བོད་གནའ་བོའི་ཤེས་རིག་གི་སྐོར།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» སྤྱི་ཚོགས་ལོ་རྒྱུས། »བོད་གནའ་བོའི་ཤེས་རིག་གི་སྐོར།
བོད་གནའ་བོའི་ཤེས་རིག་གི་སྐོར།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/7/11ལྟ་ཀློག (26124)རྩོམ་ཁུངས: པར་འདེབ།

                                          སྦྲ་ནག་བློ་བཟང་།

                   དང་པོ།  ཐུན་མོང་གི་ཐོན་སྐྱེད་དང་འཚོ་བའི་སྐོར།

རིམ་གྱིས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་གོང་ནས་གོང་དུ་དར་བ་དང་བསྟུན་ནས་སྐྱེས་པ་དང་བུད་མེད་ཀྱི་ལས་ཀར་དབྱེ་བ་བྱུང་བ་དང༌། ལས་ཀའི་རྣམ་གྲངས་ཀྱི་ དབྱེ་བ་དེ་གཏན་འཇགས་སུ་སོང་བར་བརྟེན་ནས། ཁྲག་རྒྱུད་ཀྱི་འབྲེལ་བས་བཅིངས་པའི་ མ་རྒྱུད་རུས་རྒྱུད་ཀྱི་ཚོ་བ་ཐོག་མར་བྱུང་བས།  བོད་ཡུལ་དུ་རུས་རྒྱུད་ཚོ་བ་མཐའ་ཡས་པ་ ཞིག་གིས་ཁྱབ་པར་གྱུར།  དེ་ལྟར་དུས་ཡུན་རིང་བོ་ཞིག་ལ་རང་རང་གནས་སའི་ཁོར་ཡུག་ ཅི་རིགས་ཤིག་ཏུ་འཚོ་བ་རོལ་ཞིང༌།   སྤྱི་ལ་དབང་བའི་དཔོན་པོ་ཟེར་བ་སོགས་མེད་པར་ ཁ་འཐོར་དང་རང་ཡན་གྱི་ངང་གནས་པ་དང༌།   རིམ་གྱིས་ལོ་ཏོག་སོགས་ཟས་རིགས་ རྣམས་ཉུང་དུ་ཕྱིན་པས་གསོག་འཇོག་གི་རྣམ་པ་བྱུང་བ་ཡིན་ལ། དེའང་ཐོག་མར་རང་ཁྱིམ་ དུ་ཉར་ཚགས་བྱེད་པ་དང་དེ་ལ་རྐུ་བྱེད་པ་དང་། འཕྲོག་པ་སོགས་བྱུང་བས་དོ་དམ་དང་ བདག་གཉེར་བྱེད་པའི་ལུགས་སྲོལ་བྱུང༌། དེར་བརྟེན་ནས་དུད་ཚང་འགའ་རེ་དང་ཚོགས་ ཁག་ཉུང་ངུ་རེའི་འགོད་འདོམ་པ་བྱུང་ཞིང་། རིམ་བཞིན་འགོད་འདོམ་པ་དེ་ཚོ་འགོ་བ་ དང་དཔོན་པོར་གྱུར་བ་ཡིན། ཕྱོགས་ཁག་གམ་སྡེ་ཚན་མང་བོར་གྱེས་ཏེ་ཕན་ཚུན་གཡུལ་ དང་འཁྲུག་པའི་གནད་དོན་ཇེ་མང་ནས་ཇེ་མང་དུ་སོང་ཞིང༌། དེ་དང་མཉམ་དུ་སྔོན་གྱི་འགོད་འདོམ་པ་རྣམས་ཀྱི་དབང་ཐང་དང་བཙན་ཤུགས་ཀྱང་རྒྱ་བསྐྱེད་པའི་དགོས་པ་ལྡན་པ་དང་། ངེས་པར་མ་བསྐྱེད་ཐབས་མེད་ཅིག་ཏུ་གྲུབ་སྟེ་ཚོ་བ་ ཆུང་ཆུང་རྣམས་ལ་དབང་སྒྱུར་བཞིན་ཚོ་དཔོན་ཆེན་པོ་རེ་བྱུང་བ་ཡིན། ཚོ་དཔོན་དེ་དག་གི་རུས་དང་རྒྱུད་པ་རྣམས་ཕྱིས་སུ་ཚོ་བ་དང་རུ་སྡེ། བརྒྱ་སྡེ་དང་སྟོང་སྡེ། ཁྲི་སྡེ་ནས་འབུམ་སྡེ་སོགས་མི་རྣམས་ཀྱི་རུས་སུ་གྱུར་བ་ཡིན། དེ་ལྟར་ཕྱོགས་ཁག་སོ་སོའི་ བར་འཐབ་འཁྲུག་བྱེད་ཞོར་དུ་སྤྱིའི་ཁྱད་ཆོས་དང་གོམས་སྲོལ་སོགས་གཅིག་གྱུར་ལྟ་བུར་ གྲུབ་སྟེ་རིམ་བཞིན་ཚོགས་པ་ཆེན་པོར་ཆགས་ཤིང་དེར་མི་རིགས་ཞེས་པ་དང་བོད་མི་ རིགས་ཞེས་འབོད་རྒྱུ་བྱུང་བ་རེད། དེ་ལྟར་བསྐལ་བ་ཡ་ཐོག་གི་དུས་སུ་མིའི་རིགས་ཀྱི་ མེས་པོར་འབོད་པའི་མི་རྣམས་ཀྱིས་རང་བྱུང་ཁམས་དང་འཐབ་རྩོད་དང་། ངལ་རྩོལ་ བྱས་པ་བརྒྱུད་དེ་བྱས་སོང་གི་ཉམས་མྱོང་མང་བོ་ཞིག་བསགས་ཤིང༌། རིམ་བཞིན་ཉམས་ མྱོང་ལས་ཐོབ་པའི་ཤེས་བྱས་རྒྱུ་བྱས་ཏེ་ཐབས་ཤེས་དང་།  ལག་རྩལ་ལ་འཕེལ་རྒྱས་ཕྱིན་ པས་རྡོ་ཆས་དང་ཤིང་གི་ཡོ་བྱད་རིགས་མི་གཅིག་པ་ཅུང་མཛེས་ཆ་དང་ལྡན་པ། གདོད་མའི་མཛེས་དཔྱོད་ཀྱི་རིན་ཐང་ཅུང་ཡོད་པའི་ཅ་ལག་མང་བོ་ཞིག་བཟོས་ཤིང༌། ཡུན་གྱིས་རུས་ཆས་བེད་སྤྱོད་བྱུང་བ་ཡིན་ཏེ།  རུས་གྲི་དང་རུས་ཁབ་སོགས་བཟོས་ཏེ་ འཚོ་བའི་དགོས་མཁོ་སྐོང་བ་ཡིན། ཆར་རླུང་དང་ཁ་བ་སོགས་ལ་གཡོལ་ཆེད་དུ་བྲག་ཕུག་ ཏུ་སྡོད་ཅིང༌། རིམ་གྱིས་ཤིང་གི་སྤྱིལ་བུ་བཟོས་ནས་བཅའ་སྡོད་བྱེད་པ་དང༌། དང་ཐོག་མི་ མང་བོ་ལྷན་ཅིག་ཏུ་འཚོགས་ཏེ་འཚོ་བ་རོལ་གྱིན་ཡོད་ལ། དེ་དུས་ཀྱི་ལས་བགོས་བྱ་ཚུལ་ ནི་ཕོ་མོ་དང་ན་ཚོད་ལྟར་བྱེད་ཀྱིན་ཡོད་དེ། ཕོ་རྣམས་ཀྱིས་རི་དྭགས་རྔོན་པ་དང་བུད་ མེད་རྣམས་ཀྱིས་སྔོ་ཚོད་བཏུ་བ་དང༌། རྒན་པ་རྣམས་ཀྱིས་བྱིས་པ་གཉོར་སྐྱོང་བྱེད་ཅིང༌། དེ་ལྟར་ཡུན་གྱིས་རྒན་པ་རྣམས་ཀྱི་འཚོ་བ་དང་ཉམས་མྱོང་དང་གཞོན་པ་རྣམས་ཀྱི་ངལ་ རྩོལ་དང་སློབ་གསོ་ལས་དུས་རབས་གསར་བ་ཞིག་ཏུ་སླེབས་པ་ཡིན་ཏེ། རྡོ་ཆས་སྤྱོད་ པའི་དུས་རབས་སུ་མདུན་སྐྱོད་བྱུང་བས་རང་བྱུང་ཁམས་སུ་ཅི་འདོད་ལྟར་གྲུབ་པའི་རྡོ་ ཆས་རྣམས་བརྡར་གཅོད་ཀྱི་མགོ་ཚུགས། དཔེར་ན་རྡོའི་སྟ་རེ་དང་འཇོར། སྟེའུ་སོགས་ བཟོས་ནས་དེར་བུ་ག་ཕུག་ཅིང་ཤིང་གི་ཡུ་བ་སྤྲད་དེ་བེད་སྤྱོད་བྱེད་པ་དང༌། གཙུབས་ཤིང་ ལ་བརྟེན་ནས་མེ་སྦར་ཏེ་བཟའ་ཆས་རྣམས་བཙོ་བསྲེག་བྱེད་ཤེས་ཤིང༌། རི་དྭགས་རྔོན་དུས་ རི་དྭགས་འགའ་རེ་སྒོ་ཕྱུགས་སུ་འདུལ་བ་ནི་རྟ་ཟོག་ར་ལུགརྟ་ནི་རྐྱང་གི་རིགས་དང་ ཟོག་ནི་འབྲོང་གི་རིགས། ར་ལུག་ནི་དགོ་ཡི་རིགས་ཡིན་པར་བཤདསོགས་ཡིན་ལ། དེ་དག་འཚོ་སྐྱོང་བྱས་པ་ནས་བསྐལ་བ་ཡ་ཐོག་གི་འབྲོག་ལས་ཀྱི་འགོ་ཚུགས་པ་དང༌། ས་བོན་ཐང་དུ་ལྷུང་བ་ཕྱིས་འབྲས་བུ་ཐོགས་པར་ཤེས་ཏེ་ས་བོན་བཏབ་ནས་ལོ་ཏོག་སྡུད་ ལེན་བྱས་པས་བསྐལ་བ་ཡ་ཐོག་གི་ཞིང་ལས་ཀྱི་འགོ་ཚུགས་པ་ཡིན། ཞིང་ཕྱུགས་ཀྱི་ལས་ ཀས་འཚོ་བར་སྔ་ན་མེད་པའི་འགྱུར་ལྡོག་བྱུང་ཞིང༌། དེར་བསྟུན་ཏེ་ཐོན་རྫས་ལྷག་མ་  གསོག་འཇོག་བྱས་ཤིང་རིམ་བཞིན་དབུལ་ཕྱུག་གི་ཁྱད་པར་བྱུང་བའི་རྐྱེན་གྱིས།  གྲལ་རིམ་ སོགས་དཔོན་གཡོག་གི་རྣམ་པ་དང་སྒྲིག་གཞི་བྱུང་བ་དང༌། དབུལ་ཕྱུགས་ལས་ཕན་ཚུན་ བཙན་གཉོམ་ལྟར་རྐུ་འཕྲོག་སོགས་གཡུལ་འཁྲུག་གི་རྩོད་གླེང་རྒྱུན་མི་ཆད་པར་བྱུང་བའི་ འཚོ་བར་བྱེད་པ་དང་།  དུས་སྐབས་དེ་ལ་རྩོད་ལྡན་དུས་རབས་ཞེས་ཟེར་བ་ཡིན།

                གཉིས་པ།  ཡ་ཐོག་གི་བོད་མིའི་ཤེས་རིག

   འགྲོ་བ་མི་བྱུང་བ་ནས་བཟུང་རང་ཉིད་འཚོ་བའི་དུས་རབས་དང་བསྟུན་པའི་ཤེས་རིག་རེ་བྱུང་ཡོད་དེ།   སྐབས་འདིའི་ཤེས་རིག་ཟེར་བའང་མི་རྣམས་ཀྱི་འཚོ་གནས་བྱེད་ཚུལ་གྱི་ཐབས་དང་།    ཐབས་དེ་དྲན་པ་དང་སྤྱོད་པའི་ཤེས་རབ་ལས་བྱུང་བའི་ཡུལ་སྲོལ་གོམས་ གཤིས་དང་། འདུ་ཤེས་འཛིན་སྟངས། བརྡ་སྤྲོད་ལུགས་སོགས་ཀྱང་འདུ་བ་ཡིན།  བསྐལ་བ་ཡ་ཐོག་གི་རིག་གནས་ལ་ཡིག་ཐོག་ལོ་རྒྱུས་མ་བྱུང་གོང་གི་རིག་གནས་①(史前文化)ཞེས་འབོད་ཅིང་། དེ་ལ་རྡོ་ཆས་དུས་སྐབས་དང་ཟངས་རྡོ་མཉམ་སྤྱོད་ཀྱི་དུས་སྐབས། ལི་ཆས་དུས་སྐབས། ལྕགས་ཆས་དུས་སྐབས་ཀྱི་རིག་གནས་སམ་ཤེས་རིག་ཅེས་འབོད་ཅིང་།  རྡོ་ཆས་དུས་སྐབས་ལའང་རྡོ་ཆས་རྙིང་མའི་དུས་སྐབས་དང་རྡོ་ཆས་བར་མའི་དུས་སྐབས། རྡོ་ཆས་གསར་མའི་དུས་སྐབས་བཅས་དུས་སྐབས་མི་འདྲ་བ་གསུམ་དུ་དབྱེ་ཞིང་།  རྡོ་ཆས་རྙིང་མའི་དུས་སྐབས་ལའང་སྟོད་སྨད་བར་གསུམ་དུ་ཕྱེས་ཡོད་པ་དང་།  སྤྱིར་བཏང་དུ་རྡོ་ཆས་རྙིང་མའི་དུས་སྟོད་ནི་ཧ་ལམ་མི་ལོ་ཁྲི་300ནས་ཁྲི་30འམ་20གོང་དང་། རྡོ་ཆས་རྙིང་མའི་དུས་དཀྱིལ་ནི་ཧ་ལམ་མི་ལོ་ཁྲི་20འམ་30ནས་ཁྲི་5གོང་དང་། རྡོ་ཆས་རྙིང་མའི ་དུས་སྨད་ནི་མི་ལོ་ཁྲི་5ནས་ཁྲི་5བར་བཅས་སུ་ཕྱེས་ཡོད་ལ།  རྡོ་ཆས་བར་མའི་དུས་ སྐབས་ནི་མི་ལོ་ཁྲི་5ནས་ཁྲི་1གོང་ཙམ་ཡིན།     དུས་སྐབས་འདི་ཚོའི་འཕེལ་རིམ་གྱི་ དབྱེ་མཚམས་དེ་གཙོ་བོར་ཐོན་སྐྱེད་ཀྱི་ལག་ཆ་རིགས་མི་འདྲ་བར་བརྟེན་ནས་ཕྱེས་པ་ཡིན།  དེའང་སྤྱི་ལོ་1956ལོའི་7ཟླ་ཚེས་8ཉིན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ས་གཤིས་རིག་པའི་ཆེད་མཁས་པ་འགས་ནག་ཆུའི་བྱང་ཕྱོགས་ཀྱི་འབྲི་ཆུའི་སྟོད་རྒྱུད་དུ་རྡོ་ཆས་བཅུ་རྙེད་པ་དང་།  ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་བོད་ལྗོངས་ཕྱོགས་བསྡུས་རྟོག་ཞིབ་རུ་ ཁག་གིས1966ལོ་ནས་1968ལོའི་བར་དུ། བོད་ལྗོངས་ཀྱི་དིང་རི་རྫོང་གི་ལྷོ་བྱང་ཕྱོགས་སུ་ མིས་བཟོས་རྡོ་ཆས་སིལ་མ་དང་ཉེར་སྤྱོད་རྡོ་ཆས་སིལ་མ་40རྙེད་པ་དང་། 1976ལོར་བོད་ལྗོངས་ཀྱི་བྱང་ཕྱོགས་ཡུལ་དུ་རྡོ་ཆས་སིལ་མ་དང་རྡོ་ཆས་བཟོས་མ། ཡུ་བ་ཅན་གྱི་རྡོ་ཆས།    རྩེ་མོ་རྣོ་བའི་རྡོ་ཆས་སོགས་ཤིན་ཏུ་མང་བོ་ཞིག་རྙེད།  གཞན་ཡང་ཆབ་མདོ་ཁ་རུབ་དུ་དེ་སྔོན་ཐེངས་གཉིས་ཙམ་ལ་བསྔོགས་ཤིང་། ཁང་རྙིང་གི་ཤུལ་ཁག་29དང་རྡོ་རྩིག་དུམ་བུ་3དང་། རྡོ་རྩིག་གི་སྡིངས་ཆ་སྒོར་མོ་2དང་། རྡོ་ར་3དང་། ཐལ་དོང་ཁག་4བཅས་རྙེད་པ་ལས་གནའ་རྫས་རྡོ་ཆས་7978དང་། རུས་ཆས་368དང་། རྫ་ལེབ་ཁྲི་2ལྷག་ཙམ་ཐོན་ཏེ།  ལྷུ་བསྒྲིག་ཐུབ་པ་46དང་། རྒྱན་ཆ་དངོས་རིགས་མི་འདྲ་བ་གཉིས་བཅས་རྙེད་ཅིང་།  རྩྭ་འདམ་བསྲེས་པའི་ ཁང་དབྱིབས་ལ་སྒོར་མོ་དང་གྲུ་བཞི། ནར་མོ་སོགས་བཟོ་སྟངས་མི་འདྲ་བ་ཡོད་པའི་ དཀྱིལ་དུ་སྒྱེད་རྡོ་ཐབ་རྡོའང་ཟེརརྐང་གསུམ་མ་སོགས་ཡོད་ལ། ས་འོག་ནས་ཐོན་པའི་རུས་ཆས་ནི་ཉུང་ངུ་ཙམ་ལས་མེད་ཀྱང་། རུས་ཆས་ཀྱི་གྲས་སུ་སྙུང་བུ་ དང་ཁབ། སྟ་རེ། རུས་ལེབ་སོག་ཁ་ཅན། རྭ་སྙུང་སོགས་དང་།      སྲོག་ཆགས་ཀྱི་རུས་པ་མང་བོ་ཐོན་པ་དང་། རུས་ཆས་མང་ཤས་ནི་བཟོ་དབྱིབས་ལེགས་ཤིང་ཞིབ་ཚགས་ཆེ་བ།     རུས་ཁབ་ལ་ལར་ལིས་རྨིད་24ཙམ་ལས་མེད་ཅིང་།   ཁབ་མིག་དག་ཀྱང་སྐྱོན་མེད་དུ་ཡོད།   རྫ་ཆས་ནི་ཁོག་མ་དང་སླ་ང་།   ཕོར་བ་སོགས་ཉུང་ཙམ་ལས་མེད་མོད། དེ་དག་གི་རི་མོའི་རྣམ་པ་ནི་ཧ་ཅང་ལེགས་ཏེ།  བརྐོས་རིས་དང་ཐག་རིས། ལེབ་ཤད། འཚེར་ཅན།  སྨྱུག་གཟེབ་སོགས་བྲིས་པའི་རིགས་ཧ་ཅང་མང་ཞིང་། རྫ་ཆས་ཀྱི་མདོག་ ནི་དམར་པོ་དང་སེར་པོ། ཐལ་མདོག  ནག་པོ་བཅས་ཡོད་ལ་རྫ་ཆས་མང་ཤས་འཇམ་ཤ་ ལྡན་ཞིང་སྤུས་ཀའང་ཧ་ཅང་དག་པོ་ཡིན། མཛེས་རྒྱན་ལ་སྐྲ་གཟེར་དང་མོ་ཀོར། རྣ་ལུང་། ཕྲེང་རིལ།  མགུལ་རྒྱན།  ཕྲུལ་ཕྲུལ། འགྲོན་བུ་སོགས་ཡོད་པ་དང་།  དེ་དག་གི་རྒྱུ་ཆ་ནི་རྡོ་ དང་གཡང་ཊི། རུས་པ་སོགས་ཡིན་ལ་མཛེས་ཤིང་སྤུས་ཀའང་ཤིན་ཏུ་ལེགས།  གཞན་ས་འོག་ནས་ཐོན་པའི་དངོས་པོ་མང་ཤས་ནི་རྡོ་ལས་གྲུབ་པའི་ཐོན་སྐྱེད་ལག་ཆ་ཡིན་ཞིང་། དེའི་ནང་རྡོ་ཆས་ཕྲ་མོ་དང་། བརྡར་བཟོས་རྡོ་ཆས་བཅས་རིགས་གསུམ་ཡོད་ལ། དེ་ཚོའི་རྣམ་གྲངས་ནི་སྦྱག་མ་དང་སྟ་རེ། འཇོར།  གཤོལ། མདུང་རྩེ། མདའ་རྩེ།  འབྲེག་གཏུབ་ཀྱི་ལག་ཆ་དང་། གཙགས་གཅོད་དང་འཛོག་རྡུང་གི་ལག་ཆ་སོགས་ཁྱོན་ 6800ལྷག་ཙམ་ཡོད།     དངོས་རྫས་དེ་ཚོས་ཆབ་མདོ་ཙམ་མ་ཡིན་པར་མདོ་ཁམས་ ཡན་དང་དབུས་གཙང་མན་གྱི་བོད་མི་ཡོངས་ཀྱི་ཤེས་རིག་གི་རྣམ་པ་མཚོན་ཐུབ། སྤྱི་ལོ་1981ལོར་མདོ་ཁམས་ཏྲེ་ཧོར་བྲག་མགོའི་ཁ་ས་མཚོ་ཁའི་གནའ་བོའི་དུར་ས་ལས་མི་རོ་བཞི་བཅུ་ལྷག་བུད་པ་དང་།  མི་རོ་དེ་དག་རྡོ་ལེབ་ཀྱི་རོ་སྒམ་དུ་བཅུགས་ཤིང་། རྡོ་ལེབ་དེ་རིགས་དེང་སང་ས་གནས་དེ་གར་གཏན་ནས་མཐོང་རྒྱུ་མེད། དེ་དང་ལྷན་དུ་ རྡོ་ཆས་ཕྲ་མོ་སྣ་ཚོགས་དང་རུས་ཁབ། རུས་འབུག རུས་ལེབ་སོ་ཅན་སོགས་རུས་ཆས་སྣ་ ཚོགས་དང་། ཟངས་ཀྱི་ཅ་ལག་དང་། གཞན་རྫ་མའི་རིགས་ཁ་ཤས་བཅས་རྙེད།     སྤྱི་ལོ་1984ལོར་ལྷ་སའི་ཆོས་གོང་གནའ་ཤུལ་རྙེད་ཅིང་། གནའ་ཤུལ་དེའི་རྒྱ་ཁྱོན་ ལ་ཧ་ལམ་རྨིད་གྲུ་བཞི་མ་ཁྲི་གཅིག་ལྷག་ཡོད་ལ།  ད་དུང་ས་དོང་བཅུ་ལྷག་ཐོན་ཞིང་ དེ་དག་གི་དབྱིབས་ནི་ཟླུམ་གཟུགས་སུ་ཡོད་ཅིང་། ནང་དུ་རྫ་ཆག་དང་སྲོག་ཆགས་ ཀྱི་རུས་པ། རྡོ་ཆས། རྡོ་དུམ་སོགས་ཡོད་པ་མ་ཟད།    ས་དོང་འགའ་རེར་ཐེམ་པ་ གཉིས་རེ་ཡོད་པས་མིའི་སྡོད་ཁང་ལྟ་བུར་སྣང་།     དེ་རུ་ཐོན་པའི་གནའ་རྫས་ཀྱི་ གྲངས་ཀ་ནི་ཕལ་ཆེར་ཁྲི་ལ་ཉེ་བ་ཡོད་པ་ལས་བཟོས་རྡོ་དང་བརྡར་རྡོའི་རིགས་གཉིས་སུ་མཆིས་ཤིང་། དེ་ལས་མང་ཤོས་ནི་བཟོས་རྡོའི་རིགས་ཡིན་ལ།   རྡོ་ཆས་ཆེ་བར་སྟ་རེ་དང་ཐོ་བའི་དབྱིབས་ལྟ་བུའི་གཅོད་པ་དང་གཏོར་བ། བརྡུང་བ་ བཅས་ཀྱི་ལག་ཆ་དང་། རྡོ་ཆས་ཆུང་བར་གྲི་དང་འབུག  གཏུབ་གྲི་སོགས་གཞོག་པ་ དང་གཏུབ་པ། འབུག་པ་བཅས་ཀྱི་ལག་ཆ་ཡོད། རུས་ཆས་ཀྱི་སྐོར་ལས་མང་ཤོས་ནི་ སྲོག་ཆགས་ཀྱི་རྐང་ལག་གི་རུས་པས་བཟོས་པའི་ཁབ་དང་འབུག སོ་མང་། སྐྲ་གཟེར། མདའ་རྩེ་སོགས་ཡིན་ལ། དེའི་ནང་རུས་ཁབ་འགའ་རེའི་ཁབ་མིག་ནི་དེང་དུས་ཀྱི་ ལྕགས་བཟོའི་ཁབ་དབྱིབས་དང་འདྲ་བའང་ཡོད།     རྫ་ཆས་ཀྱི་རིགས་ལ་ཆེ་ཆུང་ མི་འདྲ་བ་དུ་མ་ཡོད་ཅིང་། རྫ་མ་ལོང་བུ་གཅིག་ཅན་དང་ལོང་བུ་གཉིས་ཅན་དང་། ལྷུང་བཟེད།   ས་རྫའི་གཟར་བུ།  རྫ་བུམ་སྐེ་རིང་སོགས་ཡོད་ལ།  དེ་དག་ཀྱང་བཟོ་དབྱིབས་མཛེས་ཤིང་སྤུས་ཀ་དག་པོ་ཤ་སྟག་ཡིན། རྒྱན་ཆའི་སྐོར་ལ་རུས་པའི་སྐྲ་གཟེར་དང་རྣ་རྒྱན། ས་རྫའི་གདུ་བུ། རྡོའི་གདུ་བུ་སོགས་ཡོད།   དེའི་ནུབ་ཕྱོགས་ཀྱི་སྤྱི་ལེ་300 ཙམ་གྱི་མཚམས་སུ་དུར་ཁྲོད་ཅིག་རྙེད་པ་ལས་མིའི་བེམ་པོ་30ལྷག་ཐོན་པར་བཤད་ཅིང་།  གོང་གི་གནའ་རྫས་འདི་ཚོ་ནི་མི་ལོ་8000ནས་5000བར་གྱི་རྡོ་ཆས་གསར་བའི་དུས་སྐབས་ཀྱི་དངོས་རྫས་ཡིན་པར་བཤད།  ཡང་ཆོས་གོང་གནའ་ཤུལ་ལས་ལྕང་ལོའི་དབྱིབས་ཅན་ གྱི་ཟངས་ཆས་དང་ལྕགས་ཡུ་ཅན་གྱི་ཟངས་ཀྱི་མེ་ལོང་བཅས་ཐོན་ཞིང་། ལྕགས་རིགས་དེ་ དག་ལ་མི་ལོ་53000ཡས་མས་ཀྱི་ལོ་རྒྱུས་ལྡན།      གཞན་ཡང་ད་ལྟའི་བར་གནའ་རྫས་རྟོག་ཞིབ་བྱས་ཏེ་བོད་ཀྱི་རྡོ་ཆས་རྙིང་མའི་དུས་སྐབས་སུ་གཏོགས་པའི་ཤིང་འབྲས་འཚོལ་ བསྡུ་བྱེད་ཡུལ་ལ་ཕྱོགས་8ཡོད་ལ།   གནས་དེ་དག་ནི་བོད་ལྗོངས་ཀྱི་བྱང་རྒྱུད་དང་ནུབ་ རྒྱུད་དུ་ཁྱབ་ཡོད་ཅིང་།   སྤྱི་ལོ་1951ལོའི་རྗེས་སུ་རྙེད་པ་དང་དུས་རབས་དེ་ཕལ་ཆེར་ མི་ལོ་ཁྲི་5ནས་1ཡས་མས་ཀྱི་རྡོ་ཆས་རྙིང་མའི་དུས་མཇུག་ཙམ་ཡིན་པར་གཏན་ཁེལ་བྱུང་། མདོར་ན་ཆབ་མདོའི་ཁ་རུབ་དང་དངུལ་མདའ་ཆུང་མོ།   གོ་འཇོ་རྫོང་། ཡར་ཀླུང་གཙང་བོའི་རྒྱུད་ཀྱི་ལྷ་སའི་ཆོས་གོང་དང་གོང་དཀར་འཕྲེང་འགོ མངའ་རིས་ སྒར་རྫོང་དང་སྤུ་ཧྲེང་རྫོང་། རུ་ཐོག་རྫོང་།  ལྷོ་ཁ་ས་ཁུལ་གྱི་ལྷུན་རྩེ་རྫོང་། ནག་ཆུ་ས་ཁུལ་གྱི་ནག་ཆུ་དང་ཤན་རྩ། གཞིས་རྩེ་ས་ཁུལ་གྱི་གཉའ་ལམ་དང་དིང་རི། ངམ་རིང་རྫོང་ཁོངས། རྣམ་གླིང་།  ཉིང་ཁྲི་ས་ཁུལ་གྱི་མེ་ཏོག་རྫོང་། མཚོ་སྔོན། ཀན་སུའུ། སི་ཁྲོན།  སུམ་མདོ།  ཡུན་ནན་ལ་སོགས་པའི་བོད་ཡུལ་དུ་རྡོ་ཆས་དང་རྫ་ཆས། རུས་ཆས། འབྲུ་རིགས་ཀྱི་ས་བོན།  གནའ་མིའི་ཁང་ཤུལ། གནའ་ཤུལ།  དུར་ས་སོགས་བགྲང་ལས་ འདས་པ་ཞིག་རྙེད་པ་འདི་དག་གིས། བོད་ཡུལ་ནི་མིའི་འགྲོ་བ་བྱུང་སྔ་ཤོས་ཀྱི་ཡུལ་གྲུ་ ཞིག་ཡིན་པ་གསལ་བཤད་བྱས་པ་མ་ཟད།     ཡུལ་འདིར་བྱུང་བའི་མེས་པོ་ཚོ་ཡང་དུས་ ཡུན་རིང་མོ་ཞིག་གི་སྔོན་ནས་ཤེས་རིག་གི་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་པར་མཚོན།  དེ་ལྟར་མི་ལོ་ཁྲི་60ནས་ཁྲི་1ཡན་གྱི་དུས་ཡུན་རིང་མོའི་ནང་གངས་ལྗོངས་མཐོ་སྒང་དུ་ རང་རེའི་མེས་པོ་ཚོས།   མི་ལ་རྗེ་འབངས་ཀྱི་ཐ་སྙད་མེད་པར་ཟས་སུ་ཤིང་ཏོག་དང་གོས་ སུ་ ཤིང་ལོ་གྱོན་པའི་དུས་སྐབས་ནས།   རིམ་བཞིན་རྡོ་ཆས་ཀྱི་ལག་ཆ་བཟོས་ཏེ་རི་དྭགས་རྔོན་པས་གོས་སུ་རི་དྭགས་ཀྱི་པགས་པ་བཀླུབས་པ།  ཟས་སུ་འབྲུ་རིགས་དང་ལོངས་སུ་ ཤ་སྤྱོད་པ། སྡོད་ས་བྲག་ཕུག་དང་ས་ཁང་།  རྩྭའི་སྤྱིལ་བུ་རྣམས་སུ་བྱེད་པ་ལ་སོགས་པའི་ ཤེས་རིག་ངེས་ཅན་ཞིག་བསྐྲུན་ཞིང་དར་བ་ཡིན་ལ།  འཚོ་ཐབས་དང་སྤྱོད་ལུགས་དེ་ འདྲར་བརྟེན་ཏེ་རྡོ་ཆས་རྙིང་མའི་དུས་སྐབས་ཕར་བསྐྱལ་ཞིང་། དེའི་རྗེས་སུ་རི་ཀླུང་ དམའ་བའི་ས་ཁུལ་དུ་ས་ཞིང་རྨོ་བ་དང་བརྡར་བཟོས་རྡོ་ཆས་དང་རྫ་ཆས་བཟོ་བ།  ཁྱིམ་ཕྱུགས་གསོ་སྐྱོང་གནངས་པས་ལས་སུ་ཕྱུགས་འཚོ་བ།    མཚོན་དུ་ཤིང་དབྱུག་དང་རྡོ་འཛིན་པ། སྡོད་ས་ཤིང་ཁང་སོགས་སུ་བྱས་ཏེ་རྡོ་ཆས་གསར་མའི་དུས་སྐབས་བྱུང་།  གཞན་བོད་ཀྱི་རྡོ་ཆས་གསར་བའི་དུས་སྐབས་ཀྱི་རིག་གནས་དེ་རྣམ་པ་མི་འདྲ་བའི་རིགས་གཉིས་སུ་ཕྱེ་ཆོག་སྟེ།  གཅིག་ནི་ཞིང་ལས་གཙོ་བོར་གཉེར་ཞིང་། ཞོར་དུ་ཕྱུགས་གསོ་བ་དང་ རི་དྭགས་རྔོན་པའི་ཀླུང་ཤོད་ཁུལ་དུ་འཚོ་གནས་བྱེད་པའི་རིག་གནས་ཀྱི་རྣམ་པ་དེ་ཡིན་ལ། གནའ་རྫས་རྟོག་ཞིབ་བྱས་པས་བོད་ལྗོངས་ཤར་རྒྱུད་ཀྱི་ཆབ་མདོའི་ཁ་རུབ་དང་དངུལ་མདའ་ཆུང་མོ། ཡར་ཀླུང་གཙང་བོའི་བར་རྒྱུད་ཀྱི་ལྷ་སའི་ཆོས་གོང་། གོང་དཀར་འཕྲེང་འགོ་སོགས་ནི་མེས་པོ་རྣམས་ཀྱིས་ལོ་ཏོག་འདེབས་པ་དང་། རྡོ་ཆས་དང་རྫ་ཆས་བཟོ་བ། སྒོ་ཕྱུགས་གསོ་བ།  རྡོ་འདམ་མཉམ་བསྲེས་ཀྱིས་སྡོད་ཁང་ལས་ཏེ་གཞིས་ཆགས་ཤིང་ འདུས་སྡོད་ཀྱི་འཚོ་བ་རོལ་ཡུལ་ཡིན།  གཞན་ཞིག་ནི་བོད་ཀྱི་ནུབ་བྱང་དུ་འཚོ་གནས་བྱས་ ཏེ་རི་དྭགས་རྔོན་པ་དང་རུ་སྤོར་བའི་ལས་སུ་འབད་པའི་རིག་གནས་ཀྱི་རྣམ་པ་དེ་ཡིན། མངའ་རིས་དང་ནག་ཆུ། ཡར་ཀླུང་གཙང་བོའི་སྟོད་རྒྱུད་བཅས་སུ་རི་དྭགས་རྔོན་པ་དང་ ཉ་འཛིན་པའི་འཚོ་བ་རོལ་མྱོང་བ་མ་ཟད། རྫ་ཆས་དང་རུས་ཆས་སོགས་སྤྱོད་མྱོང་བར་བཤད། མདོར་ན་མི་ལོ་58000དུས་སུ་རང་རེའི་མེས་པོ་ཚོས་རི་དྭགས་རྔོན་པ་དང་ཉ་ལས་ བྱེད་པ་སོགས་ཡ་ཐོག་དཔལ་འབྱོར་གྱི་ཤེས་རིག་དང་། ཕྱུགས་གསོ་བ་དང་འཚོ་བ་སོགས་འབྲོག་ལས་ཤེས་རིག  ས་ཞིང་རྨོ་བ་སོགས་ཞིང་ལས་ཤེས་རིག      རྨོ་འདེབས་དང་སྒོ་ ཕྱུགས་གསོ་བ་སོགས་རོང་མ་འབྲོག་པའི་ཤེས་རིག  དེ་བཞིན་རྡོ་ཆས་དང་རྫ་ཆས། རུས་ཆས། ཟངས་ཆས།   ལི་ཆས།   ལྕགས་ཆས་སོགས་ལས་སྣོན་དང་བཟོ་བསྐྲུན་བྱས་པས་བཟོ་ལས་ཤེས་རིག     རྡོ་ཆས་དང་རྫ་ཆས་སོགས་སུ་རི་མོ་སྣ་ཚོགས་བརྐོས་པས་སྒྱུ་རྩལ་གྱི་ཤེས་རིག་སོགས་རྣམ་གྲངས་དུ་མ་ཅན་གྱི་ཤེས་རིག་ངེས་ཅན་ཞིག་དར་བ་མ་ཟད།  མཛེས་རྟོག་གི་འདུ་ཤེས་ཀྱང་ཚད་ངེས་ཅན་ཞིག་ཏུ་སོན་ཡོད་པ་རུས་རྒྱན་གྲུ་བཞི་དང་། རྡོའི་ཨ་ལོང་། རུས་པའི་སྐྲ་རྒྱན། ཁུང་ལྡན་གྱི་རྫའི་རྒྱན་ཆ། སྒྲོན་མེའི་དབྱིབས་ཀྱི་རུས་པའི་རྣ་ལུང་། རུས་ཕྲེང་སོགས་ཀྱི་གནའ་རྫས་འདི་དག་ལས་རྟོགས་ཐུབ་ཅིང་།  མི་ལོ་53000ཡས་མས་སུ་བོད་པའི་མེས་པོ་རྣམས་ཀྱིས་ཟངས་ཆས་སྤྱོད་འགོ་ཚུགས་ཤིང་།  ཡུན་གྱིས་གངས་ལྗོངས་ས་མཐོའི་ཤེས་རིག་དེ་རིམ་བཞིན་འཕེལ་རྒྱས་བྱུང་སྟེ། གདོད་མའི་ལྕགས་རིགས་སྤྱོད་པའི་དུས་སྐབས་ནས་ཤེས་རིག་ལྡན་པའི་སྤྱི་ཚོགས་ཀྱི་དུས་ མཚམས་སུ་སླེབས་པ་རེད།

                                                                         ངེད་དྲ་བ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41151075
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1