པེ་ཅིན་གྱི་དགའ་ལྡན་བྱིན་ཆགས་གླིང་དུ་ཕྱིན་པའི་ཟིན་བྲིས། དགྲ་ཟོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 11 ཚེས 21 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» ཡུལ་སྐོར་ཟིན་ཐོ་དང་བཏུས་རྩོམ། »པེ་ཅིན་གྱི་དགའ་ལྡན་བྱིན་ཆགས་གླིང་དུ་ཕྱིན་པའི་ཟིན་བྲིས། དགྲ་
པེ་ཅིན་གྱི་དགའ་ལྡན་བྱིན་ཆགས་གླིང་དུ་ཕྱིན་པའི་ཟིན་བྲིས། དགྲ་ཟོར།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2019/11/3ལྟ་ཀློག (32558)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


པེ་ཅིན་གྱི་དགའ་ལྡན་བྱིན་ཆགས་གླིང་དུ་ཕྱིན་པའི་ཟིན་བྲིས།

དགྲ་ཟོར།

ཐོག་མའི་གཏམ

     དེ་ལ་ཁོ་བོས་གཟའ་མཇུག་གྱི་དུས་ཚོད་བེད་སྤྱད་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་བོད་ཀྱི་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་ས་གནས་ཁག་དང་དགོན་སྡེ་སོགས་ག་ཚོད་ཡོད་མེད་ལ་རྒྱུས་ལོན་བྱ་ཆེད་འབྲེལ་ཡོད་ཡིག་ཆ་འགའ་རེ་བཀླགས་པ་ཡིན་ལ། དྲན་དབང་དགེ་འདུན་ཆོས་འཕེལ་གྱིས། མཐོང་ཐོས་དབང་པོའི་ཡུལ་དུ་མ་གྱུར་བར།། ཁྱིམ་གྱི་མལ་དུ་དཔྱད་པས་མི་ཤེས་པའི།། ཞེས་གསུངས་པ་བཞིན་ཁོ་བོ་གཟའ་འཁོར་རེ་རེའི་གཟའ་མཇུག་ལ་ཡུལ་ངོས་མཇལ་སྐོར་ལ་འགྲོ་བཞིན་ཡོད་ལ་གང་ཞིག་མཐོང་བ་དང་དག་མི་བརྗེད་པའི་ཆེད་དུ་ཟིན་ཐོར་བྲིས་པ་ཡིན། ད་ཐེངས་དངོས་སུ་ཆིང་རྒྱལ་རབས་སྐབས་སུ་ལྕང་སྐྱ་རིན་པོ་ཆེའི་དབུ་མཛད་ནས་བཞེངས་པའི། དགའ་ལྡན་བྱིན་ཆགས་གླིང་ལ་མཇལ་སྐོར་དུ་སོང་། སྤྱིར་ན་གཟའ་འཁོར་སྔོན་མའི་གཟའ་མཇུག་ལ་ཧུ་པེ་ཞིང་ཆེན་གྱི་ཞེ་ཧོར་རམ་དམངས་ཁྲོད་དུ་རྒྱ་ནག་ལྷ་ས་ཞེས་པའི་ཡུལ། རྒྱལ་པོའི་ཚ་བྱོལ་ཕོ་བྲང་གི་འགྲམ་ངོས་སུ་གཙང་བཀྲ་ཤིས་ལྷུན་པོ་དང་རྩེ་ཕོ་བྲང་པོ་ཏ་ལ་བསམ་ཡས་བཅས་ལ་དཔེ་བླངས་ནས་བཞེངས་པའི་དགོན་པ་དེ་དག་ལ་གུས་ཕྲན་ཆེད་དུ་ལྟ་སྐོར་ལ་སོང་ལ་འདིའི་སྐོར་གྱི་ཟིན་བྲིས་ཅུང་རྒྱས་པ་ཞིག་འབྲི་འདོད་ཆེ་མོད་འབྲེལ་ཡོད་ལོ་རྒྱུས་ཀྱི་དཔེ་ཆ་གལ་ཆེན་འགའ་ད་དུང་ལག་སོན་མ་ཐུབ་པས་རེ་ཞིག་བསྐྱུར་བ་ཡིན།  

ཐོག་མར་དགོན་པ་འདི་བཞེངས་བའི་ལོ་རྒྱུས་རྒྱབ་ལྗོངས།

     ཤིང་ཕོ་བྱི་བའི་ལོ་ལ་གོང་མས་ལྕང་སྐྱ་རིན་པོ་ཆེ་ལ་བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་ཚུལ་དང་བསྟན་འཛིན་གྱི་སྐྱེས་བུ་ཇི་ལྟར་བྱོན་ཚུལ་བཤད་སྒྲུབ་ཀྱི་སྡེ་ཅི་འདྲ་ཆགས་ཚུལ་རྣམས་བཀའ་འདྲི་ཞིབ་ཏུ་གནང་བར། ལྕང་སྐྱ་རིན་པོ་ཆེས་སོ་སོའི་ལོ་རྒྱུས་རྒྱས་པར་སྙན་དུ་ཕུལ་བར། ཆིང་རྒྱལ་རབས་ཀྱི་ཁྲི་རབས་དྲུག་པ་གོང་མ་ཆན་ལུང་ངམ་བོད་ཀྱིས་ལྷ་སྐྱོང་རྒྱལ་པོར་འབོད་པ་གང་གི་བཀའ་ལས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་བཤད་སྒྲུབ་ཀྱི་སྡེ་ལ་རག་ལས་ཤིང་། དེ་ཡང་མདོ་སྔགས་ཐ་སྙད་རིག་གནས་ཐམས་ཅད་ལ་སོ་སོར་ཐོས་བསམ་བྱེད་པའི་སློབ་གྲྭའི་སྡེ་ཆེན་པོ་བྱུང་ན་བསྟན་པའི་རྒྱུན་ལ་ཕན་པ་འདུག  ཕྱོགས་འདིར་སྔོན་གྱི་དུས་སུ་འཇམ་མགོན་ས་པཎ་དང་འཕགས་པ་རིན་པོ་ཆེ་སོགས་ཀྱིས་འཆད་ཉན་གྱི་སྡེ་བཙུགས་འདུག་ནའང་ད་ལྟའི་དུས་སུ་མིང་ཙམ་དུ་གྱུར་འདུག ངེད་ཀྱི་ཡབ་མེས་གོང་མ་རྣམས་ཀྱི་སྐུ་རིང་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་སྲོལ་ལེགས་པར་བཙུགས་ཤིང་། གོང་མ་བདེ་སྐྱིད་རྒྱལ་པོ་དང་ལྕང་སྐྱ་གོང་གོང་མ་ཡོན་མཆོད་ཀྱིས་མཚོ་བདུན་ལྷ་ཁང་དུ་མདོ་ཕྱོགས་ཀྱི་འཆད་ཉན་བྱེད་པའི་གྲྭ་ཚང་བཙུགས་འདུག་ནའང་། རྒྱལ་ཁབ་ཆེན་པོ་འདིར་འཆད་ཉན་གྱི་གྲྭ་ཚང་བཙུགས་མི་འདུག་པས།  ད་ཆ་རང་རེ་ཡོན་མཆོད་ཀྱིས་ཕོ་བྲང་ཆེན་པོ་འདིར་གཙུག་ལག་ཁང་གསར་དུ་བཞེངས་ཏེ།  མདོ་སྔགས་རིག་གནས་ཡོངས་རྫོགས་ལ་ཐོས་བསམ་བྱེད་པའི་གྲྭ་ཚང་ཁག་འགའ་བཙུགས་ན་བསྟན་པའི་གསོས་སུ་ཆེ་བ་ཡོང་ངམ་ཞེས་བཀའ་གནང་བ་ལ། ལྕང་སྐྱ་རིན་པོ་ཆེས། གོང་མ་བདག་པོ་ཆེན་པོ་ཉིད་ཐུགས་བསྐྱེད་གཞན་དང་མི་འདྲ་བས་བཀའ་ཕེབས་བཞིན་གྲྭ་ཚང་བཙུགས་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་འདིར་ཉི་མ་གསལ་བ་བཞིན་ཡོང་བ་གཞིར་བཅས་ཤིང་། ཕྲན་བུས་ཀྱང་ནུས་པ་ཅི་ཡོད་ཀྱིས་ཕྱག་གཡོག་བགྱིད་ཅེས་གསོལ་བར་གོང་མ་ཆེན་པོ་ཐུགས་ཤིན་ཏུ་དགྱེས།


དགའ་ལྡན་བྱིན་ཆགས་གླིང་གི་དགོན་སྡེ་གསར་འཛུགས་དང་འཆད་ཉན་གྱི་སྲོལ་བཙུགས་ཚུལ།

     དེ་ནས་མི་རིང་བར་གོང་མ་ཆེན་པོའི་མཛོད་ནས་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཕྱེ་སྟེ། སྔར་ཡབ་རྒྱལ་པོ་雍正བཞུགས་གནས་雍和宫རུ་དགོན་སྡེ་གསར་འཛུགས་ཀྱི་ལས་གྲྭ་བཙུགས་ཏེ་1744ལོར་དགའ་ལྡན་བྱིན་ཆགས་གླིང་འདི་བཏབས།  ཕྱིའི་ཁོར་ཡུག་ཏུ་ལྕགས་རི་ཤིན་ཏུ་ཡངས་པས་བསྐོར་བའི་དབུས་སུ་ཚོགས་ཆེན་གྱི་འདུ་ཁང་ཆེན་པོ། དེའི་གཡས་ཕྱོགས་སུ་ལྷ་ཁང་། གཡོན་དུ་མགོན་ཁང་། སྡོམ་པ་འབོག་པའི་ཁང་པ། གདུགས་དཀར་ལྷ་ཁང་། སྨན་བླ་ཁང་། རྒྱ་གར་ལྷ་ཁང་།དགེ་ལྡན་ལྷ་ཁང་། ཆོས་འཁོར་ལྷ་ཁང་། རྒྱལ་ཆེན་ཁང་། སྒོ་ཁང་། རྔ་ཁང་། ཅུང་ཁང་། བྲེ་ཕུལ་བརྩེགས་པའི་རྟ་བབ་སོགས་ཤིན་ཏུ་རྒྱ་ཆེ་ཞིང་བཀོད་པ་མཛེས་པ་དང་། གྲྭ་ཚང་སོ་སོའི་འདུ་ཁང་རུང་ཁང་བླ་བྲང་གྲྭ་བ་སོ་སོར་ཁང་པ་ཆེ་ཆུང་ཚང་མ་དང་བཅས་པ་བསྐྲུན་ཞིང་ཆོས་སྡེའི་མཚན་དགའ་ལྡན་བྱིན་ཆགས་གླིང་ཞེས་གནང་། ལྕང་སྐྱ་རིན་པོ་ཆེ་དང་ཁྲི་ཆེན་སྤྲུལ་སྐུ་གཉིས་གཙོས་དགེ་འདུན་དུ་མས་རབ་གནས་རྒྱས་པ་དགུང་ཞག་གསུམ་གྱི་རིང་མཛད་པར་འདུག   ལོ་དེའི་ནང་དུ་སོག་པོའི་ཚོ་ཆེན་བཞི་བཅུ་ཞེ་དགུ  ཁལ་ཁ་ཚོ་བ་བདུན་སོགས་དང་། གཞན་ཡང་བོད་ཀྱི་བཙུན་གསར་བློ་རྣོ་བ་ལྔ་བརྒྱ་བསྡུས་ཏེ་མཚན་ཉིད་ཀྱི་པོ་ཏི་ལྔ་ལ་སློབ་གཉེར་བྱེད་པའི་གྲྭ་ཚང་། རྒྱུད་པ་གྲྭ་ཚང་།རིག་གནས་སྣ་ཚོགས་ཀྱི་གྲྭ་ཚང་། སྨན་པ་གྲྭ་ཚང་དང་བཅས་གྲྭ་ཚང་བཞི་བཙུགས།  མཚན་ཉིད་གྲྭ་ཚང་། དུས་འཁོར་གྲྭ་ཚང་།  དགེ་འདུན་རྣམས་ལ་གསོལ་ཕོག་ཟླ་རེ་བཞིན་མཛོད་ནས་སྦྱོར་འཇགས་མཛད། གྲྭ་ཚང་སོ་སོར་བླ་མ་དང་དགེ་རྒན་དུ་འོས་པའི་དགེ་བཤེས་བོད་ནས་གཏོང་དགོས་ཚུལ་གྱི་བཀའ་ཕེབས་བཞིན་མཚན་ཉིད་གྲྭ་ཚང་གི་བླ་མར་འབྲས་སྤུངས་ཧ་སྡང་རབ་འབྱམས་པ་ངག་དབང་ཆོས་འཕེལ།  རྒྱུད་པ་གྲྭ་ཚང་གི་བླ་མར་སྲད་རྒྱུད་བླ་མ་དཀོན་མཆོག་བསྟན་དར།  རིག་གནས་གྲྭ་ཚང་གི་བླ་མར་རྨོག་ལྕོག་ཞབས་དྲུང་། གསོ་རིག་གྲྭ་ཚང་གི་བླ་མར་ཕུན་ཚོགས་འཛམ་གླིང་། བློ་གསལ་བ་རྣམས་ཀྱི་དགེ་རྒན་དུ་གདན་ས་ཆེན་པོ་གསུམ་དང་རྒྱུད་སྟོད་སྨད་སོགས་ནས་དགེ་བའི་བཤེས་གཉེན་བཅོ་བརྒྱད་བཅས་སོ་སོར་ངོ་གཡོག་དང་བཅས་པ་འབྱོར། མེ་སྟག་ཧོར་ཟླ་གཉིས་པའི་ནང་གོང་མའི་བཀས་ཆོས་སྡེ་གསར་བར་ལྷ་ལྡན་སྨོན་ལམ་གྱི་སྲོལ་བཙུགས་པ་ཡིན་འདུག

སྐབས་དེའི་བོད་ཀྱི་གནས་ཚུལ་ཟུར་བཀོད།

     སྐབས་དེར་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་སྐབས་ཡིན་ཞིང་རྒྱལ་བའི་དབང་པོ་མཆོག་དང་ལྕང་སྐྱ་རིན་པོ་ཆེ་རྣམས་གཉིས་ཀྱིས་ཕན་ཚུན་སྙན་ཚིག་རྣ་བའི་བཅུད་ལེན་གྱི་སྒོ་ནས་ཆོས་ཀྱི་དགའ་སྟོན་སྤེལ་བ་སོགས་ལྕང་སྐྱའི་རྣམ་ཐར་དུ་འདུག་ལ་ཆོས་སྡེ་གསར་འཛུགས་ལ་རྒྱལ་དབང་སྲིད་ཞིའི་གཙུག་རྒྱན་གང་གིས་ཀྱང་ཀུན་གཟུགས་ལྔ་བ་ཆེན་པོའི་ལྗགས་བཀོད་ལྟར་སངས་རྒྱས་ཀྱི་རྣམ་ཐར་དཔག་བསམ་འཁྲི་ཤིང་གི་བྲིས་ཐང་སོགས་རྟེན་དུ་དུ་མ་འབུལ་བར་གྲགས་ལ། ༡༧༡༩ལོར་གོང་མ་ཁང་ཞི་ཆེན་པོས་ཅུང་གར་བའི་དམག་ཤུགས་བོད་ནས་མཐར་སྐྲོད་གཏོང་རྒྱུའི་དྲག་དཔུང་གི་མགོ་འཛིན་བྱས་ཤིང་༡༧༢༠ལོར་ཅུང་གར་སྟོབས་ཤུགས་བོད་ནས་མཐར་སྐྲོད་རྩ་མེད་བཏང་ཞིང་དེ་ནས་བཟུང་སོག་པོའི་དཔུང་ཤུགས་བོད་དུ་མེད་པར་གྱུར།  དུས་འདི་ཙམ་ནས་བཟུང་བོད་དུ་སོག་པོའི་སྟོབས་ཤུགས་ཀྱི་ཚབ་ཏུ་ཆིང་གོང་མའི་མི་སྣ་དང་དམག་དཔུང་གིས་དགའ་ལྡན་ཕོ་བྲང་བའི་སྲིད་དབང་གི་རྒྱབ་རྟེན་བྱས་པ་ཡིན་འདུག ༡༧༣༤ལོར་གོང་མས་རྒྱལ་དབང་མཆོག་བོད་དུ་ཕེབས་རྒྱུར་བཀས་གནང་སྟེ། རང་གི་སྲས་བཅུ་བདུན་པ་དང་གོང་མའི་དབུ་བླ་ལྕང་སྐྱ་རོལ་པའི་རྡོ་རྗེས་གཙོས་གོང་མའི་མི་སྣ་ཆེད་དུ་བཏང་ནས་ཁམས་མགར་ཐར་དུ་ཕེབས་ཏེ་རྒྱལ་དབང་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུའི་བཀའ་ལུང་ཁྱབ་བསྒྲགས་ཐོག་ཟླ་བདུན་པའི་ནང་དུ་དབུས་སུ་ཞབས་སོར་འཁོད་དེ། གྲུ་འཛིན་གཉིས་པའི་གདོང་ལྔས་བཏེགས་པའི་ཁྲི་ལ་མངའ་གསོལ། ༡༧༥༢ལོར་པཎ་ཆེན་སྐུ་ཕྲེང་དྲུག་པ་དབུས་ཕྱོགས་སུ་ཕེབས་ནས་རྒྱལ་དབང་མཆོག་གི་མདུན་ནས་བཀའ་དང་ཆོས་མང་པོ་གསན་བཞེས་མཛད།དུས་སྐབས་འདིར་ལྷ་སྐྱོང་རྒྱལ་པོས་པེ་ཅིན་དུ་བོད་ཀྱི་ནང་བའི་དགོན་སྡེ་གསར་འདེབས་ཡོད་པར་བོད་དབུས་ནས་ཆོ་ག་ཕྱག་ལེན་དང་དབུ་མཛད་བྱང་འདྲེན་མ་ཟད་གར་འཆམ་གྱི་དཔོན་སོགས་དགོན་པར་དགོས་ངེས་ཀྱི་དཔོན་སློབ་མང་པོ་མངགས་པར་མཛད་པས་མེས་རྒྱལ་ནང་ཁུལ་དུ་བོད་ཀྱི་ཆོས་དང་རིག་གནས་སྤེལ་བར་རང་ཤུགས་ཀྱིས་མཐུན་རྐྱེན་ལེགས་པར་བསྒྲུབས།

དགའ་ལྡན་བྱིན་ཆགས་སྒོ།

     ཆིང་གོང་མ་ཁང་ཞི་སྲིད་ལོ་33པར་ལོར་བཞེངས། སྔོན་ཆད་འདི་ནི་ཆིང་ཡུང་ཀྲིན་གྱི་ཕོ་བྲང་གི་མདུན་སྒོ་ཡིན་ལ་རྗེས་སུ་ལྷ་སྐྱོང་སྲིད་ལོ་9པར་ནང་བའི་དགོན་པར་བསྒྱུར་རྗེས། རྒྱལ་ཆེན་བཞིའི་ལྷ་ཁང་དུ་གྲགས་སོ། གཞན་འོད་གསལ་བདེ་བའི་སྒོ་ཟེར་བ་ཞིག་ཀྱང་འདུག


གླིང་བཞི།

ཆོས་འཁོར་རབ་རྒྱས་གླིང་།

     གོང་མ་ཆན་ལུང་སྲིད་ལོ་༩་པར་བཞེངས་ཤིང་བོད་ཀྱི་དགོན་སྡེའི་བཞེངས་སྲོལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ་དཀྱིལ་དུ་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ་ཆེན་པོའི་སྣང་བརྙན་གསེར་ཟངས་ལས་གྲུབ་པ་ཞིག་འདུག་ལ། གཡས་གཡོན་དུ་བཀའ་བསྟན་པོ་ཏི་མང་པོ་བརྩིགས་འདུག  རྗེའི་སྐུ་བརྙན་གྱི་རྒྱབ་ཏུ་ཙནྡན་དམར་པོ་ལས་བརྐོས་པའི་དགྲ་བཅོམ་ལྔ་བརྒྱའི་གནས་རི་དང་བཅས་བཞུགས། དེ་དག་གི་མདུན་དུ་གོང་མ་ཆན་ལུང་བལྟམས་ནས་ཉིན་གསུམ་པར་ཁྲུས་སུ་རོལ་བའི་ཁྲུས་སྣོད་ཞིག་འདུག

སྐྱབས་མགོན་རྟག་བཞུགས་གླིང་།

     གླིང་འདི་ཆིང་གོང་མ་ཁང་ཞི་སྲིད་ལོ་༣༣ལོ༡༦༩༤ལོར་བཞེངས། སྔོན་ཆིང་ཡུང་ཀྲིན་གྱི་དཔེ་ཁང་དང་བཞུགས་ཡུལ་ཡིན་པས་གཟིམ་བདེ་ཁང་དུ་གྲགས། ཆན་ལུང་སྲིད་ལོ་༩པར་ནང་བའི་དགོན་པར་བསྒྱུར་རྗེས་སྐྱབས་མགོན་རྟག་བཞུགས་གླིང་དུ་གསོལ། དཀྱིལ་དུ་གཙོ་རྟེན་སངས་རྒྱས་ཚེ་དཔག་མེད། གཡས་སུ་སངས་རྒྱས་སྨན་བླ། གཡོན་དུ་རྒྱལ་བ་སེངྒེ་ང་རོ་དང་སྒྲོལ་དཀར་དང་སྒྲོལ་ལྗང་གི་ཞལ་ཐང་ཡོད་འདུག

ཁྲིམས་ལྡན་དགེ་བ་གླིང་།  

     ཆན་ལུང་སྲིད་ལོ་༡༥པ་༡༧༥༠ལོར་བཞེངས། དཀྱིལ་དུ་ཙན་དན་དཀར་པོའི་སྡོང་པོར་བརྐོས་རིས་སུ་གྲུབ་པའི་རྒྱལ་བ་བྱམས་པ་བཞེངས་སྟབས་སུ་བཞུགས་པའི་སྣང་བརྙན་མཐོ་ཚད་ལ་སྨི་བཅོ་བརྒྱད་ས་འོག་སྨི་བརྒྱད་བསྡོམས་སྨི་ཉི་ཤུ་རྩ་དྲུག་ཞིག་བཞུགས་སུ་གསོལ་ཡོད། གཡས་གཡོན་གཉིས་ཀྱི་ལྡེབས་རིས་ནི་སངས་རྒྱས་ཤྭཀྱ་ཐུབ་པའི་སྐྱེས་རབས་རྣམ་ཐར་ཡིན། ལྷ་ཁང་འདིའི་ཐོག་ཁར་སངས་རྒྱས་ཀྱི་སྐུ་བརྙན་ཁྲི་བཞུགས་པར་བཤད།  

རྟག་བདེ་གླིང་། 

     གླིང་འདི་ཆན་ལུང་སྲིད་ལོ༡༣ནས་སྲིད་ལོ་༡༥་བར་༡༧༤༨ནས་༡༧༥༠བར་བཞེངས། གླིང་འདིའི་ནང་དུ་པདྨ་ཆེན་པོ་བསྐོར་ཐུབ་པ་དང་འཁོར་ན་ཁ་འབྱེད་འཛུམ་ཐུབ་པ་ཞིག་ཡོད་པ་ཁ་འབྱེད་དུས་ལྷ་སྐུ་གསལ་བོར་མཐོང་ཐུབ་པས་པདྨ་བཞད་འཕྲལ་ལྷ་སྐུ་མཇལ་བར་མངོན། ཞེས་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་འདུག

གྲྭ་ཚང་བཞི།

མཚན་ཉིད་གྲྭ་ཚང་།

     ལྷ་སྐྱོང་སྲིད་ལོ་9པར་བཞེངས། བཙུན་པ་དག་གིས་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་མཛད་ས་དང་། དཀྱིལ་དུ་ཙོང་ཁ་པའི་སྐུ་བརྙན་ལི་མ། གཡས་སུ་གདུགས་དཀར་གྱི་སྐུ་བརྙན་ལི་མ། གཡོན་དུ་སྒྲོལ་ལྗང་གི་སྐུ་བརྙན་ལི་མ་བཞུགས།

རྒྱུད་པ་གྲྭ་ཚང་།

     ༡༧༤༤ལོར་བཞེངས་ཤིང་། བཙུན་པ་ཚོས་གསང་སྔགས་སློབ་གཉེར་བྱེད་ས་ཡིན་འདུག་ལ་དཀྱིལ་དུ་རྗེ་ཙོང་ཁ་པའི་སྣང་བརྙན་ལི་མ་དང་གཡས་སུ་འཇམ་པའི་དབྱངས། གཡོན་དུ་རྗེ་ཤེས་རབ་སེངྒེའི་སྐུ་བཅས་འདུག

སྨན་པ་གྲྭ་ཚང་།

     ལྷ་སྐྱོང་སྲིད་ལོ་9པར་བཞེངས། གསོ་བ་རིག་པ་སློབ་གཉེར་བྱེད་ས་དང་དཀྱིལ་དུ་ཙོང་ཁ་པའི་སྐུ་བརྙན་ལི་མ། གཡས་སུ་སངས་རྒྱས་སྨན་བླ། གཡོན་དུ་ཚེ་དཔག་མེད།

དུས་འཁོར་གྲྭ་ཚང་།

     ལྷ་སྐྱོངསྲིད་ལོ9པར་བཞེངས། བཙུན་པ་དག་གི་སྐར་རྩིས་ལ་སློབ་གཉེར་བྱེད་ས་དང་དཀྱིལ་དུ་ཙོང་ཁ་པའི་སྐུ་བརྙན་ལི་མ།གཡས་སུ་རྒྱལ་ཚབ་རྗེའི་སྐུ་བརྙན་ལི་མ། གཡོན་དུ་མཁས་གྲུབ་རྗེའི་སྐུ་བརྙན་ལི་མ་བཅས་བཞུགས།

ལྷ་ཁང་བཞི།

དགེ་ལྡན་ལྷ་ཁང་།

     ལྷ་སྐྱོང་སྲིད་ལོ9པར་བཞེངས། འདིར་སྔར་དགེ་ལྡན་པའི་བླ་རྒྱུད་རིམ་བྱོན་གྱི་སྐུ་བརྙན་བཞུགས་ཡོད། ཕྱིས་སུ་སྐུ་བརྙན་དེ་དག་གདུགས་དཀར་ལྷ་ཁང་གི་ནང་དུ་བཞུགས་སུ་གསོལ་བ་ན། ད་ལྟ་དགེ་ལྡན་ལྷ་ཁང་འདི་ནི་ཆིང་རྒྱལ་རབས་སྐབས་ཀྱི་དཔར་ཤིང་དང་དཔེ་ཆ་དག་སྒྲིག་ཁང་དུ་བསྒྱུར་ཡོད།

ཡ་མཱནྟ་ཀའི་ལྷ་ཁང་།

     ལྷ་སྐྱོང་སྲིད་ལོ9པར་བཞེངས། དཀྱིལ་དུ་རྡོ་རྗེ་འཇིགས་བྱེད། གཡས་སུ་དམ་ཅན་ཆོས་རྒྱལ། གཡོན་དུ་སྤྲིན་རིང་རྒྱལ་པོ་བཅས་ཀྱི་སྐུ་བརྙན་བཞུགས་སུ་གསོལ་ཡོད།

རྒྱ་གར་ལྷ་ཁང་།

     ལྷ་སྐྱོང་ཁྲི་ལོ་9པར་བཞེངས། འདིར་སྔར་འཕགས་ཡུལ་གྱི་མཁས་གྲུབ་རྣམ་པ་ལྔའི་སྐུ་བརྙན་བཞུགས་སུ་གསོལ་མོད། ཕྱིས་སུ་སྐུ་བརྙན་དེ་དག་གདུགས་དཀར་ལྷ་ཁང་དུ་བཞུགས་སུ་གསོལ་བ་ཡིན། ད་ལྟ་ལྷ་ཁང་འདི་གའི་གྲྭ་བའི་འདུག་ཁང་དུ་སྦྱར་བ་ཡིན་འདུག  

གདུགས་དཀར་ལྷ་ཁང་།

     ལྷ་སྐྱོང་ཁྲི་ལོ་9པར་བཞེངས། དབུས་སུ་གདུགས་དཀར་མཆོག་གྲུབ་མ་དང་སྒྲོལ་དཀར་སྒྲོལ་ལྗང་ནུབ་ཏུ་འཕགས་ཡུལ་གྱི་མཁས་གྲུབ་དམ་པ་ལྔ། ཤར་དུ་དགེ་ལྡན་པའི་བླ་རྒྱུད་རིམ་བྱོན་གྱི་བླ་མ་རྣམས་ཀྱི་སྐུ་བརྙན་བཞུགས་སུ་གསོལ་ལོ།།

ལྷ་ཁང་གཞན།

པཎ་ཆེན་ངལ་གསོ་ཁང་།

    ཆིང་གོང་མ་སྲིད་ལོ་༤༥བ༡༧༨༠ལོར་བཞེངས། ཆན་ལུང་རྒྱལ་པོས་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་པེ་ཅིན་དུ་སྤྱན་དྲངས་ཏེ། པཎ་ཆེན་རིན་པོ་ཆེས་རྒྱལ་པོ་འཁོར་དང་བཅས་པ་ལ་ཚེ་དབང་བསྐུར་ཞིང་འཁྲུངས་སྐར་གྱི་ཞབས་བརྟན་ཞུ་སྐབས་འདིར་སྐུ་ངལ་གསོ་བར་བཞུགས།  

སྡོམ་འབོག་སྟེགས་ཁྲི་ཁང་།

     ཆིང་གོང་མ་ཆན་ལུང་སྲིད་ལོ་༤༥པ༡༧༨༠ལོར་བཞེངས། ཆན་ལུང་གོང་མས་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་པེ་ཅིན་དུ་སྤྱན་དྲངས་ཏེ་ལྷ་ཁང་འདིའི་ནང་རྒྱལ་པོ་འཁོར་བཅས་ལ་དགེ་བསྙེན་གྱི་སྡོམ་པ་གནང་།    

གཞོགས་ཁང་ནུབ་མ།

     ལྷ་སྐྱོང་ཁྲི་ལོ་9པར་བཞེངས། དཀྱིལ་དུ་ཙན་དན་ལས་གྲུབ་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བརྙན། དེའི་གཡས་གཡོན་དུ་སེམས་དཔའ་ཆེན་པོ་བརྒྱད་ཀྱི་སྣང་བརྙན་བཞུགས་འདུག  

ཇོ་ཁང་།

     ཁང་ཞི་སྲིད་ལོ་༣༣་པ་༡༦༩༤ལ་བཞེངས། སྔོན་གོང་མ་ཡོང་ཀྲིན་ཡུམ་ཆིན་སྲི་ཞུ་འཕགས་མོ་ཉིའུ་ཀུའུ་ལུའུ་ལགས་ཀྱི་ལྷ་མཆོད་ཁང་ཡིན། ནང་དུ་སངས་རྒྱས་ཤཀྱ་མུ་ནིའི་སྣང་བརྙན་ལི་མ་བཞུགས་སུ་གསོལ་འདུག

ཅོང་ཁང་།

     ལྷ་སྐྱོང་སྲིད་ལོ་9པར་བཞེངས། སྟེང་ཁང་ནང་དུ་མིང་རྒྱལ་རབས་སྐབས་ཀྱི་ཅོང་དྲིལ་ཆེན་པོ་ཞིག་བཀལ་ཡོད་ཅིང་། འདི་གའི་དགེ་འདུན་དམངས་ཀྱིས་ཆོས་ཀྱི་བྱེད་སྒོ་སྤེལ་བའི་སྐབས་སུ་རྡུང་གི་ཡོད་འདུག་གོ།

རྔ་ཁང་།

     ཡང་སྐབས་དེར་བཞེངས་བར་འདུག་ལ་སྟེང་ཁང་དུ་ཆིང་རྒྱལ་རབས་སྐབས་ཀྱི་རྔ་བོ་ཆེ་ཞིག་བཀལ་འདུག་ཅིང་འདི་ཡང་ཆོས་ཀྱི་བྱེད་སྒོའི་སྐབས་རྡུང་བ་ཡིན་པར་གྲགས།

རྡོ་རིང་།

     ཤར་ནུབ་གཉིས་སུ་རྡོ་རིང་གཉིས་འདུག་ཅིང་རྡོ་རིང་ཤར་མ་ནི་ཆན་ལོང་སྲིད་ལོ་༩པར་བཞེངས་ལ། གྱོ་རྩིའི་རྒྱ་ཕིབས་དང་བྱ་འདབ་ཉིས་བརྩེགས་ཅན་གྱི་ཟུར་བརྒྱད་རྡོ་རིང་ཁང་འདི་བཟོ་བཀོད་ཤིན་ཏུ་ལེགས་ལ་དེའི་ནང་དུ་རྡོ་ཀ་མ་རུ་ལས་གྲུབ་པའི་རུས་སྦལ་འབྲུག་མགོ་ཅན་གྱིས་བཏེགས་པའི་རྡོ་རིང་འབྲུག་རིས་མཐོ་ཚད་ལ་སྨི་༥ཚེག་༩༠ཡོད་པ་ཞིག་འགྱིང་ངེར་ལངས་འདུག  དེའི་ངོས་སུ་མན་ཇུའི་ཡི་གེ་དང་རྒྱ་ཡིག་གཉིས་ཀྱི་ཐོག་ནས་དགོན་པ་འདི་བཞེངས་དགོས་པའི་རྒྱུ་རྐྱེན་གསལ་པོར་བརྐོས་འདུག  རྡོ་རིང་ནུབ་མ་ནི་རྡོ་ཀ་མ་རུ་ལས་གྲུབ་པའི་རྡོ་རིང་འབྲུག་རིས་མ། ངོས་སུ་སོག་ཡིག་དང་བོད་ཡིག་གིས་དགོན་པ་བཞེངས་དགོས་པའི་རྒྱུ་མཚན་བཀོད་འདུག་གོ།



2019.11.2ལ་བྲིས་པ་དགེའོ།།  




གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ca2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཚེ་རིང་སྐྱིད། སྤེལ་དུས:2019/11/3
སློབ་གྲོགས་ལགས། རེ་བ་རི་འདྲ་ཟིག་ཡོད།
 སྤེལ་མཁན: པདྨ་སྒྲོལ་དཀར། སྤེལ་དུས:2019/11/3
བུ་རེ་བ་ཅན།
 སྤེལ་མཁན: མཁའ་འགྲོ་སྐྱིད། སྤེལ་དུས:2019/11/3
བཀའ་དྲིན་ཆེ
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
46005081
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1