རང་དབང་གི་སྙིང་སྟོབས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »རང་དབང་གི་སྙིང་སྟོབས།
རང་དབང་གི་སྙིང་སྟོབས།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/11ལྟ་ཀློག (1792)རྩོམ་ཁུངས: 

                                                                                 ལེ་ནི་ཏིག·ཧན་ཏིག་གིས་བརྩམས།

                                                   ལོ་རྒྱུས་ཀྱི་རྒྱབ་ལྗོངས།

  1939ལོའི་ཟླ9པར་འཇར་མན་གྱིས་ཕའོ་ལན་ལ་འཇབ་རྒོལ་བྱས་པས་འཛམ་གླིང་འཁྲུག་ཆེན་གཉིས་པ་ཕྱོགས་ཡོངས་ནས་འཕྱུར་བའི་མགོ་ཚུགས། ཨ་རིའི་གདམ་ག་ནི་འཛམ་གླིང་འཁྲུག་ཆེན་དང་བོའི་སྐབས་དང་འདྲ་བར་ཐོག་མའི་དུས་སུ་བར་འདུག་གི་ཚུལ་དུ་བསྡད་པ་དང་རྗེས་སུ་འཐབ་འཁྲུག་ལ་ཞུགས་ཏེ་སུའུ་ལན་དང་། ཀྲུང་གོ དབྱིན་ཇི། ཧྥ་རན་སི་སོགས་ཀྱིས་གྲུབ་པའི་ཧྥ་ཤི་སི་ལ་རྒོལ་བའི་དཔུང་ཚོགས་ཀྱི་གྲས་སུ་ཚུད་པ་དེ་རེད།    1943ལོའི་ཟླ2པར་སི་ཏ་ལིན་གྱི་ཁེ་ལིན་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པས་ཡོ་རོབ་གླིང་གི་ཧྥ་ཤི་སི་ལ་རྒོལ་བའི་འཐབ་འཁྲུག་ལ་རྩ་བའི་འགྱུར་ལྡོག་བྱུང་ཞིང་ལོ་དེའི་ཟླ10པར་དབྱི་ཏ་ལི་མགོ་འཛུལ། ཟླ11པར་རའོ་སི་ཧྥུ་དང་། ཆིག་ཅིར། སི་ཏ་ལིན་བཅས་ཀྱིས་ཏེ་ཧི་ལནདབྱི་ལིང་གི་རྒྱལ་ས--སྒྱུར་མཁན་གྱི་མཆན།དུ་ཚོགས་འདུ་བསྡུས་ཤིང་ཡོ་རོབ་གླིང་གི་གཡུལ་ས་གཉིས་པ་འབྱེད་རྒྱུའི་ཐག་བཅད།   1944ལོའི་ཟླ5ཚེས21ཉིན་ཁྲིམས་དཔོན་ཧན་ཏིག་གིས་གདན་ཞུ་གནང་བ་བཞིན་ཉིག་ཡོར་གྲོང་ཁྱེར་གྱི་དཀྱིལ་སྙིང་སྤྱི་གླིང་དུ་འདུ་ཚོགས་ཆེན་པོ་ཞིག་བསྡུས་ཤིང་གཏམ་བཤད་འདི་སྤེལ་ཏེང་ནི་ཨ་རིའི་མི་ཞིག་ཡིན་པའི་ཉིན་མོརྗེས་དྲན་བྱས།

མ་རྩོམ་མྱོང་རོལ།

  ང་ཚོ་གནས་འདི་རུ་འཛོམས་ཏེ་ཡིད་ཆེས་རིགས་ཤིག་ལ་ཡིན་འཇོག་བྱེད། ཐུན་མོང་གི་དམིགས་ཡུལ་དང་། ཐུན་མོང་གི་དད་མོས། ཐུན་མོང་གི་ལུས་སྤྱིན་གྱི་སྙིང་སྟོབས་ལྡན་པའི་ཡིད་ཆེས་རིགས་ཤིག་ལ་ཡིན་འཇོག་བྱེད། ང་ཚོ་ཁྲོད་ཀྱི་མི་རེ་འགའ་ཡིས་ཨ་མེ་རི་ཁ་ནི་རེ་ཞིག་རང་གི་རྒྱལ་ཁབ་ཡིན་པར་ཐག་བཅད་ཟིན། གཞན་དག་ནི་གདམ་ག་འདི་གཏོང་མཁན་གྱི་མི་རྣམས་ཀྱི་མི་རབས་རྗེས་མ་རེད། རྒྱུ་མཚན་འདིའི་དབང་གིས་ང་ཚོར་རང་ཉིད་ནི་ལེགས་པར་གདམ་པའི་ཚོགས་སྤྱི་ཞིག་ཡིན་པར་ངོས་བཟུང་ཆོག་པའི་དབང་ཆ་ཡོད། དེ་ཡི་ཚོགས་མི་རྣམས་ལ་འདས་ཟིན་པ་དང་འབྲེལ་ཐག་གཙང་གཅོད་བྱེད་པའི་སྤོབས་པ་ལྡན་ལ་རྒྱུས་མེད་ཀྱི་རྒྱལ་ཁབ་ཅིག་ཏུ་འཕྲད་ངེས་པའི་ཉེན་ཁ་དང་ཁེར་རྐྱང་ལ་གདོང་གཏོད་པའི་བློ་སྤོབས་ཡོད། དམིགས་ཡུལ་ཅི་ཞིག་གི་དབང་གིས་ང་ཚོ་དང་ང་ཚོའི་མི་རབས་སྔོན་མ་རྣམས་ལ་གདམ་ག་འདི་འདེམ་པའི་སྐུལ་ལྕག་བཏང་སོང་ངམ། ང་ཚོས་རང་དབང་འཚོལ་བཞིན་ཡོད་དེ། དེ་ནི་གཉའ་མནོན་མི་འཁུར་བའི་རང་དབང་དང་། དབུལ་ཕོངས་མི་མྱོང་བའི་རང་དབང་། རང་བདག་རང་བཙན་གྱི་རང་དབང་ཡིན། ང་ཚོས་སྐབས་དེར་རང་དབང་འདི་སྙེག་པས་ང་ཚོར་ད་ལྟ་རང་ཉིད་ཀྱི་བརྩོན་པ་ལ་བརྟེན་ནས་དམིགས་ཡུལ་འདིར་ཐོན་ཡོད་པའི་ཡིད་ཆེས་འཐོབ་ཡོད། ང་ཚོས་ཐོག་མར་རང་དབང་སྙེག་དགོས་ཟེར་དུས་དེས་ནི་ཅི་ཞིག་མཚོན་བཞིན་ཡོད་དམ། ང་རང་དུས་རྒྱུན་དུ་ང་ཚོས་རྩ་ཁྲིམས་དང་ཁྲིམས་ལུགས་དང་ཁྲིམས་ཁང་ལ་ཚད་ལས་བརྒལ་བའི་རེ་བཅོལ་བྱེད་མིན་ལ་དོགས་པ་ཟ་འོངས། འདི་དག་ནི་སྒྱུ་འཕྲུལ་གྱི་རེ་བ་ཞིག་རེད། དངོས་ནས་འདི་དག་ནི་སྒྱུ་འཕྲུལ་གྱི་རེ་བ་ཁོ་ན་ཞིག་རེད། རང་དབང་ནི་མི་རྣམས་ཀྱི་སེམས་སུ་གནས་པ་ཞིག་སྟེ། བརྒྱ་ལ་དེ་རང་མི་རྣམས་ཀྱི་སེམས་ནས་འཆི་བའི་ཚེ་ནའང་རྩ་ཁྲིམས་དང་ཁྲིམས་ལུགས་དང་ཁྲིམས་ཁང་གང་གིས་ཀྱང་དེ་རང་སྐྱོབ་པར་ནུས་མ་ཡིན། ཐ་ན་རྩ་ཁྲིམས་དང་ཁྲིམས་ལུགས་དང་ཁྲིམས་ཁང་གང་གིས་ཀྱང་དེ་ལ་རོགས་བྱེད་མི་ནུས། ནམ་ཞིག་རང་དབང་ཟེར་བ་དེ་མི་རྣམས་ཀྱི་སེམས་ནང་དུ་གནས་པའི་ཚེ། རྩ་ཁྲིམས་དང་ཁྲིམས་ལུགས་དང་ཁྲིམས་ཁང་གང་གིས་ཀྱང་དེ་རང་སྐྱོབ་མི་དགོས། འོ་ན་མི་རྣམས་ཀྱི་སེམས་ཁོང་དུ་ངེས་པར་དུ་གནས་དགོས་པའི་རང་དབང་ཟེར་བ་ནི་ཅི་ཞིག་རེད་ཟེར་ན། དེ་ནི་གཏུམ་དྲག་འཆལ་བོ་དང་ཚད་བཀག་གང་ཡང་མི་ཐེབས་པའི་འདོད་བློ་ཞིག་མ་ཡིན་ལ་གང་འདོད་ཅི་འདོད་ཀྱི་རང་དབང་ཞིག་ཀྱང་མ་ཡིན། དེ་དག་ནི་རང་དབང་གི་མིན་དགག་ཤ་སྟག་སྟེ་དེས་ཐད་ཀར་དུ་རང་དབང་རྨེག་མེད་དུ་གཏོང་བ་ཡིན། གལ་ཏེ་སྤྱི་ཚོགས་ཤིག་གི་ཁྲོད་དུ་མི་རྣམས་ཀྱིས་ཁོ་ཚོའི་རང་དབང་ལ་ཚོད་འཛིན་ཞིག་ཡོད་འོས་པ་ཁས་མ་བླངས་ན་དེ་ནི་མྱུར་བ་མྱུར་དུ་གཏུམ་དྲག་རྩུབ་རྒོད་ཆེ་བའི་མི་རེ་འགའ་ཞིག་ལ་རང་དབང་ཡོད་པའི་སྤྱི་ཚོགས་སུ་འགྱུར་ངེས་ཡིན། གནད་འདི་ལ་ང་ཚོར་སྡུག་བསྔལ་བའི་བསླབ་བྱ་ཡོད།

       ཅི་ཞིག་ནི་རང་དབང་གི་སྙིང་སྟོབས་ཡིན་ནམ། བདག་གིས་དེ་ལ་ངེས་ཚིག་ཅིག་དགོད་མི་ནུས་སྟེ་ང་རང་ཉིད་ཀྱི་ཡིད་ཆེས་ཤིག་ལས་གླེང་མི་ཐུབ། རང་དབང་གི་སྙིང་སྟོབས་ཟེར་བ་ནི་དེ་ག་འགྲིག་མིན་ལ་གདེང་ཚོད་ཆེན་པོ་མེད་པའི་སྙིང་སྟོབས་ཤིག་རེད། རང་དབང་གི་སྙིང་སྟོབས་ནི་ནུས་ཚོད་ཀྱིས་གཞན་གྱི་ལྟ་ཚུལ་དང་དུ་ལེན་པའི་སྙིང་སྟོབས་ཤིག་རེད། རང་དབང་གི་སྙིང་སྟོབས་ནི་གཞན་གྱི་ཁེ་ཕན་དང་རང་གི་ཁེ་ཕན་གཉིས་ཕྱོགས་སུ་མ་འཁྱེར་བར་མཉམ་གཅིག་ཏུ་འདང་རྒྱག་པའི་སྙིང་སྟོབས་ཤིག་རེད། རང་དབང་གི་སྙིང་སྟོབས་ནི་ཡིད་ལ་སྒོམ་དགོས། དེ་ནི་ཁང་བྱིའུ་ཞིག་ས་ལ་ལྷུང་བ་དེར་ཡང་མཉམ་འཇོག་འོས་པ་ཞིག་རེད། རང་དབང་གི་སྙིང་སྟོབས་ནི་ཡེ་ཤུའི་སྙིང་སྟོབས་ཀྱང་ཡིན་ཏེ། ཡེ་ཤུས་ལོ་ངོ་སྟོང་ཕྲག་གཉིས་ལ་ཉེ་བའི་སྔ་རོལ་ནས་མིའི་རིགས་ཀྱིས་ནམ་ཡང་བསླབ་མ་མྱོང་ཞིང་དེ་དུས་ནས་ནམ་ཡང་བརྗེད་མི་སྲིད་པའི་སློབ་ཁྲིད་ཅིག་གནང་མྱོང་བ་སྟེ། ནམ་ཞིག་རྒྱལ་ཁབ་ཅིག་འབྱུང་ངེས་ཤིང་གནས་དེ་རུ་མི་རྣམས་ཀྱིས་ཆེས་བླ་ན་མེད་པ་དང་ཆེས་ཉམ་ཆུང་དུ་ལུས་པ་སུ་ལ་ཡང་མཐོ་དམན་གྱི་དབྱེ་བ་མི་ཕྱེས་ཤིང་ལྟ་ཚུལ་གཅིག་རྐྱང་འཛིན་པ་ཡིན། ད་ལྟ་སྙིང་སྟོབས་འདི་རིགས་ནི་བསྐལ་བ་ནས་གནས་མ་མྱོང་ཞིང་ནམ་ཡང་ཡོད་ངེས་ཀྱང་མིན་པའི་ཨ་མེ་རི་ཁ་སྟེ་ཨ་མེ་རི་ཁ་ཁོ་ནའི་རྒྱུ་འབྲས་བློ་མིག་དང་བློ་སྦོབས་ཀྱིས་དེར་འཛོམས་འོས་པའི་སྙིང་སྟོབས་བསྐྲུན་ཐུབ་སོང་བ་ཡིན། རྣམ་པ་མི་འདྲ་བའི་སྒོ་ནས་ང་ཚོའི་སེམས་ཁོང་དུ་སྤས་པའི་ཨ་མེ་རི་ཁའི་སྙིང་སྟོབས་དེ།  ང་ཚོའི་གཞོན་རབས་པ་རྣམས་ཀྱིས་ལུས་སྲོག་ཕུལ་ཏེ་བརྩོན་བཞིན་པའི་ཨ་མེ་རི་ཁའི་སྙིང་སྟོབས་དེ། བདག་གིས་ཁྱོད་ཚོ་ཚང་མ་ཡར་ལངས་དགོས་པའི་རེ་བ་བཏོན་པ་ཡིན། ཁྱོད་ཚོ་བདག་དང་མཉམ་དུ་ང་ཚོའི་ཡིད་དུ་འོངས་པའི་རྒྱལ་ཁབ་ཀྱི་འོད་སྟོང་འཕྲོ་བའི་མདུན་ལྗོངས་ལ་བློ་སེམས་དཀར་བའི་ཐ་ཚིག་བསྒྲག་པའི་རེ་བ་བཏོན་པ་ཡིན།
གཏམ་བཤད་པའི་མཚམས་སྦྱོར།

   ལེ་ནི་ཏིག·ཧན་ཏིག1872---1961ལགས་ནི་ཁྲིམས་ལུགས་ཀྱི་ཁྱིམ་རྒྱུད་དུ་སྐྱེས་ཤིང་། ཕ་ལགས་ཆུང་དུས་ནས་འདས། ཁོང་ནི་ཨ་རིའི་ཧྭ་ཧྥོ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པ་དང་རྗེས་སུ་ཉིག་ཡོར་དུ་ལོག་ནས་ཁྲིམས་རྩོད་པའི་ལས་བླངས། ཁོང་ནི་ཨ་རིའི་ལོ་རྒྱུས་སྟེང་གི་ཆེས་རླབས་ཆེ་བའི་ཁྲིམས་རྩོད་པ་ཞིག་ཏུ་ཁས་ལེན་པ་ཡིན།  1961ལོའི་ཟླ8པར་ཉིག་ཡོར་རུ་འདས་པ་ཡིན་ལ་ཁོང་འདས་པ་ནི་ཨ་རིའི་ཁྲིམས་འཛིན་གྱི་གསེར་ལྡན་དུས་རབས་མཇུག་རྫོགས་པར་ལྟ་མཁན་ཡོད་འདུག

                                                                                                             

                                    དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར

 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
41536954
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1