རྩོམ་ཉམས་གསར་པའི་རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 11 ཚེས 23 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» སྔོན་བྱོན་སྐྱེས་ཆེན། »རྩོམ་ཉམས་གསར་པའི་རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར།
རྩོམ་ཉམས་གསར་པའི་རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2020/9/22ལྟ་ཀློག (35391)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྩོམ་ཉམས་གསར་པའི་རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར།

      སྤྱོད་འཇུག་གི་གཞུང་མཛད་པ་པོ་ནི་སློབ་དཔོན་ཤཱནྟ་དེ་ཝའམ་ཞི་བའི་ལྷ་སྟེ། ཁོང་ནི་སྤྱི་ལོའི་དུས་རབས་བདུན་པའི་དཀྱིལ་སྨད་དུ་བྱུང་བའི་རྒྱ་གར་ཡུལ་དབུས་ཐེག་པ་ཆེན་པོའི་ནང་བསྟན་གཙུག་ལག་སློབ་གླིང་ཆེན་མོ་དཔལ་ནཱ་ལེནྡྲའི་སློབ་དཔོན་པཎྜི་ཏ་ཡིན་པ་དང་། གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པའི་ལྟ་གྲུབ་དང་སྙན་ངག་སྨྲ་བ། ནང་པ་སངས་རྒྱས་པ་ཐེག་ཆེན་གཞུང་ལུགས་ཀྱི་སེམས་ཁམས་རིག་པར་ཆེད་དུ་སྦྱངས་ནས་སྐུ་ཚེ་གང་བོར་མྱོང་བ་ཐོན་པའི་ཉམས་ལེན་པ་དང་སློབ་སྟོན་པ། སྤྲང་པོ་དང་ནད་པ་སོགས་སྤྱི་ཚོགས་ཁྲོད་དཀའ་ཁག་ཅན་གྱི་མི་སྣར་རོགས་མགོན་གནང་མཁན་གྱི་དགེ་ལས་པ་དང་སྤྱི་ཚོགས་རིག་པ་བ། རིགས་རུས་དམན་པ་དང་བུད་མེད་སོགས་སྐབས་དེར་སྤྱི་ཚོགས་རིམ་པ་དམའ་བའི་མི་སྣར་རྒྱབ་སྐྱོར་སེམས་ཤུགས་སྦྱིན་མཁན་གྱི་དྲང་བདེན་བསམ་བློ་བ། མི་ཚེའི་རིན་ཐང་ཤེས་རབ་དང་བྱམས་བརྩེ་ལས་འཚོལ་བའི་ནང་བའི་དགེ་སློང་ཞིག་སྟེ། ཁོང་གི་རྣམ་ཐར་དེང་དུས་རྒྱ་གར་དུའང་གསར་རྙེད་མེད་ཅིང་། གནའ་དུས་རྒྱ་གར་ནས་བོད་དུ་འགྱུར་བའི་སྤྱོད་འགྲེལ་ཁག་གི་དབུར་ཐ་ཐོར་ཉུང་ངུར་བཞུགས་པ་ཆོས་འབྱུང་ལོ་རྒྱུས་རྣམས་སུ་ཕྱོགས་གཅིག་ཏུ་བཀོད་པ་ལ་མཐུན་སྣང་ལྟར་དཔྱད་དེ་འབྲི་བ་ལ། ཁོང་ནི་རྒྱ་གར་ནུབ་ཕྱོགས་ཀྱི་ཆ་ཡུལ་འཁོར་བཟང་པོའམ་སཽ་རཱ་ཥ་ཊ་ཞེས་བྱ་བའི་རྒྱལ་ཕྲན་ཞིག་ཏུ་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བའི་སྲས་སུ་སྐུ་འཁྲུངས། རྒྱལ་སྲས་སྐུ་ན་གཞོན་ནུའི་དུས་སུ་ཞི་བའི་གོ་ཆ་ཞེས་མཚན་དུ་འབོད་ཅིང་། ཁོར་ཡུག་ཀུན་ཏུ་སྐྱེད་མོས་ཚལ་གྱིས་མཛེས་ཤིང་ལོངས་སྤྱོད་ཀྱི་དཔལ་ཕུན་སུམ་ཚོགས་པའི་ཕོ་བྲང་དུ་ཐམས་ཅད་ཀྱིས་བཀུར་བསྟི་དང་གཅེས་སྐྱོང་འོག་སྐུ་ནར་སོན་པ་དང་ཆབས་ཅིག དམིགས་བསལ་ཆེད་མཁས་སློབ་སྟོན་དགེ་རྒན་དག་ལས་རྟ་མཆོག་དང་གླང་ཆེན་ཞོན་རྩལ་ནས་རལ་གྲིའི་འཕྲུལ་འཁོར་དང་མདའ་ཡི་འཕེན་རྩལ། ཆུ་རྐྱལ་མཆོངས་རྩེད་སོགས་རྒྱལ་བུ་ལ་འོས་པའི་དྲག་རྩལ་དང་། གཞན་ཡང་རྒྱ་གར་ཡུལ་གྱི་ཡིག་རིགས་སྣ་ཚོགས་པ་དང་། དམག་འཐབ་རིག་པ་དང་སྲིད་སྐྱོང་རིག་པ། རོལ་མོའི་སྒྱུ་རྩལ་དང་མཚན་ཉིད་རིག་པ། ཆོས་ལུགས་སྣ་ཚོགས་པའི་ལྟ་གྲུབ་བཅས་ལ་སྦྱངས་པ་མཛད་པས། ཁོང་གི་དར་ལ་བབ་པའི་ལུས་སྟོབས་ལ་གཞན་ལས་འཕགས་པའི་ནུས་སྟོབས་རྫོགས་པར་མ་ཟད། ཚད་མཐོ་ལ་གཏིང་ཟབ་པའི་སློབ་ཁྲིད་དེ་དག་གིས་ཁོང་ལ་འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་རིན་ཐང་འཚོལ་བའི་ཤེས་རབ་ཀྱི་སྒོ་མོ་ཕྱེས་ཤིང་བསམ་གཞིག་གི་ཀློང་དུ་བཙུད། ཁོང་བྱིས་པའི་དུས་ནས་ལྷན་སྐྱེས་ཀྱིས་བྱམས་བརྩེ་དང་ལྡན་པས་བློན་པོ་དང་འབངས་འཁོར་རྣམས་ལ་གུས་བརྩེའི་བརྡ་ལན་དང་ཕན་འདོགས་ཅི་ཐུབ་བྱེད་ཅིང་། དེ་དག་གིས་ཡབ་རྒྱལ་པོ་དང་བློན་པོ་རྒན་རབས་དག་ལས་ཀྱང་རྒྱལ་སྲས་ལ་བཅོས་མིན་གྱི་གུས་བརྩི་དང་དགའ་ཚོར་བྱེད། ནམ་རྒྱུན་ཁོང་གིས་ཕོ་བྲང་ཕྱི་རོལ་གྱི་ཕོངས་པ་དང་ནད་པ་སོགས་ཉམས་ཐག་པ་རྣམས་ལ་སྙིང་རྗེས་ལྷག་པར་སྐྱོང་བའི་གནང་སྦྱིན་དང་དེ་དག་གིས་མྱོང་བཞིན་པའི་དཀའ་ཁག་ཀྱང་ཡབ་རྒྱལ་པོ་ལ་གཏམ་གླེང་ཁྲོད་གང་ཐུབ་ཞུ་བར་བྱེད། ཕོ་བྲང་ནང་གི་དབང་ཆ་ཆེ་བའི་བཙུན་མོ་དང་བློན་པོའི་བར་ནས་འཁོར་གཡོག་བར་ཕན་ཚུན་ཕྲག་དོག་དང་དབང་ཆའི་འཐབ་རྩོད། ཕྱི་རོལ་འབངས་མིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ནས་བཀྲེས་སྐོམ་དང་ངལ་དུབ་ཀྱི་དཀའ་སྡུག་སོགས་མཐོང་བས་ཁོང་ལ་ཚོར་བ་ཟབ་མོ་སྟེར་ཞིང་སྐབས་དང་སྐབས་སུ་ཁོར་ཡུག་དེ་ལས་འབྲལ་བར་འདོད་པའི་སུན་སྣང་ཡང་སྐྱེ་རུ་བཅུག སྐབས་ཤིག་ན་ངེས་མེད་དུ་རྒྱུ་བའི་ནང་པའི་རྣལ་འབྱོར་པ་ཀུ་སུ་ལུ་ཞིག་ཕྱོགས་དེར་འོང་ནས་ཆོས་སྟོན་ཅིང་བསོད་སྙོམས་མཛད་པ་ཐོས་པས་བློ་སྒོ་ཡངས་པའི་རྒྱལ་སྲས་ཀྱིས་ཕོ་བྲང་དུ་བོས་ཏེ་ཁོང་གི་ལྟ་སྤྱོད་བསམ་བློ་ལ་འདྲི་རྩད་གནང་། དེ་ནི་ཕྱི་ཚུལ་ལ་གནས་ཡུལ་ངེས་པ་མེད་ཅིང་ལོངས་སྤྱོད་ཀྱིས་དབུལ་བའི་སྤྲང་པོ་ལྟར་སྣང་ཡང་ནང་གི་བསམ་བློ་དང་ཀུན་སྤྱོད་ཚད་མཐོ་ལ་ཞི་དུལ་བག་ཡོད་ཀྱི་སྤྱོད་ལམ་ལྡན་པས་རྒྱལ་སྲས་ལ་དམིགས་བསལ་གྱི་མི་འདིས་ངོ་མཚར་བའི་ཚོར་བ་ཞིག་སྟེར་བར་བྱས། ཁོང་གིས་རྒྱལ་སྲས་ལ་ལོ་ངོ་སྟོང་ཕྲག་གོང་རྒྱལ་པོ་ཟས་གཙང་མའི་སྲས་རྒྱལ་བུ་དོན་གྲུབ་ཀྱིས་ཕོ་བྲང་གི་དཔལ་ཡོན་དང་། ལང་ཚོས་མཛེས་པའི་བཙུན་མོ་ལ་བརྩེ་བ་དོར་ཏེ་སེམས་ཅན་ཐམས་ཅད་ཁུར་དུ་ཁྱེར་བའི་སྙིང་རྗེ་ཆེན་མོ་ཡིད་ལ་བཅངས་ནས་རབ་ཏུ་བྱུང་སྟེ་ཤེས་རབ་དང་བྱམས་བརྩེའི་ལམ་དུ་བཞུད། ཁོང་ནི་འཇིག་རྟེན་འདིར་ཉོན་མོངས་དང་སྡུག་བསྔལ་ལས་གྲོལ་བའི་ཤེས་རབ་ཁྱད་པར་བ་བརྙེས་ནས་སངས་རྒྱས་པའི་མི་དང་པོ་དེ་ཡིན་པའི་གཏམ་རྒྱུད་དང་། འཁོར་བ་ནི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་དང་། དེའི་རྩ་བ་ནང་སེམས་ཀྱི་བདག་འཛིན་ཉོན་མོངས་པ་ལ་ཐུག་པ། དེ་སྤོང་བྱེད་ཡང་དག་པའི་ཤེས་རབ་ལམ་གྱི་བདེན་པ་རྒྱུད་ལ་བསྟེན་དགོས་པ། མཐར་སྡུག་བསྔལ་དང་ཀུན་འབྱུང་གཉིས་ཀ་ཟད་པའི་འགོག་པ་བྱང་ཆུབ་ཆེན་པོའི་ཡེ་ཤེས་བརྙེས་ཏེ་འཚང་རྒྱ་ཐུབ་པ་བཅས་བདེན་པ་བཞིའི་ཆོས་བསྟན་ཅིང་། ད་དུང་ཕོ་བྲང་གི་འབྱོར་བ་སོགས་ཕྱི་དངོས་པོའི་ལོངས་སྤྱོད་ཀྱིས་གནས་སྐབས་འཕྲལ་བདེའི་ཚོར་བ་ཞིག་སྟེར་ནུས་ཀྱང་དེ་ཡང་ལོངས་སུ་སྤྱོད་ཡུན་རིང་བའམ་མཐིལ་ཡང་དག་པར་རྟོགས་ཚེ་སྡུག་བསྔལ་གྱི་རྒྱུར་འགྱུར་འགྲོ་བ་དང་། ནང་སེམས་ཀྱི་བདེ་སྐྱིད་མཐར་ཐུག་པ་ཞིག་རྙེད་དགོས་ན། བཟོད་པ་དང་བག་ཡོད། བྱམས་བརྩེ་དང་ཤེས་རབ་ལས་རྙེད་དགོས་པ་དང་། ཐ་ན་འབངས་ཀྱིས་གུས་བརྩི་ལྡན་པའི་རྒྱལ་པོ་ཞིག་བྱེད་པར་ཡང་སྒེར་སེམས་སྤངས་ཏེ་གཞན་དོན་བྱེད་ཅིང་། སྦྱིན་པ་དང་ཚུལ་ཁྲིམས་སོགས་བཟང་སྤྱོད་ལ་གནས་ན་རྒྱལ་འབངས་ཀུན་ཞི་བདེ་འཆམ་འཐུན་གྱི་དཔལ་གྱིས་འབྱོར་བ་ཞིག་འོང་ངེས་ལ། གཡུལ་འཐབ་དང་དྲག་སྤྱོད་ཀྱིས་མི་དམངས་ལ་ཆད་པ་གཅོད་ཅིང་། རྟག་ཏུ་ཁྲལ་དང་ལས་ཀས་མནར་བ།རྒྱལ་དམངས་བར་དོགས་པ་དང་སྐྲག་སྣང་གིས་གནས་པ་ནི་རྒྱལ་སྲིད་ཡུན་མི་རིང་བར་འཇིག་པར་འགྱུར་སོགས་ལུགས་ཀྱི་བསླབ་བྱ་ཡང་གནང་། རྒྱལ་སྲས་ལ་ཁོང་གི་ཐེངས་འགའི་བསླབ་བྱས་ཡིད་རབ་ཏུ་འཕྲོག་སྟེ། སློབ་དཔོན་ལགས། ཁྱེད་ཉིད་ཕོ་བྲང་འདིར་ངའི་སློབ་སྟོན་དགེ་རྒན་དུ་བཞུགས་དང་ཚེ་གང་བོར་བཀུར་སྟི་ཕུ་དུད་བྱེད་པར་ཐེ་མི་ཚོམ་ཞེས་ཞུས་ཀྱང་། ཁོང་གིས།ངའི་གདམས་པའི་མི་ཚེའི་རིན་ཐང་ནི་རང་དབང་དང་བག་ཕེབས། བྱམས་བརྩེ་དང་ཤེས་རབ་ཡིན་པ་ལས་ཕོ་བྲང་གི་རྒྱས་སྤྲོས་མིན་ལ། ངས་འཚོལ་བཞིན་པའི་མི་ཚེའི་རིན་ཐང་ཕོ་བྲང་ལས་རྙེད་མི་སྲིད་པས་ང་སྡོད་ཐབས་མེད། འཇིག་རྟེན་ན་རང་དང་འབྲལ་བ་མེད་པའི་སློབ་སྟོན་དགེ་རྒན་ལེགས་ཤོས་དེ་རང་ལ་ལེགས་ཉེས་འབྱེད་པའི་ཤེས་རབ་སྐྱེས་པ་དེ་ཡིན་པས། ངས་ཁྱེད་ལ་ལུགས་གཉིས་ཀྱི་བློ་གྲོས་འཕེལ་བའི་ཆེད་ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་སྒྲུབ་པའི་མན་ངག་གནང་ཆོག་གསུངས་པ་ལྟར་བྱིན་ནས་ཕྱོགས་མེད་དུ་ཕེབས་སོང་། 

    རྒྱལ་སྲས་སྔར་མུས་བཞིན་ཕོ་བྲང་གི་འཚོ་བ་རོལ་ནས་བཞུགས་ན་ཡང་སྔར་ལས་ཀྱང་མི་ཚེའི་རིན་ཐང་འཚོལ་བར་བསམ་གཞིག་གི་གཏིང་ཟབ་སར་སྐྱེལ་ཞིང་། སྐབས་འགར་སྔར་འཕྲད་པའི་ཀུ་སུ་ལུ་ལྟར་རང་དབང་གིས་ཕོ་བྲང་ལས་ཁ་བྲལ་བར་འདོད་པ་དང་ཁོང་གིས་བཤད་པའི་རླབས་ཆེ་བའི་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱི་རྣམ་ཐར་ཡང་ཡིད་ལ་འཁོར། འོན་ཀྱང་ཡབ་རྒྱལ་པོའི་རེ་འདུན་དང་ཡུལ་གྱི་གོམས་སྲོལ་ལ་བརྩི་འཇོག་དགོས་པ་ལས་རང་གར་རྡོག་རོལ་དུ་གཏོང་བ་ག་ལ་འོས། སློབ་དཔོན་གྱི་མན་ངག་ལྟར་རྗེ་བཙུན་འཇམ་དཔལ་དབྱངས་བསྒྲུབས་པས་སྔར་བས་ཤེས་རབ་འཕེལ་བ་དང་དངོས་ཉམས་རྨི་ལམ་རྣམས་སུ་ཞལ་མཇལ་བ་བྱུང་། རེ་ཞིག་ན་ཡབ་རྒྱལ་པོ་སྐུ་གྲོངས་པས་བློན་པོའི་ཚོགས་ཀྱིས་ཡུལ་སྲོལ་དང་དམངས་རྣམས་ཀྱི་རེ་འདུན་བཞིན་ཁོང་ཉིད་རྒྱལ་སར་མངའ་གསོལ་བར་བགྲོས། ཁོར་ཡུག་དང་ཕོ་བྲང་གི་ཕྱི་ནང་ཕྱག་དར་བྱས་ཤིང་མཛེས་པར་བརྒྱན་ཏེ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་ཆེན་པོ་བཤམས་པ་དང་། རྒྱལ་པོར་འོས་པའི་གོས་རྒྱན་དང་རིན་པོ་ཆེའི་དབུ་རྒྱན་སོགས་དགའ་སྟོན་གྱི་སྟ་གོན་ཡོངས་སུ་གྲུབ་ཟིན་པ་ན། རྒྱ་གར་ཡུལ་གྱི་ལུགས་སྲོལ་བཞིན་རྒྱལ་སར་བཀོད་པའི་སྔ་ཉིན་དེར་ཡུམ་ཆེན་བཙུན་མོས་རྒྱལ་སྲས་ལ་སྤྱི་གཙུག་ནས་དྲི་བཟང་པོའི་ཆུས་ཁྲུས་གསོལ་དགོས་པ་ལ། རྒྱལ་སྲིད་སྐྱོང་བ་ནི་དཀའ་ཁག་རྙོག་འཛིང་ཆེ་བ་ཞིག་ཡིན་པ་ཉམས་མྱོང་ཤེས་རྟོགས་ཟབ་པའི་མ་ཡུམ་གྱིས་རང་གི་བུ་དཀའ་ཁག་ཏུ་ཚུད་པར་སེམས་ཀྱིས་མི་བཟོད་ཀྱང་མངོན་གསལ་དུ་འགོག་རྒོལ་བྱེད་ཐབས་བྲལ་བས། ཐབས་ཀྱིས་བརྡ་སྟོན་པའི་ཆེད་དུ་དྲི་བཟང་གིས་སྦགས་པའི་ཆུ་དེ་རབ་ཏུ་ཚ་མོ་བྱས་ཏེ་རྒྱལ་སྲས་ཀྱི་སྤྱི་བོར་བླུགས་ནས་ཁྲུས་བྱས་པ་ན། རྒྱལ་སྲས་ཀྱིས་མ་བཟོད་དེ་སྐད་ཅོར་ཤོར་བའི་ཚེ་ཡུམ་ཆེན་གྱིས་སྨྲས་པ། རྒྱལ་པོའི་སྲིད་ཀྱི་བྱ་བ་ནི་འདི་ལས་ཀྱང་བརྒྱ་འགྱུར་གྱིས་བཟོད་དཀའ་ལ་རྒྱུན་རིང་བ་རང་གར་འཇོག་ཐབས་མེད་པ་ཞིག་ཡིན་ལ། གལ་ཏེ་ཚུལ་བཞིན་སྐྱོང་བར་མ་ཤེས་ཚེ་རང་གཞན་འབངས་འཁོར་དང་བཅས་པ་སྡུག་ལ་སྦྱོར་བར་བྱེད་ཅིང་མཐར་རྒྱལ་སྲིད་ཀྱང་ཉམས་པར་བྱེད་ངེས་ལ། ཚེ་ཕྱི་མའང་སྡིག་པའི་ལས་ཀྱི་རྣམ་སྨིན་གྱིས་ངན་སོང་དུ་སྐྱེ་བར་བྱེད་ཅིང་དམྱལ་བའི་མདག་མེ་དང་ཁྲོ་ཆུ་དེ་འདི་ལས་ཀྱང་བཟོད་ཐབས་བྲལ་ཞེས་བཤད། འདི་ནི་རྡོ་རྗེ་རྣལ་འབྱོར་མས་རྒྱལ་ཡུམ་ལ་བྱིན་གྱིས་བརླབས་པའི་ཚུལ་གྱིས་ལུང་དུ་བསྟན་པར་གསུངས། བསླབ་བྱ་དེས་རྒྱལ་སྲས་ཀྱི་ཐུགས་ལ་སང་ཉིན་གྱི་རྒྱལ་སྟོན་མཛད་སྒོར་སྤྲོ་བ་མི་སྐྱེས་ཁར་སྔངས་འཚབ་སྐྱེ་བ་ཞིག་བྱུང་ཡང་ཅི་བྱ་ཐབས་མེད་དུ་ལུས། དེ་བས་ཀྱང་ནུབ་དེར་རྒྱལ་སྲས་ལ་ཡ་མཚན་པའི་རྨི་ལམ་ཞིག་བྱུང་བ་དེས་ཁོང་གི་མི་ཚེའི་ཁ་ཕྱོགས་དང་རྒྱལ་ཁབ་འདིའི་དོན་ཆེན་ཞིག་ལ་ཐག་བཅད་པ་སྟེ། དེ་ནུབ་ཀྱི་རྨི་ལམ་དུ། སང་ཉིན་སྡོད་སའི་རྒྱལ་པོའི་ཁྲི་ཆེན་པོ་དེའི་ཐོག་ཏུ་ཁོང་གིས་ཉིན་བཞིན་གསོལ་བ་འདེབས་ཤིང་སྒོམ་བཞིན་པའི་རྗེ་བཙུན་འཇམ་པའི་དབྱངས་དངོས་སུ་བཞུགས་འདུག་པ་དང་། ཤིན་ཏུ་བྱམས་ཤིང་ཡིད་དུ་འོང་བའི་གསུང་གིས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུངས་པས་གློ་བུར་དུ་གཉིད་ལས་སད་ཅིང་རྒྱལ་སྲིད་འཛིན་མི་རུང་བའི་དོན་དུ་གོ་སྟེ་རྒྱལ་སྲིད་ལས་བཤོལ་རྒྱུ་བློ་ཐག་ཆོད་པ་བྱུང་། སྔར་ཞིག་རྨི་ལམ་དུ་ཤར་ཕྱོགས་བྷཾ་གའི་ཡུལ་དུ་ཕྱིན་ན་དེར་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་འཛིན་པར་བྱེད་དོ་ཞེས་གསུངས་པ་ཡང་དྲན་ཏེ་ཕྱོགས་དེར་འབྱོན་རྒྱུ་ཐུགས་ངོར་ཤར། མཚན་མོ་དེར་སུས་ཀྱང་མ་ཐོས་པར་གསང་སྟབས་ཀྱིས་རྟ་མཆོག་ལ་ཆིབས་ཏེ་བཟའ་བཏུང་ཙམ་ཡང་ཡིད་ལ་མི་བྱེད་པར་བྱོན་བྱོན་པས་ཞག་ཉི་ཤུ་རྩ་གཅིག་གི་རྗེས་བྷཾ་ག་ལའི་ཡུལ་གྱི་མཐའི་ནགས་ཚལ་ཞིག་ཏུ་སླེབས། སྐོམ་པས་གདུང་བས་རྟ་ལས་བབ་སྟེ་ནགས་ཀྱི་རྩ་བའི་ཆུ་མིག་འཐུང་བར་བརྩམས་པ་ན། གློ་བུར་དུ་བུ་མོ་གཞོན་ནུ་ཞིག་བྱུང་ནས་དེ་ནི་དུག་གི་སྡོང་པོའི་ཆུ་སྟེ་བཏུང་བར་མི་འོས་ཤིང་འདི་ནི་བདུད་རྩིའི་ཆུའོ་ཟེར་ནས་བུམ་པའི་ཆུ་དེ་འཐུང་དུ་བཅུག བུ་མོ་དེ་ལ་ཁྱེད་གང་ནས་འོངས་ཞེས་དྲིས་པས། ནགས་ཚལ་ཆེན་པོ་འདིའི་དབུས་ན་བདག་གི་བླ་མ་ཤེས་རབ་དང་བྱམས་བརྩེའི་བདག་ཉིད་ཅན་རྗེ་བཙུན་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་སྒྲུབ་པའི་རྣལ་འབྱོར་བ་བཞུགས་ཏེ་དེ་ནས་འོངས་ཞེས་ཟེར། གཏམ་དེ་ཐོས་མ་ཐག་དགའ་ཚོར་ཆེན་པོས་དབུགས་ཕྱིན་ནས། ཀྱེ་བཞིན་བཟང་བུ་མོ་ལགས་དེ་བདག་ལ་མཇལ་དུ་སྟོན་ཅིག་ཅེས་སྨྲས་པ་ན། རྗེ་བཙུན་སྒྲོལ་མའི་སྤྲུལ་བར་གྲགས་པའི་བུ་མོས་རྟ་ཁྲིད་ནས་དེར་ཕྱིན་པ་དང་། ཤིན་ཏུ་བྱམས་པའི་ཐུགས་དང་ལྡན་ཞིང་ལུས་ངག་ཞི་དུལ་བརྟན་པ་གསེར་གྱི་རི་བོ་ལྟ་བུའི་བླ་མ་མཆོག་དང་མཇལ་ནས། རྒྱན་དང་རྟ་མཆོག་ཕུལ་ཏེ་བླ་མ་ལ་ཕྱག་བྱས་ནས་འཇམ་པའི་དབྱངས་ཀྱི་གདམས་པས་བདག་རྗེས་སུ་འཛིན་པར་ཞུ་ཞེས་གསོལ་བ་ན། བླ་མས་ཀྱང་གནང་སྟེ་ཡོངས་སུ་སྨིན་པར་མཛད་པའི་རིམ་པས་གདམས་ངག་བསྟན་ཅིང་དེར་ལོ་བཅུ་གཉིས་སུ་བསྒོམས་པས་ཏིང་ངེ་འཛིན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཐོབ་ཅིང་དེ་ནས་བཟུང་འཇམ་པའི་དབྱངས་རྒྱུན་དུ་མཇལ་བ་བྱུང་། དུས་དེ་ཙ་ན་ཡུལ་དབུས་མ་ག་དྷའི་རྒྱལ་པོ་སེང་གེ་ལྔ་པ་ལོངས་སྤྱོད་ཀྱི་མངའ་ཐང་རབ་ཏུ་རྒྱས་པས་ཕྱོགས་ཀུན་ནས་འཕྲོག་བཅོམ་པ་མང་པོ་བྱུང་སྟེ། འདོད་པ་ལྟར་བྱིན་ན་བང་མཛོད་སྟོང་ཞིང་མ་བྱིན་ན་སྲོག་ཀྱང་སྲུང་བ་དཀའ་བའི་སྔངས་སྐྲག་གིས་གདུང་བ་ན། སློབ་དཔོན་གྱིས་མཁྱེན་ནས་དེའི་འཇིགས་པ་སེལ་བའི་ཕྱིར་སློབ་བུ་རྒྱལ་སྲས་སྐུ་སྲུང་མཛད་པར་བཀའ་སྩལ་ཞིང་། བྱམས་བརྩེའི་རིན་ཐང་དམའ་ཞིང་ཞི་བདེའི་ཐབས་ལམ་ལ་ཕམ་ཁ་སྟེར་བའི་ཁོར་ཡུག་ཁྲོད་གཞན་ལ་མི་འཚེ་ཞིང་རང་ཉིད་སྲུང་བའི་ཆེད་ཤིང་གི་རལ་གྲི་ཤུབས་དང་བཅས་པ་ཞིག་ཀྱང་གནང་སྟེ་ཐབས་ཀྱིས་འདུལ་བའི་བརྡ་བསྟན། ཁོང་ལུས་སྟོབས་རྒྱས་ཤིང་དྲག་པོའི་འཐབ་རྩལ་ལ་སྔར་ནས་བྱང་བས་མཐོང་བ་ཙམ་གྱིས་རྒོལ་བ་རྣམས་ཟིལ་གྱིས་མནན་ཏེ་མི་གཡོ་བའི་སྡེ་ཞེས་སྙན་གྲགས་རྒྱས་པས་རྒྱལ་པོ་ཕོ་བྲང་དང་བཅས་པར་འཚེ་བ་དང་བྲལ་བར་གྱུར། ད་དུང་ཡུལ་དེའི་སྐྱེ་བོའི་ཚོགས་ལ་བཟོ་རིགས་སྣ་ཚོགས་བསླབས་ཤིང་རྒྱལ་ཁམས་བདེ་འབྱོར་གྱིས་ཕྱུག་པ་བྱུང་བས་འབངས་རྣམས་ཀྱིས་བཀུར་སྟི་ཆེན་པོ་ཐོབ་ཅིང་མཚན་སྙན་རྒྱས། ཕྲག་དོག་ཅན་གྱི་བློན་པོ་རྒན་རབས་པ་གཞན་དག་གིས་མ་བཟོད་པར་རྒྱལ་པོ་ལ་མི་གཡོ་བའི་སྡེ་འདི་ནི་ཤིང་གི་རལ་གྲི་བཟུང་ནས་ཁྱེད་ཀྱི་སྐུ་སྲུང་བྱེད་པས་དགྲ་ལ་ཇི་ལྟར་རྒོལ། དེ་བས་ན་འདི་གཡོ་ཅན་ཞིག་སྟེ་འདིའི་རལ་གྲིར་བལྟ་བར་འཚལ་ཞེས་གསོལ་བ་དང་། རྒྱལ་པོས་ཀྱང་ཁོང་ལ་དོགས་པ་བྱས་ནས་སྲུང་མ་ཐམས་ཅད་ཀྱི་རལ་གྲིར་བལྟ་བར་བྱའོ་ཞེས་བཀའ་བསྩལ་ཞིང་། འགའ་ཞིག་གི་རལ་གྲིར་བལྟས་ནས་མི་གཡོ་བའི་སྡེ་ལའང་རལ་གྲིར་བལྟའོ་ཞེས་བཀའ་སྩལ་པ་དང་། ཁོང་གིས་རྒྱལ་པོའི་མདུན་དུ་རལ་གྲི་ཤུབས་ནས་བཏོན་ན་མ་གུས་པར་འགྱུར་བས་མི་རུང་ངོ་ཞུས་ཏེ་ཐབས་ཀྱིས་ཟློག་པར་བྱས་ཀྱང་། ངེས་པར་ཕྱུངས་ཤིག་ཅེས་དཀའ་ནན་བསྩལ་བས་བྱ་ཐབས་བྲལ་ཏེ་རལ་གྲི་ཕྱུངས་བས། དེའི་གཟི་བརྗིད་ཀྱིས་རྒྱལ་པོའི་མིག་ཡ་གཅིག་ས་ལ་ལྷུང་བ་སླར་བཅུག་ནས་བྱིན་གྱིས་བརླབས་པས་ཟུག་རྔུ་མེད་ཅིང་མཐོང་ནུས་པར་གྱུར་ཏེ་གུས་པས་འདུད་པ་གྱུར་ཞེས་ཀྱང་གྲགས། གང་ལྟར་ཁོང་ཉིད་རྒྱལ་པོའི་ཁབ་ཏུ་བཞུགས་སྐབས་རལ་གྲིའི་འཕྲུལ་འཁོར་ལ་བྱང་བ་ཞིག་ཡིན་པས་ཤིང་གི་རལ་གྲི་ཤུབས་ནས་བཏོན་མ་ཐག་རལ་གྲིའི་འཕྲུལ་འཁོར་མཛད་པས་རྒྱལ་བློན་ཐམས་ཅད་ཀྱིས་མིག་གིས་མི་བཟོད་ཅིང་བསམ་པའི་ཡུལ་ལས་འདས་པར་བྱས་ཏེ་ཅི་ཡང་སྨྲ་བ་མེད་པར་ཧང་སངས་པར་གྱུར་ཏེ་ཟིལ་གྱིས་མནན། རྒྱལ་བློན་ཐམས་ཅད་རབ་ཏུ་སྐྲག་ནས་བཟོད་པར་གསོལ་ཏེ་སྔར་བས་གུས་ཤིང་འདུད་པར་གྱུར། འགྱོད་བཤགས་དང་བཅས་རྒྱལ་ཁམས་ཞི་བདེ་ལ་བཀོད་པའི་བཀའ་དྲིན་འཇལ་ཆེད་ཅི་གསུངས་ཁས་ལེན་ཞུས་པས། གཞན་ལ་མི་འཚེ་ཞིང་རྒྱལ་སྲིད་ཆོས་བཞིན་བསྐྱང་པ་དང་ནང་བའི་ཆོས་གཞི་བཙུགས་ནས་རྒྱལ་ཁམས་ཡོངས་ལ་ཞི་བདེ་འཚེ་མེད་ཀྱི་ལྟ་སྤྱོད་སྤེལ་བར་བསྐུལ་བས། ཕྱིས་སུ་ཡུལ་དེར་ཆོས་གཞི་ཉི་ཤུ་ཙམ་འཕེལ་ཏེ་རྒྱལ་ཁམས་ཡོངས་འཕྲོག་བཅོམ་མེད་པར་ཞི་བདེར་གནས་པར་གྱུར། བསྟོད་བཀུར་རྒྱ་ཆེན་པོས་ཡུན་དུ་བཞུགས་པར་གསོལ་ཡང་མ་བཞེས་པར་མི་ཚེའི་དམིགས་འདུན་མུ་འཐུད་འཚོལ་ཆེད་རྒྱ་གར་ཡུལ་དབུས་ན་གྲགས་ཆེ་བའི་ནཱ་ལེནྡྲའི་དགོན་པར་ཕེབས། ཤེས་རབ་དང་བྱམས་བརྩེའི་ལྟ་སྤྱོད་ཀྱིས་ཕྱུག་པའི་ནང་བསྟན་སློབ་གླིང་དེར་བག་ཡོད་ངང་དལ་གྱིས་རྒྱུ་བའི་ཚུལ་ལྡན་དགེ་སྦྱོང་རྣམས་མཇལ་བས་ཡིད་རབ་ཏུ་འཕྲོག་སྟེ་གནས་དེར་རབ་ཏུ་བྱུང་བར་བློ་ཐག་བཅད། སྐབས་དེར་ནཱ་ལེནྡྲར་བཞུགས་པའི་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་བས་སློབ་དཔོན་གྱིས་ཤཱནྟ་དཱེ་བ་སྟེ་ཞི་བ་ལྷ་ཞེས་མཚན་གནང་། ཁོང་ཉིད་ནཱ་ལེནྡྲར་བཞུགས་པའི་རིང་སྡེ་སྣོད་གསུམ་ལ་སྦྱང་པ་མཐར་ཕྱིན་པ་མཛད་ཅིང་། ཐེག་པ་ཆེན་པོའི་བཀའ་དང་སློབ་དཔོན་ཀླུ་སྒྲུབ་སོགས་ཀྱི་དགོངས་འགྲེལ་བསྟན་བཅོས་རྣམས་མན་ངག་གི་གནད་དུ་དྲིལ་བའི་ཚུལ་ལ་ཆེད་ཞིབ་མཛད། མ་ཤེས་པ་དང་དོགས་གནས་བྱུང་ཚེ་རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་བཏབ་ཅིང་དྲིས་པས་ཞལ་གཟིགས་གདམས་པ་ཡང་ཡང་གནང་བས་རྒྱུན་གྱི་སློབ་ཁྲིད་ལ་མ་སོང་བར་གྲྭ་ཤག་ཏུ་སྦས་ནས་བཞུགས། རྒྱུན་དུ་ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སྟེ་བསླབ་པ་གསུམ་གྱི་དོན་དང་ཁྱད་པར་སེམས་འདུལ་པའི་གཉེན་པོ་ཤེས་རབ་དང་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང་དྲན་ཤེས་བག་ཡོད་བསྟེན་ཏེ་མི་གཞན་དང་རྒྱང་སྲིང་ནས་འབྲེལ་བ་མི་བྱེད། ལུང་རྟོགས་ཀྱི་ཡོན་ཏན་གོང་འཕེལ་དུ་སོང་བ་ཐམས་ཅད་ཁོང་དུ་སྦེད་ཅིང་ཕྱི་ལ་མི་སྟོན་པར་ནང་གི་ཉམས་ལེན་འབའ་ཞིག་ལ་བརྩོན་པར་མཛད། སྔར་ཞིག་ནས་ཐེག་པ་ཆེན་པོའི་མདོའི་དོན་མ་ལུས་པ་ཁོང་དུ་ཆུད་པས་དོན་གནད་གཅེས་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་བསླབ་བཏུས་དང༌། མདོ་བཏུས་གཉིས་མཛད་ཟིན་པའང་གཞན་ལ་མ་བསྟན་པར་གྲྭ་ཤག་གི་འགེབ་གསེབ་ཏུ་སྦས་པར་མཛད། སློབ་དཔོན་འདིས་གཞན་དང་མི་མཚུངས་པར་ཆོས་ཀྱི་ཉམས་ལེན་སྦས་ཚུལ་གྱི་གནང་སྟངས་འདིས་གཞན་འགའ་ཞིག་གིས་ཁོང་ནི་ཅི་ཡང་མི་མཁྱེན་པ་དང་སློབ་སྦྱོང་ལ་མི་བརྩོན་པ་ཞིག་ཏུ་ངོས་འཛིན་གཏན་ཁེལ་བྱས། ད་དུང་ཉིན་བཞིན་དགེ་འདུན་གྱི་རུང་ཁང་ལས་འབྲས་ཆེན་བྲེ་བོ་ལྔ་ལྔ་གསོལ་བས་རྒྱ་གར་བའི་སྐད་དུ་བྷུ་སུ་ཀུ་ཝ་ཞེས་ཟ་ཉལ་འགྲོ་བ་གསུམ་ལས་མི་ཤེས་པའི་མིང་ངན་བཏགས་ཏེ་བོས། རྒྱུན་དུ་དམན་སར་བཅད་དེ་བརྙས་བཅོས་སྣ་ཚོགས་བྱས་ཀྱང་ཁོང་གིས་བཟོད་པ་དང་བདག་གཞན་བརྗེ་བ་བྱང་སེམས་སྒོམ་པའི་གྲོགས་སུ་བླངས་པས་སེམས་རྒྱུད་ཀྱི་ཉམས་ལེན་སྔར་བས་གོང་དུ་འཕེལ་བར་ཕན་པ་བྱུང་། འོན་ཀྱང་རབ་ཏུ་བྱུང་བ་ཁོ་ན་རྒྱུ་མཚན་བྱས་ཏེ་དགོན་པ་གཞན་དུ་ཅི་མོས་སུ་སྡོད་དུ་རུང་ཡང་ནཱ་ལེནྡྲའི་སློབ་སྒྲིག་ནི་དམིགས་བསལ་ཞིག་སྟེ། སྡེ་སྣོད་གསུམ་ལ་སྦྱང་བརྩོན་གྱིས་ཉིན་མཚན་འདའ་ཞིང་འཆད་ཁྲིད་མང་པོའི་སློབ་ཁྲིད་ཀྱི་ཚོགས་སུ་ཞུགས་དགོས་པ་ལས། རང་གར་དགེ་འདུན་གྱི་འཚོ་བར་ལོངས་སུ་སྤྱད་དེ་ཡུན་རིང་འཇོག་ཐབས་བྲལ་བས་སྤྱིའི་སྒྲིག་བདག་པ་དག་གིས་ཁོང་ཉིད་གནས་གཞན་ཞིག་ཏུ་བསྐྲད་རྒྱུའི་ཐབས་ཤེས་འཚོལ་བར་གྲོས་བྱས།རྒྱུན་སྲོལ་ལ་ལོ་རེའི་ཆོ་འཕྲུལ་ཟླ་བའི་ཆོས་སྟོན་སྐབས་ཉིན་མཚན་ཁོར་མོར་མཁས་པ་ཐམས་ཅད་དང་མི་ཚོགས་འཛོམས་པའི་དབུས་སུ་དགེ་འདུན་རྣམས་རེས་བབ་ལྟར་མདོ་འཆད་དུ་འཇུག་དགོས་པ་ཡིན་ལ། མཛད་སྒོ་འདི་ནི་མཁས་པ་ཀུན་གྱིས་རྣམ་དཔྱོད་ངོམས་ས་ཞིག་དང་སློབ་སྦྱོང་ལ་མི་བརྩོན་པ་དག་སྨ་ཕབ་སྟེ་གནས་ནས་དབྱུངས་པའི་མཛད་སྒོ་ཁྱད་པར་བ་ཞིག་ཀྱང་ཡིན། 

     སྔར་སྲོལ་བཞིན་གཙུག་ལག་ཁང་གི་ཕྱི་རོལ་ས་ཕྱོགས་ཡངས་པར་མཆོད་པའི་དངོས་པོ་རྒྱ་ཆེར་བཤམས་ཤིང་སྐྱེ་བོའི་ཚོགས་མང་པོ་འདུས་པའི་དབུས་སུ་སེང་གེའི་ཁྲི་མཐོན་པོ་བཤམས་ཏེ་ཆོས་འཆད་པའི་མཛད་སྒོ་སྤེལ་བར་ཉེ། དགེ་འདུན་གྱི་སྒྲིག་བདག་པས་ཁོང་ལ་ད་ཐེངས་ཆོས་འཆད་པའི་རེས་ལ་བབ་པའི་བརྡ་བྱས་པས། བདག་གིས་ཅི་ཡང་མི་ཤེས་ཤིང་ཉམ་ཆུང་ངུས་ཕྱོགས་གཞན་དུ་འགྲོ་རྒྱུ་དགོངས་ཞུས་བྱས་ཀྱང་། སྒྲིག་བདག་པས་ཁོང་ཉིད་རང་གར་བུད་སོང་ན་སྒྲིག་ལམ་དང་མི་མཐུན་ཞིང་རྒྱུ་མཚན་མེད་པར་ཕུད་པའི་ལབ་གླེང་འབྱུང་དོགས་ཀྱིས་དང་ལེན་མ་བྱས་ཁར། མཁན་པོ་རྒྱལ་བའི་ལྷ་ལ་ཉིད་ཀྱི་སློབ་མ་རེས་སུ་བབ་པ་སྤྱིའི་སྒྲིག་ཁྲིམས་ལྟར་ཆོས་སྟོན་པར་མི་བྱེད་པས་བཀས་བགོ་བ་གྱིས་ཤིག་ཅེས་ནན་བསྐུལ་བྱས། མཁན་པོས་དེ་བཞིན་བཀའ་བསྩལ་བས་ཁོང་གིས་ཀྱང་དང་ལེན་མི་བྱེད་ཐབས་མེད་དུ་གྱུར། ཉིན་དེར་ཁྲོམ་ཚོགས་ཉིན་སྔ་མ་ལས་ཀྱང་མང་བར་འཛོམས་པའི་དབུས་སུ་ཆོས་ཁྲི་སྔར་བས་མཐོ་བར་བྱས་ཤིང་ཆེད་དུ་སྐས་མ་བཙུགས་པར་བཞག །འགའ་ཞིག་གིས་སློབ་དཔོན་ཁྲིའི་དྲུང་དུ་ཕེབས་པ་དང་ཕྱག་རིང་པོ་གྱེན་དུ་བརྐྱངས་པས་ཁྲི་ཇེ་དམའ་རུ་ཕྱིན་པ་མཐོང་བ་དང་། འགའ་ཞིག་གིས་ཅི་ཡང་མ་མཐོང་བར་གློ་བུར་དུ་ཁྲི་ཐོག་ཏུ་ཞི་དུལ་དང་ལྡན་པས་བཞུགས་ནས་འདུག སྐབས་དེར་འགའ་ཞིག་ཁྲེལ་འཛུམ་དང་འགའ་ཞིག་སྔངས་འཚབ་སྐྱེས། འགའ་ཞིག་གིས་མི་འདི་ཅི་འདྲ་ཞིག་ཡིན་མི་ཤེས་སྙམ་དུ་ཐེ་ཚོམ་དུ་གྱུར་བའི་མིག་གིས་ཁོང་ལ་བལྟ་ཞིང་རྩེ་གཅིག་ཏུ་ཉན་ནས་འདུག ཁོང་ཉིད་བག་ཚ་བ་མེད་པར་ལྷོད་བག་དང་ལྡན་པའི་བྱམས་པའི་མིག་གིས་ཀུན་ལ་བལྟ་བཞིན། སྔར་སྟོན་པ་དྲང་སྲོང་ཆེན་པོས་གསུངས་ཟིན་པའི་མདོ་ཞིག་འཆད་དམ་སྔར་མ་གྲགས་པ་ཞིག་འཆད་ཅེས་དྲིས་པས་ཐམས་ཅད་ཡང་དུ་ངོ་མཚར་བར་གྱུར་ཏེ་འུར་ཟིང་ངེར་སོང་། མདུན་གྲལ་གྱི་པནྟྲི་ཏ་དག་གིས་མགྲིན་གཅིག་ཏུ་ཉམས་སད་ཕྱིར་སྔར་མ་གྲགས་པ་ཞིག་འཆད་པར་ཞུས་པས། བསླབ་བཏུས་ནི་མང༌། མདོ་བཏུས་ནི་ཉུང༌། ཚིག་བསྡུས་ལ་དོན་རྒྱས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སྔར་ནས་ཡིད་ངོར་བརྩམས་ཟིན་པ་དེ་ཐག་ཐོགས་མེད་པར་གསུང་སྐད་མཐོན་པོས་འཆད་པས་ཐམས་ཅད་ཡ་མཚན་པར་བྱས་ཏེ་མང་པོ་ཞིག་གཅིག་གིས་གཅིག་ལ་བལྟ་དགོས་པ་བྱས། མཁས་པའི་དབང་པོ་པཎྜི་ཏ་དག་གིས་དེ་བས་ཀྱང་གཟབ་ཏུ་ཉན་ནས་ཚིག་དོན་ཡིད་ངོར་འཛིན་བཞིན་འདུག །ཤེས་རབ་ལེའུ་སྐབས་ཀྱི། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཅེས་པ་ནས་དམིགས་བསལ་གྱི་མཐོང་སྣང་ལྡན་པ་འགའ་ཞིག་གི་སྣང་ངོར་སློབ་དཔོན་ཁྲི་ལས་འཕགས་ཏེ་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་སྟེ་མཐར་སྐུ་ལུས་མི་སྣང་བར་གསུང་ཁོ་ན་ཐོས་པས་མཇུག་རྫོགས་པར་གྲགས། གང་ལྟར་ཁོང་ཉིད་མུ་མཐུད་གནས་འདིར་བཞུགས་ཚེ་སྤྱིའི་སྒྲིག་ལམ་ལ་མི་མཐུན་པ་དང་། སྦས་པའི་ཚུལ་གྱིས་ཐུགས་དམ་ཉམས་བཞེས་ཐུགས་འདུན་ལྟར་མ་བྱུང་བས་ཁོང་ཅག་གི་ཐོག་མའི་འདོད་འདུན་ལྟར་རེ་ཞིག་མི་མངོན་པར་བྱས་ཏེ་ཡུལ་གཞན་དུ་ཕེབས་སོང་བས་ཐམས་ཅད་གནོང་འགྱོད་དྲག་པོ་སྐྱེས། ཕྱིས་སུ་རྒྱ་གར་ཤར་ལྷོའི་ཕྱོགས་ཀྱི་སའི་ཆ་ཏྲེ་ལངྐའི་ཆར་གཏོགས་པ་གྲོང་ཁྱེར་ཀ་ལིངྐར་མཆོད་རྟེན་དཔལ་ཡོན་ཅན་དུ་བྱོན་ནས་བཞུགས་པར་ཐོས། སྐབས་དེར་བློ་འཛིན་གཞན་ལས་ཁྱད་དུ་འཕགས་ཤིང་ཤེས་རབ་ཆེ་བ་གཟུངས་ཐོབ་པ་རྣམས་ཀྱིས་སྤྱོད་འཇུག་ཡིད་ངོར་གང་ཟིན་ལྟར་ཡི་གེར་བཀོད་པ་ཁ་ཆེ་བ་རྣམས་ཀྱིས་ལེའུ་དགུའི་བདག་ཉིད་ཤོ་ལོ་ཀ་བདུན་བརྒྱ་དང༌། ཡུལ་དབུས་པ་རྣམས་ཀྱིས་ལེའུ་བཅུའི་བདག་ཉིད་ཤོ་ལོ་ཀ་སྟོང་ཡོད་པ་མ་མཐུན་པས་ཐེ་ཚོམ་དུ་གྱུར་ཅིང་རྩོད་པ་བྱུང་བ་དང་། གཞན་ཡང་བསླབ་པ་ཀུན་ལས་བཏུས་པ་ལ། །ངེས་པར་ཡང་དང་ཡང་དུ་བལྟ། །ཞེས་དང༌། ཡང་ན་རེ་ཞིག་མདོར་བསྡུས་པའི། །མདོ་རྣམས་ཀུན་ལས་བཏུས་པར་བལྟ། །ཞེས་གསུངས་པའི་གཞུང་དག་གང་ཡིན་མ་ཤེས་པས་ནཱ་ལེནྡྲ་ནས་པཎྜི་ཏ་གཉིས་སློབ་དཔོན་སྤྱན་འདྲེན་དུ་ཕྱིན་ཡང་རེ་ཞིག་བྱོན་དུ་མ་བཏུབ་ཅིང་། སྤྱོད་འཇུག་གཞུང་གི་ཚད་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལྟར་ལེའུ་བཅུ་དང་ཤོ་ལོ་ཀ་ཆིག་སྟོང་ཡིན་ལ། བསླབ་བཏུས་དང༌མདོ་བཏུས་གཉིས་ཁོ་བོའི་བྲང་ཁང་གི་གདུང་གསེབ་ན་ཤིང་གི་ལོ་མར་པཎྜི་ཏའི་ཡི་གེ་ལེགས་སྦྱར་ཕྲ་མོས་བྲིས་པ་ཞིག་ཡོད་ཅེས་གསུངས་ཤིང་ཁོང་རྣམ་གཉིས་ལ་ཐུགས་ཐོག་ནས་བཤད་ལུང་ཡང་གནང་། 

     ཕྱིས་སུ་སླར་ཡང་ཡུལ་དབུས་སུ་ཕེབས་ནས་ནཱ་ལེནྡྲའི་མཁན་པོ་མཛད་ཅིང་པཎྜི་ཏའི་མཚན་གནས་བཞེས་པ་དང་། རྟེན་གཞི་གཙུག་ལག་ཁང་བཞེངས་པ་དང་མུ་སྟེགས་པའི་རྩོད་པ་བཟློག་པ་སོགས་འགྲོ་དོན་རྒྱ་ཆེར་བསྐྱངས་པས། ལྷག་པའི་ལྷ་མཉེས་ནཱ་ལེནྡྲའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང༌། །རྒྱལ་པོ་མུ་སྟེགས་ཅན་བཏུལ་བའོ། །ཞེས་འཕགས་པའི་ཡུལ་དུ་སློབ་དཔོན་ཁོང་ལ་ཕལ་བའི་ཡིད་ངོར་ཤོང་དཀའ་བའི་ངོ་མཚར་བའི་རྣམ་ཐར་བདུན་གྱིས་ཁྱད་པར་འཕགས་པར་ཡང་གྲགས་ཏེ། སྐབས་ཤིག་ཁོང་ཉིད་སོ་བ་ནཱ་ཐ་ཞེས་གྲགས་པའི་ནགས་ཚལ་གྱི་གཙུག་ལག་ཁང་དུ་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་ཏུ་བཞུགས་སྐབས་ལྷོ་ཕྱོགས་དཔལ་གྱི་རིའི་ཕྱོགས་སུ་མུ་སྟེགས་པའི་སྟོན་པ་ཤང་ཀ་ར་དེ་བ་སོགས་ཀྱི་རྫུ་འཕྲུལ་གྱི་ནུས་པས་ནང་པའི་དད་ལྡན་པ་མང་པོའི་བློ་ཁ་བསྒྱུར་ཞིང་། ནང་པ་ཚོ་དང་ནུས་པ་འགྲན་པར་དུས་བཏབ་ཅིང་གལ་ཏེ་མ་ནུས་ན་ཐམས་ཅད་མུ་སྟེགས་སུ་ཞུགས་དགོས་པ་དྲིལ་དུ་བསྒྲགས། ནང་པའི་རྒྱལ་པོས་དགེ་འདུན་རྣམས་བསྡུས་ཏེ་དོན་དེ་ཞུས་པས་སུས་ཀྱང་ཁས་ལེན་མ་ནུས་པས་རྒྱལ་པོ་མྱ་ངན་དུ་གྱུར། སློབ་དཔོན་གྱིས་གསན་པས་ནང་པའི་བསྟན་པ་སྲུང་ཆེད་ཕྱོགས་དེར་ཕེབས་པར་རྩོམ་པ་ན་རབ་བྱུང་གི་རྟགས་ཅན་རྒྱུ་བ་མེད་པ་བྱས་ཟིན་པས་ཨུ་ཙ་མའི་སྤྱོད་པ་ཞེས་གཅེར་བུ་སྤྲང་པོའི་ཆ་བྱད་ཁྲུད་མ་ཕོ་པའི་ལྷག་མས་འཚོ་བའི་ཚུལ་མཛད་དེ་རྒྱལ་པོའི་ཕོ་བྲང་གི་སྒོར་ཕེབས། ཁ་ཏྲི་བི་ཧ་རའི་བྲན་མོ་ཀ་ཙལ་མས་ཁྲུད་མ་ཕོ་བའི་ཆུ་འཐོར་བ་སྤྲང་པོའི་རྐང་པ་ལ་ཕོག་པས་ལྕགས་བསྲེག་ལ་ཕོག་པ་ལྟར་འབར་ཞིང་ཁོལ་བར་གྱུར་པ་མཐོང་བས་འདི་ན་སྐྱེས་བུ་ཁྱད་པར་བ་ཞིག་མཐོང་ཞེས་རྒྱལ་པོ་ལ་ཞུས། དེ་ཚོལ་ཅིག་གསུངས་ནས་ཕྱོགས་ཀུན་ཏུ་བཙལ་བས་ཤིང་སྡོང་གཅིག་གི་དྲུང་ནས་རྙེད་པས་མུ་སྟེགས་དང་རྫུ་འཕྲུལ་འགྲན་པ་དུས་བཏབ་ན་ནུས་སམ་ཞུས་པ་ན། ང་ཡིས་ནུས་ཀྱི་ཆུ་བུམ་པ་གང་དང་རས་ཡུག་གཉིས་དང་མེ་ཕུང་རྣམས་སྟ་གོན་གྱིས་ཤིག་གསུངས། དེའི་ཚེ་མུ་སྟེགས་པའི་སྟོན་པ་ཤང་ཀར་དེ་བས་སང་ནམ་མཁའ་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་བྲི་བར་བྱ་ཡི་ནང་པ་དག་གིས་བཤིག་མ་ནུས་ན་ནང་པའི་ལྷ་རྟེན་གླེགས་བམ་ཐམས་ཅད་མེར་བསྲེག་ཅིང་ལྷག་མ་མུ་སྟེགས་པའི་སྒོར་འཇུག་དགོས་ཞེས་རྒྱལ་པོ་ལ་ཁ་ཆད་བྱས། སང་གི་དགུང་མོ་ཁོ་རང་གིས་རྫུ་འཕྲུལ་གྱིས་ནམ་མཁར་ཐིག་བཏབ་སྟེ་སོང་བས་ཐམས་ཅད་ཡིད་མི་བདེ་བར་ཐེ་ཚོམ་དུ་གྱུར། ཉིན་ཕྱི་མའི་སྔ་དྲོར་དཀྱིལ་འཁོར་བྲིས་ཏེ་ཤར་སྒོ་ཙམ་ཟིན་པ་ན་སློབ་དཔོན་གྱིས་ཟད་པ་རླུང་གི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཙམ་གྱིས་རླུང་གི་འཚུབ་མ་ཆེན་པོ་ལྡང་ནས་དཀྱིལ་འཁོར་རྨང་མེད་པར་བཤིག་ཅིང་གྲོང་ཁྱེར་ཐམས་ཅད་ཀྱང་འགྱེལ་ལ་ཉེ་བས་མི་ཚོགས་རྣམས་ཀྱང་ཕྱོགས་དང་ཕྱོགས་སུ་བྲོས། 

   མུ་སྟེགས་ཀྱི་སྟོན་པ་འཁོར་བཅས་རྒྱ་མཚོ་ཆེན་མོའི་མཐའ་བར་བྱེའུ་བཞིན་འཐོར་རླུང་གིས་བདས་ཏེ་ཕྱོགས་ཀུན་མུན་པ་ཆེན་པོ་འཐིབ། །དེ་ནས་སློབ་དཔོན་གྱི་སྨིན་མཚམས་ནས་འོད་བྱུང་ནས་རྒྱལ་པོ་དང་བཙུན་མོ་ལ་ལམ་བསྟན་ནས་གོས་དང་བྲལ་ཞིང་རྡུལ་གྱིས་གཡོགས་པས་ཤིན་ཏུ་གྲང་བར་གྱུར་པ་ལ་མེས་དྲོ་བར་བྱས་ཤིང་ཆུས་བཀྲུས་ནས་གོས་ཀྱིས་བརྒྱན་པར་མཛད། །སླར་ཡང་ཏིང་ངེ་འཛིན་གྱིས་མུ་སྟེགས་རྣམས་མདུན་དུ་བཀུག་པ་ལ་ཁྲུས་དང་གོས་བྱིན་པས་བདེ་བར་བྱས་ཤིང་སངས་རྒྱས་ཀྱི་བསྟན་པར་བཅུག་ནས། ནང་པའི་གཙུག་ལག་ཁང་རྣམས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་མཛད་པས་རྒྱ་གར་པ་ཚོས་ཡུལ་དེར་མུ་སྟེགས་ཕམ་པའི་ཡུལ་ཞེས་འབོད། གཞན་ཡང་རྒྱལ་མཚམས་དང་རིགས་རུས་དབྱེ་འབྱེད་ཀྱིས་རྐྱེན་པས་ཡུལ་ཁམས་མང་པོར་གཡུལ་འཁྲུག་དང་རྩོད་པས་སྡུག་བསྔལ་བས་ཡུལ་དེ་དག་ཏུ་ཕེབས་ཏེ། རྒྱལ་བློན་འབངས་དང་བཅས་པར་བཟོད་པ་དང་ཆོག་ཤེས་ཀྱི་སློབ་སྟོན་གནང་པས་བླང་དོར་འབྱེད་པའི་མིག་རྙེད་དེ་ཐམས་ཅད་བདེ་ལ་འཁོད་པ་བྱུང་། གཞན་ཡང་རྒྱ་གར་ཤར་ཕྱོགས་དང་ཡུལ་མ་ག་དྷའི་ཡུལ་རྣམས་སུ་བྱོན་ཏེ་གནའ་བོའི་རྒྱ་གར་གྱི་རྩོད་སྒྲུབ་རིག་པ་སྨྲ་བའི་མུ་སྟེགས་པའི་ཆོས་ལུགས་པ་དང་། ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་མང་པོ་རིག་གཞུང་རྩོད་པའི་སྒོ་ནས་ཡིད་དྲངས་ཏེ་ནང་པའི་བསྟན་པར་བཅུག་ཅིང་ཡང་དག་པའི་ཤེས་རབ་རྙེད་པར་བྱས་ཤིང་། ཡུལ་ཁམས་འགའ་ལ་མུ་གེ་ཆེན་པོ་བྱུང་ནས་བཟའ་བཏུང་ཆད་པས། སློབ་དཔོན་གྱིས་ལྷུང་བཟེད་ཐོགས་ཏེ་འབྱོར་ལྡན་དག་གི་སྒོར་བསོད་སྙོམས་སུ་ཕེབས་ནས་བསྡུས་པའི་འབྲས་ཆན་ལ་བྱང་ཆུབ་སེམས་ཀྱི་ཏིང་ངེ་འཛིན་གྱིས་མང་པོར་བྱིན་གྱིས་བརླབས་ནས་ཐམས་ཅད་ལ་བྱིན་པས་མི་མང་པོ་ཚིམ་སྟེ་མུ་གེ་ལས་ཐར་བ་དང་། ཡུལ་ཞིག་ཏུ་ངན་ངོན་གྱིས་འཚོ་བའི་སྤྲང་པོ་སྟོང་ཕྲག་ཙམ་ཚ་བས་ཉེན་ཏེ་འཆི་ལ་ཐུག་པ་རྣམས་ལ་གནས་མལ་དང་འཚོ་བ་སྦྱར་ཏེ་སྲོག་བསྐྱབས་པ་དང་། ནད་པར་སྨན་དཔྱད་དང་ནད་གཡོག་སོགས་སྤྱི་ཚོགས་དགེ་ལས་ཀྱི་བྱ་བ་སྣ་མང་མཛད་པའི་ཚུལ་རྣམ་ཐར་ཆོས་འབྱུང་ཁག་ཏུ་ཐོར་བུ་གསལ་ཞིང་། རྒྱུན་པར་སྤྱི་ཚོགས་དགེ་ལས་ལ་ཐམས་ཅད་བསྐུལ་བཞིན་པ་སྤྱོད་འཇུག་བསྔོ་བའི་ལེའུ་མཇལ་བས་ཀྱང་ཤེས་ནུས། མདོར་ན་སློབ་དཔོན་འདིའི་སྐུ་ཚེ་གང་བོར་ཤེས་རབ་དང་བྱམས་བརྩེའི་ཉམས་བཞེས་རང་གིས་མཛད་ཅིང་འགྲོ་བ་མང་པོའི་རྒྱུད་ལ་བླར་དོར་འབྱེད་པའི་བསམ་བློའི་སློབ་སྟོན་དང་དངོས་འབྱོར་གྱིས་དཀའ་ངལ་བསལ་མཛད་པ་སྟེ། བསྡུ་དངོས་བཞི་དང་ཕར་ཕྱིན་དྲུག་གིས་འགྲོ་ཕན་རྒྱ་ཆེར་བསྐྱངས་པས་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ཞེས་ཡོངས་སུ་གྲགས། སྐབས་དོན་གནའ་བོའི་ཤེས་རིག་གི་འབྱུང་ཁུངས་རྒྱ་གར་ཡུལ་དུ་ནང་པའི་སློབ་དཔོན་སུ་ཞིག་གིས་བསྟན་བཅོས་རྩོམ་པ་ལ་རྒྱུ་ཚོགས་གསུམ་གང་རུང་ཚང་དགོས་པ་སྟེ། རབ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བ། འབྲིང་ཡི་དམ་ལྷག་པའི་ལྷས་རྗེས་སུ་བཟུང་བ། ཐ་མ་རིག་པའི་གནས་ལྔ་ལ་མཁས་དགོས་པ་ལས་སུ་དང་གང་ཡིན་གྱིས་བསྟན་བཅོས་རྩོམ་པའི་སྲོལ་མེད་པར་བཤད། དེས་ན་རྒྱལ་སྲས་ཞི་བ་ལྷ་ནི་རྒྱུ་ཚོགས་གསུམ་ཀ་ཚང་བའི་རྩོམ་པ་པོ་ཞིག་སྟེ། འཕགས་པའི་ཡུལ་གྱི་ཚད་ཐུབ་སློབ་དཔོན་ཤེས་རབ་འབྱུང་གནས་དང་བི་བྷུ་ཏི་ཙནྜས། རྒྱལ་བའི་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་དུ་བྱོན་མོད་ཀྱི། །ཞི་བ་ལྷ་ཡི་མཛད་པ་འདྲའི། །ཉམས་དང་དགོངས་པ་ཅན་མི་རྙེད། །ཅེས་ཉམས་རྟོགས་ཚད་མཐོ་བ་བྱང་སེམས་འཕགས་པའི་སར་གནས་པ་ངོས་བཟུང་བས་རྒྱུ་ཚོགས་དང་པོ་ཚང་བ་དང་། སློབ་དཔོན་རང་ཉིད་ཀྱི་ཞལ་ནས། གང་གིས་དྲིན་གྱིས་དགེ་བློ་འབྱུང་། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཞེས་དང་། །གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་འདྲི་བར་འདོད་ནའང་། །མགོན་པོ་འཇམ་དབྱངས་ཁྱེད་ཉིད་ནི། །གེགས་མེད་པར་ཡང་མཐོང་པར་ཤོག །ཅེས་སོགས་གསུངས་པ་ལྟར་སྐུ་གཞོན་ནུ་ནས་འཇམ་དབྱངས་ཀྱི་ཞལ་གཟིགས་ཚུལ་གོང་དུ་སྨྲོས་པ་ལྟར་ལ། སློབ་དཔོན་ནག་པོ་པས་ཀྱང་། འཇམ་དཔལ་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་སྤྱི་བོས་གཏུགས་པ་ཞེས་བསྔགས་བརྗོད་མཛད་པས་རྒྱུ་གཉིས་པ་ཚང་ཞིང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎ་ཆེན་སྤྱོད་པ་རྨད་དུ་བྱུང་བའི་སློབ་དཔོན་དུ་བགྲངས་པ་ཡོངས་ལ་གྲགས་པས་རྒྱུ་ཚོགས་གསུམ་པ་རིག་པའི་གནས་ལྔ་ལ་མཁས་པའོ།།

《  སྤྱོད་འཇུག་གསར་འགྲེལ་བྱང་ཆུབ་ལམ་གྱི་གསལ་སྒྲོན་ལས་ཁོལ་དུ་ཕྱུང་། 》

རྩོམ་པ་པོ། རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ།

རྩོམ་ཡིག་མཁོ་སྤྲོད་པ།  དོན་འགྲུབ་རྡོ་རྗེ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
46026921
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1