སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ལས་བརྩམས་པའི་
བསྟོད་ཚིག་རིག་བྱེད་དབྱངས་ཀྱི་མཆོད་པ།
སྟོན་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།
སྐུ་བརྗིད་ཆགས་མཛེས་སྡུག་གཟི་འོད་ལམ་ལམ།།
གསུང་སྙན་འཇེབས་གླིང་བུའི་གདངས་དབྱངས་སིལ་སིལ།།
ཐུགས་གཡོ་མེད་ཤེས་བྱའི་རི་མོ་གསལ་གསལ།།
བྱམས་སྙིང་རྗེའི་འོད་མདངས་ཟེར་བརྒྱ་ཁྲིག་ཁྲིག།
མ་འགྲོ་བའི་མགོན་དུ་བྱོན་པ་ལེགས་ལེགས།།
༡
གནས་དགའ་ལྡན་ཡུལ་གྱི་ལྷ་བུ་གཞོན་ནུ།།
ལྗོངས་མཛེས་པའི་དཔལ་གྱི་མདངས་ལ་མ་ཆགས།།
ལྷ་གྲངས་མེད་ཆོས་ཀྱི་བདུད་རྩིས་ཚིམས་རྗེས།།
གསེར་སེར་པོའི་དབུ་བརྒྱན་བྱམས་པར་ཕུལ་ཏེ།།
ལྷོ་འཛམ་གླིང་འཛིན་མའི་མགོན་དུ་ཕེབས་པ།།
༢
དབྱར་འབྲིང་པོའི་ཉ་ལ་རྨི་ལྟས་དང་བཅས།།
མཐོ་སྤྲིན་དཀར་བང་རིམ་བརྩེགས་མའི་དབུས་ནས།།
ལུས་གཞོན་ཚུལ་ཆགས་པའི་གླང་ཆེན་ཐལ་དཀར།།
ཡུམ་སྒྱུ་འཕྲུལ་ལྷ་མོའི་ལྷུམས་སུ་ཞུགས་པས།།
ཡབ་རྒྱལ་པོའི་ཡིད་སེམས་སྤྲོ་དགའི་ཁེངས་སོང་།།
༣
གནས་སུམ་རྩེན་ཡུལ་ལ་སྐྱེངས་བ་སྟེར་བའི།།
ཡུལ་ལུམ་བིའི་ལྗོན་ཤིང་གྲིབ་བསིལ་འོག་ནས།།
སྐུ་མཛེས་སྡུག་མེ་ཏོག་འདབ་བརྒྱ་བཞད་པ།།
ལྷོ་འཛམ་གླིང་སྐྱེ་འགྲོའི་བསོད་ནམས་ཡིན་ཞེས།།
ལྷ་ཉོན་མོང་མེད་པའི་བདེན་ཚིག་བསྒྲགས་སོང་།།
༤
ལུས་ལང་ཚོ་གཞོན་པའི་རྒྱལ་བུ་དོན་གྲུབ།།
མགོན་སློབ་དཔོན་ལ་བཏུད་ཡིག་རིགས་སྣ་ཚོགས།།
བཟོ་རྩིས་དང་སྒྱུ་རྩལ་དྲུག་ཅུ་རྩ་བཞིར།།
དབང་འབྱོར་བའི་འགྲན་བཟོད་ཟླ་དང་བྲལ་བ།།
གནས་སེར་སྐྱའི་ཡུལ་གྱི་གཟི་བརྗིད་ལོས་ཡིན།།
༥
དཔལ་ཕུན་ཚོགས་སྡེ་བཞིའི་གུར་ཁང་དབུས་སུ།།
ལས་བསོད་ནམས་བདེ་སྐྱིད་ཉི་གཞོན་འཛུམ་པའི།།
གནས་སུམ་རྩེན་ཡུལ་གྱི་བུ་མོའི་མདངས་འཕྲོག།
སྨན་བུ་མོའི་དྭངས་རྩེ་གྲགས་འཛིན་ལྷ་མོ།།
ཐོབ་མངའ་ཐང་དབྱར་གྱི་སྨན་སྣ་ཀུན་འཛོམས།།
༦
སྐྱིད་མི་རྟག་ཆར་རྗེས་འཇའ་ཚོན་རི་མོ།།
འབྲལ་མི་སྲིད་སྐྱེ་རྒ་ན་འཆིའི་སྡུག་བསྔལ།།
གནས་འཁོར་བར་ངེས་འབྱུང་རླུང་བུས་བསྒུལ་ཏེ།།
ཡུལ་རྣམ་དག་གྲོང་ནས་རབ་ཏུ་བྱུང་དུས།།
གོས་ངུར་སྨྲིག་ན་བཟའི་དྲོད་ཁོལ་གང་འདྲ།།
༧
ཟས་ཆུ་རྐྱང་འཚོ་བས་ཡིད་སེམས་གསོ་བཞིན།།
ངག་སྨྲ་བ་བཅད་དེ་ཏིང་འཛིན་བསྒོམ་དུས།།
ལོ་དྲུག་གི་དཀའ་སྤྱད་ཁུར་བོའི་འོག་ཏུ།།
ལུས་རུད་པའི་དགེ་སྦྱོང་སྙིང་སྟོབས་ཅན་པོ།།
བདུད་བཙན་པོའི་རིག་ན་སེམས་རྩ་གཉོམ་ངེས།།
༨
ཡུལ་མ་ག་དྷ་ཡི་སྐྱེད་མོས་ཚལ་ནས།།
གྲོགས་ཞིང་པའི་བུ་མོས་འོ་ཐུག་གསོལ་བཞིན།།
དོན་གནས་ལུགས་བརྙན་རིས་རི་མོ་གསལ་དུས།།
སྐུ་གསེར་མདོག་འོད་དཀར་མཛེས་སྡུག་ལམ་ལམ།།
གདན་གྲུ་བཞིའི་དབུས་ཀྱི་དངུལ་དཀར་མེ་ཏོག།
༩
སེམས་སྲ་བརྟན་དམ་བཅའི་གདན་དུ་བཞུགས་ཚེ།།
བདུད་ནག་པོས་མཚོན་ཆའི་དྲག་ཆར་ཕབས་ཀྱང་།།
ཐུགས་བྱམས་བརྩེས་ཨུཏྤལ་འདབ་མ་རང་འབབ།།
གཟུགས་མཛེས་པའི་སྒེག་ལྡན་བདུད་ཀྱི་བུ་མོ།།
ལུས་མི་སྡུག་གཉེར་མའི་གུང་བུར་བགོས་འདུག།
༡༠
ནང་ཐོ་རེངས་རྒྱལ་རྔའི་ཅོང་བརྡ་སྒྲོག་ཚེ།།
སེམས་དར་དཀར་ཡོལ་བའི་སྒྲིབ་གཡོག་བསལ་ཏེ།།
ཡུལ་ཤེས་བྱའི་རི་མོ་སྟོང་བར་གཟིགས་དུས།།
གནས་འཛིན་མས་སྤྲོ་དགའི་གར་སྟབས་ཁྲོད་ན།།
མགོན་རྒྱལ་བའི་ཐུགས་རྒྱུད་བྱམས་བརྩེའི་ཁེངས་འདུག།
༡༡
རྟེན་འཁོར་ལོ་ནོར་བུའི་མཆོད་རྫས་སྣ་ཚོགས།།
ལྷ་ཚངས་པས་སྤྱི་བོར་སྙིམ་པས་བཏེགས་ཏེ།།
གསུང་དམ་ཆོས་སྒྲོག་པར་སྐུལ་མ་མཛད་པས།།
ལམ་འཁོར་ལོ་གསུམ་གྱི་བདེན་དོན་བསྟན་ཏེ།།
མ་འགྲོ་དྲུག་ཐར་བའི་ལམ་ལ་བཀོད་སོང་།།
༡༢
བློ་རྨོངས་མུན་རྟག་འཛིན་མདུད་རྒྱ་བཀྲོལ་ཆེད།།
གནས་རྩྭ་མཆོག་གྲོང་གི་སཱ་ལའི་ཚལ་དུ།།
ཐུགས་སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་གཏད་དུས།།
དགུང་ཟླ་འོད་བྲི་བའི་དགྲ་གཅན་ནག་པོས།།
ལྷ་དྲང་སྲོང་བགྲོད་ལམ་མུན་པས་བཅད་སོང་།།
ཞེས་སྟོན་པ་བདེ་བར་གཤེགས་པ་གང་ཉིད་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་༢༥༦༥ ལོན་པའི་དུས་བོད་རབ་རྒྱན་ལྕགས་གླང་ལོའི་ས་ཟླའི་ཚེས་བརྒྱད་ལ་ཤར་གངས་ཆབ་ནས་གུས་འདུད་དང་བཅས།
|