རྫོགས་ཆེན་དོན་འགྲུབ་རྡོ་རྗེའི་སྙན་རྩོམ་མཚན་མོའི་དབྱངས་ཟིལ་འགྲེམ་སྤེལ་བྱས།
སྤྱི་ལོ་2021 ལོའི་ཟླ་2པའི ཚེས་28 ཉིན་གྱི་ཕྱི་དྲོར། རྫོགས་ཆེན་དོན་འགྲུབ་རྡོ་རྗེ་ལགས་ཀྱི་སྙན་རྩོམ་《མཚན་མོའི་དབྱངས་ཟིལ 》ཞེས་པའི་དེབ་གསར་འགྲེམ་སྤེལ་ཚོགས་འདུ་དེ་གྲོང་ཁྱེར་པདྨ་ཅན་གྱི་ཆ་རུའི་ཐོག་ཁང་དུ་སྤེལ།
རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་མཁན་ཆེན་ཁྲི་ཟུར་ཨ་ཆོས་ལགས་དང་། ཧི་མ་ལའི་རིག་དངོས་ཞིབ་འཇུག་པ་ལྟག་ཨོ་རྒྱན་ཆོས་འཕེལ། བོད་ཀྱི་སྒྱུ་རྩལ་པ་གྲགས་ཅན་སྨན་བླ་སྐྱབས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་གཞོན་པ་མི་ཉག་འོད་ཟེར། དཀར་མཛེས་ཁུལ་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ཁང་གི་ཀུན་བཟང་རྣམ་རྒྱལ། སི་ཁྲོན་རླུང་འཕྲིན་ཁང་དང་ཁམས་པ་བརྙན་འཕྲིན་ཁང་གི་མདོ་འཛིན་པ། སྐལ་བཟང་ལེགས་བྱས་ཚོགས་པ། སྒྱུ་རྩལ་པ། གླུ་བ་གླུ་མ་དང་ཞིབ་འཇུག་སློབ་མ། སློབ་ཆེན་སློབ་མ། ཁེ་ལས་པ་སོགས་སྐུ་མགྲོན་༡༠༠ལྷག་ཚོགས་ཞུགས་བྱས།
རྩོམ་པ་པོ་དོན་འགྲུབ་རྡོ་རྗེ་ནི་ལོ་རབས་བརྒྱད་ཅུ་པའི་ནང་ཁམས་སྡེ་དགེ་རྫོགས་ཆེན་ཡུལ་དུ་སྐྱེས། ད་ལྟ་རྫོགས་ཆེན་བོད་ཡིག་དྲ་བའི་གཙོ་སྒྲིག་པ་དང་རྫོགས་ཆེན་ཚིག་མཛོད་འཚོལ་སྡུད་རྩོམ་སྒྲིག་པ། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་སྡེ་དགེ་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་བློ་འདྲི་ཡུལ་དང་བཅས་ཀྱི་འགན་བཞེས་ཡོད། ཚོགས་ཐོག་ཏུ་ཁོང་རང་ཉིད་ཀྱི་ 《མཚན་མོའི་དབྱངས་ཟིལ 》ཞེས་པའི་དཔེ་ཆའི་ཁ་བྱང་དང་ནང་དོན་ལ་འབྲེལ་བའིི་གཏམ་བཤད་ངོ་སྤྲོད་གནང་བ་དང་། ཚོགས་ཞུགས་པ་རྣམས་ཀྱིས་རྩོམ་པ་པོ་དོན་འགྲུབ་རྡོ་རྗེའི་སྙན་ངག་གི་ཁྱད་ཆོས་གླེང་བ་དང་། ཁམས་ཁུལ་གྱི་རྩོམ་པ་པོའི་དཔུང་སྡེ་གསར་པ་རྒྱས་པའི་དཔེ་མཚོན་དུ་བསྔགས་ཤིང་སྙན་ངག་པ་དར་བའི་ས་ཆ་དེར་དཔལ་ཡོན་གྱི་དགེ་མཚན་དར་བའི་རེ་བ་ཡོད་པར་གསུངས་ནས་རྟེན་འབྲེལ་ཤིས་ཚིག་གི་བསྔགས་བརྗོད་གནང་། སི་ཁྲོན་བོད་སྐད་རླུང་འཕྲིན་ཁང་གི་སྙན་སྒྲོན་པའམ་གླུ་མ་སྒྲོན་པེ་དང་ཁམས་པ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་སྐལ་བཟང་དབང་མོ། གངས་དཀར་རི་བོའི་རྩོམ་སྒྲིག་པ་ཀུན་བཟང་རྣམ་རྒྱལ། སི་ཁྲོན་བོད་སྐད་རླུང་འཕྲིན་ཁང་གི་སྙན་སྒྲོན་པ་འཇམ་དབྱངས་དགེ་ལེགས་བཅས་ནས་མཚན་མོའི་དབྱངས་ཟིལ་ལས་དྲངས་བའི་སྡེབ་ལེགས་ཡིད་དབང་འགུག་པའི་སྙན་ཚིག་གི་མཆོད་པ་ངག་གི་དབྱངས་རྟ་ལས་བརྒྱུས་ཏེ་ཀུན་གྱི་གསོས་སུ་ཕུལ།
《མཚན་མོའི་དབྱངས་ཟིལ 》ཞེས་པའི་སྙན་དེབ་འདི་ནི་ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཟིགས་མཐོང་དང་རྒྱབ་སྐྱོར་འོག་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲིག་བྱས་ཤིང་། ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས་དེབ་བརྒྱད་བདག་ཉིད་ཅན་གྱི་གྲས་ཡིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
|