ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས།༼ ལེའུ་གཉིས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས།༼ ལེའུ་གཉིས་པ།
ཁོར་ཡུག་སྲུང་སྐྱོབ་རྒྱུན་ཤེས།༼ ལེའུ་གཉིས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/4ལྟ་ཀློག (3263)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

མཇུག་མཐའི་ཡུལ་ལྗོངས་གཙང་མའི་རེ་འབོད་སྐྱེ་བ་ལྔ་པའི་གཤོག་སྒྲ།

——ཁྲིམས་འགལ་གཏེར་སྔོག་ལ་གདོང་གཏད་ཀྱི་ཁྲིམས་ལུགས་ཤེས་བྱའི་ཀློག་དེབ། 


 

མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྷན་ཚོགས།

 

ལེའུ་གཉིས་པ། ང་ཚོའི་ཕ་གཞིས་ཀྱི་ཉེན་ཁ།


མདོ་དབུས་མཐོ་སྒང་གི་གཏེར་ཁ་སྔོག་འདོན་གྱི་གནས་ཚུལ།

དང་པོ། མདོ་དབུས་མཐོ་སྒང་གི་གཏེར་ཁ་སྔོག་འདོན་གྱི་ད་ལྟའི་གནས་ཚུལ།



མདོ་དབུས་མཐོ་སྒང་ནི་རི་སྐྱེས་སྲོག་ཆགས་ཀྱི་རྒྱལ་ཁམས་དང་། རང་བྱུང་ཐོན་ཁུངས་ཀྱི་བང་མཛོད། སྐྱེ་དངོས་སྣ་མང་གི་བཤམས་སྟོན་ཁང་། གནམ་གཤིས་སྙོམ་སྒྲིག་གི་གློ་བ། གོ་ལའི་ཆུ་བཅུད་གསོ་བའི་མཁལ་མ། གླིང་ཆེན་ཨེ་ཤ་ཡའི་ཆུ་མཛོད། ཚེ་སྲོག་གི་འཛོང་སླེ།གདོད་མའི་མིའི་རིགས་ཀྱི་འབྱུང་ཁུངས་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གང་མང་འཐོར་བཞིན་འདུག ཞིང་ཁམས་འདི་ན་འབྲེལ་འདྲིས་བྱེད་མཁན་ནི་བོད་མི་རིགས་མཁྱེན་དཔྱོད་ཀྱིས་བསྐྲུན་པའི་རིག་གནས་ཁོར་ཡུག་འདི་ཡིན། མདོ་དབུས་མཐོ་སྒང་ནི་སྐྱེ་ཁམས་མནོལ་བཙོག་ཕོག་སླ་བ། ཉམས་གསོ་བྱེད་དཀའ་བའི་ས་ཆ་ཞིག་ཡིན་ལ། ས་གོ་ལའི་སྐྱེ་ཁམས་ཀྱི་ཉེན་ཁ་ཤིན་ཏུ་ཆེ་བའི་ས་ཆ་ཞིག་ཀྱང་ཡིན་པས། གལ་ཏེ་ས་འདིའི་སྐྱེ་ཁམས་མ་ལག་དང་ཁོར་ཡུག་ལ་གཏོར་བརླག་དང་སྦག་བཙོག་གིས་མནོལ་ན། མིའི་རིགས་ཀྱིས་འཛམ་གླིང་ལ་གྱོང་གུད་དང་འཕྲོ་བརླག་དེ་ལས་ཆེ་བ་མེད་པས་ཁ་གསབ་བྱ་ཐབས་བྲལ་བའི་སྡུག་བསྔལ་ཚབས་ཆེན་ཞིག་མྱོང་ངེས་ཅན་རེད།
༢༠༠༧ལོར། དངུལ་འཛིན་ཚོང་རའི་རེ་གཟའི་དུས་དེབ་ཀྱི་གསར་འགོད་པ་ལིས་ཤན་ཧོང་གིས་མདོ་དབུས་མཐོ་སྒང་གི་གཏེར་ཁའི་ཐོན་ཁུངས་གསར་གཏོད་ལ་བརྟག་ཞིབ་བྱས་ནས་གཤམ་གསལ་གྱི་སྡོམ་ཚིག་ཐོབ།


(གཅིག) གང་སའི་མ་རྩས་མདོ་དབུས་ས་ཆའི་གཏེར་ཁ་སྔོག་པ། འོན་ཀྱང་འཛུགས་སྐྲུན་དང་གསར་གཏོད་བྱ་བ་མང་ཆེ་ཤོས་ཤིག་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིན་ཐང་དང་སྙིང་དོན་སྣང་མེད་དུ་བཞག་ཏེ། མིག་སྔུན་གྱི་དཔལ་འབྱོར་ཁེ་ཕན་ཁོ་ནར་དམིགས་ཏེ། ས་ཆ་སོ་སོའི་དམངས་གཉེར་མ་རྩ་དང་། ཚོང་རར་འདོན་པའི་ཀུང་ཟི། གཏེརདཔོན་བཅས་ཀྱི་མ་རྩ་དེ་བོད་ཀྱི་ས་ཆ་ལ་བཏང་ནས།གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད། དངུལ་འཛིན་ཚོང་རའི་རེས་གཟའི་དུས་དེབ་དུ་བཀོད་པ་ལྟར་ན། མདོ་དབུས་ལྕགས་ལམ་ནས་མེ་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་། བོད་ལྗོངས་ས་ཆ་སོ་སོ་ལ་ལག་ཏུ་མ་དངུལ་འབོར་ཆེན་ཐོགས་པའི་མ་རྩའི་མི་སྣ་རྣམས་ཀྱི་མ་དངུལ་གཏོང་སར་གྱུར། རང་སྐྱོང་ལྗོངས་ཚོང་འགུག་དངུལ་འདྲེན་སྡེ་ཁག་ལ་ཁ་པར་གཏོང་བ་སོགས་ཀྱི་འབྲེལ་གཏུག་མི་སྣ་ཕུད། ཐད་ཀར་ངོ་གཏུག་ཚོང་གཏམ་དང་བརྟག་ཞིབ་དང་མ་དངུལ་གཏོང་འདོད་མཁན་ཉིན་རེར་ཉུང་མཐར་ཡང་བརྒྱ་དྲག་རེ་ཡོད། མ་དངུལ་དེ་དག་ཁྲོད་དུ་ས་ཆ་སོ་སོའི་དམངས་ཁྲོད་ཀྱི་མ་རྩ་ཡོད་ལ། ཁྱད་པར་དུ་རྒྱལ་ནང་གི་སྟོབས་ལྡན་ཁེ་ལས་ལྔ་བརྒྱའི་གྲས་དང་རྒྱལ་སྤྱིའི་
གྲགས་ཅན་གྱི་ཚོགས་ཁག་ཆེན་མོ་ཡང་མི་ཉུང་བ་ཞིག་ཡོད། མ་རྩ་དེ་དག་གིས་ཤིན་ཏུ་དོ་ཁུར་བྱེད་ཡུལ་ནི་གཏེར་ལས་ཡིན། ༢༠༠༦ལོ་ནས་བཟུང་། ཀྲུང་གོའི་གཏེར་ལས་ཚོགས་ཁག་ལྔ་དང་། ཀྲུང་གོའི་ཧར་བཟོ་ཀུང་ཟི། ཀན་སུའུ་ཅན་ཁྲོན་ཀུང་ཟི། ཐོང་ལན་མདོག་ལྡན་ལྕགས་རིགས་ཀུང་ཟི་སོགས་རྒྱལ་ནང་གི་གཏེར་ལས་ཀུང་ཟི་ཆེན་མོ་ཁག་གཅིག་བོད་ལྗོངས་ལ་ཀུང་ཟི་འཛུགས་རྒྱུའི་ཐོ་འགོད་བྱས།

(གཉིས།) གཏེར་ལས་ཚོང་རའི་སྒྲིག་རིམ་མགོ་མཇུག་མེད་པའི་ངང་ཚུལ། དངུལ་འཛིན་ཚོང་རའི་རེས་གཟའི་དུས་དེབ་ཀྱིས་ལྷ་ས་གྲོང་ཁྱེར་གྱི་བཟོ་ཚོང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ༢༠༠༧ལོར་བོད་ལྗོངས་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པའི་གཏེར་ལས་ཀུང་ཟི་༣༠༠ལྷག་ཡོད་པ་དང་། དོན་ཐོག་གཏེར་ལས་ཀུང་ཟི་༦༠༠ལས་ཀྱང་བརྒལ་རྒྱུ་རེད། ལྷ་སའི་གཏེར་ལས་ཀུང་ཟིའི་གྲངས་ཀ་དེ་ཕལ་ཆེར་གྱོན་ཆས་ཚོང་ཁང་གི་གྲངས་ཀ་དང་མཉམ། འཕྲིན་ཟམ་བརྡ་ཁྱབ་ཐོག་ནས་གཏེར་ལས་དབང་ཆ་བརྒྱུད་བཤུག་བྱེད་པའི་ཀུང་ཟི་ཡོད་ཚད་དོན་ཐོག་གཏེར་ཁ་གཡོ་ཚོང་བྱེད་མཁན་ཤ་སྟག་ཡིན། དེ་འདྲའི་བྱ་བ་དེ་བོད་ལྗོངས་སུ་ཡོངས་ཁྱབ་ཀྱིས་གནས་ཡོད། ད་ལམ་༨༠%ལས་བརྒལ་བའི་གཏེར་ལས་ཀུང་ཟི་དོན་ཐོག་མ་དངུལ་ཉུང་ངུ་ཕུད་དེ་གཏེར་ཁ་རྙེད་དུས། རགས་ཙམ་རྩད་ཞིབ་བྱས་རྗེས་ལྐོག་བཤུག་བྱས་ནས་ཕན་ཁེ་གཉེར་གྱི་ཡོད། དཔེར་ན་ཞ་ཉེ་དང་ཏི་ཚའི་གཏེར་ཁའི་བུངས་ཚད་ཕལ་ཆེར་སྤྱི་རྒྱ་ཁྲི་༩༠༠༠ཡོད་ཅིང་།གཏེར་ཁའི་བབ་ཚད་ཕལ་ཆེར་༦%ནས་༧%བར་ཡོད་པ་ཞིག་ལ། གཏེར་དཔོན་གྱིས་རིན་གོང་སྒོར་དུང་ཕྱུར་༡.༨སློང་པ་མ་ཟད། ཁོ་
བོས་ཕལ་ཆེར་དངུལ་སྒོར་ཁྲི་༥༠༠ལས་སོང་མེད་ཅེས་བཤད། གཞན་ཡང་དེ་ལས་ཀྱང་དགོད་བྲོ་བ་ཞིག་ལ། གཏེར་དཔོན་ལ་གཏེར་ཚང་གཅིག་གི་གཏེར་ཉུལ་ལག་ཁྱེར་ཁོ་ན་ལས་མེད་ཅིང་ས་གཤིས་དཔྱད་ཡིག་ནང་དུ་ལྕགས་ཀྱི་བབ་ཚད་༥%དང་། ཟངས་ཀྱི་བབས་ཚད་༠.༧%ཡོད་ཀྱང་གཏེར་གྱི་བུངས་ཚད་མི་གསལ་ཞིག་ལ་རིན་སྒོར་ཁྲི་༡༠༠༠འབོད་ཀྱིན་ཡོད། མཚོ་སྔོན་ནས་ནུབ་ཁུལ་གཏེར་ལས་ཀྱིས་སྔོན་ཆད་ཟངས་མའི་གཏེར་ཁ་ཞིག་ལ་རིན་སྒོར་ཁྲི་༢༣༠༠ཡིས་ཚོང་རྩོད་བྱས་པས། དེ་ལས་རིན་གོང་ཅུང་ཙམ་མཐོ་བའི་སྒེར་གྱི་ཚོང་དཔོན་ཞིག་ལ་ཤོར། ཟླ་བ་འགའ་ཤས་འགོར་རྗེས། ཚོང་དཔོན་དེས་རིན་སྒོར་དུང་ཕྱུར་༡.༢བྱས་ནས་གཏེར་ཁ་དེ་ཙི་ཅན་གཏེར་ལས་ཀུང་ཟི་ལ་བརྒྱུད་བཤུག་བྱས།

(གསུམ།) ཤིན་ཏུ་དཀོན་པའི་གཏེར་རྫས་འབོར་ཆེན་ཞིག་གཏེར་ལས་ཀུང་ཟིས་བདག་འཛིན་བྱས། དཔེར་ན་དམངས་གཉེར་མ་རྩའི་བོད་ལྗོངས་ཀྲུང་ཁཱེ་ཚོགས་ཁག་གིས་ལོ་ལྔའི་སྔོན་དུ་བྱ་སྒྲུབ་ཚན་ཆུང་ཞིག་ལ་མི་བཅུ་ལྷག་ཙམ་ཡོད་པ་དེ། ད་ལྟ་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་༥.༢ཡོད་པའི་མངའ་འོག་ཏུ་མ་རྐང་འཛིན་པའི་ཀུང་ཟི་བཞི་དང་། སྤྱིའི་འབྱོར་པ་སྒོར་དུང་ཕྱུར་༡༠ལྷག་ལ་ཟིན་པའི་ཚོང་ཚོགས་ཆེན་མོ་ཞིག་ཏུ་གྱུར། ཀུང་ཟིས་བདག་འཛིན་བྱས་པའི་གཏེར་ཁ་ནི་ལྕགས་རིགས་ཏུན་དུང་ཕྱུར་༡ལྷག་དང་། གཱི་ལྕགས་རིགས་ཏུན་ཁྲི་༥༠ལྷག་དང་། ཞ་ཉེ་དང་ཏི་ཚ་ཏུན་ཁྲི་༡༠༠ལྷག གསེར་ཏུན་༡༠ལྷག་བཅས་ཡོད། གཏེར་སྔོག་བྱེད་བཞིན་པའི་ནང་ནས།མའོ་ཀྲོས་གོང་ཁ་ཀྲུང་ཁའེ་གཏེར་ལས་བཟོ་གྲྭ་ནི་ད་ལམ་བོད་ལྗོངས་ཀྱི་ཆེས་ཆེ་བའི་ཞ་ཉེ་དང་ཏི་ཚའི་གཏེར་སྦྱང་བཟོ་གྲྭ་ཞིག་ཡིན།༢༠༠༧ལོ་ཁོ་ནའི་ཁེ་སྤོག་ལ་སྒོར་དུང་ཕྱུར་ལྷག་ཐོབ། གཱི་ལཱིས་རྒྱལ་ཆེན་བོད་ལྗོངས་གཏེར་ལས་ནི་ཀྲུང་གོའི་ཆེས་ཆེ་བའི་གཱི་ལྕགས་གཏེར་ཁ་དབང་ཞིང་། དེའི་བུངས་ཚད་ཕལ་ཆེར་རྒྱལ་ཡོངས་སྤྱིའི་བུངས་ཚད་ཀྱི་༤༠%ཟིན་ཡོད། རང་རྒྱལ་གྱི་གཱི་ལྕགས་གཏེར་རྫས་
༨༠%ཕྱི་རྒྱལ་ནས་ནང་འདྲེན་བྱེད་བཞིན་ཡོད། ཀུང་ཟི་དེས་བོད་ལྗོངས་བྲག་ཕུག་ཡེ་ལཱིས་བཟོ་ཚད་ཡོད་ཀུང་ཟིའི་མ་རྐང་དབང་ཆ༤༠%བཟུང་ཡོད་པ་དང་། ཟངས་གཏེར་ཐོན་ཁུངས་ཏུན་ཁྲི་༣༠ཡི་མ་རྐང་འཛིན། ལཱིས་ནི་འཛམ་གླིང་ཐོག་རྒྱལ་ཁབ་ཉུང་ཤས་ཞིག་གིས་ཐོན་སྐྱེད་བྱེད་ཐུབ་ལ། རང་རྒྱལ་གྱིས་ཀྱང་རྒྱལ་སྤྱིའི་དགོས་མཁོའི་༥%ཡས་མས་ལས་འདོན་སྤྲོད་མི་ཐུབ། གཞན་ཡང་གཱི་དང་ཟངས་ཚང་མ་ནི་རང་རྒྱལ་ལ་ཉུང་ཞིང་དཀོན་པའི་ཐོན་ཁུངས་རིགས་ཤིག་ཡིན། དེའི་ནང་ནས་གཱི་ལྕགས་ནི་ལོ་རེའི་མཁོ་དགོས་ཀྱི་༨༠%ནང་འདྲེན་བྱེད་ཀྱིན་ཡོད། ནུབ་ཁུལ་གཏེར་ལས་ཀྱི་ཞ་ཉེ་དྭངས་མའི་ཐོན་ཚད་རྒྱལ་ཡོངས་ནས་ཨང་གཉིས་པར་གྱུར་ཅིང་།ཆབ་མདོའི་གཡུ་ལུང་ཟངས་གཏེར་གྱི་༤༡%གྱི་མ་རྐང་བཟུང་ཡོད། ༢༠༠༦ལོའི་ཀྲུང་གོའི་མདོག་ལྡན་ལྕགས་རིགས་ལས་སྒོའི་ལོ་རིམ་མེ་ལོང་ལྟར་ན། གཡུ་ལུང་ཟངས་གཏེར་དེ་ཀྲུང་གོའི་ཆེས་ཆེ་བའི་ཟངས་གཏེར་དུ་འགྱུར་བའི་སྦས་ནུས་ལྡན་ཞེས་བཀོད། བོད་ལྗོངས་ཏོང་ཧྲིང་གཏེར་ལས་ཀུང་ཟི་ནི་བོད་ལྗོངས་ཀྱི་ས་དཔྱོད་རུ་ཁག་གཉིས་པ་དང་མཚོ་སྔོན་ཞིང་ཆེན་གོར་མོའི་བོད་གོར་ཚྭ་ལུད་ཚད་
ཡོད་ཀུང་ཟི་གཉིས་ཀྱི་མ་དངུལ་བསྡུས་པ་ཡིན། རང་རྒྱལ་གྱིས་མྱུལ་ཟིན་པའི་ཐོན་ཁུངས་བུངས་ཚད་ཨང་དང་པོ་ཡིན་པའི་ཆོས་ལུང་ཟངས་གཏེར་བདག་འཛིན་བྱས། ས་དཔྱོད་རུ་ཁག་གཉིས་པ་དང་བོད་ལྗོངས་གནམ་ལམ་གཉིས་ཀྱིས་བོད་ལྗོངས་ཀྱི་ཨང་གསུམ་པའི་ཟངས་གཏེར་ཆེན་མོ་ཁྲུང་ཅང་ཟངས་གཏེར་གྱི་ཟངས་མའི་ཐོན་ཁུངས་ཀྱི་བུངས་ཚད་ཏུན་༣༠༠ཡན་ལ་སླེབས་པ་བདག་འཛིན་བྱས།རྒྱལ་ནང་ཆེ་གྲས་ཀྱི་ཟངས་གཏེར་ཁེ་ལས་ནང་ནས་གོང་གི་གསུམ་པོ་ཨང་གཉིས་ནས་བཞི་པའི་གྲས་སུ་ཚུད། ཅ་ན་ཏ་ཡི་སྐམ་སའི་གཏེར་ལས་ཀུང་ཟི་དང་ཅན་ཁྲོན་ཚོགས་ཁག་གཉིས་མཉམ་དུ་གཞིས་རྩེའི་ཤིས་ཐང་མར་གཞུང་སྡེ་བའི་ཟངས་གཏེར་གསར་འདོན་བྱས་པ་དེ་ནི། བོད་ལྗོངས་ལ་ཐེངས་དང་པོའི་ཕྱི་རྒྱལ་གྱི་མ་དངུལ་ནང་གཏོང་བྱས་པའི་ཟངས་གསེར་གཏེར་ཁ་ཆེ་གྲས་ཤིག་ཡིན། གཏེར་ཁ་དེ་ལ་ཟངས་ཀྱི་ཐོན་ཁུངས་བུངས་ཚད་ཕལ་ཆེར་ཏུན་ཁྲི་༣༠༠ཡོད།

(བཞི།) ཁྲིམས་འགལ་གཏེར་སྔོག་པ་གྲོག་ཚང་རྡོལ་བ་བཞིན་མདོ་དབུས་ཁམས་སུ་ཉུལ་བཞིན་པ། ད་ལམ་བོད་ལྗོངས་ཀྱི་གཏེར་རྫས་ཐོན་ཁུངས་སྦས་པའི་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར་ཁྲི་གཅིག་ལྷག་ལ་འཕར་ཟིན། དེ་འདྲའི་གཏེར་ཁའི་རིན་ཐང་ལྡན་པ་ལ།གཏེར་ཁ་སྔོག་སྟེ་བོད་ལྗོངས་ལ་ཞབས་ཞུ་སྒྲུབ་པ་དེ་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གཉིས་གཅིག་མཐུན་གྱི་ངོས་ཚོར་ཡོད། དེ་འདྲའི་ཡིད་སེམས་བསླུ་ནུས་ཀྱིས་རྒྱལ་ཕྱི་ནང་གི་འབྱོར་ལྡན་ཁེ་ལས་ཀྱི་མ་རྩས་མདུན་བསུ་རྒྱབ་དེད་ཀྱིས་འདུ་འགོད་བྱེད་པ་མ་ཟད། གཏེར་ཚོང་ལ་རྔམ་པ་དང་ཁྲིམས་འགལ་གཏེར་སྔོག་གི་ཇག་ནག་ཀྱང་རྐང་མགྱོགས་མྱུར་རྒྱུག་གིས་ཚང་ཁ་རྒྱག་བཞིན་ཡོད། མདོ་དབུས་མཐོ་སྒང་ས་རྒྱ་ཤིན་ཏུ་ཆེ་བ་དང་མི་གྲངས་ཉུང་ཞིང་། ས་དེ་གའི་སྡོད་དམངས་རང་གི་ཁེ་དབང་འགན་སྲུང་གི་འདུ་ཤེས་ཞན་པ། སྲིད་གཞུང་གི་ལྟ་སྐུལ་དོ་དམ་བྱ་བ་ཤུགས་ལྷོད་པ་བཅས་ཀྱི་གླགས་བཙལ་ནས། ཁྲིམས་འགལ་གྱིས་གཏེར་ཁ་བརྐོས་པ་དེས་མདོ་དབུས་མཐོ་སྒང་གི་ས་ཆ་མང་པོའི་གཏེར་རྫས་ཐོན་ཁུངས་ཆུད་ཟོས་སུ་སོང་བ། སྤང་ལྤགས་ལ་གཏོར་བརླག་དང་
ཁོར་ཡུག་ལ་སྦག་བཙོག་དང་། ཆུ་བོའི་འབབ་རྒྱུན་བཅད་པ། རི་སྐྱེས་སྲོག་ཆགས་ལ་འཇིགས་སྣང་བསྐུར་བ། འགངས་ཆེ་བའི་སྐྱེ་དངོས་འབོར་ཆེན་ཞིག་རྩ་མེད་བཏང་བ། ཡུལ་སྡེའི་སྡོད་དམངས་ཀྱི་མི་ལུས་དང་རྒྱུ་ནོར་དབང་ཆ་ལ་གནོད་འཚེ་ཐེབས་པ། རྩྭ་སའི་སྒྲིག་ཆས་གྱོང་གུད་བཟོས་པ་བཅས་རང་བྱུང་ཁོར་ཡུག་གཏན་ནས་བརླག་པ་མ་ཟད། རང་བྱུང་ཁམས་དང་ཆ་མཐུན་པའི་རིག་གནས་ལའང་མནོལ་བཙོག་དང་རྡོག་རྫིས་བྱས་ཏེ། གཏེར་ཁ་རེ་སྔོག་པས་ཡུལ་རེའི་ས་ཆུ་བརླག་པ་དང་། ཡུལ་རེའི་མི་དམངས་ཀྱི་དུང་སེམས་བསྣད་དུ་བཅུག་པ་བཅས་ཀྱིས་མི་ཉིད་གཙོར་འཛིན་པའི་འདུ་ཤེས་ཁྱོན་ཡོངས་ནས་རྒྱབ་འགལ་དུ་གྱུར། དེ་དག་ཚང་མ་ནི་ཁྲིམས་འགལ་གཏེར་སྔོག་ལས་བྱུང་བའི་རྗེས་འབྲས་ཡིན།

གཉིས་པ། ཁྲིམས་འགལ་གཏེར་སྔོག་ལ་དོན་དངོས་ཁྲོད་མངོན་ཚུལ་སྣ་མང་ཡོད།
གཅིག་ནས་ས་གནས་སྲིད་གཞུང་གིས་ཚོང་འགུག་དངུལ་འདྲེན་བྱེད་པར་ཁ་གཡར་ནས་བཅའ་ཁྲིམས་ཀྱི་བཀག་སྡོམ་གཏན་འབེབས་དང་འགལ་བའམ་གཏེར་རྫས་གསར་སྔོག་འཆར་འགོད་དང་འགལ་ནས་གཏེར་སྔོག་པའི་ལག་ཁྱེར་སྤྲད་པ། གཉིས་ནས་ས་གནས་སྲིད་གཞུང་གིས་དབང་མེད་ལས་ཁུངས་ཀྱིས་གཏེར་སྔོག་ཆོག་མཆན་བཀོད་པར་མི་སྣང་ཚུལ་དུ་བཞག་པ། གསུམ་ནས་ཆོག་མཆན་འགོད་མཁན་ལས་ཁུངས་ཀྱིས་ཞིབ་བཤེར་ནན་ཏན་མི་བྱེད་པར། དཔྱད་གཞིའི་ཡིག་ཆ་ཆ་ཚང་མིན་པ་དང་། ཐོབ་ནུས་མི་གསལ་བ་ལ་ལྐོག་འབྲེལ་གྱིས་ཆོག་མཆན་བཀོད་པ། བཞི་ནས་ཡུལ་སྡེའི་འགོ་ཁྲིད་དང་འབྲོག་ཁྱིམ་ཁ་ཤས་ཀྱིས་རང་ཕོད་ཀྱིས་གཏེར་དཔོན་ཉུག་སྟེ་གཏེར་ཁ་སྔོག་པ། ལྔ་ནས་གཏེར་ཁ་འཚོལ་ཞིབ་ཀྱི་མིང་ཁྱེར་ནས་དོན་དུ་གཏེར་སྔོག་པ། དྲུག་ནས་ཆོག་མཆན་བཀོད་པའི་གཏེར་ཚང་ལ་རང་ཕོད་ཀྱིས་དབྱེ་མཚམས་དང་དུས་ཆད། གཏེར་རིགས་ལས་བརྒལ་ཏེ་གཏེར་ཁ་སྔོག་པ། བདུན་ནས་ས་སྙོམ་རྩྭ་འདེབས་ཀྱི་མིང་ཁྱེར་ནས་འཛེམ་བག་མེད་པ་གཏེར་སྔོག་པ། བརྒྱད་ནས་ཐད་ཀར་མི་མེད་ས་ཆ་ལ་སོང་ནས་གཏེར་ཁ་རྐུ་སྔོག་བྱེད་པ། དགུ་ནས་སྲིད་
གཞུང་གི་ལས་ཁུངས་ཉུང་ཤས་ཀྱིས་ས་གནས་ཡོང་སྒོ་འཕར་སྣོན་ལ་ཁ་གཡར་ནས་ཁྲིམས་འགལ་གཏེར་སྔོག་མཁན་ལ་ཉེས་འགེབས་བྱེད་པ་མ་ཟད། མང་ཚོགས་ཀྱིས་ཐེར་འདོན་དང་མཚང་རྟོལ་བྱས་པ་ཐོས་མེད་དུ་འཇོག་པ། ཐ་ན་ཐེར་འདོན་བྱེད་པར་བཙན་གནོན་དང་རྡུང་རྡེག་བྱེད་པ། བཅུ་ནས་ཡུལ་སྡེའི་མང་ཚོགས་ཀྱིས་མིག་སྔུན་གྱི་ཁྲིམས་འགལ་གཏེར་སྔོག་གི་གནོད་འཚེར་ངོས་མ་ཟིན་པ་དང་། ཁེ་དབང་འགན་སྲུང་གི་འདུ་ཤེས་ཞན་པས། གཏེར་རྫས་སྔོག་མཁན་དང་ཁྲིམས་འཛིན་ལས་ཁུངས་ལ་མང་ཚོགས་ཀྱིས་ལྟ་སྐུལ་མི་བྱེད་པ་བཅས་སོ། །

གསུམ་པ། གཏེར་ཁ་སྔོག་པས་ཡུལ་སྡེ་ལ་བཟོས་པའི་གནོད་འཚེ།
༡ཁོར་ཡུག་ལ་མནོལ་བཙོག་བཟོས་པ། གཏེར་ཁ་སྔོག་པས་ཆུ་བོ་དང་། ཁ་དབུགས་དང་ས་གཞི་ལ་མནོལ་བཙོག་དང་། གཏེར་སློག་འཕྲུལ་ཆ་དང་འགས་གཏོར་གྱི་འུར་སྒྲའི་མནོལ་བཙོག་དང་། ནུབ་མོར་གཏེར་སྔོག་གི་གློག་སྒྲོན་ལས་བྱུང་བའི་འོད་ཀྱི་མནོལ་བཙོག་དང་། འཕྲོ་གནོད་ཅན་གྱི་གཏེར་རྫས་སྔོག་འདོན་དང་སྐྱེལ་འདྲེན་སྐབས་ཀྱི་འཕྲོ་གནོད་ཀྱི་མནོལ་བཙོག་སོགས་ཀྱིས་ཡུལ་མི་དང་སྒོ་ཕྱུགས་རི་སྐྱེས་སྲོག་ཆགས་ཁོར་ཡུག་བཅས་ལ་གནོད་པ།
༢སྐྱེ་ཁམས་ལ་གཏོར་བཤིག་བཟོས་པ། གཏེར་ཁ་སྔོག་པས་སྤང་ཤུན་བཤུ་བ་དང་ནགས་ཤིང་གཅོད་པ་དང་ཆུ་གཤར་ས་འདེད་དང་སྐྱེ་དངོས་འབྲེལ་ཐག་འཆུག་པས་ཡུལ་དེའི་ཞིང་འབྲོག་འཚོ་བ་ལ་ཕུགས་གནོད་སྦས་པ།༣ས་གཤིས་ཀྱི་གནོད་རྐྱེན་བསླངས་པ། གཏེར་ཁ་སྔོག་པས་གདོད་ནས་བརྟན་ཞིང་བརླིང་པའི་ས་གཤིས་འཐོར་ཏེ་ཐང་དུབ་པ་དང་རི་ཉིལ་བ་རྡོ་དབབ་པ་དང་འདམ་མ་རྡོལ་བ་དང་རྡོ་བསྲེག་འབར་བ་འབབ་ཆུ་རྙོག་པའམ་སྐམ་པ།
༤མི་ཟོག་ལ་ཐད་ཀར་གནོད་པ་བཟོས་པ། གཏེར་ཁ་སྔོག་པས་འབར་འགས་རྡོ་ཡར་གྱིས་ཕོག་པ་དང་གཏེར་དོང་དུ་ལྷུང་བ་དང་གཏེར་སྦྱང་པའི་རླངས་དུག་ཁ་དབུགས་དང་བཏུང་ཆུ་སོགས་ལ་འདྲེས་པས་མི་ཕྱུགས་ཤི་རྨས་སོང་བ་སོགས།
༥དཔལ་འབྱོར་ལ་གྱོང་རྒུད་བཟོས་པ། གཏེར་ཁ་སྔོག་པས་ཡུལ་མི་ལ་ས་ཞིང་དང་རྩྭ་སའི་གྱོང་གུད་སྐྱིན་ཚབ་མེད་པའམ་ཤིན་ཏུ་ཉུང་བ། གཏེར་སྔོག་རྗེས་རྩྭ་སྤང་དང་ས་ཤུན་སོགས་སླར་གསོ་མེད་པས་ཕུགས་གྱོང་བཟོས་པ།
༦རིག་གནས་ལ་གྱོང་གུད་ཐེབས་པ། གཏེར་ཁ་སྔོག་པས་ལོ་རྒྱུས་རིག་གནས་ཀྱི་ཤུལ་བཞག་དང་གནའ་རྫས་ལ་གཏོར་བཤིག་དང་མེད་བརླག་ཏུ་འགྲོ་ཉེས་ཏེ། གཏེར་དཔོན་ཕལ་ཆེར་སྒོར་མོ་ཁོ་ན་ལ་བརྔམས་ཏེ་སྒོར་མོ་ཡིས་ལམ་གཏོད་པའི་གདོལ་སྤྱོད་ཀྱིས། ཡུལ་སྡེའི་སྔར་གྱི་འདོད་ཆུང་ཆོག་ཤེས་ཀྱི་གོམས་སྲོལ་ལ་མནོལ་གྲིབ་ཕོག་ནས། གལ་འགངས་ཆེ་བའི་ཡུལ་སྲོལ་རིག་གནས་གྱི་རྒྱུན་བཟང་གཅོད་པ་དང་། དཔལ་འབྱོར་འདོད་སློང་གི་ངན་ཇུས་སྒོར་འགྲེམ་བྱུང་བས་ཡུལ་སྡེའི་ཁོད་སྙོམས་ཤིང་བག་ཕེབས་པའི་འཚོ་བ་དཀྲུགས་ཤིང་།ཡུལ་ཚོའི་ནང་དུ་འགལ་ཟླ་དང་རྩོད་གླེང་གི་གཞི་དུ་མར་འཛུགས་པ།
༧ དུང་སེམས་ལ་རྨས་སྐྱོན་ཕོག་པ། གཏེར་ཁ་སྔོག་པས་ཁྲིམས་མཐུན་གྱི་ཁེ་དབང་ལ་གནོད་འཚེ་ཐེབས་པའི་ཡུལ་མི་རྣམས་ཀྱི་ཁོང་ཁྲོ་དང་རོགས་མེད་ཀྱི་བསམ་པས་སྲིད་གཞུང་ལ་ཡིད་ཆད་པ། གནས་རི་དང་གཉན་ས་བླ་མཚོ་དང་ཆུ་མགོ་བཅས་ནས་གཏེར་ཁ་སྔོག་པས་ཡུལ་མིའི་དད་སེམས་བསྣད་པས་མི་ཚེའི་འདུན་པ་ལ་མི་བདེ་བའི་འཇིགས་སྣང་བསྐུར་པ།གཏེར་སྔོག་པས་རྗེས་འབྲས་མི་འདྲ་བ་མང་པོ་བྱུང་དང་འབྱུང་བཞིན་ཡོད་དེ། རྒྱལ་ཁབ་དང་ཐུན་མོང་། མི་སྒེར་བཅས་ཀྱི་དབང་ཆ་སྣ་ཚོགས་ལ་གནོད་གྱོང་བཟོས་ལ། གནོད་འཚེ་ཐད་ཀར་ཐེབས་པ་དང་གནོད་འཚེ་ཚབས་ཆེན་ཐེབས་ཡུལ་ནི་མི་རབས་ནས་མི་རབས་བར་ས་འདི་ལ་འཚོ་ཞིང་གནས་པའི་ཡུལ་སྡེའི་མང་ཚོགས་ཡིན། ཁོ་ཚོའི་རྩྭ་ས་བཙན་བཟུང་དང་གཏོར་བརླག་བྱེད་པ། འཚོ་གནས་ཁོར་ཡུག་འབག་བཙོག་ཏུ་བཟོ་བ། བློ་བདེ་བག་ཕེབས་ཀྱི་འཚོ་བར་ཟིང་ཆ་སློང་བ། མི་ལུས་དང་ཚེ་སྲོག་གི་བདེ་འཇགས་ལ་འཇིགས་སྣང་སྐུར་བ། རིག་གནས་དད་མོས་ལ་མནོལ་བཙོག་གཏོང་བ་སོགས་བརྗོད་ཀྱིས་མི་ལང་། དུས་མཚུངས་སུ། གཏེར་ཁ་སྔོག་པའི་བྱ་སྤྱོད་དེ་རང་ཁྱིམ་གྱི་སྒོ་འགྲམ་ནས་བྱུང་བས། ཡུལ་སྡེ་མང་ཚོགས་ནི་གཏེར་སྔོག་བྱ་བར་ཆེས་ཐག་ཉེ་བ་དང་། ཆེས་ཐད་ཀར་གྱི་བདེན་དཔང་ཡིན། དེ་བས་ཡུལ་སྡེའི་མང་ཚོགས་ནི་གཏེར་སྔོག་བྱ་བར་ལྟ་སྐུལ་དང་བཀག་སྡོམ་བྱེད་པར་ཆེས་ནུས་པ་དང་ལྡན་པ། ཆེས་རྨང་གཞི་རུ་གྱུར་པ། ཆེས་གཡུལ་མདུན་དུ་གནས་པའི་སྟོབས་ཤུགས་ཤིག་ཡིན། དེས་ན་སྤྱི་འབངས་ཀྱིས་གཏེར་སྔོག་བྱ་སྤྱོད་ལ་ལྟ་སྐུལ་དང་བཀག་འགོག་དགོས་ན་ཆེས་སྟོབས་ཤུགས་ཆེ་བའི་མཚོན་ཆ་རྣོན་པོ་ནི་ཁྲིམས་ལུགས་ཡིན་པས། ཇི་ལྟར་བྱེད་ནས་སྤྱི་དམངས་ཀྱིས་ཁྲིམས་ལུགས་མཁོ་སྤྱད་དེ་ལྟ་སྐུལ་དང་དབང་སྲུང་བྱ་རྒྱུ་དེ་ནི་ང་ཚོས་ཐོག་མར་ཐག་ཆོད་དགོས་པའི་གནད་དོན་ཞིག་གོ། །



སྐྱེ་བོ་ངན་པ་འབྱོར་ཐོབ་ཀྱང་།།
ལྷག་པར་སྤྱོད་པ་ངན་པར་འགྱུར།།
འབབ་ཆུ་ཇི་ལྟར་ལྡོག་གྱུར་ཀྱང་།།
ཐུར་དུ་འབབ་པ་ཁོ་ནར་འདོད། །

སྡིག་པ་དང་ནི་མཐུ་རྩལ་ལས།།
བྱུང་བའི་ལོངས་སྤྱོད་ལོངས་སྤྱོད་མིན།།
ཆུ་དང་བྱི་ལ་འགྲངས་ན་ཡང་།།
ངོ་ཚ་བོར་བའི་རྣམ་ཐར་ཡིན། །

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41566589
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1