ཤོ་གྲུ་གུའི་ཡུལ་གྱི་ལྟད་མོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 13 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» ནང་བསྟན་གྲུབ་མཐའ། »ཤོ་གྲུ་གུའི་ཡུལ་གྱི་ལྟད་མོ།
ཤོ་གྲུ་གུའི་ཡུལ་གྱི་ལྟད་མོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/7/26ལྟ་ཀློག (35725)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྩོམ་པ་པོ།  གྱི་ལིང་འཇིགས་མེད།

དང་བོ། ཡུལ་གྱི་བྱུང་བ་སྤྱིར་བཤད་པ།

       ཆུ་ཀླུང་ཆེན་མོ་ཀླུ་ཆུའམ་རྒྱ་སྐད་དུ་ཐའོ་ཧོ་洮河རུ་འབོད་པའི་བྱང་རྒྱུད་མདོ་སྨད་འབུ་ཤིང་ཀུན་ཏུ་临洮)གྲགས་པའི་ཡུལ་དང་ཁད་ཤིན་ཏུ་ཉེ་བ་ན་གཞོང་བ་ཁ་གསུམ་ཟུར་ཆགས་པས་ཤོ་ནང་ཁ་གསུམ་དུ་གྲགས་པ་ཡོད་ལ། དེར་འདུལ་འཛིན་ཤོ་བ་བློ་བཟང་རྣམ་རྒྱལ་རིན་པོ་ཆེའི་གདན་ས་སྟོད་མ་དགོན་དང་། ཁང་ཐོག་དགོན། ཤོ་བ་མཁས་གྲུབ་གླིང་བཅས་རེབ་ཚའི་དགོན་པ་གསུམ་སོགས་ཡོད།

      ཡུལ་འདི་ལ་ཤོ་གྲུ་གུའི་ཡུལ་ཞེས་བྱ་ཞིང་འདི་ནི་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྐ་ཆུ་ཧའེ་རིགས་རང་སྐྱོང་ཁུལ་གཉིས་ཀྱི་སའི་འདྲེས་མདོ་སྟེ། ཁྲི་ཆེན་གུང་ཐང་བསྟན་པའི་སྒྲོན་མེ་དང་གྲུབ་དབང་མཁས་གྲུབ་བསྟན་འཛིན་པ་སོགས་ཀྱི་འཁྲུངས་གཞིས་མཛོད་དགེ་སྨད་ཀྱི་ཉེ་འཁོར་དུ་ཡོད་པས་བོད་ཀྱི་མཇལ་བ་དང་རྒྱའི་ཡུལ་སྐོར་བ་མང་བོ་དབྱར་གྱི་སྤྲིན་བཞིན་འདུ། 

      འདི་ནི་སྔོན་ཆད་བོད་བཙན་པོའི་དུས་སུ་ཐའོ་ཀྲུག་洮州དང་ཧོ་ཀྲུག་ད་ལྟའི་རྐ་ཆུ河州གི་སར་གཏོགས་པས་ལུང་ནན་གྱི་ལྟེ་བ་ལྟ་བུ་ཡིན་ལ། ཁྲི་འདུས་སྲོང་གི་དུས་སུ་མགར་ཁྲི་འབྲང་སོགས་ཀྱིས་ལྕགས་མོ་གླང་ལ་701ཡུལ་འདི་ཕྱོགས་སུ་དམག་ཐོག་མར་དྲངས་ཤིང་། དེ་ནས་རིམ་གྱིས་ཤིང་མོ་ལུག་གི་ལོ་755ལ་བློན་ཁྲི་བཟང་དང་ཞང་སྟོང་བཙན་གཉིས་ཀྱིས་མཁར་ཏེའུ་ཇུ་洮州བཅོམས་ཏེ་རྨ་གྲོམ་ཕྱིར་བཅུག དེ་དུས་ཀྱི་དགུན་འདུན་ཡང་ཡུལ་འདི་ཕྱོགས་སུ་བསྡུས། དེ་ནས་མེ་མོ་བྱ་757ལོར་རྒྱ་ནང་དུ་ཨན་ལོའུ་ཧྲིན་གྱིས་ངོ་ལོག་ཟིང་འཁྲུགས་བསླངས་སྟབས་བོད་ཀྱིས་དཔུང་ཆེན་པོ་དྲངས་ཏེ་ཐའོ་ཇུ་洮州དང་ཏེའུ་ཇུ་洮州གཉིས་ཀྱིས་མཚོན་གུའོ་ཇུ་郭州དང་པཱ་ཇུ霸州མེན་ཇུ岷州ལན་ཇུ兰州ཧྲན་ཇུ善洲སོགས་ལུང་ཡོའུ་ཚང་མ་བླངས། དེའི་ཡར་སྔོན་ཞིག་ནས་ཀྱང་ཐའོ་ཇུའམ་ད་ལྟའི་བ་ཙེ་རྫོང་གིས་གཙོས་པའི་རི་བོ་པདྨ་ཅན་སོགས་མང་བོ་ཞིག་བོད་ཀྱི་མངའ་རིས་སུ་གཏོགས་པ་ནི་ཡུལ་འདིའི་ཉེ་འཁོར་གྱི་མཱ་ཅ་ཏུན་དང་ཆི་ཅཱའི་རིག་གནས་གནའ་ཤུལ་གྱིས་ཀྱང་ར་སྤྲོད་བྱེད་ཐུབ་ལ། རྒྱའི་ཧན་གྱི་ལོ་རྒྱུས་སུ་ཡང་ཡུལ་འདི་ཕྱོགས་སུ་སྤྱང་གི་ཚོ་ཆེན་བརྒྱ་དང་ལྔ་བཅུ་ལྷག་འཚོ་བར་བཤད་པ་ཡང་ཡུལ་འདི་ཕྱོགས་ཀྱིས་གཙོས་པའི་ཀན་སུའུ་དང་མཚོ་སྔོན་གྱི་ས་ཆ་འབའ་ཞིག་ཡིན་པ་ལོ་རྒྱུས་ཀྱི་ཡིག་ཚང་དག་ལས་གསལ་བོར་མཐོང་། དེ་བཞིན་དུ་ཁྲི་སྲོང་ལྡེ་བཙན་གྱིས་ཀྱང་ཡུལ་འདི་ནས་གྲུ་གུའི་ཡུལ་དུ་དམག་དྲངས་པའི་ལོ་རྒྱུས་ཡོད་ལ། བར་སྐབས་ཤིག་ཏུ་ཡུལ་འདི་ཕྱོགས་སུ་ཡང་གྲུ་གུའི་ཚོ་བ་གཞིས་ཆགས་སམ་སྙམ་སྟེ། ཡུལ་འདི་ལ་ཤོ་གྲུ་གུའི་ལུང་ཞེས་དེབ་ཐེར་རྒྱ་མཚོ་སོགས་སུ་འབྱུང་བ་བཞིན་ཡུལ་འདི་ཕྱོགས་ཀྱི་ལོ་ལོན་དག་གིས་ཀྱང་ད་ལྟའི་ཤོ་བ་སོགས་ལ་གྲུ་གུའི་གོ་ནང་ངམ་གོ་ཉ་ཐང་ཞེས་འབོད་ལ། ངེད་རང་ཆུང་དུས་ང་ཚོའི་ཕ་ཡུལ་དུ་ས་འདི་ཕྱོགས་ཀྱི་རྟ་རེ་བཙོང་རྒྱུ་ཐོན་ན་ཡང་ལོ་ལོན་ཚོས་གྲུ་གུའི་རྟ་རེད་ཅེས་འདང་ཆེ་ཆེ་བྱེད། དེ་ནས་སུང་རྒྱལ་རབས་ཀྱི་དུས་སུ་ཡུལ་འདི་ཐམས་ཅད་ཙོང་ཁའི་རྒྱལ་སྲས་ཀྱིས་དབང་བསྒྱུར། ཕྱིས་སུ་ཅོ་ནེ་དཔོན་གྱི་མངའ་རིས་སུ་གཏོགས་ཤིང་ས་སྐྱ་བའི་ཡར་སྔོན་དུ་བོན་དར་ཆེ་བར་བཤད་ལ། རྒྱ་ནག་ཐང་གི་དུས་ཀྱི་དགོན་རྙིང་ཁྱོའུ་ཟིའམ་ཁང་ཀྱ་ཟི་སོགས་ཅོང་ལ་ལོ་རྒྱུས་ཀྱི་ཡི་གེ་བཀོད་པ་སོགས་ཀྱང་དེབ་ཐེར་རྒྱ་མཚོ་རུ་འབྱུང་བས་བན་བོན་གཉིས་ཀ་དར་བར་མངོན་ལ། ལོ་རྒྱུས་ལ་ལར་རྒྱ་ནག་གི་རྒྱལ་རབས་བཅུ་དྲུག་གི་དུས་ནས་ཡུལ་འདི་ཕྱོགས་སུ་ནང་བསྟན་དར་ཡོད་པར་བཤད་པས་ཨ་ལགས་ཚེ་ཏན་རིན་པོ་ཆེས་གསུངས་པ་བཞིན་སྤྱིར་མདོ་སྨད་འདི་རྒྱ་ཡུལ་དང་ཁད་ཉེ་བས་བོད་དབུས་ལས་ཀྱང་བསྟན་པ་རིན་པོ་ཆེ་དར་སྔ་བར་མངོན་ཡང་ཞིབ་པར་གཞན་དུ་སྤྲོ་བར་འདོད་དོ། ། དཔལ་ལྡན་ས་སྐྱང་བའི་དུས་ནས་བཟུང་ཡུལ་འདི་ཕྱོགས་སྤྱི་ལ་དཔལ་ལྡན་ས་སྐྱ་བའི་རིང་ལུགས་ཆེས་ཆེར་དར་བར་མངོན། དེ་ནས་རིམ་གྱིས་འགྱུར་ཏེ་ད་ལྟ་ཡུལ་བྱིངས་དཔལ་རི་བོ་དགེ་ལྡན་པའི་རིང་ལུགས་ཡུག་ཅིག་གིས་ཁྱབ་ཡོད་པར་མ་ཟད། ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་ཐུགས་བསྐྱེད་ཀྱི་མཐུས་དགོན་ལ་ལེ་ལག་དང་བཅས་པ་ཚང་མ་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་གི་དགོན་ལག་འབའ་ཞིག་ཏུ་གྱུར་ཡོད་པ་ནི་བསམ་བཞིན་དད་པའི་གནས་སུ་ཆེའོ། །

       གཞན་ད་དུང་ཧའོ་ཀྲུག་གམ་རྐང་ཆུ་སོགས་ཡུལ་འདི་ཕྱོགས་ཐམས་ཅད་བོད་འབའ་ཞིག་ཡིན་པ་གོང་སྨྲོས་བཞིན་ཡིན་ལ། སྔུ་དང་མི་ཉག་ལ་མངའ་ཁོངས་རྩོད་པའི་སྟོབས་ལྡན་ཙོང་ཁའི་རྒྱལ་ཁབ་ཀྱི་མངའ་ཁོངས་གཙོ་བོ་ཡིན། རྗེས་སུ་༡༢༢༧ལོར་སོག་པོས་རྐ་ཆུ་བཟུང་རྗེས་བོད་མིས་ཡུལ་འདིའི་དཔོན་གནས་བཟུང་བའང་མང་། ༡༢༦༩ལོར་བོད་ཀྱི་ཞོན་་སི་ཏོ་ཡོན་ཧྲི་ཧྥུ་བཙུགས། རྐ་ཆུ་བདག་སྐྱོང་མཛད། བོད་པ་སྐྱིད་བསོད་ནམས་འབུམ་བྱ་བ་ཆེས་ཐ་མའི་ཞོན་བེས་སི་ཡིན་པར་བཤད། བསོད་ནམས་འབུམ་གྱི་དཔོན་རྒྱུད་ཀྱིས་ཡུལ་འདི་དག་ལ་དབྱང་བསྒྱུར་ཏེ་མི་ལོ་ལྔ་བརྒྱ་དྲུག་ཅུ་འདས་ཤིང་། མེན་རྒྱལ་རབས་ནས་བཟུང་རིམ་གྱིས་བོད་མང་ཤོས་རྒྱ་རུ་འགྱུར་སྐད། དེ་བས་ད་ལྟའི་རི་བོ་པདྨ་ཅན་གྱི་ཉེ་འཁོར་འདི་ཀུན་ཡང་བོད་མི་རྒྱ་ལ་འགྱུར་ཟིན་པ་འབའ་ཞིག་གིས་བཟུང་ཡོད་ལ། ཁོ་ཚོའི་བྱད་གཟུགས་དང་བསམ་སྤྱོད་སོགས་གང་ཅིའི་ཐད་ནས་ཀྱང་ཡིད་ལ་སྐྱོ་བ་སྣོན་མར་ཡོང་བའི་རྒྱུ་འབའ་ཞིག་ཏུ་མཐོང་ངོ་། །

                                              གཉིས་པ་འདི་གའི་གནས་ཡུལ་གྲགས་ཅན་ཁ་ཤས།

༡ ཤོ་གྲུ་གུའི་ནང་གི་རེབ་ཚའི་དགོན་ཁག་གསུམ་སོགས།

                                              སྟོད་མའི་དགོན་ཕུན་ཚོགས་དར་རྒྱས་གླིང་།

          དགོན་པ་འདི་ནི་འདུལ་འཛིན་ཤོ་བ་རིན་པོ་ཆེས་བོད་རབ་བྱུང་བཅུགཅིག་པའི་ཆུ་ཁྱི་སྟེ་སྤྱི་ལོ་1682ལོར་ཁྱ་དགེ་གསེར་བ་མཛོད་ཤུལ་རྣམས་ཀྱི་བླ་དཔོན་དག་གི་རེ་བ་ལྟར་ཡུལ་ཕྱོགས་ཀྱི་དགོན་ཕྲན་རྣམས་བསྡུས་ནས་ཕྱག་བཏབ་ཅིང་། ཅོ་ནེ་དགོན་དང་བསྟུན་པའི་བཅའ་ཡིག་མཛད། དགོན་འདིར་དབུ་ཐོད་ལ་ཕ་དམ་པའི་སྐུ་བརྙན་རང་བྱོན་དུ་ཕེབས་པ་རྡོ་ཚང་གཞོན་ནུ་གཅོད་རྒན་དོན་ཡོད་སེང་གེ་དང་། ཤོ་བ་རིན་པོ་ཆེའི་དངོས་སློབ་ཚེ་དང་སྒྲུབ་པ་སྙོམས་པ་རྡོ་དགེ་གྲགས་པ་ཆོས་ལྡན། ཆུ་ཁའི་གཅོད་རྒན་དུ་གྲགས་པས་ལུས་སྦྱིན་གཏོང་སྐབས་མགྲོན་ལ་དངོས་སུ་སྟེར་བ་ལྟ་བུའི་ཉམས་རྟོགས་གཞན་གྱིས་དཔོག་ནུས་པ་སོགས་རྟོགས་ལྡན་དུ་མ་དང་། བྱ་ཁྱུང་བདེ་ཁང་བའི་སློབ་མ་རེབ་དགེ་ངག་དབང་བློ་གསལ། ཡི་གེ་དབུ་ཅན་འབྲི་མཁས་པ་རྡོ་ཚང་དགེ་སློང་བསོད་ནམས་བཀྲ་ཤིས་སོགས་མདོ་སྔགས་རིག་གནས་ཀྱི་གོ་རྒྱ་ཅན་མང་བོ་དུས་སྔ་ཕྱིར་བྱོན། ཁྱད་པར་དུ་བྲག་སྒོམ་པ་བསྟན་པ་རབ་རྒྱས་དང་འཇམ་དབྱངས་བསྟན་པ་རྒྱ་མཚོ་སོགས་ཀྱིས་སྐྱོང་འཁུར་བླ་མེད་གནང་བས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་།

          དགོན་པའི་རྟེན་གཙོ་ལ་ཡུལ་ལི་མཁྱེན་རབ་བསྟན་པ་རྒྱལ་མཚན་གྱིས་བཞེངས་པའི་མགོན་པོ་ཕྱག་དྲུག་པ་ནང་བཞུགས་ལ་ས་སྐྱ་གོང་མས་གནང་བའི་མགོན་པོ་བྱིན་ཅན། བྲག་སྒོམ་པ་རིམ་བྱོན་གྱི་སྐུ་གདུང་། བྱམས་ཆེན་ཆོས་རྗེའི་ཕྱག་ནས་བྱུང་བའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། སྟོང་འཁོར་ཡོན་ཏན་རྒྱ་མཚོས་གནང་བའི་རྗེ་ཀརྨ་རོལ་བའི་རྡོ་རྗེའི་ཞབས་རྗེས་རྡོ་དཔར། གྲུབ་ཆེན་ནཱ་རོ་བའི་དབུ་ཐོད་ཨ་ཡིག་ཅན། མཁས་གྲུབ་རྗེའི་སློང་བཟེད། དུང་དཀར་རང་བྱོན། ཅོ་ནེའི་བཀའ་བསྟན་གྱིས་གཙོས་གླེགས་བམ་མང་བོ་གས་བཞུགས་པ་ལས་མང་ཤོས་དུས་འགྱུར་སྐབས་བརླགས་ཀྱང་འགངས་ཅན་ཁ་ཤས་ད་དུང་ཡང་བྱིན་རླབས་ཀྱི་དྲོད་མ་ཡལ་བར་བཞུགས་སོ། །

                                               ཁང་ཐོག་དགོན་གཡོན་ཆབ་དར་རྒྱས་གླིང་།

དགོན་པ་འདི་ནི་འདུལ་འཛིན་ཤོ་བ་རིན་པོ་ཆེས་དཔོན་པོ་སངས་རྒྱས་ཡེ་ཤེས་དང་བན་མུག་གཉིས་ཀྱིས་དགོན་ས་ཕུལ་བ་བཞིན་རབ་བྱུང་བཅུ་གཅིག་པའི་མེ་འབྲུག་སྟེ་སྤྱི་ལོ་༡༦༧༦ལོར་ཕྱག་བཏབ། དེ་ཡང་རྗེ་ཉིད་ཀྱི་སློབ་མ་ལོ་བ་རིན་ཆེན་རྒྱ་མཚོ་དང་། སྟོང་འཁོར་བླ་དཔོན་དྲུང་རམས་པ་གྲགས་པ་རྒྱལ་མཚན། བཀའ་བཅུ་གྲུ་ཚུགས་ས་པ་མཐའ་ཡས། དཔོན་པོ་གྲགས་པ་སངས་རྒྱས་ཀྱིས་འཁུར་བཟུང་ཞིང་གཤིན་དགེ་རབ་འབྱམས་པ་རྒྱ་མཚན་ཡེ་ཤེས་དང་། གཤིན་དགེ་དཔོན་པོ་བསམ་གཏན་བཟང་བོ། རྒྱ་དགེ་དཔོན་པོ་གྲགས་པ་བཀྲ་ཤིས་སོགས་ཀྱིས་གྲོས་མཐུན་གྱིས་དགོན་རྙིང་ལོ་བ་དགོན་དང་སྟོང་འཁོར་བྱང་ཆུབ་གླིང་། གཅན་ཚེའི་དགོན་དང་རི་ཁྲོད་སོགས་ལྷན་དུ་བསྡུས་ཏེ་བཏབས་པ་ཡིན།

          དགོན་པའི་ནང་རྟེན་གཙོ་བོ་ལ་རྒྱལ་དབང་སྐལ་བཟང་རྒྱ་མཚོས་གཅན་ཚའི་བླ་མ་ལ་གནང་བའི་ཐུབ་དབང་རྡོར་གདན་གསུང་འབྱོན་མ་དང་།འདི་ད་ལྟའང་བཞུགས ཆས་པ་སྨན་རྒན་གྱིས་ལྷ་ས་ནས་གདན་དྲངས་པའི་ཙན་དན་གྱི་བྱམས་སྐུ། རྒྱལ་བ་སྐལ་བཟང་རྒྱ་མཚོ་གནང་བའི་གསེར་ཡིག་སྟེ་དགོན་པ་གཡོན་ཆབ་ཏུ་སྤོས་པའི་ལུང་བསྟན་གྱི་བཀའ་ཤོག རྒྱལ་དབང་ལྔ་བའི་ཤངས་མཚལ་གྱིས་བཞེངས་པའི་ཆོས་རྒྱལ་ཞལ་ཐང་། འདི་ད་ལྟ་བཞུགསལྷོ་བྲག་གྲུབ་ཆེན་གྱི་ཕྱག་དྲིལ་དང་རྗེ་མི་ལའི་ན་བཟའ། ས་ཆེན་གྱིས་ཀྱེ་རྡོར་ས་ཡ་བསྒྲུབས་པའི་ཕྱག་ཕྲེང་། གོང་མ་ཁང་ཞིས་གནང་བའི་བ་སོའི་ཡུལ་རིང་དང་རི་དྭགས་བསེ་རུའི་རྭ། ཁང་ཐོག་ཆོས་རྒྱལ་རང་བྱོན་དུ་གྲགས་པའི་ཞལ་འབག ཤོ་བ་རིན་པོ་ཆེས་ལྷ་སའི་ཆོས་གྲྭར་བསྣམས་པའི་དབུ་ཞྭ། གཞན་ཡང་ཀུན་མཁྱེན་ཡབ་སྲས་ཀྱིས་གཞོབས་པའི་དམ་པ་རྣམས་ཀྱི་གསུངས་འབུམ་པོཏ་ཆིག་སྟོང་ལྔ་བརྒྱ་ལྷག་སོགས་བཞུགས་སོ། །

                                                          ཤོ་བ་དགོན་མཁས་གྲུབ་གླིང་།

           འདི་ནི་འདུལ་འཛིན་ཤོ་བ་རིན་པོ་ཆེས་ཤོ་དཀར་ནག་གི་ས་ཆར་རབ་བྱུང་བཅུ་གཅིག་པའི་ས་དེའི་སྨྲ་ཚང་འགོ་བ་རྒྱལ་མཚན་རིན་ཆེན་གྱིས་དགོན་ས་ཕུལ་བ་ལྟར་ཁོང་དགུང་ལོ་ང་ལྔ་བ་༡༦༨༥ལོར་སྨད་རྒྱུད་ལྟར་ཕྱག་བཏབ། འདི་ནི་ཁོང་གི་རྩ་དགོན་ཡིན་ལ། གདན་ས་གསུམ་གའི་དོད་དུ་བཏབ་པ་ཡིན་པར་གསུངས།

           དགོན་པའི་རྟེན་གཙོ་ལ་གྱི་ལིང་དགོན་ཕྱག་འདེབས་པ་བོ་རོང་ཁམས་ཞབས་དྲུང་ཆོས་རྒྱ་མཚོས་དངོས་སུ་ཕྱག་བཞེངས་གནང་བ། ཡོངས་སུ་མ་གྲུབ་གོང་ལ་རབ་གནས་མཛད་པས་ལྗགས་སོགས་རང་བྱོན་དུ་གྲུབ་པར་གྲགས་པའི་ཤོ་བའི་རྟ་མགྲིན་རང་བྱོན་དང་། སྲུང་མ་ལ་ལྷ་མོ། ཁ་དྲོན་གནས་བརྟན་པའི་གདུང་རུས་ལ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་མང་དུ་ཕེབས་པ་ནང་བཞུགས་ཀྱི་སྐུ་གདུང་མཆོད་རྟེན། རྒྱལ་བ་དགེ་འདུན་རྒྱ་མཚོ་གནང་བའི་དངུལ་གྱི་མཆོད་རྟེན། རྒྱལ་དབང་ལྔ་བ་ཆེན་པོས་འདུལ་འཛིན་ཤོ་བ་རིན་པོ་ཆེར་གནང་བའི་ལྷ་མོའི་འབག་སྐུ་དབུ་སྐྲ་སྐྱེས་པ། དུར་ཁྲོད་བསིལ་བ་ཚལ་ཤར་ལྷོའི་རྡོ་ནག་ལས་གྲུབ་པའི་མགོན་པོ། བྲག་སྒོམ་པ་སྐུ་རང་བྱོན་གྱི་གདུང་རྟེན་བྱིན་ཅན། འདུལ་འཛིན་ཤོ་བ་རིན་པོ་ཆེའི་འདྲ་སྐུ། ཐུགས་རྗེ་ཆེན་པོ་གསེར་ཚོན་མི་བཞེས་པ་ཁྱད་པར་ཅན། ད་དུང་ཤོ་བ་རིན་པོ་ཆེས་རབ་གནས་གནང་བའི་སྲུང་འཁོར་བྱིན་ཅན་དུ་མའི་པར་ཤིང་། ཁྱད་པར་དུ་ཆོས་ཀྱི་འཁོར་ལོ་ནང་བཞུགས་ལ་དམ་ཆོས་ཚར་བརྒྱད་ཁྲི་བཞི་སྟོང་ཚང་བ་དུས་བཟང་ལ་རང་འཁོར་བྱེད་ཅིང་བདུད་རྩི་འབབ་པ་སོགས་རྟེན་བྱིན་ཅན་ལ་ཕྱོགས་ཡས་མས་ཀྱི་མཆོད་མཇལ་བས་ལམ་མི་རྙེད་པ་ལྟ་བུ་བཞུགས་སོ། །

༤ གཞན་ཡང་དེ་དག་གི་ཉེ་འཁོར་དུ་རོང་ཁམས་ཞབས་དྲུང་ཆོས་རྒྱ་མཚོས་ཕྱག་་པའི་ཁ་དཀར་རི་ཁྲོད་དང་། འདུལ་འཛིན་ཤོ་བ་རིན་པོ་ཆེས་སྒྲུབ་ཕུག བྲག་སྒོམ་པའི་ཆག་རི་ཁྲོད་སོགས་སར་གནས་དམ་པ་མང་བོ་བཞུགས་པའི་རི་ཁྲོད་བྱིན་ཅན་ཡང་མང་དུ་མཆིས་སོ། །

                                           ༢ ཤོ་བའི་ཨ་མ་འབྲུག་མཚོ།

གཞན་ཡང་ཤོ་བ་དགོན་མཁས་གྲུབ་གླིང་གི་ཉེ་ལོགས་བྱང་ཤར་དུ་ཤོ་བའི་ཨ་མ་འབྲུག་མཚོ་ཞེས་པ། སྟོང་འཁོར་ཡོན་ཏན་རྒྱ་མཚོས་དམག་ཟོར་མའི་བླ་མཚོར་ངོས་བཟུང་བའི་མཚོ་གཉན་གྲགས་ཅན་དེ་ཡོད་ལ། འདི་ལ་སྔ་མོའི་དུས་སུ་མཐོང་སྣང་མང་བར་གྲགས། འདིའི་ཚམ་ཐོན་ན་སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བྱང་གྲུ་གུར་དམག་དྲངས་པར་གྲགས་པའི་བྱང་གྲུ་གུའི་རྒྱལ་ཁབ་ཡོད་ལ་དེར་སེ་རའི་ཐོབ་ཁུངས་སུ་གཏོགས་པའི་དགོན་པ་དགུ་དང་འབྲས་སྤུངས་ཐོབ་ཁུངས་སུ་གཏོགས་པའི་དགོན་པ་བཅོ་བརྒྱད་ཡོད་ཅེས་དེབ་ཐེར་རྒྱ་མཚོ་རུ་འབྱུང་། མཚོ་འདི་ཉིད་རི་བྲག་ནགས་གསུམ་གྱིས་བསྐོར་བའི་དབུས་སུ་ཉམས་དགའ་བར་འཁྱིལ་ཅིང་། ལུང་བའི་ངོས་སུ་འཛམ་ལྷ་རིགས་ལྔ་རང་བྱོན་དུ་ཡོད་པར་གྲགས་པས་ཕྱོགས་ཡས་མས་ཀྱི་མཚོ་གཏེར་འཇོག་མཁན་རྒྱུན་མི་ཆད། འོན་ཀྱང་མཚོ་གཏེར་འདི་ཡིས་སྒེར་དོན་བསྒྲུབས་པའི་ཞར་ལ་མཚོ་ནང་དུ་སྦགས་སྐྱོན་བཟོས་ཏེ་ཉ་སོགས་སེམས་གྱི་སྲོག་ལ་གནོད་པ་ཡང་ཚབས་ཆེ་བར་སྣང་བས་ཕན་གནོད་གང་ཆེ་བཤད་དཀའ་བར་ཡོད་དོ། །འདིའི་ཉེ་འཁོར་དུ་ཐང་ཟན་ཙང་ནུབ་ཡུལ་དུ་འགྲིམས་པའི་གཏམ་རྒྱུད་ཀྱི་གློག་བརྙན་འཁྲབ་སྟོན་གྱི་མཛད་སྒོ་སྤེལ་བ་སོགས་ཡུལ་ལྗོངས་མཛེས་པའི་མཆོག་ཏུ་བརྩི་བར་འདུག་པས་བོད་མི་དད་ལྡན་རྣམས་ཀྱིས་རྟག་པར་མཇལ་སྐོར་གྱི་ཞོར་དུ་ཁམས་བསངས་བྱེད་དོ། །

                                                               ༣ རི་བོ་པདྨ་ཅན།

            ལན་ཧྭའ་ཤན་ནམ་པདྨ་རིར་གྲགས་པའི་གནས་རི། བཀའ་ཆེམས་ཀ་ཁོལ་མ་རུ། རི་བོ་པདྨ་ཅན་ཞེས་བྱ་བ་ཡོད། །ཅེས་གསུངས་པ་འདི་ཉིད་ལ་ངོས་འཛིན་ལ། དཔེ་ཆ་མང་བོར་རི་བོ་ཡོན་ཏན་ཅན་དུ་འབོད་ཅེས་དེབ་ཐེར་རྒྱ་མཚོར་འབྱུང་། འདི་ནི་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡུལ་དུ་བསྟན་པ་སྤེལ་ཕྱིར་ཕ་བོང་ཁ་ནས་ས་འདུལ་མཛད་པ་བཞིན། རྒྱ་ཡུལ་དུ་བསྟན་པ་དར་བའི་ཐོག་མར་ཨུ་ཝུག་མཛྙ྄ཤྲྀར་གྲགས་པ་འཇམ་དབྱངས་ཧྭ་ཤང་རྒན་པོའི་གཟུགས་ཀྱིས་གནས་འདིར་ས་འདུལ་མཛད་ཅེས་ཀུན་མཁྱེན་འཇིགས་མེད་དབང་བོས་གསུངས། སྔར་འདིའི་རྩེ་ཤོད་ཀུན་ཏུ་དེ་ལྟ་བུའི་སྐུ་བརྙན་མང་དུ་བཞེངས་པ་ཡང་དམ་པ་དེའི་སྐུ་བརྙན་ཡིན་ནམ་སྙམ་ཞེས་བྲག་སྒོམ་པ་གསུངས། མན་ལུང་གུ་རུས། བྲག་ལ་སྐས་ཀྱིས་ཕྱིན་པའི་རྩེ་ན་གོང་ཙེས་བཞེངས་པའི་ལྷ་ཁང་དང་འཇམ་དབྱངས་བྱིན་རླབས་ཅན་བཞུགས། སློབ་དཔོན་པདྨ་རྫུ་འཕྲུལ་གྱིས་བྱོན། ལྷ་འདྲེ་རྣམས་དམ་ལ་བཏགས་ཟེར། རྒྱ་བོད་ཀྱི་ནད་པ་མཇལ་མཁན་མང་ཞིང་དེ་དག་ལ་ཕན་ཐོགས་ཆེ་བ་ཡང་སློབ་དཔོན་གྱི་བྱིན་རླབས་ཡིན་འདྲ་ཞེས་བཤད། དེའི་རྩེ་ཐོག་ཏུ་རྒྱ་ལུགས་སུ་བཞེངས་པའི་འཇམ་པའི་དབྱངས་ཀྱི་ཕྱག་གི་རལ་གྲི་དེ་རང་བྱོན་དུ་གྲགས་པ་སོགས་ངོ་མཚར་བ་མང་བས། འཇམ་པའི་བསྟན་པའི་སྒྲོན་མེ་མཆོག་གིས་ཀྱང་། འཇམ་དཔལ་ཉིན་མོར་བྱེད་པའི་བྱིན་རླབས་ཟེར། །སྐུ་དང་ཕྱག་མཚན་འདབ་བརྒྱའི་ཟེའུ་འབྲུ་རྒོད། །བགྲང་ཡས་རྒྱལ་བ་སྲས་བཅས་སྤྲུལ་བའི་གར། །འབུམ་དུ་རྩེན་པའི་གནས་མཆོག་བྱིན་རླབས་གཏེར། །རི་བོ་པདྨ་ཅན་ཞེས་གྲགས་པའི་རྔ། །སྙན་པར་སྒྲོགས་ཤིང་མ་ཧཱ་ཙི་ནའི་ཆར། །ལེན་ཧྭའ་ཤན་ཞེས་སྐྱེ་རྒུའི་བསོད་ནམས་ཀྱི། །འབྲས་བུ་ཉེ་བར་སྨིན་པའི་ཞིང་ས་མཆོག །སྔོན་ཚེ་གྲུབ་དབང་པདྨ་ཀ་ར་ཡིས། །བཀའ་རྟགས་རྡོ་རྗེ་འབར་བའི་གཟི་བྱིན་གྱིས། །མདོ་སྨད་ལྗོངས་གནས་སྣང་སྲིད་ལྷ་འདྲེ་ཀུན། །བྲན་དུ་བཀོལ་བ་གྲུབ་པའི་དཀྱིལ་འཁོར་མཆོག །ཞིང་སྔགས་ལྷན་སྐྱེས་མཁའ་འགྲོ་འདུ་བའི་གྲོང་། །དྲང་སྲོང་རིག་འཛིན་ཚོགས་ཀྱིས་བསྙེན་པའི་གནས། །དགེ་བཅུའི་དཔལ་དང་འབྱོར་བ་རྒྱས་པའི་ཞིང་། །གྲུབ་གནས་མཆོག་གི་ངོ་མཚར་བརྗོད་ལས་འདས། །ཞེས་ཀྱང་བསྔགས་པ་མཛད་ཅིང་། ཁྲི་ཆེན་མཆོག་སྤྲུལ་དཀོན་མཆོག་བསྟན་པའི་རྒྱ་མཚོ་ཕེབས་ཏེ་རྩེ་ལྔའི་གནས་རི་དང་། ཨུ་རྒྱན་སྒྲུབ་ཁང་སོགས་ངོས་འཛིན་གནང་བའི་སྒྲོས་ཀྱང་ཡོད། དབུས་རིའི་རྩེ་ན་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་ལྷ་ཁང་དང་། ཤར་གྱི་རི་རྩེར་བརྒྱ་བྱིན་ལྷ་ཁང་། དེའི་ཤོད་དུ་དབལ་མང་པནྟིཏས་བཞེངས་པའི་ཀུན་གཟིགས་ལྔ་བ། ལྕང་སྐྱ་རོལ་བའི་རྡོ་རྗེ། ཀུན་མཁྱེན་འཇམ་དབྱངས་བཞད་པ་རྣམས་ཀྱི་འདྲ་སྐུ་སོགས་བཞུགས་ཀྱང་ད་ལྟ་ཕལ་ཆེར་ཉམས། ཡང་ཞན་བཞིན་ཞེས་པའི་རྒྱའི་ཁྱིམ་པ་འཁོར་བ་བློས་བཏང་ཞིག་གི་སྒྲུབ་ཕུག་ཏིང་འཛིན་ཕུག་ཅེས་པ་ཡོད། འདི་དང་བོར་རྒྱའི་ཁྱིམ་པ་བ་ཞིག་འཁོར་བ་བློས་བཏང་སྟེ་དབེན་གནས་དུ་མ་དང་། ཁྱད་པར་དུ་སྒྲུབ་ཁང་འདིར་ཡུན་རིང་བསྒོམས་པས་སེམས་འཛིན་གྱི་གནས་ཆ་བརྟན་པོ་བརྙེས། ཕྱིས་སུ་བསྙེན་པར་རྫོགས་ཏེ་ཀུན་མཁྱེན་ཡབ་སྲས་དང་། ཁ་དྲོན་གནས་བརྟན་པ་སོགས་ཀྱི་ཞབས་ལ་གཏུགས་ཏེ་ཆོས་མཐུན་གྱི་སྐྱེས་བུ་དམ་པ་ཞིག་ཏུ་གྱུར།

              གནས་དེར་གཞན་ཡང་འཇམ་དབྱངས་དང་། ཐུབ་དབང་། སྤྱན་་གཟིགས་སོགས་དང་། དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་གཉིས། སྒྲོལ་མའི་ལྷ་ཁང་། ཀུན་བཟང་སོགས་བཞུགས་པའི་ལྷ་ཁང་དང་། རྒྱ་ལྷ་དུ་མ་ཡོད་པའི་ལྷ་ཁང་ཡང་ཤིན་ཏུ་མང་ལ། རིའི་སྐེད་ཅིག་ཏུ་རྒྱའི་ཏའོ་ལུགས་ཀྱི་ལྷ་ཁང་དང་། ཡང་བྲག་ཐེམ་ཞིག་ཏུ་རབ་མཆོག་གཙོ་བོ་ཐའེ་ཧྲན་ལོ་ཅུན་གྱི་འདྲ་དང་། དེ་དང་ཉེ་བ་ན་ཆུ་མོ་ལྷུང་ལྷུང་དུ་འབབ་པ་སྡིག་ཆུ་恶泉ལ་གནས་མཇལ་བ་དག་གིས་གནས་ཆུ་ཞེས་འཐུང་བ་སོགས་མང་ངོ་། །

             རི་བོ་འདི་ནི་ལུང་ཧྲན་ཞེས་པའི་རི་རྒྱུད་ཀྱི་ཆེས་ངོ་མཚར་བའི་རི་བོ་གྲགས་ཅན་ཞིག་སྟེ། ད་ལྟ་ཀན་སུའུ་ཞིང་ཆེན་གྱི་རི་བོ་གྲགས་ཅན་ཙམ་དུ་མ་ཟད། རྒྱལ་སྤྱིའི་སྟེང་ན་ཡང་འཛམ་གླིང་སྟེང་གི་ཆེས་རྨད་དུ་བྱུང་བའི་མཛེས་ལྗོངས་ལྔ་བཅུ་ཐམ་པའི་གྲས་སུ་བརྩིས་ཏེ་མཐོང་ཆེན་པོ་བྱེད། རི་བོ་འདི་ནི་རྒྱའི་གནའ་བོའི་ལོ་རྒྱུས་ཁྲོད་དེ་ཙམ་གྲགས་མི་ཆེ་སྟེ། ཐང་རྒྱལ་རབས་ཀྱི་ཡར་སྔོན་དུ་ཡུལ་འདི་གང་བོ་བོད་ཀྱིས་བཟུང་བས་རྒྱའི་ཐང་གི་སྙན་ངག་པས་ཀྲུང་གོའི་རི་ཆུར་བསྔགས་པའི་སྟོང་ཕྲག་ལྷག་གི་ཁྲོད་ན་ཡང་རི་བོ་འདིའི་མིང་མེད་ལ། སུང་རྒྱལ་རབས་ཀྱི་གླུ་ཚིག་དང་རི་མོའི་ནང་དུ་ཡང་རི་བོ་འདི་ཉིད་མེད་དེ་སྐབས་དེ་དུས་རི་བོ་འདི་མདོ་སྨད་ཙོང་ཁའི་རྒྱལ་སྲས་ཀྱི་མངའ་རིས་སུ་གཏོགས་པས་རྒྱའི་སྙན་ངག་པ་དང་རི་མོ་བའི་མིག་གི་ལོངས་སྤྱོད་དུ་མ་སྨིན་པ་འདྲ།

            རྗེས་སུ་ད་ལྟའི་བ་ཙེ་རྫོང་གི་ཤེས་ཡོན་པ་ཡང་ཞིན་ཧྲུའུ་སོགས་རེ་གཉིས་ཀྱིས་མེན་རྒྱལ་རབས་ནས་རི་བོ་འདིའི་མཛེས་ལྗོངས་ལ་བསྟོད་པའི་སྙན་ངག་རེ་གཉིས་ཤིག་བྲིས་པ་ནས་རིརམ་གྱིས་རྒྱའི་སྙན་ངག་པ་དག་གི་སྨྱུག་རྩེ་ནས་རི་བོ་འདི་ཉིད་གསོན་ཉམས་ལྡན་པའི་ངང་འགྱིང་ཐུབ་པ་བྱུང་ཡོད་ལ། བོད་ཀྱི་མཁས་པ་ལ་གུང་ཐང་འཇམ་པའི་དབྱངས་ཀྱི་བསྟོད་པ་དང་། བཀའ་ཆེམས་ཀ་ཁོལ་མར་འབྱུང་བའི་ལུང་བསྟན་གྱི་ཚིག་དེ་དག་ལས་གཞན་པའི་གནས་འདི་ལ་བསྟོད་པ་ཞིག་མཐོང་ཡུལ་དུ་མ་གྱུར་བས་ཤེས་ལྡན་དག་གིས་འཚོལ་བར་བྱའོ། །

           གཞན་ཡང་རི་བོ་པདྨ་ཅན་འདི་ནི་རི་མཐོ་ཞིང་གཟར་ལ། ཚང་ཚིང་གི་ནགས་ཚལ་གྱིས་ཡོངས་སུ་དཀྲིགས་ཏེ་སྐབས་ལན་རེར་ནགས་ཀྱི་གསེབ་ནས་ནམ་མཁའ་ཡང་མཐོང་མི་ཐུབ། དེ་བཞིན་དུ་དུས་བཞིའི་འགྱུར་ལྡོག་གསལ་ཞིང་། དབྱར་སྟོན་གཉིས་སུ་ཤས་ཆེར་སྨུག་སྤྲིན་གྱིས་གཏུམས་པའི་གསེང་ནས་ཕྱེད་ཙམ་མཐོང་བའི་རྣམ་པ་དེ་ནི་ལྷ་དག་གིས་ལྷ་ཡུལ་གྱི་སྐྱེད་མོས་ཚལ་ལས་ཕྱེད་ཀ་མི་ཡུལ་དུ་བཞག་པ་ཡིན་ནམ་སྙམ་པའི་དོགས་པ་སྐྱེས་ལ། ངོ་མཚར་ཆེ་བའི་ངག་རྒྱུན་དག་གིས་ཀྱང་ཁྱོད་རང་གནས་འདིར་བསླེབས་པ་དང་ལྷ་ཡུལ་དུ་དངོས་སུ་བསླེབས་པ་ལྟ་བུའི་ཚོར་སྣང་སྟེར།

          དེ་ཡང་ཆེས་སྔ་མོའི་དུས་སུ་གནས་འདིར་པདྨས་ཁེངས་པའི་མཚོ་ཆེན་ཞིག་ཡོད། ལོ་ལྟར་དབྱར་གྱི་དུས་སུ་མཚོ་དེར་པདྨ་རབ་ཏུ་བཞད་དེ་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན། གོང་སྨན་རྒྱལ་མོས་མཚོ་རེ་ལ་སྟོན་མོ་རེ་བཤམས་ཏེ་ལྷ་རྣམས་གསོལ་སྟོན་ལ་གདན་འདྲེན་པ་བཞིན་ལོ་དེར་ལྷ་མོ་སྤུན་གསུམ་ཞེས་པ་ཡང་གདན་དྲངས། འོན་ཀྱང་ལོ་དེ་ནི་རྣམ་ཀུན་དང་མི་འདྲ་བར་གློ་བུར་དུ་ཀླུ་བདུད་ཅིག་བྱུང་སྟེ་སྐྱེ་བོ་མང་བོར་གནོད་འཚེ་ཆེན་པོ་བཟོས་པས་ལྷ་མོ་སྤུན་གསུམ་གྱིས་བདེན་ཚིག་བརྗོད་དེ་ཀླུ་བདུད་དེ་ཉིད་ཕྱིར་བསྐྲད་དེ་མི་རྣམས་བདེ་བར་བསྐྱབས། དེ་ནས་གོང་སྨན་རྒྱལ་མོ་ཕེབས་སྐབས་ལྷ་མོ་སྤུན་གསུམ་གྱིས་ཀླུ་བདུད་ཚར་བཅད་པའི་བྱས་རྗེས་གཟིགས་ཤིང་རབ་ཏུ་དགྱེས་ནས་བསྔགས་བརྗོད་གནང་སྟེ་པདྨའི་མཚོ་ཡི་ལས་དོན་མཐའ་དག་བདག་གཉེར་བྱེད་པོར་བསྐོས་ཤིང་ཕྱག་གི་མེ་ཏོག་པདྨ་རྐང་གཅིག་མཚོར་འཕངས་པས་མཚོ་དེ་ལས་གློ་བུར་དུ་པདྨ་དབྱིབས་སུ་ཡོད་པའི་རི་བོ་མཐོ་ལ་གཟར་བ་ཞིག་བྱུང་བར་མི་རྣམས་ཀྱིས་དེ་ལ་རི་བོ་པདྨ་ཅན་ཞེས་བཏགས། སླར་ཡང་ལྷ་མོ་སྤུན་གསུམ་རི་བོ་འདིར་ཕེབས་སྐབས་བཞུགས་གནས་སུ་རི་རྩེ་ཆུང་ཆུང་གསུམ་སྐྱེས་པ་དེ་ལ་ལྕམ་སྲིང་རི་ཟེར། དེ་ནས་མི་རྣམས་ཀྱིས་ལྷ་མོ་སྤུན་གྱི་དྲིན་ལན་གསབ་ཕྱིར་ལྕམ་སྲིང་རི་ཡི་རྩེ་མོར་ལྷ་ཁང་ཞིག་བཞེངས་རྩིས་ཀྱིས་གྱོ་མོག་སོགས་རྒྱུ་ཆ་རྣམས་ཚགས་སུ་ཆུད་པ་ན་གློ་བུར་མཚན་མོ་ཞིག་ལ་ཤིང་ཆ་རྣམས་གཤོག་པ་ཐོགས་པ་ལྟར་རྩེ་ཐོག་ཏུ་འཕུར། ཕྱི་ཉིན་སོང་སྟེ་བལྟས་པ་ན་ཁ་བའི་ནང་དུ་སྟག་ཅིག་རི་རྩེར་སོང་རྗེས་ལས་ཅི་ཡང་མ་མཐོང་ལ། རྒྱུ་ཆ་རྣམས་རི་རྩེར་བསྐྱལ་བ་མཐོང་བས་མི་རྣམས་ཀྱིས་ཀྱང་རི་རྩེ་དེ་ནས་བརྒྱ་བྱིན་ལྷ་ཁང་བཞེངས་ཏེ་དྲིན་ལན་མཚོན་པར་བྱས།

             བརྒྱ་བྱིན་ལྷ་ཁང་བཞེངས་སྐབས་ཀྱང་རི་རྩེ་མཐོ་དྲགས་པའི་ཁར་ལྷ་ཁང་ཡང་ཤིན་ཏུ་མཐོ་བས་ཡང་ཐོག་ཏུ་བུད་དེ་ལས་ཀ་བྱེད་མི་ཐུབ་པར་མགོ་ཡོམ་འཁོར་བ་སོགས་བྱུང་བ་ན་གློ་བུར་དུ་སྤྲིན་ནག་སྟུག་པོ་ཞིག་གིས་རི་རྩེ་ཧྲིལ་བོ་ཡོངས་སུ་གཏུམས་པས་མི་རྣམས་ཀྱིས་བདེ་བླགས་ངང་ལྷ་ཁང་དེ་ཉིད་བཞེངས་གྲུབ་ཅིང་། སྟག་དེ་ལ་རྗེས་དྲན་ཞུ་སླད་གྱང་ངོས་སུ་སྟག་ཅིག་ཀྱང་བྲིས་སོ། །

           གཞན་ཡང་རེ་སྐེད་དུ་རྟ་དཀར་དམག་སྤྱི་ཡི་ལྷ་ཁང་ཡོད་པ་དེར་ཡང་མི་སེམས་འགུལ་བའི་གཏམ་རྒྱུད་མཚར་བོ་ཞིག་བཤད་རྒྱུ་ཡོད་དེ། མེན་རྒྱལ་རབས་ཀྱི་གོང་མ་ཀྲིན་ཏེ་ལ་ནད་ཅིག་བྱུང་སྟེ་སྲོག་ཉེན་ལ་ཐུག དེ་དུས་གོང་མར་སྲས་མེད་པས་རྒྱལ་སྲིད་སུ་ལ་གཏོད་པའི་ཐད་བློན་པོ་རྣམས་ལ་གྲོས་བསྡུར་བྱས། དེར་དམག་སྤྱི་ཆེན་མོ་ཀྲང་ཀྲི་པའོ་ཡིས་གོང་མ་ལ་གནའ་བོའི་ཡའོ་ཧྲོན་དང་འདྲ་བར་སྐྱེས་བུ་དམ་པ་ཞིག་ལ་རྒྱལ་སྲིད་འོས་པའི་གྲོས་གཞི་བཏོན་ཅིང་། ད་དུང་ལྷོ་ཕྱོགས་རྒྱལ་ཕྲན་ཞིག་གི་རྒྱལ་བོ་ཀྲུའུ་ཞོང་མའོ་ལ་དམ་པའི་རང་བཞིན་ལྡན་ཞེས་མཚམས་སྦྱོར་ཞུས་པར་གོང་མ་རབ་ཏུ་དགའ་སྟེ་འོ་ན་མྱུ་ཏུ་གདན་དྲོངས་ཞེས་པ་ལ་སླར་ཡང་ཀྲི་པའོ་ན་རེ། གོང་མ་ལགས། ད་སྐབས་རྒྱལ་རྒྱུད་འཛིན་མཁན་ཐད་ལ་རྩོད་པ་ཆེ་བས་མངོན་སུམ་དུ་གདན་འདྲེན་ཞུས་ན་ཉེན་ཁ་ཆེ།  དེ་བས་ལམ་སང་ཐའོ་ཇུ་ལ་དམག་མངགས་ཤིང་ཞོང་མའོ་ལ་ལྕགས་སྒྲོག་བརྒྱབས་ཏེ་རྒྱལ་སར་གདན་དྲངས་ན་རྒྱལ་ཕྲན་རྒྱལ་བོ་གཞན་དག་གིས་མཐོང་ཡང་ཉེས་ཅན་ཞིག་ཕོ་བྲང་དུ་ཁྲིད་པ་ཡིན་པས་དོགས་པ་མི་འབྱུང་ཞེས་ཞུས་པས་གོང་མ་ཡང་ཤིན་ཏུ་དགའ་ནས་དེ་ལྟར་བྱེད་རྒྱུའི་བཀའ་ཕེབས། ཀྲང་ཀྲི་པའོ་ཡིས་ཐའོ་ཇུ་ནས་བཀའ་བསྒྲགས་རྗེས་ཀྲུའུ་ཞུང་མའོ་ལ་ལྕགས་སྒྲོག་བརྒྱབས་ཏེ་རྒྱལ་སར་ཁྲིད། དེ་དུས་ཁོ་རང་ད་ལྟའི་རི་བོ་པདྨ་ཅན་གྱི་འདབས་སུ་འབྱོར་སྐབས་སེམས་གཏིང་ནས་ལྷ་ལ་སྐྱབས་འཇུག་ཞུས་ཤིང་། ད་རེས་གོང་མའི་ཕོ་བྲང་དུ་སོང་ན་ཕན་པ་ཆུང་ཞིང་ཉེན་ཁ་ཆེ་བས་གལ་ཏེ་ཁོ་བོ་གེགས་བར་ཆད་འདི་ལས་ཐར་བ་བྱུང་ན་གཡང་ཀྲིའི་སོ་ཕག་གིས་ལྷ་ཁང་བཞེངས་ཤིངམཐིལ་ལ་གསེར་གྱི་སོ་ཕག་བཏིངས་ཏེ་ལྷ་ཡུལ་ལྟ་བུའི་ལྷ་ཁང་ཞིག་བཞེངས་རྗེས་གསེར་སྐུ་བཞེངས་ནས་མཆོད་པ་བྱེད་ཅེས་དམ་བཅའ་བྱས། ལམ་བར་ནས་ཀྱང་བཀྲ་ཤིས་པའི་མཚན་མ་མང་དུ་བྱུང་ཞིང་རྗེས་སུ་ཁོ་རང་གློ་བུར་དུ་གོང་མར་བསྐོས་པས་སྔོན་ཆད་ཀྱི་དམ་བཅའ་ཡིད་ལ་དྲན་ཏེ་ཆེད་དུ་སྔོན་ཆད་ཀྱི་ཕོ་ཉ་ཀྲང་ཀྲི་པའོ་མངགས་ནས་གནས་འདིར་ལྷ་ཁང་བཞེངས། འོན་ཀྱང་དེ་དུས་ཐའོ་ཇུ་ནི་ཧ་ཅང་དབུས་བས་ཁོང་གི་དམ་བཅའ་ཇི་བཞིན་མ་བྱུང་མོད། འཇིམ་སྐུ་ཆེན་པོ་ཞིག་ཏུ་གསེར་སྐུ་ཆུང་ཆུང་ཞིག་བཞུགས་པ་སོགས་ཐབས་མཁས་ཀྱིས་དམ་བཅའ་ལ་མ་འགལ་བ་ཙམ་བྱས། དེ་བཞེངས་གྲུབ་ནས་སྟོན་མོ་བྱེད་པའི་ཉིན་དེ་ཟླ་དྲུག་པའི་ཚེས་དྲུག་ལ་འཁེལ། ཀྲང་ཀྲི་པའོ་ནི་རྟ་དཀར་བོར་དགའ་བས་མི་རྣམས་ཀྱིས་རྟ་དཀར་དམག་སྤྱི་ཟེར་ཞིང་། ལྷ་ཁང་ཡང་ཁོང་གིས་དངོས་སུ་བཞེངས་པ་ཡིན་པས་རྟ་དཀར་དམག་སྤྱིས་བཞེངས་ཞེས་ལྷ་ཁང་སྒོ་དྲུང་གི་ཅོང་ལ་ཡི་གེ་བྲིས། བ་ཙེ་མཁར་གྱི་ལྷ་ཁང་ཆེ་བ་དག་ཏུ་ད་ལྟ་ཡང་རྟ་དཀར་དམག་སྤྱི་ལ་མཆོད་པའི་སྲོལ་ཡོད་དོ། །

         གཞན་ད་དུང་དེ་གར་གསེར་ལེན་རྡོ་སོགས་ལ་ཡང་དེ་མཚུངས་ཀྱི་གཏམ་རྒྱུད་མང་ཡང་ཐམས་ཅད་རྒྱའི་ངག་རྒྱུན་ཤ་སྟག་ཏུ་སོང་ལ། གྲུབ་ཐོབ་བརྒྱད་དང་འབྲེལ་བའི་སྒ་རྡོའི་གཏམ་རྒྱུད་སོགས་མང་བོ་ཞིག་མི་བདེན་ཤས་ཆེ་བས་འདིར་རེ་རེ་བཞིན་མ་བཀོད་དོ། །

ཞེས་པ་འདི་ནི༢༠༡༣ལོའི་དབྱར་གནང་སྐབས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ལྷན་རྒྱས་གནས་མཆོག་འདི་དག་ཏུ་མཇལ་སྐོར་ལ་འགྲོ་རྩིས་ཀྱི་སྐབས་གྱི་ལིང་འཇིགས་མེད་དུ་འབོད་པས་རང་ཤོང་སྤྱིལ་བུ་རུ་ཤར་མར་སྤེལ་ཏོ། །

༢༠༡༣ལོའི་ཟླ་༧ཚེས་༢༦ཕྱི་དྲོར།

རི་བོ་པདྨ་ཅན་དུ་བསྐྱོད་པ།

རི་ལམ་གཟར་མོ་ནགས་མའི་ཀློང་དུ་ཟུག །

འདབ་ཆགས་གླུ་སྙན་སྨུག་སྤྲིན་སྟུག་པོར་སིམ། །

བསིལ་བའི་འཁུར་གྱིས་ལྕི་བའི་ཡལ་ག་ལས། །

མེ་ཏོག་འདབ་མ་རེ་གཉིས་དལ་བུར་ཟགས། །

དཀན་གཟར་རི་རྩེ་སྤྲིན་རུམ་བརྟོལ་ནས་འཕགས། །

ངོ་མཚར་གཏམ་རྒྱུད་རི་རྩེའི་རླུང་གིས་སྒྲོག །

དད་དུང་མཚར་སྣང་འཁུར་བའི་སྐྱེ་བོ་དག །

ཅོང་བརྡ་སྙན་མོར་བསྡོངས་ནས་ཀི་རིང་འདོན། །

ཞེས་པ་འདི་ནི་ཁོ་བོ་ད་ལོར་རི་བོ་པདྨ་ཅན་དུ་འགྲོ་སྐབས་བྲིས་པའོ། །



ཟུར་ལྟའི་ཡིག་ཆ།

དེབ་ཐེར་རྒྱ་མཚོ།

ཀྲུང་གོའི་བོད་བརྒྱུད་ནང་དགོན་དཀར་ཆག་ལས་ཀན་སུའུ་གླེགས་བམ།

ཀན་ལྷོའི་ཚོ་ཤོག་ལོ་རྒྱུས།

甘肃志

甘肃史话

千年回眸

      莲花山与莲花山花儿


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkcq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45481722
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1