་རི་མོ》བྲིས་པའི་མ་ཕྱི་དང་བྲིས་མ་ཆ་གཤིབ།
ཁང་སར་དབོན་སྤྲུལ་བསྟན་པའི་དབང་ཕྱུག 《སྣུམ་ཚོན་རི་མོ》བྲིས་པའི་མ་ཕྱི་དང་བྲིས་མ་ཆ་གཤིབ།
བོད་ཡུལ།《སྣུམ་ཚོན་རི་མོ》བྲིས་པའི་མ་ཕྱི་དང་བྲིས་མ་ཆ་གཤིབ།
ཞི་བདེའི་ཕུག་རོན་དཀར་པོ།《སྣུམ་ཚོན་རི་མོ》
སྒྱུ་རྩལ་གྱི་མཚོན་ཐབས་སྤྱད་པའི་ཡིག་གཟུགས་སྣ་ཚོགས།
སྣུམ་ཚོན་རི་མོའི་གི་གུ་ཤའི་སྤོས་རྫ།
ཕྱི་གླིང་བ།《སྣུམ་ཚོན་རི་མོ》བྲིས་པའི་མ་ཕྱི་དང་བྲིས་མ་ཆ་གཤིབ།
རྒྱལ་མཚམས་བརྒལ་བའི་བརྩམས་ཆོས།
ཁྲིན་ཏུའུ་ཨ་མཁར་བའི་བོད་རིག་པ་འཛིན་སྤེལ་ལས་སྒྲུབ་ཁང་།
ཁོང་གིས་བརྩམས་པའི་སྙན་ངག་སྤྲིན་གྱི་ཕོ་ཉའི་འབྲུ་འགྲེལ་དགོངས་གསལ་སྒྲོན་མེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
འབྲེལ་གཏུགས་ཁ་པར་ནི།
15884088408
18909048408