༄༅། ། བདག་གཞན་དང་བྱ་བྱེད་ལས་གསུམ་གོ་བདེར་བཤད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »༄༅། ། བདག་གཞན་དང་བྱ་བྱེད་ལས་གསུམ་གོ་བདེར་བཤད་པ།
༄༅། ། བདག་གཞན་དང་བྱ་བྱེད་ལས་གསུམ་གོ་བདེར་བཤད་པ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/4ལྟ་ཀློག (5617)རྩོམ་ཁུངས: པར་འདེབ།

                                                                                     རྨ་ཆུའི་བཟོད་པ། 

   རྟགས་འཇུག་སྐབས་སུ་བདག་གཞན་དང་བྱ་བྱེད་ལས་གསུམ།དུས་གསུམ་སོགས་ལ་གོ་བ་ཞིབ་མོ་ཞིག་མ་ཆགས་པར་བོད་ཀྱི་བརྡ་སྤྲོད་ཤེས་པའི་གནས་མེད་པས་འགྲེལ་བྱེད་མཁན་གསར་རྙིང་མང་པོའི་དོན་འདི་རྩལ་དུ་བཏོན་ནས་བཤད་ཡོད་པར་མ་ཟད།དཔེ་མང་པོའི་སྒོ་ནས་རང་བློར་འཚམས་པའི་རིང་ལུགས་བཞག་སྟེ་རྒྱས་བཤད་རབ་དང་རིམ་པ་བྱས་ཡོད་ཀྱང་།བརྡ་སྤྲོད་དོན་གཉེར་པ་དག་ལ་ད་དུང་ནོར་འཁྲུལ་མང་པོ་འབྱུང་གི་ཡོད་པས།འདིར་གོ་སླ་མོའི་སྒོ་ནས་དཔེ་མང་པོ་བལྟ་བའི་ངལ་པ་བྱེད་མ་དགོས་པར་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་གནད་དོན་འདི་དགཁ་གསལ་པོའི་སྒོ་ནས་ཅུང་ཟད་གླེང་སྟེ་བརྡ་སྤྲོད་རིག་པར་གོ་བ་ཆགས་ཐུབ་པའི་རྨང་གཞི་ལྟ་བུ་རུ་ཨེ་འགྱུར་སྙམ་པའི་ཀུན་སློང་གིས་དཔྱད་བརྗོད་ཀྱི་ལས་ལ་ཅུང་ཟད་འཇུག་པར་འདོད་པས་བརྡ་སྤྲོད་གཞུང་ལ་མོས་པ་ཡོད་མཁན་རྣམས་ཀྱི་བསམ་པའི་གསོས་སྨན་དུ་འགྱུར་པར་སྨོན། །

                             བདག་གཞན་གྱི་ངོས་འཛིན་དང་བྱ་བྱེད་ལས་གསུམ་བཤད་པ།

དེ་ཡང་རྟགས་འཇུག་གི་སྐབས་འདིར་བྱ་བྱེད་ལས་གསུམ་དང་།བདག་གཞན་གྱི་ཁྱད་པར་གསལ་པོ་ཞིག་ངེས་རྒྱུ་གལ་ཆེ་བས།བདག་གཞན་གྱི་གོ་དོན་ཅུང་ཞིབ་མོར་བཤད་པ་ལ།སི་ཏུའི་འགྲེལ་ཆེན་ལས།༼ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་ཀྱི་གོ་དོན་དཔྱིས་ཕྱིན་པར་བྱེད་པ་ལ།ཐོག་མར་འདི་ཤེས་དགོས་ཏེ།ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས།བྱེད་པ་པོའི་དངོས་པོ་དེ་ཉིད་དང་དེའི་བྱེད་པ་དང་བཅས་པ་ལ་ནི་བདག་ཅེས་བྱ་ཞིང་།དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་བྱ་བ་དང་བཅས་པ་ལ་ནི་གཞན་ཞེས་བྱའོ། །དེ་བཞིན་དུ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་ཇི་ལྟར་ཡང་རུང་བྱ་བ་བྱས་ཟིན་པ་ནི་དུས་འདས་པ་དང་།བྱ་བ་བྱེད་པར་འགྱུར་བ་ནི་དུས་མ་འོངས་པ་དང་།བྱ་བ་བྱེད་བཞིན་པ་དུས་ད་ལྟ་བ་ཡིན་ནོ། །གཞན་དུ་བྱེད་པའི་ལས་དང་བྱ་བའི་ལས་ཞེས་ལས་ཀྱི་ཚིག་ལ་གཉིས་སུ་དབྱེ་བའང་དབྱེ་བ་དེ་དག་ཏུ་འདུས་ཏེ་དུས་གསུམ་གྱི་དབང་གིས་བྱེད་པའི་ལས་ནི་དུས་ད་ལྟ་བ་དང་།བྱ་བའི་ལས་ནི་དུས་མ་འོངས་པར་འདུ་ཞིང་བདག་གཞན་གྱི་དབང་གིས་བྱེད་པོ་གཞན་དང་དངོས་སུ་འབྲེལ་བའི་བྱེད་པ་བདག་དང་བྱ་བ་གཞན་ཡིན་པ་བཤད་མ་ཐག་པ་ལྟར་རོ། །༽ཞེས་གསུངས་པ་ལྟར།ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་པ་ཞེས་པ་ནི་བྱ་བྱེད་ཐ་དད་པའི་ལས་ཚིག་ཅིག་ཡིན་དགོས་ལ། དེ་མིན་ན་བདག་གཞན་གྱི་དབྱེ་བ་འབྱེད་དུ་མེད། དཔེར་ན་བྱ་བྱེད་ཐ་དད་པའི་ལས་ཚིག་རྡུང་ལྟ་བུ་དཔེའི་སྒོ་ནས་བཤད་ན། མགར་པས་ཐོ་བས་ལྕགས་རྡུང་། ལྟ་བུའི་བྱེད་པོ་མགར་པ་དང་བྱེད་པ་སྟ་རེ། བྱེད་ལས་དང་བཅས་པ་ལ་དངོས་པོ་བདག་གི་ཐ་སྙད་མཛད།  དེས་ན་འདིའི་སྐབས་ཀྱི་བདག་གཞན་ཟེར་པ་དེའང་རང་དང་གཞན་གྱི་དོན་མ་ཡིན་པར།བྱེད་པོ་དང་དེའི་ཁོངས་སུ་གཏོགས་པ་ལ་དངོས་པོ་བདག་དང་།སྔོན་གྱི་འགྲེལ་བྱེད་མཁན་ཕལ་མོ་ཆེས་རྟགས་འཇུག་སྐབས་ཀྱི་བྱ་བའི་ཡུལ་ཞེས་བཏགས་ཡོད་པ་དེའམ་ལས་ཀྱི་དངོས་པོ་ལ་གཞན་གྱི་ཐ་སྙད་མཛད།འདིར་ལས་ཀྱི་དངོས་པོ་ལྕགས་ལ་དངོས་པོ་གཞན་ཟེར་ཞིང་།གཞན་གྱི་ཁོངས་སུ་བསྡུ་དགོས།དངོས་པོ་བདག་གཞན་གྱི་ངོས་འཛིན་ཐད་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་བྱེད་ཚིག་དབྱེ་བ་དྲུག་ལྡན་གྱི་ངོས་ནས་དངོས་པོ་བདག་ངོས་འཛིན་ཚུལ་དང་།བྱ་ཚིག་དབྱེ་བ་གཉིས་ལྡན་གྱི་ངོས་ནས་དངོས་པོ་གཞན་ངོས་འཛིན་ཚུལ་སོགས་བཤད་ཡོད་པ་ལེགས་པར་མཐོང་ལ་ལས་དང་པོ་བས་རྟོགས་སླ་བ་སོགས་ཀྱི་ཁྱད་ཆོས་དང་ཡང་ལྡན་པས་ཞིབ་ཏུ་ཤེས་པར་འདོད་ན་ཁོང་གིས་མཛད་པའི་རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེཞེས་པ་དེར་བལྟ་བར་བྱ།ཁོང་གིས་འདོད་ཚུལ་ལྟར་ན་གོང་གི་མགར་པ་ལྟ་བུ་དངོས་པོ་བདག་དངོས་ཡིན་པ་དང་།དེའི་ལག་ཆ་ཐོ་བ་ལྟ་བུ་བྱེད་པ་སྟེ་དངོས་པོ་བདག་མ་ཡིན་ཡང་། བདག་གི་ཁོངས་སུ་བསྡུ་དགོས་པར་བཤད། རྒྱུ་མཚན་ནི་བྱེད་པོ་མགར་བ་ལ་བདག་སྒྲ་འཇུག་པ་དང་།རྡུང་བྱེད་ཐོ་བ་ལ་བདག་སྒྲ་མི་འཇུག་པའི་གནད་ཀྱིས་སོ།བྱེད་པོ་དང་བྱེད་པའི་དབྱེ་བ་འབྱེད་ཚུལ་ཐད།ཁོང་ཡང་དཀར་ལེབ་དྲུང་ཡིག་པད་མ་འཕྲིན་ལས་ཀྱི་རྗེས་སུ་འབྲངས་པ་ཡིན་པར་བཤད་ཡོད། ཉན་ཤུལ་ཚང་གི་རྟགས་འཇུག་འདིར་གཞན་ལ་མེད་པའི་ཁྱད་ཆོས་མང་ལ། རྟོགས་པར་དཀའ་བ་མང་པོ་ཞིག་ལྷུག་པོར་བཀྲོལ་པའི་བྱེད་ལས་དང་ལྡན་པས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་འོས་པ་ཞིག་གོསྤྱིར་རིག་གཞུང་ཞིབ་འཇུག་པ་ཞིག་ཡིན་ན་གྲུབ་མཐའ་དང་།ས་ཕྱོགས་སོགས་ཀྱི་དབང་གིས་འཐེན་འཁྱེར་དང་ཕྱོགས་རིས་མི་བྱེད་པར་མཁས་དབང་འདི་བ་ལྟར་དུ་དཔྱད་པའི་ལས་ལ་ཞུགས་རྒྱུ་ནི་གནད་ཀྱི་དམ་པ་རུ་ངེས།སྐབས་འདིར་དངོས་པོའི་དབང་གིས་བདག་གཞན་གཉིས་སུ་དབྱེ་བ་ཞེས་པའང་དངོས་པོ་ལྡོག་པ་ཐ་དད་པ་གཉིས་ཏེ་བྱ་བ་བསྒྲུབ་མཁན་གྱི་གང་ཟག་གམ་བདག་སྒྲ་འཇུག་ཡུལ་གྱི་བྱེད་པ་པོ་དེ་དང་།དེ་དང་ལྡོག་པ་ཐ་དད་དུ་གྱུར་པའི་ལས་ཀྱི་དངོས་པོའམ་གང་ཟག་དེས་བསྒྲུབ་བྱའི་བྱ་བ་ལྟ་བུ་གཞི་གཅིག་གི་སྟེང་དུ་ཚོགས་པའི་ཚེ་ན་དབྱེ་བ་འབྱེད་བདེ་ཕྱིར་ཐ་སྙད་དེ་ལྟར་བཏགས་པར་མངོན་ལ།སྤྱིར་བཏང་གི་རང་དང་གཞན་གཉིས་ལ་གོ་མི་རུང་བ་གོང་དུ་བཤད་ཟིན།འདིའི་སྐབས་ཀྱི་བདག་ཅེས་པ་དེ་ཉིད་གཙོ་བོ་བྱ་བྱེད་ཐ་དད་པའི་ལས་ཚིག་རིགས་ཀྱི་བྱེད་པ་པོ་བདག་སྒྲ་འཇུག་རུང་བ་ལ་དམིགས་ནས་བདག་གི་ཐ་སྙད་མཛད་པ་དང་།དེའི་ཟླས་དབྱེ་ནས་གཞན་གྱི་ཐ་སྙད་བྱས་པར་སྙམ་པས་བརྟགས་པར་ཞུ།པྲ་ཏི་དགེ་བཤེས་གྱིས།༼བྱེད་པ་པོ་ནི་བདག་ཡིན་ཏེ།།བྱ་བའི་དངོས་པོ་གཞན་ཡིན་ནོ།།༽ཞེས་པ་འདི་དང་གོང་གི་སི་ཏུས་འཇོག་སྟངས་གཉིས་གང་ལ་དཔྱད་ཀྱང་བྱེད་པོ་བདག་དང་བྱ་ཡུལ་གཞན་དུ་བཞག་ཡོད་པས་འཇོག་སྟངས་ཐད་ནས་བྱེད་པོའི་ཐ་སྙད་འཇུག་མིན་ལ་བལྟོས་ནས་བཞག་པ་ཞིག་ཡིན་པ་སོམ་ཉི་བྱེད་མ་དགོས་སོ།།དེས་ན་སྐབས་འདིའི་དངོས་པོ་ཞེས་པའང་བདག་གཞན་གྱི་ཐ་སྙད་མཛད་པ་དེའི་ཕྱོགས་གཏོགས་ཀུན་ལ་གོ་དགོས་པའང་ངེས་པར་དུ་ཤེས་དགོས་པ་ཞིག་གོ།གོང་གི་པྲ་ཏིས་༼བྱ་བའི་དངོས་པོ་༽ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་སྙམ་ན།དོན་དུ་བྱ་ཡུལ་ལམ་ལས་ཀྱི་དངོས་པོ་ཟེར་པ་ལས་གཞན་ཞིག་ལོགས་སུ་བཙལ་རྒྱུ་མེད་དེ་བསྟན་པ་རྒྱ་མཚོས༼བྱ་བ་ཟེར་པ་ཡུལ་དང་བྱེད་པ་པོའི་བར་གྱི་འགུལ་སྤྱོད་ཅིག་ལ་ཟེར།བྱ་བའི་དངོས་པོ་ཟེར་པ་བྱ་བ་ཁོ་རང་དང་དེའི་ཕྱོགས་གཏོགས་ཚང་མ་ལ་ཟེར།ལས་ཞེས་པ་ནི་ལས་རྒྱུའི་དངོས་པོའམ་ཡང་ན་བྱ་བ་ལ་ཟེར།༽ཞེས་པ་ལྟར་རོ།རྩ་བའི་ཚིག་༼ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར།༽ཞེས་པ་ལ་བརྟེན་ནས་སྔོན་གྱི་མཁས་པ་ཚོས་བདག་གཞན་གྱི་རབ་དབྱེ་མཛད་པ་དང་།གཞན་བརྡ་སྤྲོད་མཁས་པ་མི་ཉག་བུ་ཕྲུག་ལགས་ཀྱིས་བདག་དང་འབྲེལ་བའི་ཆོས་གསུམ་དང་།གཞན་དང་འབྲེལ་བའི་ཆོས་གསུམ་ཞེས་པའི་དབྱེ་བ་ཞིག་ཕྱེ་ཡོད་ལ།བདག་དང་འབྲེལ་བའི་ཆོས་གསུམ་ནི།བྱེད་པ་པོ་དང་།བྱེད་པ།བྱེད་པའི་ལས་གསུམ་ལ་ཟེར་ཞིང་། གཞན་དང་འབྲེལ་བའི་ཆོས་གསུམ་ནི་བྱ་བའི་ཡུལ་ལམ་ལས་ཀྱི་དངོས་པོ་དེ་དང་། བྱ་བ།  བྱ་བའི་ལས་གསུམ་ལ་འདོད་པས།འདི་ནི་བདག་གཞན་གྱི་གོ་དོན་ངེས་པ་ལ་ཕན་པ་ལྡན་པའི་བཤད་ཚུལ་ཞིག་རེད་འདོད་ཡོད།ཡང་དཔའ་རིས་སངས་རྒྱས་སོགས་ཀྱིས་སུམ་ཅུ་བའི་ལ་དོན་འཆད་པའི་སྐབས་ཀྱི་ཕྲད་སྦྱར་ཡུལ་ལ་བྱ་བའི་ཡུལ་ཞེས་པ་དེའང་དངོས་པོ་གཞན་དུ་ངོས་བཟུང་བ་ནི་ཉ་དང་ཉུང་མ་བསྲེས་པ་ཞིག་གོ།  དེས་ན་སུམ་ཅུ་བའི་སྐབས་ཀྱི་བྱ་བའི་ཡུལ་དང་རྟགས་འཇུག་སྐབས་ཀྱི་བྱ་བའི་ཡུལ་ཞེས་པ་གཉིས་ཀྱི་གོ་དོན་གཏན་ནས་མི་འདྲ་པའི་གནད་འདིའང་ཤེས་དགོས་པ་ཞིག་གོ།བདག་གཞན་ཞེས་པ་དེ་ནི་རྟགས་འཇུག་སྐབས་འདིར་རྟོགས་དཀའ་བར་བརྩི་བའི་དངོས་ལས་དུས་གསུམ་ཟེར་པ་ཞིག་ཡོད་པ་དེ་ལས་དངོས་པོའི་དབང་གི་དབྱེ་བ་འབྱེད་སྟངས་ཤིག་ཡིན།ཐོག་མར་འདིའི་ཁྱད་པར་གསལ་པོ་ཞིག་ངེས་རྒྱུ་གལ་ཆེ་བར་མཐོང་སྟེ།གོ་བདེར་བཏང་ནས་ཅུང་ཟད་རྒྱས་པར་བཀྲལ་ཡོད།

                              བྱ་བྱེད་ལས་གསུམ་གྱི་གོ་དོན་ཅུང་ཟད་བཤད་པ།

བྱ་བྱེད་ལས་གསུམ་ཡང་གོང་གི་བདག་གཞནདང་འདྲ་བར་བྱ་བྱེད་ཐ་དད་པའི་ལས་ཚིག་མ་གཏོགས་དབྱེ་བ་དེ་འབྱེད་མི་ཐུབ། བྱ་བྱེད་ཐ་དད་ཀྱི་ལས་ཚིག་གོང་གི་དཔེ་བརྗོད་དེ་གཅིག་བུའི་སྟེང་ནས་བཤད་ན། མགར་པས་ཐོ་བས་ལྕགས་རྡུང་། ལྟ་བུ་ལ་མཚོན་ན་མགར་བ་བྱེད་པོ་དང་ཐོ་བ་ནི་བྱེད་པ་ཡིན་པས། དེ་གཉིས་ཀ་བྱ་བྱེད་ལས་གསུམ་གྱི་བྱེད་ཅེས་པའི་ཁོངས་སུ་བསྡུ་ལ་བྱེད་ཀྱི་ཐ་སྙད་འཇུགརྒྱུ་མཚན་ནི་བྱེད་པོ་དང་བྱེད་པ་གཉིས་དངོས་པོ་བདག་ལ་འཇུག་པས་བྱ་བྱེད་ལས་གསུམ་གྱི་ནང་གསེས་བྱེད་ཅེས་པ་དང་དངོས་པོ་བདག་གཉིས་ཀྱི་གོ་དོན་གཅིག་མཚུངས་ཡིན་པས་སོ།བརྡུང་བྱའི་ལྕགས་ནི་ལས་ཀྱི་དངོས་པོའམ་རྟགས་འཇུག་སྐབས་ཀྱི་བྱ་བའི་ཡུལ་ཡིན་པས་སྐབས་འདིར་ལས་ཞེས་པ་དེ་ཡིན།བསྒྲུབ་བྱའི་བྱ་བ་གཙོ་བོའམ་རྩོལ་བ་བྱེད་ས་གཙོ་བོ་ལྕགས་ཡིན་པའི་རྐྱེན་གྱིས་འདིའི་སྐབས་སུ་ལས་ཀྱི་མིང་གིས་བཏགས་པའོ།།བྱེད་པོ་མགར་པས་ལྕགས་རྡུང་བའི་བྱ་བ་བྱེད་པ་ལ་སྐབས་འདིར་བྱ་ཞེས་པའི་ཐ་སྙད་འཇུག་ལ།འདིའི་བྱ་བ་ལ་བྱ་ལས་བྱེད་ལས་ཉིས་ཚོགས་ཀྱི་བྱ་བ་ཞིག་དགོས་པར་བཞེད། བྱ་ལས་དང་བྱེད་ལས་ཟེར་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སྙམ་ན། དེ་རྟགས་འཇུག་གི་སྐབས་འདིའི་དཀའ་གནས་ཞིག་ཏུ་བརྩི་བཞིན་ཡོད་པས། ཅུང་ཟད་སྤྲོ་བར་འདོད། བྱ་བྱེད་ལས་གསུམ་ངོས་འཛིན་བྱེད་ཚུལ་གོང་གི་དེ་ལྟར་ཡིན་ཡང་།བྱ་ཞེས་པའི་བྱ་བ་ངོས་འཛིན་སྐབས་སུ་བྱ་བའི་ལས་དང་བྱེད་པའི་ལས་གཉིས་ཀྱི་ངོས་འཛིན་སྐབས་ཉོག་དྲ་མང་པོ་འབྱུང་གི་ཡོད།འོ་ན་བྱ་བའི་ལས་དང་བྱེད་པའི་ལས་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཟེར་ན།འགྲེལ་བྱེད་མཁན་པོ་སྔོན་མ་ཕལ་ཆེར་གྱིས་ཤིང་གཅོད་པར་བྱེད་པའི་རྩོལ་བ་སོགས་ཀྱི་བྱ་བ་དེ་བྱེད་པའི་ལས་ཡིན་ལ།ཤིང་བཅད་ནས་ཆད་པའི་ཆ་དེ་བྱ་བའི་ལས་ཡིན་ཟེར་ལ། ཆ་ཞེས་པ་དེ་གང་འདྲ་  ཞིག་ཡིན་མིན་གསལ་བོ་གསུངས་མེད། འདིར་འགྲེལ་བྱེད་མཁན་འགའ་རེའི་བཞེད་ཚུལ་དྲངས་ནས་དཔྱད་ན་སྟབས་བདེ་བས།མཁས་དབང་པྲ་སྟིས།༼བྱེད་པ་པོ་དང་འབྲེལ་པའི་ལས།། བྱེད་པའི་ལས་ཞེས་བྱ་བ་སྟེ།། བྱ་བའི་ཡུལ་དང་འབྲེལ་བའི་ལས།། བྱ་བའི་ལས་ཞེས་འདོགས་པ་ཡིན།།༽ཞེས་དང་།ཨ་ཀྱཱ་ཡོངས་འཛིན་གྱི་འགྲེལ་པ་ལས།༼བྱེད་པ་པོ་ཤིང་མཁན་དང་འབྲེལ་བའི་ལས་ལ་བྱེད་པའི་ལས་ཞེས་བྱ་སྟེ། ཤིང་མཁན་གྱིས་སྟ་རེས་ཤིང་གཅོད་པ་ལྟ་བུའོ། བྱ་བའི་ཡུལ་ ཤིང་དང་འབྲེལ་བའི་ལས་ལ་བྱ་བའི་ལས་ཞེས་འདོགས་པ་ཡིན་ཏེ། དཔེར་ན།  ཤིང་བཅད་ནས་དུམ་བུར་སོང་བའི་ཆ་ལྟ་བུའོ།། ༽ཞེས་དང་། གསེར་ཏོག་སུམ་རྟགས་ལས།༼ལས་ལ་ནི། བྱེད་པའི་ལས་དང་། བྱ་བའི་ལས་གཉིས་ཡོད་དེ། དབུལ་པོས་འབད་པས་ནོར་འཚོལ་བ་ནི། བྱེད་པ་པོ་དབུལ་པོ་དང་འབྲེལ་བའི་ལས་ཡིན་པས་བྱེད་པའི་ལས་ཞེས་བྱ་ལ།འབད་པས་ནོར་འཚོལ་བའི་བྱ་བ་ནི།  འབད་པ་དང་འབྲེལ་ནས་ངོ་བོ་གཅིག་ཏུ་ཡོད་པས་བྱེད་པ་པོ་དང་འབྲེལ་བའི་ལས་དང་། བདག་དང་འབྲེལ་བའི་ལས་ཞེས་བྱ་ཞིང་། ནོར་བཙལ་ནས་རྙེད་པའི་ཆ་ནི། བྱ་བའི་ཡུལ་ནོར་དང་འབྲེལ་བའི་ལས་ཡིན་པས་བྱ་བའི་ལས་དང་། གཞན་དང་འབྲེལ་བའི་ལས་ཞེས་བྱའོ། ༽ཞེས་དང་། དུང་དཀར་ཚང་གིས།༼བྱ་བ་ལ་ཡང་གཉིས་ཡོད་དེ། ཤིང་ལ་སྟ་རེས་བསྣུན་པའི་རྩོལ་བ་ནི། བྱེད་པ་པོ་ཤིང་མཁན་ལ་ཡོད་པས། བྱེད་པ་པོ་ལ་ཡོད་པའི་ལས་ཞེས་བྱ་ལ། བཅད་ཟིན་དུམ་བུར་སོང་བ་ནི། བྱ་བའི་ཡུལ་གྱི་དངོས་པོ་ཤིང་གི་སྟེང་དུ་ཡོད་པས། བྱ་བ་ཡུལ་ལ་ཡོད་པའི་ལས་ཞེས་བྱ་བ་ཡིན་ནོ། ༽ཞེས་དང་། ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་རྟགས་འཇུག་འགྲེལ་བ་ལས།༼ཡང་བྱ་བའི་ལས་དང་བྱེད་པའི་ལས་གཉིས་ཀྱི་དབྱེ་བ་ནི་འདི་ལྟར།དཔེར་ན་ཤིང་མཁན་གྱིས་ཤིང་གཅོད་པའི་ཚེ་ཤིང་མཁན་རང་གི་ལུས་ཀྱི་རྩོལ་བ་ལ་ནི་བྱེད་པའི་ལས་ཞེས་བརྗོད་པ་དང་། གལ་ཏེ་ལས་དེ་མེད་ན་ཤིང་གཅོད་པའི་ཆ་རྐྱེན་གཙོ་བོ་མེད་པ་དང་། ཤིང་མཁན་གྱིས་ཤིང་བཅད་ནས་ཆད་འགྲོ་བའི་ཆ་ལ་བྱ་བའི་ལས་ཞེས་བརྗོད་པ་ཡིན།གལ་ཏེ་ལས་དེ་མེད་ན་བྱེད་པ་པོའི་ལས་ཡོད་ཀྱང་ཤིང་གཅོད་པའི་བྱ་བ་འགྲུབ་མི་སྲིད།༽ཞེས་དང་།དོར་ཞི་ཚང་གི་བརྡ་སྤྲོད་དོན་འགྲེལ་ལས་ལྟ་ཚུལ་གཞན་དང་མི་མཚུངས་པ་བཏོན་ཡོད་པས་འདིར་ཡི་གེ་མང་དུ་དོགས་ནས་ཆ་ཚང་མ་དྲངས། མདོར་བསྡུས་ཙམ་དྲངས་ན༼བདག་གཞན་གཉིས་སུ་ཕྱེ་ན།ཤིང་མཁན་དང་སྟ་རེ།ལག་པས་ཤིང་གཅོད་པའི་བྱེད་རྩོལ་སོགས་བདག་དང་། ཤིང་ནི་གཞན་ཡིན། བྱ་བའི་སྟེང་དུ་ཕྱེ་ན། བྱེད་པ་པོ་དང་འབྲེལ་བའི་བྱ་བ་དངོས་དང་། བྱ་བའི་ཡུལ་དང་འབྲེལ་བའི་བྱ་བ་བཏགས་པ་བ་གཉིས་ཡོད། ཡང་དང་པོ་ལ་བྱེད་པའི་ལས་དང་། གཉིས་པ་ལ་བྱ་བའི་ལས་ཀྱང་ཟེར། བོད་ཀྱི་བརྡ་སྤྲོད་གཞུང་རྩོམ་མཁན་ཕལ་ཆེར་ཞིག་གིས།ལག་པས་སྟ་རེ་འཕྱར་ནས་ཤིང་གི་སྟེང་དུ་བརྒྱབ་པ་དེ་བྱེད་པ་པོ་ལ་ཡོད་པའི་བྱ་བའམ།བྱེད་པའི་ལས་དང་།ཤིང་ཆད་ནས་དུམ་བུར་སོང་བའི་ཆ་དེ་བྱ་བའི་ལས་ཟེར་མོད། བྱེད་པའི་ལས་ཀྱི་ངོས་འཛིན་དེ་འགྲིག་ཀྱང་། བྱ་བའི་ལས་ཀྱི་ངོས་འཛིན་དེ་གཏན་ནས་མི་འགྲིག་སྟེ།…… བྱེད་པ་པོ་དང་བྱེད་པ་བཅས་ཀྱི་རྩོལ་བ་ནི་བྱེད་པའི་ལས་ཏེ།དེ་མཚོན་ཕྱིར་བྱེད་ལས་སྟོན་པའི་ཚིག་འགོག་པར་བྱེད། གཅོད་པར་བྱེད། འཇུག་པར་བྱེད། འཇིག་པར་བྱེད་སོགས་ཀྱིས་རྗོད་ཅིང་། བྱ་བའི་ལྟོས་གཞིའམ་བྱ་བའི་ཡུལ་གྱི་དངོས་པོའི་ཐོག་ཏུ་བྱ་བའི་འབྲས་བུ་པའམ།བྱ་བ་འགྲུབ་ཏུ་བཅུག་པའི་བྱ་བ་ནི་བྱ་བའི་ལས་ཏེ། དེ་མཚོན་ཕྱིར་བྱ་ལས་སྟོན་པའི་ཚིག་དགག་པར་བྱ། གཅད་པར་བྱ། གཞུག་པར་བྱ། གཞིག་པར་བྱ་སོགས་ཀྱིས་རྗོད་པ་ཡིན། དགག་དང་འགོག་གཉིས་དོན་མི་གཅིག་སྟེ། འགོག་གིས་བྱེད་རྩོལ་སྟོན་ཅིང་། དགག་ནི་འགག་ཏུ་ཏུ་བཅུག་པའམ་འགག་པར་བྱ་བའི་དོན་ཡིན། དགག་དང་འགག་གཉིས་ཀྱང་མི་འདྲ་སྟེ། དགག་ནི་གཞན་གྱིས་འགག་པར་བྱ་བའི་དོན་ཡིན་པས། བྱེད་པ་པོ་གཞན་འབྲེལ་གྱི་བྱ་ཚིག་དང་། འགག་ནི་དངོས་པོ་རང་ཤུགས་ཀྱིས་འགག་པའི་དོན་ཡིན་པས། བྱེད་པ་པོ་གཞན་དང་མ་འབྲེལ་བའི་བྱ་ཚིག་ཡིན། དེ་བཞིན་དུ་གཅད་ནི་ཆད་པར་བྱ་བའམ།  ཆད་དུ་བཅུག་པའི་དོན་ཡིན་པས་བྱ་ལས་སྟོན་པའི་ཚིག་དང་། ཆད་ནི་རང་གི་ངོས་ནས་ཆད་པའི་དོན་ཏེ། བྱེད་པ་པོ་གཞན་དང་མ་འབྲེལ་བའི་ཚིག་སྟེ། འགོག་དང་འགག    གཅོད་དང་གཅད་སྒྲའི་ཁྱད་པར་ཙམ་ལས་དོན་ལ་འདྲ་བར་འདོད་པ་དང་།འགག་དང་ཆད་སོགས་བྱ་བའི་ལས་ཡིན་ཟེར་བ་སོགས་ནི། དོན་སྟེང་གི་ཁྱད་པར་ཕྲ་མོ་དེ་དག་མ་རྟོགས་པའི་ལམ་དུ་འཁྱམས་པར་སྣང་ངོ་། ༽ཞེས་འདོད་ཚུལ་མི་མཐུན་པ་བཏོན་ཡོད་ལ།མདོར་བསྡུས་ན་ཁོང་ནི་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱི་བཞེད་པ་གཙོ་བོར་བཟུང་ནས་དཔྱད་པའི་ལས་ལ་ཞུགས་པ་ཞིག་གོ།བདག་རང་ཉིད་ཀྱིས་གོང་གི་ལྟ་ཚུལ་དེ་དག་ཐད་དཔྱད་པའི་འབྲས་བུ་ཅུང་ཙམ་སྨོས་ན།མཁྱེན་རབ་འོད་གསལ་གྱིས་སྤྱིར་བཏང་བྱ་བྱེད་ལས་གསུམ་གྱི་བྱ་ཞེས་པ་དེ་ཉིད་བྱ་ལས་བྱེད་ལས་གཉིས་ཚོགས་ཀྱི་བྱ་བ་ཡིན་དགོས་པ་ལས་ཡ་བྲལ་གྱི་བྱ་བ་མིན་པ་ཤེས་དགོས་ཞེས་པ་འདིའི་སྟེང་ན་གོ་རྒྱུ་ཆེན་པོ་ཞིག་འདུག་སྙམ།གང་ཡིན་ཞེ་ན།འདིའི་སྐབས་ཀྱི་བྱ་བ་ལ་གཅོད་མཁན་གྱི་རྩོལ་པ་ཡོད་པ་གཅིག་བུའི་མི་ཆོག་པར་ལས་ཀྱི་དངོས་པོ་རང་སྟེང་ནས་ཚུར་བྱ་བ་དེ་གྲུབ་པར་བྱེད་པའི་རྣམ་འགྱུར་ཞིག་ཀྱང་དགོས་པར་སྙམ།དེས་ན་ཤིང་གཅོད་པ་ལྟ་བུ་ལ་མཚོན་ན་ཤིང་རང་ངོས་ཀྱི་གཅོད་རུང་གི་བྱ་བ་དེ་གྲུབ་མེད་ན་སྟ་རེས་ཇི་ལྟར་གསེས་ཀྱང་མི་ཆོད་པས། བྱ་བའི་ལས་ཀྱི་ཆོས་ཉིད་མ་གྲུབ་པར་འདོད། རྒྱུ་མཚན་དེ་ལ་བརྟེན་ནས་མཁས་པ་སྔོན་མ་ཚོས་ཤིང་བཅད་པའི་ཆད་ཆ་དང་། ཡི་གེ་བྲིས་པའི་དོད་ཆ། ནོར་བཙལ་པའི་རྙེད་ཆ་སོགས་ལ་བྱ་བའི་ལས་ཞེས་བཏགས་པ་ལས།དེ་ནི་བྱེད་པའི་ལས་ལྟར་བྱེད་རྩོལ་ཞིག་ལ་གོ་ན་འཁྲུལ་གཞི་མང་པོ་འདུག་པར་སྙམ། རྐྱེན་དེ་ལྟ་བུའི་དབང་གིས་མཁས་དབང་པྲ་སྟིས་ཀྱང་།  ༼བྱ་བའི་ཡུལ་དང་འབྲེལ་བ་ལ།།  བྱ་བའི་ལས་ཞེས་འདོགས་པ་ཡིན།། ༽ཞེས་པའི་གནད་ཀའང་འདི་ལ་ཐུག་པར་འདོད།བྱ་བའི་ལས་དང་བྱེད་པའི་ལས་ཞེས་པའི་སྐབས་སུ་ལས་ལ་འདངས་མང་པོ་མི་རྒྱག་པར།  བྱ་ཚིག་གི་སྟེང་ནས་འདངས་བརྒྱབ་ན་གོ་རྒྱུ་ཆེན་པོ་ཡོད་པར་འདོད། དཔེར་ན། ལྕགས་རྡུང་། ཤིང་གཅོད་སོགས་གང་ཡིན་ནའང་འདྲ། གཙོ་བོ་རྗོད་པ་པོ་ཀུན་སློང་ལ་རག་ལས་ཏེ། རྡུང་བར་བྱེད། གཅོད་པར་བྱེད་ཅེས་པའི་སྐབས་སུ་རྡུང་བཞིན་པ་དང་། གཅོད་བཞིན་པ་གཙོ་བོར་སྟོན་པས། བྱེད་པའི་ལས་ཡིན་པ་སྟོན་ལ།ལས་ཚིག་རྡུང་དང་གཅོད་གཉིས་ཀྱང་དུས་གསུམ་གཟུགས་འགྱུར་སྐབས་ཀྱི་ད་ལྟ་བ་སྟོན་པའི་ཚིག་ཡིན།གནད་འདི་ལྟ་བུ་ལ་དགོངས་ནས་སི་ཏུའི་འགྲེལ་ཆེན་དུ།༼དུས་གསུམ་གྱི་དབང་གིས་བྱེད་པའི་ལས་དུས་ད་ལྟ་བ་དང་། བྱ་བའི་ལས་དུས་མ་འོངས་བར་འདུ་ཞིང་། ༽ཞེས་གསུངས་པའོ། ཡང་བརྡུང་པར་བྱ་དང་།གཅད་པར་བྱ་ཞེས་པའི་སྐབས་སུ་གཙོ་བོ་ལས་ཀྱི་དངོས་པོ་དེ་དང་འབྲེལ་པའི་བྱ་བ་སྟོན་བཞིན་ཡོད་དེ། དེ་ནིཨ་མདོའི་ཁ་སྐད་དུ་ཤིང་གཅད་  དགོས་ཟེར་ན། དེ་ནི་ཡིག་སྐད་ཀྱི་གཅད་དོ་ཞེས་པ་དང་། གཅད་པར་བྱའོ། ཞེས་པ་དང་དོན་འདྲ། དོན་དུ་ཤིང་དེ་གཅད་པར་བྱ་དགོས་པ་སྟོན་གྱིན་ཡོད།ལས་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་རྗོད་པ་པོས་གང་སྟོན་འདོད་པ་ལ་རགས་ལས་ཤིང་། གཅོད་བཞིན་པ་སྟོན་ན། ད་ལྟ་བ་སྟོན་པའི་ལས་ཚིག་༼གཅོད་༽ཅེས་པ་སྦྱོར་བ་དང་།གཅད་དགོས་པ་སྟོན་ན།མ་འོངས་པ་སྟོན་པའི་ལས་ཚིག་་་༼གཅད་༽སྦྱོར་པ་སོགས་ཀྱི་ཁྱད་པར་གསལ་བོར་ངེས་རྒྱུ་གལ་ཆེ་བར་སེམས།དེ་ལ་དགོངས་ནས་མཁྱེན་རབ་འོད་གསལ་གྱིས་ཀྱང་།༼སྤྱིར་བྱེད་པའི་ལས་དང་བྱ་བའི་ལས་གཉིས་བེད་སྤྱོད་གཏོང་དུས་གང་བདེར་འབྲི་ཆོག་པའི་གནད་ཀ་འདི་ཤེས་དགོས་ཏེ།དཔེར་ན།ཁར་སང་ངས་ཤིང་གཅོད་དུས་སམ་གཅད་དུས་གཉིས་ལ་ཁྱད་མེད་དེ། ཤིང་གཅོད་པར་བྱེད་དུས་དང་། གཅད་པར་བྱ་དུས་གཉིས་ལ་ཁྱད་པར་མེད་པའི་ཕྱིར། དེ་བཞིན་སང་ཉིན་ངས་ཤིང་གཅོད་དུས་སམ་གཅད་དུས།དེ་རིང་ངས་ཤིང་གཅོད་དུས་དང་གཅད་དུས་ལའང་གོང་ལྟར་ཁྱད་པར་མེད་པར་ཤེས་དགོས་པ་ནི་གནད་ཀྱི་དམ་པའོ།༽ཞེས་གསུངས་པ་ལྟར་རོ།ཡང་གོང་གི་མཁས་པ་དེ་དག་གིས་བྱ་བའི་ལས་ཀྱི་དོན་འགྲེལ་པའི་སྐབས་སུ་ཤིང་བཅད་ནས་ཆད་པའི་ཆ་དང་།ནོར་བཙལ་ནས་རྙེད་པའི་ཆ། ཡི་གེ་བྲིས་ནས་དོད་པའི་ཆ་སོགས་བྱ་བའི་ལས་ཡིན་ཟེར་པའི་གནད་ཀ་གཙོ་བོ་ནི། བདག་གིས་རྨོངས་བློར་འཆར་ཚུལ་ལ།དེ་ལ་ཆ་ཞེས་པའི་ཐ་སྙད་ཅིག་སྦྱར་ཡོད་པ་འདི་ལ་བརྟགས་རྒྱུ་ཆེན་པོ་ཡོད་པར་འདོད་དེ།ཆ་ཞེས་པ་དེས་ནི་སྐབས་གང་ཡིན་དེའི་བྱ་བ་ཡོངས་སུ་རྫོགས་པར་མ་གྲུབ་པའི་སྐད་ཅིག་དང་པོ་ལྟ་བུ་ཞིག་སྟོན་བཞིན་པར་སྙམ་སྟེ།བྱ་བ་དེ་ཡོངས་སུ་རྫོགས་པར་མ་གྲུབ་པའི་གོང་རོལ་ནི་བྱ་བ་དེ་ཉིད་ལ་ལྟོས་ན་མ་འོངས་བ་ཡིན་པ་དང་།ཤིང་གཅོད་པའི་བྱ་བ་དེ་འགྲུབ་པ་ལ་ཤིང་རང་སྟེང་ནས་བཅད་ན་ཆོད་པའི་ནུས་པ་ཐོན་བཞིན་པ་སོགས་ལ་བསམ་ནས་བྱ་བའི་ལས་ཞེས་པའི་ཐ་སྙད་ཅིག་བཏགས་པར་འདོད་ལ།དེས་ན་དེ་བྱ་བ་ཡིན་མིན་རྩོད་པ་སོགས་ནི་མུན་ནག་མདའ་འཕེན་ལས་མ་འདས་ཤིང་།དེ་བྱ་བ་དངོས་མ་ཡིན་པའི་རྐྱེན་གྱིས་ཆ་ཞེས་པ་ཞིག་ཀྱང་སྦྱར་པར་འདོད་མོད། གཟུར་གནས་མཁས་དབང་ཚོས་དགོངས་འཆར་ ལྷུག་སྩོལ་གནང་རོགས།བྱ་བྱེད་ལས་གསུམ་དང་བདག་གཞན་དུས་གསུམ་གྱི་འཇུག་ཚུལ་ལ་གོ་བ་རྣལ་མ་ཞིག་མ་སྐྱེས་པར་རྟགས་འཇུག་གི་དོན་ཡང་དག་པ་ཅིག་རྟོགས་མི་སྲིད་པས།འདིའི་དཀའ་གནས་དག་ཁ་གསལ་བོ་བྱས་ཏེ་ཅུང་ཟད་སྤྲོས་པའི་ཁུལ་ཡིན་ཡང་ད་དུང་མ་རྟོགས་པ་དང་ལོག་པར་རྟོགས་པ་ཧ་ཅང་མང་སྲིད་པས།བརྡ་སྤྲོད་རིག་པ་ལ་དཔྱོད་པའི་སྤྱན་དཀྱུས་རིང་བ་ཚོས་རིན་ཐང་བྲལ་བའི་དགོངས་འཆར་ལྷུག་པོར་སྩོལ་རོགས་ཞུ་ཞུ།

                                                                          ༢༠༡༢ལོའི<<རྨ་ཆུའི་རླབས་སྒྲ>>ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41663273
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1