ས་རྡུལ།
གཟུགས་མེད།
འགྲོ་བ་མིའི་རིགས་ལ་མཐོན་པོ་དང་དམའ་མོ་ཟེར་བའི་གྲལ་རིམ་ཞིག་ཡོད། དེ་ནི་ཐོབ་དང་དངུལ་ལོ་ཡིས་འབྱེད་འགྲོ་བ་རེད། གཉིས་ཀ་མེད་པའི་མི་སེར་ཚོས་ནི་ནམ་རྒྱུན་གཞན་གྱི་བརྙས་བཅོས་དང་མཐོང་ཆུང་འོག་ནས་འཚོ་བ་རོལ་དགོས་པ་རེད། འབྱོར་ལྡན་གྲལ་རིམ་ཚོའི་མིག་ལམ་ནས་མི་སེར་གྱི་ཚེ་སྲོག་ནི་སྒེའུ་ཁུང་སྲུབས་ཀ་ནས་མར་ལྷུང་བའི་ས་རྡུལ་ལས་ཀྱང་རིན་ཐང་ཆུང་། དེ་ནི་འཇིག་རྟེན་ན་མཐོན་པོ་དང་དམའ་མོ། བཙན་པོ་དང་གཉོམ་ཆུང་ཟེར་བ་ཞིག་ཡོད་པས་སོ།། དེ་བས་ཁྱོད་ཀྱིས་ང་རང་འཇིག་རྟེན་འདིར་ཡོད་མེད་ཀྱང་མི་ཤེས་ལ། ཤེས་ཀྱང་དོ་སྣང་ཡང་བྱ་མི་སྲིད། རྒྱུ་མཚན། འུར་ཟིང་གི་རླབས་ངོགས་སུ་འབྱར་བའི་དུས་རབས་འདིའི་མི་དག་ནི་ཐོབ་དང་དངུལ་ལོ་ཡི་ཆེད་དུ་འཚང་ཀ་རྒྱག་གིན་ཡོད་པས་རེད། དེའི་ཆེད་དུ་གྲོགས་དང་ཉེ་རིང་ཡང་བསླུ་འགྲོ་འུ་རེད། ང་ནི་མི་སེར་གྱི་ཁྱིམ་ནས་སྐྱེས་ཤིང་དེ་ནས་འཆི་འགྲོ་ངེས། ངའི་གློ་ཁུག་ནང་དུ་རྙིང་རུལ་དུ་གྱུར་བའི་འགྱིག་ཤོག་དང་ས་རྡུལ་རེ་ལས་གང་ཡང་མེད། ཡིན་ནའང་། ངའི་ཉག་ཕྲ་བའི་ཚེ་སྲོག་གི་རྒྱུད་སྐུད་སྟེང་དུ་ལྷག་བསམ་ཟོལ་མེད་ཀྱིས་ཁྱོད་ལ་གཞས་མང་པོ་བཏང་མྱོང་། གཞས་དེ་དག་གིས་ངའི་ནང་སེམས་ནས་ཡུན་རིང་ལུས་པའི་ཡི་མུག་དང་སེམས་ཆུང་གི་སྐད་ཆ་མང་པོ་མཚོན་ནུས། ང་ནི་སྐྱེ་བའི་སྐྱེ་བར་མི་སེར་དཔེ་ཀློག་པ་ཞིག་ཡོང་བར་འབད་པ་དང་སྨོན་ལམ་རྒྱག་མཁན་ཞིག་ཡིན། ཡིན་ནའང་། ཁྱོད་ཀྱིས་ཤེས་དགོས་པ་ཞིག་ལ་ང་ཁྱེད་ལ་དགའ་བ་ནི་ཁྱེད་ཀྱི་སྐྲ་ཉག་རེ་རེའི་གྲངས་ཀ་ལས་ཀྱང་མང་། སློབ་གྲྭའི་ས་སྲོད་ནང་དུ་ཁྱོད་ཀྱིས་རྩ་ཚིག་གང་དེའི་ཚིག་དུམ་རེ་རེ་བློར་འཛིན་ཞོར་སྐྲ་ཡི་ལན་བུ་རེ་རེ་རླུང་ནང་དུ་འཕྱོ་རུ་བཅུག་པའི་ངང་ཚུལ་དེས་ནི་མཚན་མོ་ངའི་རྨི་ལམ་གྱི་སྒོ་མོ་རྡུང་ནས་བསླུ་བྲིད་ཀྱི་འོབས་སུ་ཁྲིད་འགྲོ།
༢༠༡༩ ་ལོར།
ངའི་སེམས་པ།
གཟུགས་མེད།
ངས་འཆི་བ་དྲན་བྱུང་། དེའི་རྒྱབ་རོལ་གྱི་ལས་འཕྲོ་དྲན་བྱུང་། ད་ལྟའི་དུས་སུ་ངས་མཚན་མོ་རེ་རེའི་དུས་ཚོད་བེད་སྤྱད་ནས་རྨི་ལམ་དུ་རྨིས་པའི་འཚོ་བ་དག འཆི་བའི་རྒྱབ་རོལ་གྱི་ལས་འཕྲོའི་ནང་སྨིན་ཐུབ་པར་རེ་བ་བཅང་ཡོད། གཞན་ད་དུང་། ང་འཆི་ཁར་ངའི་སེམས་པ་ཁྱོད་ཕྱོགས་སུ་ཆད་པའི་སྤྲིན་པའི་གསེབ་ཏུ་བསྐུར་ཡོང་། ངའི་སེམས་པ་ནི་སྙིང་རྗེ་དང་བྱམས་སེམས་ཀྱིས་གཏམས་པའི་འཕྲིན་ཡིག་ཅིག་ཡིན། དེའི་ནང་དུ་ངའི་ཡིད་སྒོ་རུ་འཆར་ཐུབ་ཀྱང་ངག་སྒོ་ནས་བརྗོད་མ་ཐུབ་པ་མང་པོ་ཞིག་ཡོད། དེ་བས་ངའི་སེམས་པ་འདི་ཁྱོད་གཅིག་པུར་སྟེར་ཆོག
ངའི་སེམས་པ་ནི་ང་ལ་མི་དབང་བར་སྔོན་མ་ནས་ལས་དབང་གིས་ཁྱོད་ལ་གནང་འདུག ང་རང་འཆི་དུས་དབྱར་ཁའི་ཞོགས་པ་ཞིག་ཡིན་ངེས། སྨུག་པ་རི་ལུང་ཀུན་དུ་དུམ་བུར་དུམ་བུར་བྱས་ཏེ་འཁྱིལ་་ཞིང་། མེ་ཏོག་གི་འདབ་མ་རེ་རེའི་སྟེང་གི་ཞོགས་པའི་ཟིལ་ཆུ་ནི་བུ་མོ་ཡིད་དུ་འོང་བ་ཞིག་གི་མིག་ཆུ་དང་འདྲ་བར་ག་ལེར་སར་ལྷུང་བཞིན་ང་རང་འཇིག་རྟེན་གྱི་གྲི་ག་གཞན་ཞིག་ལ་སྐྱེལ་མ་བྱེད་ངེས། དེ་དུས་ངའི་ཆེས་མཐའ་མཇུག་དབུགས་ངལ་ཉི་མའི་འོད་ཐུག་བརྒྱུད་དེ་ཁྱོད་ཕྱོགས་སུ་རྒྱུ་འགྲོ། ངའི་སེམས་པ་དང་ལྷན་དུ།
༢༠༡༩ ལོར།
ཁྱོད་རང་ངའི་མིག་ལམ་དུ་འཆར།
གཟུགས་མེད།
མགོ་ལོག་གི་ས་སྲོད་ནང་ངས་ཐ་མག་འཐེན་བཞིན་སྙན་ངག་ཅིག་བྲིས་པ་ཡིན། སྤྱིར་བཏང་། ཐ་མག་འཐེན་ན་ཉེས་པ་ཡོད་མེད་ནི་སོ་སོའི་ལྟ་སྟངས་ཙམ་རེད། དེ་བས། ངས་ཐ་མག་གི་ཉེས་དམིགས་མི་གླེང་སོར་བཞག་བྱའོ།། མ་གཞི་ཞེན་ཆགས་ནི་ཡུན་རིང་རྐང་འགྲོས་ལག་གཤིབ་བྱས་ཏེ་བཞག་འགྲོ་བ་ཞིག་མ་རེད། དེ་ནི་རླུང་ལྡང་ཕྱོགས་ཤིག ཡང་ན་མིག་ཟུང་ཀེམ་ཀེམ་གཡོ་བ་ཙམ་གྱིས་བཞག་འགྲོ་བ་ཞིག་རེད། གོ་རིམ་ཡོད་པ་མ་རེད། འུ་གཉིས་ངོ་མི་ཤེས་ལ། སོ་སོའི་སེམས་སུ་སྨོན་འདུན་ཅི་ཡོད་ཀྱང་མི་ཤེས། ཡིན་ནའང་། ཁྱོད་ཀྱིས་ཉམས་བཞག་མ་མྱོང་བའི་གནས་དག་ཏུ་ངས་ཁྱོད་རང་། མ་སྒོམ་ཞེ་རུ་འཆར་ནས་སྐྱོ་སྣང་དང་རེ་ཆད་ཀྱིས་ཁེངས་ཡོད་ལགས།
དེ་དུས་ཁྱོད་རང་ཧ་ཅང་ན་ཆུང་། ང་ཡང་དེ་བཞིན་ནོ། ངས་འཚོགས་ཆེན་འདུ་ཁང་ནང་ནས་ཁྱོད་ཀྱིས་བཏང་བའི་གཞས་དག་ལ་ཉན་བཞིན། སྒོ་གསུམ་ཞི་ཞིང་དུལ་བའི་སྡོམ་ཁྲིམས་ནི་ཉིན་རེ་བཞིན་ཉམ་རྒུད་དུ་གྱུར། དེའི་འབྱུང་རྩ་དེད་ན་ཁྱེད་ཡིན། མིན། ངས་དེ་ལྟར་ཁྱོད་ལ་རྫུན་བཤད་མི་ཕོད་ལགས། དངོས་གནས་མི་ཕོད། ཡིན་ནའང་། ཆེས་ཐོག་མའི་རྡོ་རྗོ་འགུལ་བའི་རྒྱུ་རྐྱེན་ནི་ཁྱོད་ཡིན་ལགས། ད་ཆ་སྔར་དང་བསྡུར་ན་ལས་ཀྱི་བར་ཐག་དཔག་ཚད་ཅིག་གིས་ཇེ་ཉེ་རུ་བཏང་འདུག དེ་བས། ངས་ཁྱོད་ཀྱི་འགྲོ་འདུག་སྤྱོད་ཉུལ་ལ་ཉིན་མོ་བལྟས་ཏེ་མཚན་མོ་རྨི་ལམ་དུ་རྨིས་ཆོག་པ་རེད། དེ་ནི་ང་ལ་མཚོན་ན་སོན་པའི་སྙིང་བོ་རུ་སེམས་ཡོད་ལགས།
༢༠༡༩ ་ལོར།
གསོན་པ་ནི་འཆི་བ་ལས་ཀྱང་དཀའ་འོ།།
ཡབ་ཆེན་འདས་གྲོངས་སུ་ཕྱིན་རྗེས་ང་ལ་ཕ་ཡུལ་དུ་ལོག་འདོད་ཀྱི་སེམས་འདུན་ནི་ལར་ནས་ཡོད་མ་སོང་།རྒྱུ་མཚན།ང་རང་ཕ་ཡུལ་དུ་སྡོད་དུས་།ཕ་ལགས་ཀྱི་སྐུའི་གཟི་བྱིན་དང་བྱམས་བརྩེའི་ཉི་འོད་སོགས་རེ་རེ་བཞིན་སེམས་སུ་འཆར་འོང་ལ།དེ་དུས།ང་ལ་རང་ཉིད་གཅིག་པུ་འཇུག་རྟེན་དཀར་ངོགས་འདིར་ལུས་སོང་བ་ལྟ་བུའི་ཚོར་སྣང་ཞིག་འགོག་མེད་དུ་སྐྱེས་ཡོང་།དེ་བས།ངའི་ད་བར་དུ་བས་མཐའ་ནས་གཞན་གྱི་བརྙས་བཅོས་དང་མཐོང་ཆུང་འོག་འཚོ་བ་རོལ་ནས་ཡོང་བ་ཡིན།
ང་རང་མཐོ་འབྲིང་ན་ཡོད་སྐབས། ན་ཆུང་བའི་རྫ་ཆུ་ཁའི་བུ་མོ་ངོ་ཤེས་ཤིང་ངེད་གཉིས་ཀྱིས་ཕན་ཚུན་ལ་སོ་སོའི་འཚོ་བ་དང་ཕུགས་བསམ་གླེང་བ་ཡིན།མོས་ང་ལ་སེམས་མ་སྐྱོ་ཡིད་ཆེས་དང་རེ་བ་ཡོད་ཅེས་བཤད།ངས་ཀྱང་ཡ་ཞེས་ལན་བཏབ་པ་ཡིན་མོད།ང་ནི་དངོས་གནས་སྙིང་ནད་པ་ཅན་གྱི་མི་ཞིག་ཏུ་གྱུར་ཚར་བས་ན།སྐྱོ་སྣང་ལ་མཚམས་དང་མཐའ་མི་འདུག།བུ་མོ་དེས་ང་ལ་ད་ལྟ་ཡང་རྒྱུན་དུ་ཁ་པར་བཏང་ནས་སེམས་གསོ་མང་པོ་བྱས་མྱོང་ལ།ཁོ་མོས་རེ་བ་དང་ཡིད་ཆེས་ཀྱི་མིག་ཟུང་གཉིས་པོས་ང་ལ་ཅེར་ཡོད་ཅེས་བཤད་མྱོང་། ངས་སྐད་ཆ་དེ་དག་ལ་ཡ་ལན་བཏབ་པ་ཡིན་མོད།དོན་དངོས་ནི་དེ་འདྲ་རང་རེད།ངའི་མ་ལགས་ཀྱིས་ཀྱང་དེ་འདྲ་བཤད་མྱོང་།ཡིན་ནའང་།ངས་ནི་ཏག་ཏག་གསོན་པའི་སྙིང་བོ་ཡང་རྙེད་ཐབས་བྲལ།
༢༠༡༩ ་ལོར།
|