དངོས་མིང་ལ་བོན་རྒྱ་ལྷ་དཀར་རྒྱལ་དུ་འབོད། 2001ལོར་མདོ་སྨད་མང་རའི་འབྲོག་སྡེ་བོན་རྒྱ་ཞེས་པར་སྐྱེས།
སློབ་གྲྭ་ཆུང་འབྲིང་བརྒྱུད་ནས2018ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས།
སློབ་སྦྱོང་གི་ཞོར་དུ་རྩོམ་ཡིག་ཁ་ཤས་བྲིས་ཏེ་མང་ཆུ་ལོ་དེབ་དང་མཚོ་སྔོན་བོད་ཡིག་གསར་འགྱུར།
མཚོ་སྔོན་ཁྲིམས་ལུགས་ཚགས་པར། མཚོ་སྔོན་པོ་དྲ་བ། མཐོང་གྲོལ་དྲ་བ།
ང་ཡི་རེབ་གོང་དྲ་བ་སོགས་སུ་སྙན་ངག་དང་སྒྲུང་གཏམ།
སྒྱུར་རྩོམ་བཅས་རྩོམ་ལུས་འདྲ་མིན་གྱི་རྩོམ་ཡིག་ཁ་ཤས་སྤེལ་མྱོང་2019ལོའི་གསེར་སྨྱུག་རྟགས་མའི་སློབ་གླིང་རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།
ད་ལྟ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་གཉེར་བྱེད་པའི་ཞོར་དུ་རྩོམ་ཡིག་ཐར་ཐོར་རེ་འབྲི་བཞིན་མཆིས་སོ།
།
ལྷ་ཡག་དང་སྒྲོལ་མ།
ཆང་གཞོན་ནུ། [མཚོ་ལྷོ]
ནངས་སྔ་མོའི་ཉི་ཐིག་སྒེའུ་ཁུང་བརྒྱུད་ནས་དཔེ་དེབ་སྤུངས་ཡོད་སའི་ཅོག་ཙེའི་སྟེང་འཕྲོས་བྱུང་།ཡོད་ཚད་ལྷིང་ཞིང་འཇགས་པའི་ཞོགས་པ་འདིར།
ཁ་པར་ལས་སྐད་འཕྲིན་དུ་སྐད་ཐོན་པའི་སྒྲ་བར་མེད་དུ་གྲགས་བྱུང་།
བར་མེད་དུ་གྲགས་པའི་ཁ་པར་གྱི་སྒྲ་དེས་ལྷ་ཡག་ཚེ་རིང་གི་གཉིད་དཀྲོགས་ནས་རྨི་ལམ་ལ་བར་ཆད་བཟོས་སོང་བ་འདྲ།ཁོའི་མིང་ལ་ལྷ་ཡག་ཚེ་རིང་ཟེར་ཞིང་གྲོགས་པོ་ཚོས་འབོད་བདེ་བའི་ཆེད་ཁོའི་མིང་ལ་ལྷ་ཡག་ཏུ་འབོད།ལྷ་ཡག་གིས་རྣར་གཟན་པའི་སྒྲ་དེ་བཟོད་མ་ཐུབ་པར་གློག་གསོག་ཡོད་པའི་ཁ་པར་ལ་ལག་སྙོབ་བྱས་ནས་བླངས་རྗེས་མིག་ཟུང་ཕྱེ་མ་བཙུམས་ཀྱིས་ཅོང་སྒྲ་མེད་པར་བྱས་རྗེས་སྐད་འཕྲིན་ཉུལ།
སྐད་འཕྲིན་དུ་དེ་རིང་ཁོ་ལ་མཚོན་ན་གཏམ་བཟང་ཅི་ཡང་མི་འདུག
ཁོས་སྙན་ངག་པ་སྤྲིན་བཞོན་ལགས་ཀྱིས་མདང་དགོང་གསར་དུ་སྤེལ་བའི་སྙན་ངག་ཁ་བྱང་དུ"བྱ་ཁུ་ལོ་གྲགས་ན་ཇེ་སྨྲེང་རེད"ཅེས་པ་ཡང་བསྐྱར་བཀླགས།
སྙན་ངག་པ་སྤྲིན་བཞོན་ལགས་ནི་སྐབས་དེར་བོད་ཁུལ་དུ་མིང་གྲགས་ཧ་ཅང་ཆེ་བའི་སྙན་ངག་པ་དེའི་རིགས་མིན་མོད།
ལྷ་ཡག་ལ་མཚོན་ནས་བཤད་ན་སྤྲིན་བཞོན་ལས་ལྷག་པའི་སྙན་ངག་པ་ཞིག་ཡོད་མི་སྲིད་ལ།
སྤྲིན་བཞོན་གྱི་དུངས་བརྗོད་སྙན་ངག་ལས་ལྷག་པའི་སྙན་ངག་ཅིག་ཀྱང་ཡོད་མི་སྲིད་དོ།
།མ་མཐའ་ཡང་ཁོ་ལ་མཚོན་ན་དེ་ལྟར་རོ།།དུས་ནམ་ཞིག་ནས་བཟུང་ཁོ་རང་སྤྲིན་བཞོན་གྱི་སྙན་ངག་བཀླག་རྒྱུར་དགའ་མགོ་བརྩམས་པ་གསལ་བོ་ཞིག་ཁོ་ལའང་བཤད་རྒྱུ་མེད་མོད།ཁོའི་དྲན་པའི་ལྡེབས་རིས་སུ་གསལ་བ་ནི་དམའ་འབྲིང་གི་སྐབས་སུ་ཡངས་པའི་རྩྭ་ཐང་དུ་རྟ་ཁྱུ་ཞོགས་པའི་འདྲ་པར་མདུན་ཤོག་ཏུ་བྱས་པའི་དཔེ་ཆ་ཞིག་ཁོ་ཚོའི་སྐད་ཡིག་དགེ་རྒན་གྱིས་ཁོ་ལ་བྱ་དགར་གནང་བ་དེ་རེད།
རྗེས་སུ་ཁོས་དཔེ་ཆ་དེ་ནི་སྙན་ངག་པ་སྤྲིན་བཞོན་ལགས་ཀྱི་སྙན་དེབ་ཐོག་མ་ཡིན་པ་ཤེས་ལ།
སྙན་དེབ་དེ་ནི་སྙན་ངག་པ་ཁོས་རང་གི་འདས་ཟིན་པའི་ཆུང་མར་ཕུལ་བའི་སྙན་དེབ་ཡིན་པའང་ཤེས།
རྒྱུ་རྐྱེན་དེ་ཡིན་ནམ་ཡང་ན་སྙན་ངག་པ་སྤྲིན་བཞོན་གྱི་སྙན་ངག་ལ་གཞན་ལས་ལྷག་པའི་མཛེས་སྡུག་གི་ཆ་གང་ཞིག་བག་ལ་ཉལ་བའི་ཚུལ་གྱིས་ཡོད་པ་གང་ཡིན་ཆ་མ་འཚལ་མོད།སྐབས་དེ་དུས་ཤིག་ནས་བཟུང་ལྷ་ཡག་གིས་ཆུང་མ་འདས་ཟིན་པའི་སྙན་ངག་པ་སྤྲིན་བཞོན་ལ་དོ་སྣང་བྱས་ཤིང་ཁོའི་སྙན་ངག་གང་མང་ཡང་ནས་ཡང་དུ་བཀླགས་ཤིང་གཞན་ལའང་མཚམས་སྦྱོར་བྱས།
ཁོ་ལ་མཚོན་ན་སྙན་ངག་པ་སྤྲིན་བཞོན་ལགས་ནི་ཁྲེལ་གཞུང་ལྡན་ཞིང་ཕྱི་ཐག་རིང་བ།
བརྩེ་དུང་གི་རིན་ཐང་རྟོགས་ཤིང་སྙིང་ཉེ་བའི་ཆུང་མ་ལ་རབ་ཏུ་དུངས་ཤིང་གཅེས་སྐྱོང་བྱེད་པའི་མི་ཞིག་ཡིན་པར་སྙམ་ཡོད།སྙན་ངག་པ་སྤྲིན་བཞོན་ལགས་ཀྱི་སྙན་ངག་དག་ནི་ཧ་ཅང་ཞི་ཞིང་འཇམ་ལ་མཉེན་ཞིང་ལྡེམ་པས་མི་ལ་རང་དབང་མེད་པར་ཞི་འཇམ་དང་ལྷིང་འཇགས།
སྐྱོ་ཡུས་དང་སྨྲེང་བའི་ཚོར་བ་ཟམ་ཟིམ་དུ་སྟེར་ཞིང་།གང་ལྟར་ཁོའི་སྙན་ངག་ལ་མཉེས་གཤིན་གྱི་ཆ་ཞིག་གིས་ཡོངས་སུ་ཁེངས་འདུག་པས་འགུག་ཤུགས་ཀྱང་བླ་མེད་ཅིག་ལྡན་ནོ།
།
ད་དུང་ལྷ་ཡག་གིས་ཤེས་གསལ་ལྟར་ན་སྙན་ངག་པ་སྤྲིན་བཞོན་གྱི་ཆུང་མ་ཚེ་ལས་འདས་རྗེས་ཁོ་རང་ལས་གནས་ལས་བུད་དེ་ཞིང་གྲོང་གི་དགེ་རྒན་དཀྱུས་མ་ཞིག་བྱས་ཤིང་།
ཡིད་ཀྱི་སྐྱོ་བ་དང་སྡུག་བསྔལ་མཐའ་དག་ཆང་དང་སྙན་ངག་ལ་བཅོལ་ནས་ཞིང་གྲོང་གི་བྱིས་པ་དག་གི་རྫི་བོར་གྱུར་ཏེ་ཕོ་རྐྱང་ལ་བསྡད་ཡོད་པ་དེ་རེད།
ལྷ་ཡག་གིས"བྱ་ཁུ་ལོ་གྲགས་ན་ཇེ་སྨྲེང་རེད"ཅེས་པ་ཐེངས་ཤིག་བཀླགས་རྗེས་ཅི་ཞིག་གིས་ཚིམས་སོང་བ་ལྟར་རེ་ཞིག་འགུལ་མེད་དུ་བསྡད་དེ་མིག་གིས་གནམ་གཅལ་ངོས་སུ་ཕུར་ཚུགས་སུ་ཅེར་ཏེ་ཡུད་ཙམ་ལུས།ཁོ་ལའང་ཅི་ཞིག་འབྲི་འདོད་ཀྱི་ཚོར་བ་ཞིག་གིས་ཡོངས་སུ་བརྟས་ཏེ་ཁོས་དུས་རྒྱུན་སྙན་ངག་འབྲི་སའི་མཉེན་ཆས་དེའི་ཁ་ཕྱེས་ཏེ་ཁ་བྱང་དུ་ཁོ་མོའི་མིང་གཏགས།
ཁོ་མོའི་མིང་ལ"སྒྲོལ་མ"ཟེར། རེད་ཡ།
ལྷ་ཡག་གིས"སྒྲོལ་མ"ཞེས་པའི་མིང་དེ་གཏགས་རྗེས་རེ་ཞིག་དྲན་པའི་མེ་ལོང་གི་ངོས་སུ་མི་ལོ་གསུམ་གྱི་ཡར་སྔོན་གྱི་འདས་དོན་ཤར་བྱུང་།མི་ལོ་གསུམ་གྱི་ཡར་སྔོན་གྱི་ཁོ་མོ་དྲན་བྱུང་།གནག་ཅིང་སྣུམ་ལ་སྐྱི་བསེར་རླུང་གིས་གཡོ་བའི་ཁོ་མོའི་སྐྲ་ལོ།
དཀར་གཙང་གི་ངོ་གདོང་ལས་མངོན་པའི་ཡིད་དུ་འོང་བའི་བཅོས་མིན་གྱི་འཛུམ་མདངས།ཆེ་ཞིང་སྒོར་ལ་གསལ་ཞིང་དྭངས་པའི་མཆོང་ཁྲ་ལྟ་བུའི་མིག་ཟུང་།
མིག་ཟུང་དེས་ཁོ་ལ་ལྟ་སྐབས་ཀྱི་མཛེས་ཉམས་དང་ཟུར་མིག་གི་མདའ་མོ།དམར་ཞིང་ཆུང་བའི་མཆུ་སྒྲོས་ལས་ཐོན་པའི་ཞི་འཇམ་གྱི་སྐད་ཆ།མདོར་ན་ཁོ་མོའི་ཡོད་ཚད་ཀྱི་ཡོད་ཚད་ལྷ་ཡག་གི་དྲན་ངོས་སུ་བབས།
ཆད་ལྷག་གཅིག་ཀྱང་མེད་པར།
ཁོ་མོ་ནི་སྒྲོལ་མའོ། །
དམའ་འབྲིང་སྐབས་ཀྱི་ལྷ་ཡག་གི་སློབ་གྲོགས་ཡིན་ལ་འདུག་གྲོགས་ཀྱང་ཡིན།
འདུག་གྲོགས་ཡིན་པར་མ་ཟད་དགའ་གྲོགས་ཀྱང་ཡིན།སྐབས་དེར་ལྷ་ཡག་གིས་ཁོ་གཉིས་ཀྱི་འབྲེལ་བ་དགའ་གྲོགས་ཡིན་ཞེས་སུ་ལའང་བཤད་མ་མྱོང་མོད་སྒྲོལ་མ་དང་ལྷ་ཡག་གི་འབྲེལ་བ་འདུག་གྲོགས་ནས་དགའ་གྲོགས་སུ་བསྒྱུར་མཁན་ནི་སློབ་གྲོགས་ཚོ་རེད་ལ།
ཁོ་གཉིས་ཀྱི་འབྲེལ་བ་དགའ་གྲོགས་ཡིན་པར་ཐག་གཅོད་མཁན་ནི་འཛིན་བདག་དགེ་རྒན་རེད།ཉིན་དེར་སྒྲོལ་མར་ཆམ་པ་ཕོག་པས་ལུས་ཁམས་མ་བདེ་བར་འགྲོ་འདུག་ལའང་སྟབས་མ་བདེ།
དེའི་སྐབས་སུ་དུས་རྒྱུན་ཅོག་ཙེའི་ས་མཚམས་བརྩད་དེ་སྒྲོལ་མ་ལ་ཁ་རྩོད་དང་ལག་འཐབ་བྱ་རྒྱུར་དགའ་བའི་ལྷ་ཡག་གིས་ཐོག་དང་བོར་སྒྲོལ་མར་སྨན་ཁང་དུ་སོང་ནས་སྨན་བླངས་ཤིང་ཇ་ཁང་ནས་ཟ་མ་བསྐྱལ།དུས་དེ་ནས་བཟུང་སློབ་གྲོགས་ཚོ་དུས་རྒྱུན་བལྟས་ཚོད་ཀྱིས་ཕན་ཚུན་ལ་བསམ་ཤེས་གཏན་ནས་མི་བྱེད་པར་ཁ་རྩོད་དང་ལག་འཐབ་བྱེད་པའི་འདུག་གྲོགས་འདི་གཉིས་ལ་ཡ་མཚར་སྐྱེས་ཤིང་དོ་སྣང་བྱེད་མགོ་བརྩམས།སློབ་གྲོགས་ཁ་ཤས་ཀྱིས་ད་དུང་ཀུ་རེའི་ངང་ལྷ་ཡག་གི་དངོས་མིང་ནས་མི་འབོད་པར་ཀུན་གྱིས་གོ་སར"སྒྲོལ་མ"ཞེས་བོས།
དེ་ལྟར་གཏམ་དེ་རིགས་གཅིག་ལ་གཅིག་བརྒྱུད་ཀྱིས་དགེ་རྒན་ཚོའི་རྣ་བར་ལྷུང་ཞིང་མཇུག་ཏུ་ཁོ་ཚོའི་འཛིན་བདག་དགེ་རྒན་གྱི་རྣ་བར་ལྷུང་།སྐབས་དེར་ཏག་ཏག་སློབ་གཙོས་སློབ་གྲྭའི་དགེ་བཟོ་བ་རྣམས་བསྡུས་ཏེ་ཚོགས་འདུ་འཚོགས་ནས་དམའ་འབྲིང་སློབ་མས་ཕན་ཚུན་དགའ་གྲོགས་སྒྲིག་པའི་སྐོར་ལ་སྔོན་འགོག་དང་སློབ་གསོ་བརྒྱབ་ནས་སྒྲིག་ལམ་གཅུན་དགོས་པའི་སྐོར་ནས་ནན་བཤད་བྱས་པས་འཛིན་བདག་དགེ་རྒན་ལའང་ཁག་ག་ལ་འདུག
འཛིན་བདག་དགེ་རྒན་སློབ་ཁང་དུ་ཐོན་མ་ཐག་ཅུང་ཁྲོ་ཉམས་ཀྱིས་ཁེངས་འདུག
སློབ་ཁང་དུ་ཐོན་རྗེས་ལྷ་ཡག་དང་སྒྲོལ་མ་གཉིས་ལ་ཕུར་ཚུགས་སུ་ཅེར་ཏེ་ཅུང་ཙམ་བསྡད་རྗེས་ཁོ་གཉིས་སྒོར་བོས་བྱུང་།འཛིན་བདག་དགེ་རྒན་གྱིས་ཁོ་གཉིས་རང་རང་སར་ཁྲིད་དེ་གཏམ་དྲིས་པ་རེད།
ཡིན་འང་ལྷ་ཡག་ནི་གསར་བུ་རྒོད་པོ་ཞིག་ཡིན་པའི་ཁར་གཤིས་ཀ་འང་གྱོང་རབས་བཤད་པས་དུས་རྒྱུན་སློབ་གྲོགས་ཚོའི་ཁྲོད་དུ་ཁོའི་ཁ་གཏད་དུ་ལངས་ཐུབ་མཁན་ཕལ་ཆེར་མེད་ལ།
ཁོས་དུས་རྒྱུན་སློབ་ཁྲིད་སྐབས་སུ་དགེ་རྒན་ལ་ནོར་འཁྲུལ་བྱུང་ཚེ་རྟག་ཏུ་ཡར་ལངས་ནས་ཡར་ཞུ་བྱེད་ཕོད་པ་ལས་སློབ་གྲོགས་གཞན་པ་ཚོ་དང་འདྲ་བར་ནོར་འཁྲུལ་ཤོར་བ་ཤེས་མོད་བསམ་བཞིན་དུ་བག་འཁུམས་ནས་མི་འདུག་པས།
འཛིན་གྲྭའི་ནང་སློབ་གྲོགས་ཚོས་ཁོ་ཁས་ལེན་ཞིང་གདེང་འཇོག་ཀྱང་བྱེད།ད་དུང་ལྷ་ཡག་ནི་སྦྱངས་བྱ་ལས་ཀྱང་བསླབ་ཕྱིའི་དཔེ་ཆར་བལྟ་རྒྱུར་དགའ།
ཁོ་ཆུང་དུས་ནས་བཟུང"ཆུ་ངོགས་གཏམ་རྒྱུད"དང"རྒྱལ་ཁམས་ཟིལ་གྱིས་གནོན་པའི་གད་རྒྱངས"གཙོས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ལ་བལྟ་རྒྱུར་དགའ་བས་བརྙན་འཕྲིན་ནང་གི་བདེན་དོན་གཙུག་ཏུ་བཀུར་ཞིང་ལ་རྒྱ་དང་ཁོག་དཔུང་ལྡན་པའི་དྲང་བདེན་སྐྱོང་རྒྱུར་དགའ་བའི་དཔའ་བོ་དག་ལ་མིག་དཔེ་བཟུང་ནས་ཁོས་ཀྱང་ལུགས་མཐུན་མ་ཡིན་པ་དང་གནས་ལུགས་མི་བརྩི་བ།
མགོ་ལ་མ་ཉེས་ཁ་གཡོག་སོགས་ཐེབས་པའི་གནས་ཚུལ་འོག་དེ་ལ་མཐའ་གཅིག་ངོ་རྒོལ་བྱ་རྒྱུའི་སེམས་འདུན་བརྟན་པོ་ཞིག་ཡོད།
འཛིན་བདག་དགེ་རྒན་གྱིས"ཁྱོད་དང་སྒྲོལ་མའི་འབྲེལ་བ་ངས་གསལ་བོར་ཤེས་ཡོད།
དྲང་མོར་ཤོད་དང་། དང་ཐོག་སུས་སུ་བདའ་བའམ་བརྩེ་འཕྲིན་བྲིས་པ་ཡིན། "
ལྷ་ཡག་གིས "འབྲེལ་བ་ཅི།
སྒྲོལ་མ་དང་ངེད་གཉིས་ཀྱིས་ཕན་ཚུན་བདའ་མ་མྱོང་ལ་ཕན་ཚུན་ལ་བརྩེ་འཕྲིན་ཡང་བྲིས་མ་མྱོང་།"
དགེ་རྒན་གྱིས"གདོན་ཕྲུག ཁྱོད་ཀྱིས་མ་ཤེས་ཁུལ་བྱེད་དགོས་ནི་མ་རེད།
ཁྱོད་གཉིས་སློབ་གྲྭའི་ནང་གྲགས་བསྡད་ཡོད་པ་སུས་མི་ཤེས།
ད་དུང་ང་ལ་རྫུན་བཤད་འདོད་དམ། དྲང་མོར་ཤོད་དང་ཆད་པ་ཡང་མོ་གཅོད།
དེ་མིན་འུ་གཉིས་སློབ་གཙོའི་གཞུང་ལས་ཁང་དུ་འགྲོ་བའམ་ཁྱོད་རང་སློབ་གྲྭ་ནས་འབུད་རྒྱུ་བྱོས།"
ལྷ་ཡག་གིས "ངོ་མ་ཡིན། ངེད་གཉིས་ཀྱིས་དགའ་གྲོགས་གཏན་ནས་བསྒྲིགས་མ་མྱོང་།
དེ་མིན་ང་ལ་བཤད་རྒྱུ་ཅི་ཡང་མེད། ཆད་པ་ཇི་ལྟར་གཅོད་མིན་རང་གིས་ལྟོས།
གང་ལྟར་ངས་ནི་ཁས་མི་ལེན།" དགེ་རྒན་ཤིན་ཏུ་ཁྲོས་བྱུང་།
"ལྟས་ངན་ཁྱོད་་་ལྟས་ངན་ཁྱོད་་་"ཟེར་བ་ལས་བྱ་ཐབས་ཅི་ཡང་མ་བྱུང་བས་སྒྲོལ་མའི་གམ་དུ་སོང་ནས་སྐད་ཆ་མང་བོ་ཞིག་དྲིས།
ཡིན་ན་འང་སྒྲོལ་མར་སྐད་ཆ་གང་དྲིས་པ་གསལ་བོ་ཞིག་མ་ཤེས་ལ་སྒྲོལ་མས་ལན་ཅི་ཞིག་བཏབ་མིན་ཡང་ང་ལ་བཤད་རྒྱུ་མེད།
གང་ལྟར་སྒྲོལ་མ་སློབ་ཁང་དུ་ཐོན་རྗེས་མིག་ལ་མཆི་མ་འཁོར་འདུག
དགེ་རྒན་གྱིས་ལྷ་ཡག་ཁྲིད་ནས་སློབ་གཙོ་ཡོད་སར་སོང་།
སློབ་གཙོས་སྐད་ཆ་དྲིས་ཀྱང་ལྷ་ཡག་གིས་སྒྲོལ་མ་དང་ཁོ་གཉིས་ཀྱི་འབྲེལ་བ་དེ་རིགས་གཏན་ནས་ཁས་མ་བླངས།
སློབ་གཙོས་ལྷ་ཡག་གིས་བསམ་བཞིན་རྫུན་སྨྲ་བཞིན་འདུག་སྙམ་ནས་གཅར་རྡུང་བྱས།
ཡིན་ན་འང་ལྷ་ཡག་གིས་ཁས་མ་བླངས། "ཁྱོད་རང་སློབ་གྲྭ་ནས་འཕུད་རྒྱུ་ཡིན།
ཁྱོད་ཀྱིས་ད་དུང་ཁས་མི་ལེན་ན།" སློབ་གཙོས་དེ་ལྟར་བཤད།
ལྷ་ཡག་གིས་ད་དུང་ཁས་མ་བླངས།
ཁོས་ཇི་ལྟར་འདང་བརྒྱབ་ཀྱང་སྒྲོལ་མ་དང་ཁོ་གཉིས་ཀྱི་བར་དུ་འབྲེལ་བ་དེ་རིགས་མེད་ལ།ཁོ་ལ་མཚོན་ན་ཁོ་གཉིས་ཀྱི་བར་དུ་འབྲེལ་བ་དེ་རིགས་ཅིས་ཀྱང་འབྱུང་མི་སྲིད་པ་ཞིག་གོ།
ཁོས་དེ་སྔོན་སྒྲོལ་མ་ལ་སྨན་ལེན་དུ་སོང་བ་དང་ཟས་བསྐྱལ་བར་རང་ཉིད་ལ་ལེ་འདེད་བྱས།
ཡིན་ན་འང་ཁོས་སྒྲོལ་མ་ལ་ལེ་འདེད་གཏན་ནས་བྱ་མི་སྲིད།
རྗེས་སུ་སློབ་གཙོས་ལྷ་ཡག་སློབ་གྲྭ་ནས་མ་ཕུད་མོད་སློབ་གྲྭ་གང་བོའི་སྔོན་ནས་ལྷ་ཡག་ལ་སྐྱོན་བརྗོད་བྱས།སློབ་གཙོས་ལྷ་ཡག་གི་སྐྱོན་ལུང་བ་གང་བགྲང་རྗེས་སློབ་མ་འདིའི་རིགས་ལ་སློབ་སྦྱོང་བྱ་མི་འོས་ཚུལ་དང་སློབ་མ་འདིའི་རིགས་ལ་འདུན་ལམ་མེད་ཚུལ་སོགས་ཁ་ཆུའི་ཟེགས་མ་འཐོར་བཞིན་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མདུན་ནས་སྐྱོན་བརྗོད་དང་མཚང་འབྲུ་ཚ་བེར་བེར་ཞིག་བྱས་རྗེས་གྲོལ་དུ་བཅུག
སློབ་གཙོའི་སྐྱོན་བརྗོད་དེས་ལྷ་ཡག་ལ་གཉའ་ཞུམ་པར་བྱེད་པའི་གནོན་ཤུགས་ཅི་ཡང་སྤྲོད་མ་ཐུབ་མོད།དུས་དེ་ནས་བཟུང་འཛིན་བདག་དགེ་རྒན་གྱིས་ལྷ་ཡག་དང་སྒྲོལ་མའི་འདུག་ས་བརྗེ་རུ་བཅུག་སྟེ་ལྷ་ཡག་འཛིན་གྲྭའི་ཆེས་མཇུག་གི་ཅོག་ཙེ་སྟོང་བ་ཞིག་ཡོད་པ་དེར་འདུག་ཏུ་བཅུག
སྤྱིར་ཡིན་ན་ལྷ་ཡག་ལ་མཚོན་ན་དུས་རྒྱུན་ཅོག་ཙེའི་ས་མཚམས་བརྩད་དེ་ཁ་རྩོད་བྱེད་པའི་འདུག་གྲོགས་ཤིག་མེད་པར་གྱུར་པ་ནི་དོན་བཟང་ཞིག་ཡིན་མོད།
དངོས་ཡོད་གནས་ཚུལ་ནི་དེ་འདྲ་ཞིག་གཏན་ནས་མ་ཡིན་པར་ཁོ་རང་སྒྲོལ་མར་གྱེས་ཏེ་འདུག་ས་བརྗེས་རྗེས་ཅི་ཞིག་ཆད་ལྷག་བྱུང་བའི་ཚོར་བ་ཞིག་གིས་ཡོངས་སུ་གཙེས་ཤིང་།
སེམས་པར་སྟོང་ཆ་གང་ཞིག་ཤོར་ནས་སྐོང་ཐབས་མ་བྱུང་།
ཁོས་དུས་རྒྱུན་དོན་དག་ཡོད་ན་མེད་ན་རང་ཉིད་ལ་སུན་པོ་བཟོ་བར་དགའ་བའི་འདུག་གྲོགས་སྒྲོལ་མ་དྲན་བྱུང་།
འདུག་ས་བརྗེས་པ་ནས་བཟུང་སྒྲོལ་མའི་སུན་པོ་བཟོ་བའི་སྐད་ཆ་དང་བྱ་སྤྱོད་སོགས་ཁོའི་འགྲམ་ནས་འཇའ་བཞིན་ཡལ་བས་ཁོ་རང་ཤིན་ཏུ་ཁོམ་པ་འམ་སྟོང་ལྷང་ལྷང་དུ་གྱུར་ནས་སྒྲོལ་མ་དང་ཉེ་བར་བཅར་འདོད་ཀྱི་འདུན་པ་ཞིག་དྲག་ཏུ་སྐྱེས་ནའང་།
ད་ལྟ་དེ་ནི་སྟོང་བསམ་འབའ་ཞིག་གོ།
ལྷ་ཡག་གིས་སློབ་ཁང་གི་ཆེས་མཇུག་མཐའི་གྱང་རྩ་ནས་སློབ་ཁང་གི་ཅོག་ཙེ་ཆེས་སྔོན་མའི་སྒྲོལ་མར་ལྟ་མགོ་བརྩམས།
སྒྲོལ་མར་ལྟ་མགོ་བརྩམས་ཞེས་ནའང་མི་འགྲིག་པ་འདྲ།
སྒྲོལ་མའི་ཡོད་ཚད་ལ་ཞིབ་ཏུ་ལྟ་མགོ་བརྩམས།རེད་ཡ།
ལྷ་ཡག་གིས་ད་བར་དུ་མཉམ་མ་བཞག་པ་འདྲ།
དམའ་གཅིག་སྐབས་ནས་བཟུང་འདུག་གྲོགས་བྱས་ཏེ་ཡོང་བའི་བུ་མོ་ཆུང་ཆུང་འདི་ད་ལྟ་མཛེས་སྡུག་གི་ལང་ཚོ་རབ་ཏུ་སྨིན་ནས་ཡིད་དུ་འོང་བའི་མོ་གཞོན་ཞིག་ཏུ་གྱུར་འདུག
སྐབས་དེར་ཁོས་ཐོག་མར་སྒྲོལ་མའི་མཛེས་སྡུག་མཐོང་བ་འདྲ།
"ཁྱོད་ཀྱིས་ང་ལ་ཁ་ཡ་མི་བྱེད་དོན་ཅི།
"འདི་ནི་ཉིན་ཞིག་གི་སློབ་ཁྲིད་གྲོལ་བའི་གོ་སྐབས་དང་བསྟུན་ནས་ལྷ་ཡག་གིས་སྒྲོལ་མར་བཤད་པ་རེད།
"ངས་ཁྱོད་ལ་ཁ་ཡ་བྱས་ནས་ཅི་ཟེར་རམ།
ཡང་ཅིག་བཤད་ན་ངས་འུ་གཉིས་ཀྱི་སྟེང་ལ་སྔོན་ཆད་ཀྱི་མི་ཁ་དེ་རིགས་ངས་ཡང་བསྐྱར་འཁོར་དུ་འཇུག་ན་མི་འདོད་ཀི"
སྒྲོལ་མས་ཅུང་བབ་བརླིང་གི་སྒོ་ནས་དེ་ལྟར་བཤད།
"ད་ལྟ་མི་ཁ་དེ་ལྟ་བུ་ཞིག་འུ་གཉིས་ཀྱི་སྟེང་ལ་འཁོར་རྒྱུར་ང་འཐད་པ་ཡིན།"
ལྷ་ཡག་གིས་འཛུམ་བག་དང་བཅས་མ་རབས་ཀྱི་མདངས་ཤིག་ཤར་ནས་དེ་ལྟར་བཤད་པས་སྒྲོལ་མ་ཁོང་དགོད་ཅིག་ཤོར་ནས་འཛུམ་ཆུང་ཞིག་བསྟན་ནས"དངོས་གནས་གླེན་པ་ཁ་ནག་ཅིག་རེད།
ངོ་ཚ་རྒྱུ་མི་འདུག"ཅེས་བཤད་ཞོར་ཁ་སྐྱེངས་ཏེ་ཕྱི་རོལ་ཏུ་བྲོས་སོང་།
སློབ་གྲྭ་གྲོལ་རྗེས་ལྷ་ཡག་གིས་ཨ་ཕར་ཁོ་ལ་ཁ་པར་ཞིག་ཉོ་དགོས་ཚུལ་གྱི་རེ་བ་ཡང་ཡང་ཞུས་མཐར་ཁོའི་ཨ་ཕས་ཁོ་ལ་ཀུ་ཤུ་ཁ་པར་ཞིག་ཉོས།
ཁ་པར་ཉོས་མ་ཐག་ཁོས་ཁ་པར་བརྒྱུད་ནས་འཛིན་གྲྭའི་སྐད་འཕྲིན་ཚོགས་པར་འཛུལ་ཏེ་སྒྲོལ་མ་བཙལ་ནས་སྐད་འཕྲིན་བསྣན།
དེ་ནས་གཏམ་རྒྱུད་ཡོད་ཚད་ཀྱི་གོ་རིམ་རྒྱུན་ལྡན་ལྟར་མགོ་བརྩམས་སོང་།དུས་དེ་ནས་བཟུང་ལྷ་ཡག་དང་སྒྲོལ་མ་གཉིས་ཀྱིས་སྐད་འཕྲིན་ནས་ཁ་བརྡ་བྱས་ཏེ་ས་རུབ་པ་དང་ནམ་ལངས་པའང་མི་ཤེས་པའི་ཚོད་ཅིག་རེད་ཅེས་བཤད་ནའང་མི་ཆོག་པ་མེད་པ་འདྲ།
ཁོ་གཉིས་ཀྱི་ཁ་བརྡའི་ནང་དོན་ལ་དོན་སྙིང་ཆེས་ཆེར་ཡོད་མེད་མ་ཤེས་མོད་དུས་རྒྱུན་རང་དང་འབྲེལ་བ་ཡོད་བ་ཡོད་མེད་བཅོ་བརྒྱད་བཤད་ནས་མཉམ་དུ་ཧབ་ཆ་བྱེད་པ་དང་།
ཡང་མཚསམ་ལན་རེར་ཕན་ཚུན་ལ་མཚང་མིང་འདོགས་རེས་བྱས་ཏེ་ཁ་རྩོད་བྱེད་པ་སོགས་མཚམས་མི་ཆད་པའི་གཏམ་གླེང་མང་དུ་འདུག་པས་ཁོ་གཉིས་ལ་ཆ་རྒྱུས་ཡོད་མཁན་ཞིག་མིན་ན་ཆ་མེད་ཅིག་གིས་བལྟས་ན་སྨྱོན་པའམ་མི་དྭངས་པ་ཞིག་ཨེ་ཡིན་ནམ་སྙམ་པར་ཡང་ཁག་མི་འདུག་གོ།
དུས་དེ་ནས་བཟུང་ཕན་ཚུན་ལ་ཁ་རྩོད་བྱ་རྒྱུར་དགའ་བའི་ཁོ་གཉིས་ཀྱི་བར་དུ་ལྷ་ཡག་གིས་ཅིས་ཀྱང་འབྱུང་མི་སྲིད་སྙམ་པའི་འབྲེལ་བ་དེ་ཆགས་ཟིན།
འདི་ནི་ཅི་འདྲའི་ཡ་མཚར་བ་ཞིག་རེད་ཨང་།
བཤད་པའི་མི་སྲིད་པའི་འབྲེལ་བ་དེ་ཆགས་སོང་།སློབ་གྲྭའི་ནང་སྒྲོལ་མ་ཇེ་ཡག་ནས་ཇེ་ཡག་དང་ལྷ་ཡག་གསར་བུ་ཇེ་རྫིག་ནས་ཇེ་རྫིག་ལ་བུད་སོང་།དེ་ནི་མི་ཕལ་མོ་ཆེས་རང་ཉིད་ཀྱི་ཆེས་མཛེས་པའི་ཆ་དེ་རང་ཉིད་ཆེས་དགའ་བའི་སྙིང་ཉེ་བའི་མི་དེར་སྟོན་འདོད་པའི་མིའི་གཉུག་གཤིས་འབའ་ཞིག་ལས་མ་འདས་མོད།ལྷ་ཡག་དང་སྒྲོལ་མ་ནི་དངོས་གནས་ཚེ་སྔོན་ནས་བཀོད་སྒྲིག་བྱས་པའི་ལས་བསྐོས་ཀྱི་ཆ་ཡ་དེ་ཡིན་ནམ།
གཅིག་ནི་ཤེས་ཡོན་གཉིས་ལྡན་དང་སྤོབས་པའི་གཟེངས་མཐོ་བའི་སློབ་རའི་སྙན་ངག་པ་ལྷ་ཡག་རེད།
གཅིག་ནི་སློབ་གྲྭའི་ནང་གྲགས་ཆེ་བའི་མཛེས་སྡུག་གི་ལང་ཚོའི་ཁུར་གྱིས་ལྕི་བའི་མཛེས་མཛངས་གཉིས་ལྡན་གྱི་སློབ་རའི་མེ་ཏོག་རེད།
འདི་གཉིས་ཆ་འགྲི་ཡང་འགྲིག་མ་རེད་སུ་ཞིག་གིས་ཟེར་ཐུབ་བམ།
དེ་ལྟར་གོ་ལོག་གི་མི་ཁ་ཐེངས་ཤིག་གིས་ལྷ་ཡག་དང་སྒྲོལ་མ་འདི་ལྟར་གཅིག་ཏུ་བསྡུས་ཤིང་ལྷན་དུ་སྦྱར་ཏེ་བརྩེ་དུང་གི་མྱུ་གུ་འབུས་པས་ད་ནི་གཅིག་ལ་གཅིག་འབྲལ་ཐབས་མེད་པར་གྱུར་ཡོད།
ལྷ་ཡག་དང་སྒྲོལ་མ་གཉིས་སློབ་གྲྭའི་ནང་དགེ་རྒན་ཚོ་དོགས་པ་མི་ཡོང་བའི་ཆེད་དུ་ཉིན་དཀར་ཐུག་འཕྲད་དེ་ཙམ་མི་བྱེད་ལ་འབྲེལ་འདྲིས་ཀྱང་དེ་འདྲ་མི་བྱེད་པས་དགེ་རྒན་ཚོས་དོ་སྣང་ཆེན་པོ་མ་བྱས་ལ།
ད་ནི་ལྷ་ཡག་དང་སྒྲོལ་མའི་འབྲེལ་བ་ཆད་ཟིན་པ་འམ་ཁོ་གཉིས་ཀྱིས་དགའ་གྲོགས་སྒྲིག་གིན་མེད་སྙམ་ནས་སེམས་བདེ་ལ་བབས་ནས་ཡོད།
འོན་ཀྱང་དུས་རྒྱུན་མཚན་སྦྱོང་གྲོལ་ཐེངས་རེར་ཁོ་གཉིས་ཁ་རོག་གེར་ལུས་རྩལ་ར་བ་རུ་སོང་ནས་ཐུག་འཕྲད་བྱས་ཏེ་ཕན་ཚུན་ལ་ལག་འཇུ་བྱས་ནས་ལུས་རྩལ་ར་བར་སྐོར་བ་བརྒྱབ་སྟེ་སྙིང་གཏམ་གློད་ཅིང་རྩེད་མཚར་བགྱིས་ནས་དུས་འདའ་བར་བྱས་སོ།
།
སློབ་གྲྭར་གནང་བ་བཏང་རྗེས་ལྷ་ཡག་གིས་ནོར་རྗེས་དེད་དེ་ཁོ་རང་དགའ་བའི་དཔེ་ཆར་བལྟ་རྒྱུ་དང་སྒྲོལ་མར་ཁ་བརྡ་གློད་རྒྱུ་ནི་ཁོའི་ཉིན་དེ་དེག་གི་བྱ་བ་འབའ་ཞིག་གོ།
དེ་ལྟར་དུས་ཀྱི་གཙང་བོ་ལྡོག་བཞུར་མེད་པར་སྐད་ཅིག་ཙམ་ལའང་སྡོད་པའི་གླགས་དང་བྲལ་བར་རྒྱང་དུ་བཞུད་ཅིང་ལྷ་ཡག་དང་སྒྲོལ་མའང་དམའ་འབྲིང་མཐར་ཕྱིན་ཏེ་མཐོ་འབྲིང་ལ་སླེབས་བྱུང་།ཁོ་གཉིས་ཀྱིས་རྒྱུགས་སྤྲད་དེ་མཐོ་འབྲིང་གཅིག་ཏུ་ཁེལ་ཅིང་འཛིན་གྲྭའང་གཅིག་ཏུ་འཛོམས་ཐུབ་སོང་བས།
འདི་ནི་གནམ་རྒན་མས་ཁོ་གཉིས་ལ་བསམ་བཞིན་དུ་འདོད་ཐོག་ལ་རྟ་རྒྱུག་ཏུ་བཅུག་པ་མ་ཡིན་ནམ།
ལྷ་ཡག་གིས་ཁོ་མོའི་མིང་གཏགས་ཡོད་པའི་ཁ་པར་ངོས་ལ་ཅེར་ནས་འདས་དོན་དེ་དག་རེ་རེ་བཞིན་ཡིད་ཤར་བྱུང་།
སྒྲོལ་མ་དང་ཁོ་གཉིས་ཀྱིས་ཕན་ཚུན་ལ་ཀུ་རེའི་ཚུལ་གྱིས་བཤད་པའི་སྐད་ཆ་དང་ལུས་རྩལ་ཐང་དུ་ཁོ་གཉིས་ཁུ་སིམ་མེར་འགྲོ་ཚུལ།
ཁོ་མོའི་ཁ་ཚིག་དང་ལུས་ཀྱི་རྣམ་འགྱུར་མ་ལུས་ཡིད་དུ་གསལ་ལྷང་ངེར་ཤར།
ཁོས་ཁ་པར་སྔས་མགོར་གཡུགས་ནས་མལ་ལས་ལངས་རྩིས་བྱས།
ཧ་ཅང་སྒྱིད་ལུག་གི་ངང་ནས་ཉལ་ཐུལ་ལྟེབས་རྗེས་ཁ་ལག་བཀྲུས།
ཁོ་རང་ཨ་མ་ཡོད་སའི་ཁང་བའི་ནང་སོང་བ་ན་ཨ་མས་ནངས་ཇ་བསྐོལ་རྗེས་སྔ་མོ་ནས་བཞོན་མ་བཞོ་བར་ཆས་ཟིན།
ཁོས་རང་གིས་རང་ལ་ཇ་བླུགས་ནས་འཐུང་རྗེས་ཡང་བསྐྱར་ཁ་པར་ལག་ཏུ་བླངས་ནས་གྲོགས་ཚོམས་ཉུལ།
གྲོགས་པོ་འཕོང་སྐྱེན་པས་བར་སྟོང་དུ་སྐབས་གསུམ་པའི་འབྲོང་རྟགས་མའི་དུས་དེབ་ཀྱི་བྱ་དགའ་ཐོབ་པའི་རྩོམ་པ་པོའི་མིང་དང་གསལ་བསྒྲགས་ཡི་གེ་སྤེལ་འདུག
ཁོས་ཞིབ་ཏུ་བལྟས་པར་ཁོའི་མིང་ཡང་ཚུད་འདུག རེད།
འཕྱུགས་མི་འདུག"ང་དང་སྒྲོལ་མའི་ལས་འཕྲོ། རྩོམ་པ་པོ། ལྷ་ཡག"
ཅེས་པའི་ཐིག་ཕྲེང་དེ་ཏག་ཏག་ཁོ་རང་དགའ་བའི་སྙན་ངག་པ་སྤྲིན་བཞོན་གྱི་གཤམ་ན་འདུག
ད་དུང་གྲོགས་པོ་འཕོང་སྐྱེན་པས"ངའི་གྲོགས་པོ་སྙན་ངག་པ་ལྷ་ཡག་ལ་རྟེན་འབྲེལ་སྙིང་ནས་ཞུའོ།
། "ཞེས་ཀྱང་བཀོད་འདུག
འབྲོང་དུས་དེབ་ནི་བོད་ཁུལ་གྱི་དུས་དེབ་ཆེ་ཤོས་གྲགས་ཤོས་ཡིན་ལ་དེའི་བྱ་དགའ་ནི་ལོ་བཞི་རེའི་ནང་ཐེངས་རེར་མ་གཏོགས་མི་སྤེལ་ལ།
རྩོམ་པ་པོ་ཡང་ལྔ་ལ་མ་གཏོགས་བྱ་དགའ་མི་སྟེར།
ལྷ་ཡག་གིས་དེ་མཐོང་བ་དང་མཉམ་དུ་དགའ་སྣང་ཆེན་པོ་ཞིག་སྐྱེས།
ཡིན་ནའང་ཁོ་རང་མཐོ་འབྲིང་སྐབས་སུ་སློབ་གླིང་སྙན་ངག་འགྲན་སྡུར་དུ་ཨང་དང་བོ་ཐོབ་པའི་དགའ་སྣང་དེ་འདྲ་ཞིག་གཏན་ནས་མ་སྐྱེས།
དེ་ནི་སློབ་གླིང་གིས་གཞི་རྒྱ་ཆེ་བའི་སྒོ་ནས་སྤེལ་བའི་སྙན་ངག་འགྲན་སྡུར་ཞིག་ཡིན་ལ།
དྲང་གཞག་དང་འདྲ་མཉམ་ཡོང་ཆེད་སློབ་མ་རྣམས་ཀྱིས་རང་གི་དངོས་མིང་མི་བཀོལ་བར་པིར་མིང་ཁོ་ན་བཀོལ་ཏེ་རྩོམ་ཡིག་ཡར་སྤྲོད་རྒྱུ་བྱས།
ལྷ་ཡག་གིས་པིར་མིང་ལ"ཚེར་མའི་མེ་ཏོག"ཅེས་པ་ཞིག་བཀོལ་ཏེ།
རྩོམ་བྱང་དུ"ང་དང་སྒྲོལ་མ་ལྷ་མོ"ཞེས་པའི་སྙན་ངག་ཅིག་བྲིས་ཏེ་ཡར་ལ་སྤྲད།
ཉིན་འགའ་འགོར་རྗེས་སློབ་གྲྭའི་སློབ་མ་ཡོངས་རྫོགས་ལུས་རྩལ་ཐང་དུ་བསྡུས་ཏེ་སྙན་ངག་འགྲན་སྡུར་གྱི་བྱ་དགའ་སྟེར་བའི་མཛད་སྒོ་རྒྱ་ཆེར་སྤེལ།
བྱ་དགའ་ཐོབ་པའི་སློབ་གྲོགས་ཚོའི་མིང་ཐོ་འདོན་སྐབས་ལྷ་ཡག་གིས་ཏག་ཏག་སྒྲོལ་མར་ཀུ་རེ་རྩེ་ཞིང་ཤ་གཅུ་བརྒྱབ་སྟེ་མ་རབས་བྱེད་པའི་སྐབས་ཤིག་རེད།ཨང་རིམ་ཞོལ་ནས་ཡར་ལ་བཏོན་ཏེ་ཨང་གཉིས་པའི་མིང་བཏོན་ཚར་རྗེས་ཚང་མས་རེ་སྒུག་གི་མིག་ཟུང་་མདུན་དུ་ཅེར་ཞིང་ཐོས་འཛིན་གྱི་རྣ་བས་སུ་ཞིག་གི་མིང་འབོད་པར་ངང་སྒུག་བྱས།
"མཚོ་ལྷོ་མི་རིགས་མཐོ་འབྲིང་གི་སྐབས་གཉིས་པའི་སྙན་ངག་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་བོ་ཐོབ་མཁན་གྱི་སློབ་གྲོགས་ནི་མཐོ་གཅིག་དང་བོའི་སློབ་གྲོགས་པིར་མིང་ལ་ཚེར་མའི་མེ་ཏོག་ཏུ་འབོད་པའི་སྙན་ངག་ང་དང་སྒྲོལ་མ་ལྷ་མོ་ཞེས་པ་འདི་རེད།"
མདོ་འཛིན་པས་དེ་ལྟར་བཤད་པར་ལྷ་ཡག་གིས་རང་གི་རྣ་བ་ལའང་ཡིད་མ་ཆེས།རེ་ཞིག་བྱ་དགའ་ལེན་དུ་འགྲོ་རྒྱུར་ཡང་ལུས་ཏེ་བླ་བོར་ལྟར་འདུག
སྐབས་དེར་སྒྲོལ་མས་ཁོ་ལ"ཨ་རོགས་སྙན་ངག་པ།
བྱ་དགའ་ལེན་དུ་མི་འགྲོ་འམ"ཞེས་འཛུམ་ཆུང་དང་བཅས་བཤད་པར་ལྷ་ཡག་རབ་ཏུ་དགའ་ནས་ཡར་ལངས་ཏེ་མགྱོགས་མྱུར་ངང་གར་སྟེགས་སུ་སོང་།
ཁོས་བྱ་དགའི་རྟགས་མ་བཟུང་སྟེ་མར་འཁོར་བ་ན་དགེ་སློབ་སྟོང་ཕྲག་མང་བོས་ཁོ་ལ་དགའ་བསུ་བྱེད་ཀྱིན་འདུག
རྣམ་པ་དེ་ནི་ད་དུང་ཁོའི་མིག་ལམ་དུ་གསལ་ལྷང་ངེར་མངོན་ཐུབ་པ་འདྲ།
ཁོས་བྱ་དགའ་བླངས་ནས་སྒྲོལ་མའི་ཕྱོགས་སུ་བལྟས།
སྒྲོལ་མ་དགའ་ནས་གནམ་ལྡིང་ས་ལྡིང་བྱེད་བཞིན་འདུག
འདི་ནི་ལྷ་ཡག་གི་མི་ཚེའི་ཁྲོད་ཆེས་བརྗེད་ཐབས་བྲལ་བའམ་ཆེས་བརྗེད་མི་རུང་བའི་འདས་དོན་ཞིག་ཏུ་གྱུར།
དེའི་རྒྱུ་མཚན་ནི་ཁོ་ལ་བྱ་དགའ་ཐོབ་པ་ཁོ་ནས་མ་ཡིན་པར་ཁོས་སྒྲོལ་མར་ཐེངས་དང་བོར་བྲིས་པའི་སྙན་ངག་ལ་བྱ་དགའ་ཐོབ་པས་ཡིན་ནོ།
།
ལྷ་ཡག་གིས་འདས་དོན་དེ་ཡིད་ལ་ཤར་བས་རེ་ཞིག་ཁུ་སིམ་མེར་བསྡད།
བྱ་དགའ་གསལ་བསྒྲགས་ཀྱི་ཡི་གེའི་ངོས་སུ"ན་གཞོན་སྙན་ངག་པ་ལྷ་ཡག་དང་ཚེ་བྷ་གཉིས་ལ་འབྲོང་རྟགས་མའི་སྨྱུག་གསར་བྱ་དགའ་ཐོབ"ཅེས་བྲིས་ཡོད།
སྐབས་འདིར་གྲོགས་པོ་འཕོང་སྐྱེན་པས་ཁ་པར་སླེབས་བྱུང་།"ཝེ་ལྷ་ཡག
ངས་ཁྱོད་ལ་གཏམ་བཟང་ཞིག་བཤད།
ཁྱོད་ལ་འབྲོང་རྟགས་མའི་རྩོམ་རིག་བྱ་དགའ་ཐོབ་འདུག
བྱ་དགའ་ཐོབ་པའི་བརྩམས་ཆོས་ནི་ཁྱོད་ཀྱིས་ན་ནིང་བྲིས་པའི་ང་དང་སྒྲོལ་མའི་ལས་འཕྲོ་རེད།"
ཁོས་ལྷ་ཡག་ལ་དེ་ལྟར་བཤད།
"ངས་དེ་དུས་ཤིག་ནས་ཁྱོད་ཀྱི་སྙན་ངག་དེ་ཧ་ཅང་ཡག་ཀི་ཞེས་བཤད་མྱོང་།
ད་ཅི་འདྲ་རེད"ཅེས་འཕོང་སྐྱེན་པས་མ་འོངས་སྔོན་དཔག་བྱས་པ་བདེན་པར་གྲུབ་པ་ལྟ་བུའི་གཏམ་ལུང་བ་གང་བཤད་མོད།
ལྷ་ཡག་གིས་དེ་དག་ལ་ཉན་འདོད་དེ་འདྲ་ཞིག་མེད་པ་འདྲ།
ཁོས་དེ་ལ་འོས་འཚམ་གྱི་ལན་ཞིག་བཏབ་ནས་མྱུར་དུ་གཡོལ་འདོད།
ཁོས་སྔར་བཞིན་སྒྲོལ་མ་དྲན་བཞིན་ཡོད།
མི་ལོ་བཞི་འགོར་བའི་དེ་རིང་ཁོས་ད་དུང་སྒྲོལ་མ་དྲན་བཞིན་ཡོད།
སྒྲོལ་མ་དང་ཁོ་གཉིས་ཁོ་ནར་དབང་མྱོང་བའི་སློབ་གློང་གི་ལོ་ཟླ་དེ་དག་དྲན་གྱིན་ཡོད།
སྤྱིར་ལྷ་ཡག་ཀྱང་སྒྲོལ་མ་དང་མཉམ་དུ་སློབ་གྲྭ་བརྒྱུད་ནས་སློབ་ཆེན་དུ་སོང་ཆོག་མོད།
ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ཇི་བཞིན་གནམ་རྒན་མས་དེ་དུས་ལྷ་ཡག་ལ་གུ་ཡངས་གནང་མ་བྱུང་ལ།
གུ་ཡངས་གནང་མ་བྱུང་བའི་ཁར་གནམ་ལ་མི་ཤོང་བའི་སྡུག་བསྔལ་གྱི་ཆད་པ་བཅད་སོང་།
དེ་ནི་གྲང་ལྷགས་ཀྱིས་ཡོད་ཚད་ཁྱུར་མིད་དུ་གཏོང་ལ་ཉེ་བའི་དགུན་ཁའི་སློབ་སྐབས་ཤིག་རེད།
ཡང་ན་ལྷ་ཡག་གི་མི་ཚེ་ལ་གནོད་འཚེའི་འཕྲིན་པ་བསྐྱལ་ཡོང་བའི་དགུན་དུས་ཤིག་རེད།
མདོར་ན་བཀྲ་མི་ཤིས་པའི་དགུན་ཁ་དེར་ལྷ་ཡག་ལ་བཀྲ་མི་ཤིས་པའི་གཏམ་ངན་འབྱོར་བྱུང་།
གཏམ་ངན་དེ་ཐོག་མར་ལྷ་ཡག་ལ་བཤད་མཁན་ནི་ཨ་ཁུ་རབ་གསལ་རེད།
ལྷ་ཡག་གིས་ཉིན་གུང་ཉལ་ཁང་དུ་སྙན་ངག་པ་སྤྲིན་བཞོན་གྱི་སྙན་ངག་ཀློག་སྐབས་ཨ་ཁུ་རབ་གསལ་གྱིས་ཁ་པར་སླེབས་བྱུང་།
"ལྷ་ཡག་ཨེ་ཡིན" "ཡིན་ཡ།
ཁྱེད་ཨ་ཁུ་རབ་གསལ་ཡིན་ནམ"ལྷ་ཡག་གིས་སྐད་ལ་ཉན་ནས་འཕྲལ་མར་ཤེས་སོང་། "ཡིན།
ལྷ་ཡག ཁྱོད་ཡུལ་དུ་ཐེངས་ཤིག་ལོག་དགོས་འདུག
ཁྱིམ་དུ་དོན་དག་ཅིག་ཡོད་པས།"ཨ་ཁུ་རབ་གསལ་གྱིས་དེ་ལྟར་བཤད།
"དོན་དག་ཅི་རེད།" ལྷ་ཡག་གིས་དྲིས།
ཨ་ཁུ་རབ་གསལ་གྱི་སྐད་གདངས་གཉོམ་པར་གྱུར་ནས"ངས་ཁྱོད་ལ་བཤད་རྗེས་ཁྱོད་གཏན་ནས་འཚུབ་ཆ་མ་ལངས་ཨ།
ཁྱོད་ཀྱི་ཨ་ཕ་་་ཁྱོད་ཀྱི་ཨ་ཕ་་ཁ་སང་དགོང་མོ་འཁོར་གེགས་བྱུང་ནས་མ་ལྕོགས་ཐལ།"
ཨ་ཁུ་རབ་གསལ་གྱིས་ངུ་མ་གཏམ་གྱིས་དེ་ལྟར་བཤད། ལྷ་ཡག་གི་བླ་འཁྱམས་སོང་།
ཁ་པར་ཁྲོག་གེར་ཐང་ལ་ལྷུང་སོང་། ཁོ་ལ་ཐོག་གིས་བརྒྱབ་པ་ལྟར་ས་ལ་འགྱེལ་བྱུང་།
ལྷ་ཡག་གི་ལག་པ་དང་ཡན་ལག་ཐམས་ཅད་ལྕུག་ལྕུག་ཏུ་འདར་བྱུང་།སྙིང་ནས་བརྡོལ་བ་ལྟ་བུའི་མཆི་མ་ལྷ་ཡག་གི་གསལ་ཞིང་དྭངས་པའི་ཁྲ་ཆུང་མིག་ཟུང་དུ་འཁྱིལ་བྱུང་།ཁོ་ལ་ངུ་སྐད་མི་འདུག་མོད་ཡར་ལངས་པའི་ནུས་པ་ཡོངའ་སུ་བྲལ།མིག་ཟུང་དུ་མཆི་མ་ཀོ་རོ་རོ་འཁྱིལ་ནས་འདར་གྱིན་འདུག
ཁོའི་ཡིད་དུ་ཨ་ཕའི་གཟུགས་བརྙན་མ་ལུས་འཁོར་བྱུང་།མི་ལོ་དུ་མའི་རིང་གི་ཨ་ཕ་དང་ཁོ་གཉིས་བར་གྱི་བྱ་བ་མཐའ་དག་ཡིད་ལ་ཤར་ཞིང་དྲན་པར་ལྷུང་།ཁོའི་འཁྲུལ་སྣང་ཞིག་ལ་རྣ་ལམ་དུ་ཨ་ཕས་སྐད་ཆ་བཤད་ཀྱིན་འདུག་པ་འདྲ།ཁོའི་མིག་ལམ་དུ་ཨ་ཕའི་འཛུམ་མདངས་དང་ངོ་གདོང་མངོན་བྱུང་།དེ་ལྟར་ཤིན་ཏུ་འཁྱག་པའི་དགུན་གཞུང་དེར་ཤིན་ཏུ་འཁྱག་པའི་གཏམ་ངན་དེ་ལྷ་ཡག་གི་སེམས་ལ་ལྷུང་སོང་།
ལྷ་ཡག་གིས་གནང་བ་ཞུས་ཏེ་ཕ་ཡུལ་དུ་ལོག་སོང་།
དུས་དེ་ནས་བཟུང་ལྷ་ཡག་དང་སྒྲོལ་མའི་ལས་དབང་ལ་མི་བཟོད་པའི་བར་ཆད་ཆེན་པོ་ཞིག་བྱུང་སྟེ་ཕན་ཚུན་ལ་བརྩེ་དུང་གི་རྨ་ཁ་ཆེན་པོ་ཞིག་མི་འཇོག་ཀ་མེད་བྱུང་སོང་།
ལྷ་ཡག་ནི་ཁོ་ཚང་གི་བུ་གཅིག་པོ་ཡིན་ལ།
ལྷ་ཡག་ཚང་ལ་ནོར་ལུག་མང་བའི་ཁར་ཁོའི་ཨ་ཕ་དང་ཨ་མ།
ཁོ་གསུམ་ལས་ཁྱིམ་མི་གཞན་མེད་པས་ནོར་ལུག་གི་རྗེས་འདེད་པ་དང་ཁྱིམ་གྱི་བྱ་བ་སྣ་ཚོགས་ལ་ད་བར་དུ་ཨ་ཕས་རང་ནུས་ཅི་ལྕོགས་ཀྱིས་བསྒྲུབས་ནས་ཡོང་ཞིང་།
ལྷ་ཡག་གི་སློབ་གྲྭ་གྲོལ་རྗེས་ཁོ་གཉིས་ལ་རོགས་རམ་གང་ལ་གང་འཚམ་ཞིག་བྱེད་ཐུབ་མོད།
ལྷ་ཡག་སློབ་གྲྭར་སོང་ཤུལ་ནས་ཕ་མ་གཉིས་ཀྱིས་དཀའ་བ་མི་བཟོད་པ་ཞིག་མྱོང་གིན་ཡོད་པ་ནི་སྨོས་མ་དགོས་སོ།
།
ད་ནི་དྲིན་ཆེན་གྱི་ཕ་ལོ་གཅིག་པུ་འང་འདི་ལྟར་བཞུད་སོང་བས་ཁྱིམ་ཚང་འདི་ལ་གདུང་འདེགས་ཀྱི་ཀ་བ་མེད་པར་གྱུར།
ལྷ་ཡག་གིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས།
སློབ་གྲྭར་མི་འགྲོ་བར་ལག་པར་སེར་ག་གས་ཤིང་སེམས་པར་རྨ་ཁ་གས་པའི་ཨ་མར་རོགས་རམ་བྱས་ཏེ་ཕྱུགས་འཚོ་སྐྱོང་གི་ལས་ལ་འབད་རྒྱུ།
ཁྱིམ་གྱི་བྱ་བ་དག་རང་གི་ཕྲག་སྟེང་དུ་བླངས་ནས་ཨ་ཕའི་ཚབ་བྱེད་ཨེ་ཐུབ་ལ་འབད་པ་ལས་བྱ་ཐབས་ཟད་པས་དེ་ལྟར་བྱ་རྒྱུའི་སེམས་ཐག་བཅད།
སློབ་གྲྭར་འབྲལ་མི་ཐུབ་པའི་གདུང་བ་ཇི་ལྟར་ལྕི་ནའང་།
སློབ་གྲྭར་འབྲལ་མི་ཐུབ་པའི་གདུང་བ་ཞེས་ནའང་གནད་ཐོག་ལ་སོང་མེད་པ་འདྲ།
གཙོ་བོ་སྙིང་མཐུན་གྱི་བུ་མོ་སྒྲོལ་མར་འབྲལ་མ་ཐུབ་པའི་གདུང་བ་ཧ་ཅང་ལྕི་བ་དེ་རེད།
དེ་ལྟ་ན་ཡང་གནམ་རྒན་མས་ལྷ་ཡག་ལ་གུ་ཡངས་གཏན་ནས་གཏོང་འདོད་མེད་པ་འདྲ།
ཁོས་གཏམ་ངན་དེ་ཐོག་མར་འཛིན་བདག་དགེ་རྒན་ལ་བཤད་ཅིང་།སློབ་གྲྭར་ཡོང་མི་ཐུབ་པའི་རྒྱུ་མཚན་སོགས་མང་བོ་ཞིག་བཤད་པ་ན།
འཛིན་བདག་དགེ་རྒན་གྱིས་ཀྱང་ཁོ་ཚང་གི་ཁྱིམ་ལ་རྒྱུས་ལོན་བྱུང་ནས་ལྷ་ཡག་ལ་སློབ་གྲྭར་མ་ཡོ་ན་ཁྱོད་ཀྱི་མདུན་ལམ་བརླག་ནི་རེད།
ཁྱོད་ལྟ་བུའི་སློབ་མ་སྦྱངས་བརྩོན་ཅན་ཞིག་གིས་སློབ་གྲྭ་མ་བཏོན་པ་ནི་ངོ་མ་ཡིད་ཕངས་པ་ཞིག་ཡིན་ན་འང་ད་ནི་བྱ་ཐབས་བྲལ་ཚུལ་དང་།
ལྷ་ཡག་ལ་ཧ་ཅང་སེམས་སྡུག་ཆེན་པོ་བྱེད་མི་རུང་བ་དང་དཔེ་ཆ་ཀློག་རྒྱུ་འང་མཚམས་ཆད་མི་རུང་བའི་སེམས་གཏམ་དང་ཁ་ཏ་མང་དུ་བྱས་སོང་།རེད་ཡ།
ཡིད་སྐྱོ་བ་ཞིག་ལ་དེ་ནས་བཟུང་ལྷ་ཡག་ཅེས་པའི་སློབ་ལ་འབད་པ་བྱེད་ཅིང་འཚོ་བར་དགོད་འཛུམ་གྱིས་ཕྱུག་པའི་ཁོ་རང་སློབ་གྲྭ་ལས་བུད་སོང་།ལྷ་ཡག་གིས་ད་ནི་སྒྲོལ་མར་ཇི་ལྟར་བདེ་མོ་འཇོག་དགོས་པ་འང་གསལ་བོ་ཞིག་ཤེས་མ་སོང་།
ཁོས་བསམ་བློ་ཞིབ་ཏུ་བཏང་བས་སློབ་གྲྭར་མ་སོང་ན་སྒྲོལ་མ་དང་མཉམ་དུ་སློབ་ཆེན་འདོན་མི་ཐུབ་པར་མ་ཟད།
ཁོ་གཉིས་ཐུག་འཕྲད་ཀྱི་སྐལ་བ་འང་ཉག་ཕྲ་བར་འགྱུར་ལ།
རྗེས་སུ་སྒྲོལ་མ་སློབ་ཆེན་མཐར་ཕྱིན་ནའང་མོ་ནི་མ་མཐའ་ཡང་གཞུང་གི་བྱ་བ་ཅན་གྱི་ལས་བྱེད་པ་ཞིག་ཡིན་སྲིད་ལ།
ང་ནི་འདི་ལྟར་ནོར་རྫི་བྱས་ཏེ་རྗེས་སུ་མོ་རང་ཆུང་མར་ཇི་ལྟར་ལེན་ནམ།
གལ་ཏེ་སྒྲོལ་མས་དེ་དག་ལ་དོ་སྣང་མི་བྱེད་པར་ངེད་གཉིས་ཀྱི་བརྩེ་དུང་གི་རྒྱུན་བསྐྱངས་ཏེ་ང་དང་གཉེན་སྒྲིག་བྱ་རྒྱུར་འཐད་པ་ཡིན་ནའང་ངས་ནི་ཁོ་མོའི་གྲོགས་དང་གྲོགས་མོ་རྣམས་ཀྱིས"མོས་ཁྱོ་གར་ནོར་རྫི་ཞིག་བླངས་པ་རེད"ཅེས་པའི་མཐོང་ཆུང་གི་གཏམ་དང་རྣམ་འགྱུར་དེ་རིགས་སྟོན་པ་ལྟར་མི་བཟོད་པ་དང་ཉན་མི་འདོད་པས།
ཁོས་སྒྲོལ་མ་དང་འབྲེལ་ཐག་རྩ་བ་ནས་གཅད་རྒྱུའི་བསམ་བློ་འཁོར།
དེ་ལྟར་བྱས་ན་ཁོ་མོའི་མ་འོངས་པའི་མདུན་ལམ་ལ་བར་ཆད་མི་བཟོ་ཞིང་ཁོ་མོས་ཀྱང་རང་དང་འཚམ་པའི་ཁྱོ་ག་ཞིག་བཙལ་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་སྙམ་ནས་ལྷ་ཡག་གིས་གླེན་རྟགས་དེ་འདྲ་ཞིག་སྟོན་དགོས་བྱུང།
ཁོས་དེ་ནི་ཁོ་རང་སྒྲོལ་མར་ཤིན་ཏུ་དགའ་བའི་རྟགས་ཡིན་པར་འདོད་ཡོད།
ངེས་དོན་གྱི་བརྩེ་དུང་ངོ་མ་ནི་ཕན་ཚུན་གྱི་ཆེད་དུ་རང་ཉིད་ལ་མནར་གཅོད་ཐེབས་ཀྱང་ཅི་མི་སྙམ་པ་དེའོ།
། ཁོས་དེ་ལྟར་འདོད་ཀྱིན་སྒྲོལ་མར་འབྲེལ་བ་གཅོད་པའི་ལས་བརྩམས་ནའང་།
ལོ་ངོ་མང་བོའི་རིང་གི་ཕན་ཚུན་ལ་བཅངས་པའི་བརྩེ་སེམས་དང་ཡིད་ཆེས།
དྲོད་ཁོལ་དང་དགའ་སྤྲོ།
མདོར་ན་ཁོ་གཉིས་ཀྱིས་ཕན་ཚུན་ལ་བཅངས་པའི་བརྩེ་དུང་ནི་ཤིན་ཏུ་ཟབ་དྲགས་པས་ད་ནས་ཁ་ཁར་སོང་ན་སོ་སོའི་སེམས་སུ་ལོ་དང་ཟླ་བ་འགོར་རུང་གསུབ་མི་ཐུབ་པའི་བརྩེ་དུང་གི་རྨ་ཁ་ཆེན་པོ་ཞིག་འཇོག་སྲིད་ལ་རྨ་ཁ་དེར་ཡང་སྡུག་བསྔལ་གྱི་ན་ཟུག་ཅིག་མཚམས་མེད་པར་འབྱུང་སྲིད་པ་གདོན་མི་ཟ་བས་ལྷ་ཡག་
ཤིན་ཏུ་སྐྱོ་བར་གྱུར་ཏེ་ཝུ་ཆང་དམ་བེ་ལྔ་དྲུག་ཙམ་ཞིག་མཚམས་མ་བཞག་པར་རྔོག་འཐུང་བྱས།
ཡིན་ནའང་ཝུ་ཆང་ནི་སེམས་ཀྱི་སྐྱོ་བ་སེལ་བྱེད་ཅིག་ཏུ་ག་ལ་འགྱུར།
དེ་ལས་ལྡོག་སྟེ་ཁོ་དང་སྒྲོལ་མ་གཉིས་ཀྱི་འདས་སོང་གི་བྱ་བ་རྣམས་ཡིད་ལ་འཁོར་བྱེད་ཅིག་ཏུ་གྱུར།
ཐེངས་ཤིག་ཁོ་དང་འཛིན་གྲྭ་གཞན་གྱི་སློབ་མའི་བར་འགལ་བ་བྱུང་སྟེ་རྡུང་རེས་བྱས་ཏེ་ལྷ་ཡག་གི་དཔུང་བ་ཁྲག་གིས་བརྫིས་པའི་སྐབས་སྒྲོལ་མས་མཚམས་མི་ཆད་པར་མིག་ཆུ་བཞུར་ནས་ཁོ་ལ་འཐམས་ཏེ་ངུ་ངག་བཏོན་ཚུལ།
ཁོ་གཉིས་མཚན་མོར་ལུས་རྩལ་ར་བར་ལག་འཇུ་བྱས་ནས་སོང་ཚུལ་སོགས་བརྙན་ཡོལ་གྱི་གཟུགས་བརྙན་ཇི་བཞིན་ཁ་སང་བྱུང་ལྟར་མིག་ལམ་དུ་གསལ་ལེར་ཤར་བྱུང་།
ཡིན་ནའང་དོན་དངོས་ནི་བཟློག་ཏུ་མེད་པས་ལྷ་ཡག་གིས་ཁ་པར་བླངས་ནས་སྒྲོལ་མར་སྐད་འཕྲིན་ལས"སྙིང་ཉེ་བའི་ང་ཡི་བརྩེ་བའི་ལྷ་མོ་སྒྲོལ་མ་ལགས།ཚེ་སྔོན་གྱི་ལས་འཕྲོ་ཞིག་གིས་ང་རང་ཁྱོད་དང་ཉེ་བར་བཅར་ཞིང་ཁྱོད་རང་ང་ཡི་སེམས་སུ་ལྷུང་ནས་ལྷད་མེད་ཀྱི་བརྩེ་བའི་མདུད་པ་ཐེབས་པ་ནི་ངའི་ཚེ་གཅིག་གི་བསོད་ནམས་སུ་བསྒོམས་ཡོད།
ཡིན་ནའང་སྙིང་རྗེ་བྲལ་བའི་འཆི་བདག་གི་ཞགས་པ་ཕྲན་གྱི་ཕ་ལོ་ལ་ཐེབས་པ་ནས་བཟུང་།
ངའི་ཡིད་སེམས་ལ་རི་རབ་ལས་ལྕི་བའི་སྡུག་བསྔལ་གྱིས་གཟིར་ཞིང་ངའི་མ་ལོའི་སེམས་པར་ཡང་གསུབ་མེད་ཀྱི་རྨ་ཁ་ཞིག་བཞག་ཡོད་པ་གདོན་མི་ཟ་ཞིང་།ད་དུང་ངེད་ཚང་ལ་ང་གཅིག་པུ་ལས་བུ་ཕྲུག་གཞན་མེད་པས་ད་ནི་ཕྱུགས་འཚོ་སྐྱོང་དང་ཁྱིམ་གྱི་བྱ་བ་མཐའ་དག་ཨ་མ་གཅིག་པུས་གཏན་ནས་མི་ནུས་པས་ངས་རང་ཉིད་ཀྱི་སློབ་སྦྱོང་གི་གོ་སྐབས་བསྐྱུར་ཏེ་རང་ལ་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས་མྱོང་བའི་དྲིན་ཆེན་མ་ལོ་ལ་རོགས་བྱས་ཏེ་ཡུལ་ནས་འདུག་རྒྱུ་ལས་བྱ་ཐབས་གཞན་མ་རྙེད་དོ།
། ངའི་གདམ་གསེས་འདི་ནི་ནོར་འཁྲུལ་གྱི་གདམ་ག་ཞིག་མིན་པའི་ངེས་པ་འང་མེད་མོད།
ང་རང་ལ་བཀའ་དྲིན་ཆེ་བའི་དྲིན་ཆེན་ཨ་མའི་དོན་དུ་ང་རང་ནོར་འཁྲུལ་གྱི་གདམ་ག་འདི་འདེམས་པར་ཤིན་ཏུ་འཐད་པ་ཡིན།
དེ་བས་མ་འོངས་པའི་ལམ་གའི་ནང་ང་རང་ཁྱོད་དང་དཔུང་བ་མཉམ་གཤིབས་དང་སེམས་པ་གཅིག་འདྲེས་ཀྱིས་ཤེས་རིག་གི་ལམ་ཆེན་ཡངས་པོར་ཞུགས་པའི་གོ་སྐབས་མ་ཡོད་ལ།
ཁྱོད་ཀྱི་གངས་དཀར་སེམས་ནས་ཀྱང་ང་རང་རྩ་བ་ནས་བརྗེད་དུ་འཇུག་རོགས།
རྒྱུ་མཚན་ང་རང་སློབ་གྲྭ་ནས་བུད་པའི་དུས་དེ་ནས་བཟུང་འུ་གཉིས་ལས་དབང་གི་གདམ་ག་དང་འགྲོ་ལམ་གཏན་ནས་མི་གཅིག་པའི་མི་རུ་གྱུར་པ་ཡིན་ལ་རྗེས་སུ་འང་ཁྱོད་རང་སློབ་གྲྭ་བརྒྱུད་ན་རེ་བ་ཆེན་པོ་ཡོད་པས།
ངས་ནོར་རྫི་ཞིག་གི་ཐོབ་ཐང་ལས་མེད་པར་ཁྱོད་དང་འུ་གཉིས་ཀྱི་བརྩེ་དུང་རྒྱན་སྐྱོང་རྒྱུ་ནི་ཁྱོད་ལ་མཚོན་ན་བར་ཆད་ཅིག་དང་ང་ལ་མཚོན་ན་སེམས་ཁྲལ་འབའ་ཞིག་ལས་མ་འདས་པས་ང་རང་གཏན་བརྗེད་བྱ་རོགས།
ཚེ་འདིར་ལྷ་མོ་ལྟ་བུའི་བུ་མོ་ཁྱོད་ཀྱིས་ང་ལ་ལྷད་མེད་ཀྱི་བརྩེ་བ་དང་དྲི་མེད་ཀྱི་སེམས་པ་བསྟན་པར་བཀའ་དྲིན་སྙིང་ནས་ཞུ།སྒྲོལ་མ།
ཁྱོད་ཀྱིས་སྐད་འདི་གོ་མ་ཐག་ང་ལ་སྡང་སེམས་སྐྱེ་སྲིད་མོད་ད་ནི་ང་ལ་གུ་ཡངས་ཐེངས་ཤིག་གནང་རོགས་ཞུ།
སྐྱེ་བ་འདིར་འུ་གཉིས་ཅིས་ཀྱང་ལམ་གཅིག་གི་མི་མིན་པས་ང་རང་གཏན་དུ་བརྗེད་པར་གྱིས་ཤིག
ང་ཡིས་སྐྱེ་བ་རྗེས་མར་ང་རང་ཁྱོད་དང་འཕྲད་པའི་སྨོན་ལམ་འདེབས་སྲིད།
འདི་ནི་འུ་གཉིས་ཀྱི་ཆེས་མཐའ་མཇུག་གི་ཁ་བརྡ་ཡིན།
འདིར་བལྟས་རྗེས་ངས་ཁྱོད་རང་སྐད་འཕྲིན་ལས་བསུབ་རྒྱུ་ཡིན་པས་ཁྱོད་ཀྱིས་ཡང་བསྐྱར་ང་ལ་སྒེར་བརྡ་མི་གཏོང་བར་ཞུ་ལ།
ཁ་པར་ཡང་མི་གཏོང་བར་མཁྱེན། ཁྱོད་དང་འུ་གཉིས་ཀྱི་ཆེད་དུ།
སྙིང་ཉེ་བའི་སྒྲོལ་མ་ལགས། ཁྱེད་ལ་བདེ་སྐྱིད་ལྡན་པའི་སྨོན་ལམ། "ཞེས་བསྐུར།
ལྷ་ཡག་གིས་སེམས་ཐག་གཙང་བཅད་བྱས་ཟིན་པས་སྒུལ་རྒྱུ་མེད་པ་འདྲ།རྗེས་སུ་སྒྲོལ་མས་མིག་ལ་མཆི་མ་འཁྱིལ་ཞོར་འཕྲིན་ཡིག་འདི་ཀློག་ཡོད་པ་ཁོ་ཐག་ཡིན།
ལྷ་ཡག་ལ་ཕྱིར་ཁ་པར་ཡང་གྲངས་མེད་ཅིག་བཏང་ཡོད་པ་ཁོ་ཐག་ཡིན་མོད།
ལྷ་ཡག་གིས་བློས་མི་ཐོངས་བཞིན་དུ།
ཁོ་མོར་ཁ་ཡ་བྱེད་འདོད་ཀྱི་འདུན་པ་མེ་རུ་འབར་ཡང་ཁོས་བཟོད་བསྲན་བགྱིས་ཏེ་ཁ་པར་གཅིག་ཀྱང་མ་བླངས།ཁོས་བཤད་ན་ཡོད་ཚད་ཁོ་མོའི་ཆེད་དུ་ཡིན་ཟེར།
རྗེས་སུ་ལོ་ངོ་བཞི་འགོར་བའི་དེ་རིང་ཞོགས་པར་ལྷ་ཡག་གིས་ཡང་བསྐྱར་འདས་དོན་དེ་དག་དྲན་བྱུང་།ལྷ་ཡག་མྱུར་དུ་བརྒྱུགས་ནས་དཔེ་དེབ་སྤུངས་ཡོད་སའི་ཅོག་ཙེ་ལས་དཔེ་ཆ་ཚོ་ཕར་སློག་ཚུར་སློག་བྱས་ཏེ་མཐོ་འབྲིང་སྐབས་བྲིས་པའི"ང་དང་སྒྲོལ་མ་ལྷ་མོ"ཞེས་པའི་སྙན་ངག་བྲིས་ཡོད་པའི་འབྲི་དེབ་དེ་བཙལ།
ལྷ་ཡག་གིས་འབྲི་དེབ་དེ་ཇི་ལྟར་བཙལ་ཀྱང་མ་རྙེད།
ཁོས་བསམ་བློ་ཞིག་བཏང་རྗེས་ད་ནི་ཁོས་ཡུན་རིང་ཞིག་ལ་སྙན་ངག་དེ་མ་བཀླགས་པ་ཚོར།
སློབ་གྲྭ་ལས་བུད་རྗེས་ལྷ་ཡག་གིས་དཔེ་ཆར་ལྟ་མཚམས་མ་ཆད་པར་དཔེ་ཆ་མང་བོ་ཞིག་ཉོས་ཤིང་བཀླགས།
ཁོ་ཡི་མགོ་ལ་ལྷུང་བའི་དཀའ་སྡུག་གི་ཁུར་བོ་དེས་ཁོའི་བློ་ཁ་རྩོམ་རིག་གི་ཕྱོགས་སུ་ཁྲིད་སོང་།
ཁོས་རྩོམ་རིག་སྐོར་གྱི་དཔེ་དེབ་མང་དུ་བཀླགས་ཤིང་ཡིད་འགུལ་ཐེབས་ནས་རྗེ
ས་སུ་རང་ཉིད་ཀྱིས་ཀྱང་རྩོམ་ཡིག་མང་དུ་བྲིས་ཏེ་དེབ་དང་དྲ་བ་མང་བོར་བཀོད་པས་ཀློག་པ་པོ་མང་བོ་ཞིག་གི་དགའ་བསུ་ཡང་ཐོབ་མྱོང་།
ཁོས་འདང་ཇི་ལྟར་བརྒྱབ་ཀྱང་འབྲི་དེབ་དེ་གང་དུ་བཞག་པ་ཡིད་ལ་མ་དྲན།ཁོས་ཨ་མར་དྲིས་ཀྱང་ཨ་མས་ཀྱང་གསལ་བོ་ཞིག་མ་ཤེས་ཟེར།
འོ་རེད་རེད།
ལྷ་ཡག་གི་སེམས་ལ་དྲན་བྱུང་།དགོང་མོ་དེར་ལྷ་ཡག་གིས་སྒྲོལ་མ་ཤིན་ཏུ་དྲན་པར་གྱུར་བས་ཅི་བྱ་དགོས་པ་ཡང་མ་ཤེས་པར་གྲོགས་པོ་འཕོང་སྐྱེན་པ་བོས་ནས་ཁོ་དང་མཉམ་དུ་ཆང་འཐུང་རོགས་བྱེད་དུ་བཅུག
ལྷ་ཡག་གིས་ཆང་མང་བོ་ཞིག་འཐུང་བས་ར་བཟི་བར་གྱུར་ཏེ་སྙན་ངག་བཏོན།
འབྲི་དེབ་དེ་བླངས་ནས་སྐད་མཐོན་པོས་སྙན་ངག་བཏོན།སྙན་ངག་བཏོན་གྱིན་བཏོན་གྱིན་སེམས་རབ་ཏུ་སྐྱོ་གདུང་གིས་གཟེར་བས་སྙན་ངག་དེ་ཐབ་ལ་འཕངས་ནས་མེ་ལ་བསྲེགས།
"ཁྱོད་ཀྱིས་ད་དུང་ཁོ་མོ་བརྗེད་མི་ཐུབ་བམ།"འཕོང་སྐྱེན་པས་དེ་ལྟར་དྲིས།
"སྔ་མོ་ནས་བརྗེད་ཚར་སོང་།" ལྷ་ཡག་གིས་དེ་ལྟར་བཤད།
"ངས་སུ་ཡིན་པའང་མ་བཤད་པར་ཁྱོད་ཀྱིས་ངས་བཤད་ཀྱིན་པ་དེ་སུ་རེད་ཟེར་བ་ཡིན།"
སྐད་ཆ་འདིས་ལྷ་ཡག་གི་རྫུན་གཏམ་རང་ཤུགས་ཀྱིས་ལྷང་ལ་ཕུད་པས་ཁོ་རང་དགོད་ཁ་ཤོར་སོང་།
དེ་ནས་ཁུ་སིམ་མེར་གྱུར་སོང་།
ལྷ་ཡག་གིས་མགོ་བོ་སྨད་ནས་ཁུ་སིམ་མེར་གྱུར་སོང་།
འཕོང་སྐྱེན་པ་ནི་ལྷ་ཡག་ལ་ཆ་རྒྱུས་ཡོད་པའི་གྲོགས་པོ་ཞིག་ཡིན་པས་ཁོས་ལྷ་ཡག་གི་ཤིན་ཏུ་སྐྱུར་བའི་ལས་དབང་ལ་གདུང་སེམས་སྐྱེས་ནས་ལྷ་ཡག་དང་ཤིན་ཏུ་བློ་ཉེ་བོ་བྱས་པས་བློས་ཐུབ་ཀྱི་གྲོགས་པོར་གྱུར་ཡོད།
"ཡ་ད་དེ་མི་གླེང་། ཆང་ཐུངས། "འཕོང་སྐྱེན་པས་དེ་ལྟར་བཤད།
ལྷ་ཡག་གིས་དྲན་སོས་ཏེ་འབྲི་དེབ་དེ་མེར་བསྲེགས་པ་ཡིད་ལ་དྲན་བྱུང་།ད་ནི་སླར་ཡང་སྙན་ངག་པ་སྤྲིན་བཞོན་གྱི་སྙན་དེབ་མདུན་ཤོག་ཏུ་རྟ་ཁྱུ་ཅན་དེ་བླངས་ནས་ལྟ་མགོ་བརྩམས།ཁོས་སྙན་ངག་རེ་རེ་བཞིན་བཀླགས།
འདིའི་ནང་གི་སྙན་ངག་ཁ་ཤས་ཁོས་སྒྲོལ་མའི་མདུན་ནས་ཀྱང་བཀླགས་མྱོང་།
ཁོས་བཀླགས་ཏེ་མཚམས་ཤིག་ལ་ཐོན་རྗེས་སྒྲོལ་མ་ཧ་ཅང་དགའ་བའི་སྙན་ངག་དེ་མཐོང་བྱུང་།
འདི་ནི་དེ་དུས་དམའ་འབྲིང་གི་སྐབས་སུ་སྒྲོལ་མས་ཁོ་ལ་བཤད་པ་རེད།
མོ་རང་སྙན་ངག་འདི་ལ་ཤིན་ཏུ་དགའ།
ཁོ་མོས་སྙན་ངག་འདི་ཐེངས་མང་བོར་ལྷ་ཡག་ལ་གྱེར་མྱོང་།
ལྷ་ཡག་གིས་ཀྱང་སེམས་ཞིབ་མོས་ཉན་མྱོང་།
ལྷ་ཡག་གིས་སྙན་ངག་དེ་ལ་ཡུན་རིང་ཞིག་ལ་བལྟས།
དེ་ནས་སྐད་གསང་མཐོན་པོས་སྙན་ངག་དེ་གྱེར་བྱུང་། སྙན་ངག་དེ་ནི་འདི་ལྟ་སྟེ།
"ཁྱོད་ལ་བརྗོད་འདོད་ཀྱི་སྐད་ཆ་དེ།
ཁྱོད་ལ་བརྗོད་འདོད་ཀྱི་འོད་མདངས་འཚེར་བའི་སྐད་ཆ་དེ།
འོད་མདངས་འཚེར་བའི་མཚན་གུང་གི་མེ་འཁྱེར་བཞིན།
བདག་སེམས་ཀྱི་མཚན་ལྗོངས་ཉུལ་ནས་ཡུན་རིང་འགོར།
ང་ཡི་བརྩེ་བས་ཁྱོད་རང་བཙལ་ཏེ། ལོ་ཟླ་དང་འཇིག་རྟེན་གང་མང་ཞིག
སུན་སྣང་དང་ཁེར་རྐྱང་གིས་བརྒལ་ནས་ཡོང་། ང་ཡི་རྣམ་ཤེས་བསླུ་བའི་མཛེས་ལྡན་མ།
ང་ཡི་རྨི་ལམ་རྐུ་བའི་མཁའ་འགྲོ་མ། ངས་ཁྱོད་ཀྱི་ལོག་ཕེབས་ལ་བསྒུགས་ནས།
ངས་སྨག་མཐུག་པའི་མཚན་མོ་རེ་རེ། གདུང་ཡུས་དང་སྙན་ངག་གིས་བརྒལ་ནས།
རེ་སྨོན་གྱི་སྐྱ་རེངས་བསུས། ཁྱོད་ནི།
སྨག་རུམ་གྱི་ཀློང་ན་གསལ་ཞིང་འཚེར་བའི་ཐབ་མེ། ཁྱོད་ནི།
ནུབ་ཕྱོགས་ཀྱི་མཁའ་ན་དངུལ་འོད་འཚེར་བའི་ཟླ་གོར།
ངས་ནམ་ཡང་མིག་ཟུང་ཧྲིག་གེར། མཁའ་མཐའི་མཐོངས་སུ་ཕུར་ཚུགས་སུ་ཅེར་ཏེ།
ཁྱོད་ཀྱི་བརྩེ་བའི་ཉི་ཟེར་བསྒོམས་མྱོང་བ་དྲན་པར་གྱིས།
བདག་སེམས་ཀྱི་བུམ་ཆུང་དུ་ཡུན་རིང་ཉར་བའི་སྐད་ཆ་དེ།
ཁྱོད་ལ་བརྗོད་འདོད་ཀྱི་འོད་མདངས་འཚེར་བའི་སྐད་ཆ་དེ།
མགྲིན་པ་རྣོང་ཞོར་ཁྱོད་ཀྱི་སྙན་ལམ་དུ་བསྒྲོན་ཚེ།
ང་ཡི་རྨི་ལམ་ཉུལ་བའི་ཡིད་འོང་ལགས།
ཁྱོད་ཀྱིས་དེ་ལ་རིན་ཐང་སྤྲོད་སྲིད་དམ།"
|
拉格加
lagejiag@qq.com
|
青海省果洛州玛沁县吉美坚赞民族职业学校
|
职业:高中学生
|
Wexing:15349784092
|
家乡:贵南县
|
|